Terdzo-TSHA-011



Property "Author" has a restricted application area and cannot be used as annotation property by a user. 








གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་ཉེར་གཅིག་པ་

gshin rje tshe bdag nag po las:_shog dril nyer gcig pa

by  མཆོག་གྱུར་གླིང་པ་ (Chogyur Lingpa)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོ་ ('jam dpal gshin rje tshe bdag nag po)
parent cycle  ཟབ་བདུན་དྲག་སྔགས་ཟབ་པ་གཤིན་རྗེ་ (Zab bdun drag sngags zab pa gshin rje)
Volume 18 (ཚ) / Pages 83-91 / Folios 1a1 to 5a4

[edit]

གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་ཉེར་གཅིག་པ་བཞུགས༔ ྈྈ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འཇམ་དཔལ་གཤིན་རྗེའི་ཕོ་ཉ་གཟའ་བདུད་ནག་པོ་སྒྲུབ་པ་ནི༔ ལྕགས་སྣོད་དུ་ར་ཁྲག་གིས་སྦྲུས་པའི་འབྲུ་ནག་གི་གཏོར་མ་ཁྲུ་གང་བ་བཅའ༔ དེ་ཡི་འཁོར་བརྒྱད་དེ་ལས་ཆུང་བ་བརྒྱད་བཤོས་ཕྲན་ཉི་ཤུ་རྩ་བརྒྱད་ཕྱོགས་བཞིར་མཛུབ་གང་བ་བཞི༔ ཤ་ཁྲག་གིས་བརྒྱན་ཅིང་བྱ་ནག་དང་མདའ་བྱ་རོག་གི་སྒྲོ་ཅན་དར་ནག་གི་ཅོད་པན་ཅན་གཟུག༔ འབྲུ་ནག་གི་ཚོམ་བུའི་སྟེང་དུ་བཀོད༔ ཕྱི་ནང་གི་མཆོད་པས་བསྐོར༔ རང་ཚེ་བདག་ཏུ་གསལ་བའི་མདུན་དུ་དུར་ཁྲོད་ཀྱི་ས་གཞི་ལ་ཐོད་པའི་གཞལ་ཡས་ཁང་གི་དབུས་སུ་ཁྲག་མཚོ་འཁྲུགས་པའི་ཀློང་དུ༔ བདག་གི་ཐུགས་ཀ་ནས་ཧཱུྃ་འཕྲོས་པས༔ དེ་ལས་གཟའ་བདུད་ནག་པོ་མགོ་བོ་དགུ་པ་བྱ་རོག་གི་ཞལ་དང་བཅུ༔ ཞལ་གདངས་ཤིང་ང་རོ་སྒྲོག་པ༔ སྤྱན་བསྒྲད་ཅིང་ཕྱག་དང་པོ་གཉིས་ཀྱིས་སྦྲུལ་ཞགས་དང་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ༔ འོག་མ་གཉིས་རྭ་ཡི་མདའ་གཞུ་འགེངས་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ་ལུས་ཀུན་མིག་གིས་གང་བ་མེ་རླུང་འཚུབས་པའི་དབུས་སུ་བཞུགས་པ༔ དེའི་འཁོར་དུ་བིཥྞུ་རཱ་ཙ་སོགས་རཱ་ཧུ་ལ་བརྒྱད༔ ཉི་མ་ལ་སོགས་པའི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ གདོང་མོ་མཆེད་བཞི་རྣམས་གསལ་བར་གྱུར༔ ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་ལ༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ གཟའ་བདུད་འཁོར་དང་བཅས་པ་རྣམས༔ དཔལ་གྱི་སྤྱན་སྔར་དམ་བཅས་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་གཞལ་ཡས་འདིར༔ གཟའ་བདུད་འཁོར་བཅས་བཞུགས་སུ་གསོལ༔ རྡོ་རྗེ་འཆང་གི་སྤྱན་སྔ་རུ༔ ཁས་བླངས་དྲན་གྱིས་དམ་མ་འདའ༔ ཧེ་རུ་ཀ་ཡི་སྤྲུལ་པ་སྟེ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ བཛྲ་ས་མ་ཡ་ཧཱུྃ༔ ན་མོ་ན་མ༔ ཧཱུྃ༔ དགྲ་བགེགས་གདུག་པ་བསྒྲལ་བ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་མཆོད་པ་རྣམས༔ གཟའ་བདུད་དྲག་པོའི་ཚོགས་ལ་འབུལ༔ དཀར་གསུམ་མངར་གསུམ་སྤོས་ཡོན་ཆབ༔ རིན་ཆེན་རྒྱན་ཕྲེང་དར་ཟབ་དང༔ འབྲུ་སྣ་སྨན་སྣ་དར་ཟབ་ཚོགས༔ ཀླུ་དང་རྒྱུ་སྐར་ཚོགས་ལ་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་ཆེན་དང༔ ཉོན་མོངས་ཆགས་བྲལ་རཀྟ་དང༔ སྣ་ཚོགས་བཟའ་བཏུང་གཏོར་ཆེན་དང༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ གཞན་ཡང་མཐུན་པའི་སྐོང་རྫས་རྣམས༔ འབུལ་ལོ་བཅོལ་བའི་ཕྲིན་ལས་མཛོད༔ མ་ཧཱ་པཱུ་ཙ་ཧོ༔ ཧཱུྃ༔ ཧེ་རུ་ཀ་ཡི་སྤྲུལ་པ་སྟེ༔ དམ་ལྡན་རྣལ་འབྱོར་སྐྱོང་མཛད་པའི༔ གཟའ་བདུད་དྲེགས་པའི་ཚོགས་བཅས་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི༔ ལྷ་སྔགས་ཀྱི་མཐར༔ ཧྲི་ཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ག་ཤ་ལ་ཛ༔ ཅེས་བཟླ༔ དྲག་པོར་བསྐུལ་བ་ནི༔ ཧཱུྃ༔ ཀི་ལི་སྒྲོག་པའི་དུར་ཁྲོད་ནས༔ ཁྲག་མཚོ་མེ་རླུང་འཁྲུགས་པ་ནས༔ གཟའ་བདུད་ནག་པོ་སྐུ་བཞེངས་ཤིག༔ འཁོར་གྱི་དྲེགས་ཚོགས་དགྲ་ལ་བྷྱོ༔ བསྟན་པའི་དགྲ་བགེགས་དམ་ཉམས་རྣམས༔ མྱུར་དུ་ཁུག་ལ་བསྒྲལ་བར་མཛོད༔ གཟའ་བདུད་དམག་ཚོགས་དགྲ་ལ་ཡ༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང༔ གཏོར་མགྲོན་གཤེགས་སམ་སྐུ་རྟེན་ལ་བསྟིམ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ ༁ྃ༔ གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་ཉེར་གཉིས་པ་བཞུགས༔ ༁ྃ༔ ྈྈྈ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འཇམ་དཔལ་གཤིན་རྗེའི་བཀའ་སྡོད་གཟའ་རྒོད་ཁྲ་ཚ་སྒྲུབ་པ་ནི༔ དམར་གྱི་གཏོར་མར་ཁྲག་བྱུགས་ལ་བྱིན་གྱིས་བརླབ༔ ཧཱུྃ༔ གཟའ་བདུད་ཁྲ་ཚ་ནག་པོ་ནི༔ འཇིགས་པའི་གཟུགས་ལ་གཏུམ་པའི་སྐུ༔ ལྕགས་ཀྱི་རྟ་ཆུང་ཐོག་ཏུ་ཞོན༔ ལུས་ལ་ལྕགས་ཁྲབ་ནག་པོ་གྱོན༔ དུག་མདའ་ནག་པོ་དགྲ་ལ་འཕེན༔ གཤེད་ཀྱི་ཉི་མར་རྒྱུ་བྱེད་ཅིང༔ ཕོག་ན་སྟོང་གསུམ་བརླག་པར་བྱེད༔ གདོང་ཐུག་ཧུར་ཐུམས་དྲག་པོས་འཆི༔ ནམ་མཁའི་ཁམས་སུ་ཡེ་རེ་རེ༔ ལྕགས་ཀྱི་མི་རྟ་བདུན་དུ་སྤྲུལ༔ དུག་གི་ཁ་རླངས་ཕྱོགས་བཅུར་འཐུལ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་ད་རྒྱུག་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་ཁྲ་ཚར་བསྐྱེད་ལ་དགྲ་ཕྱོགས་སུ་འཕང༔ ྀཨཚ༔ ཡང་ས་བདག་ཟིན་ཕུང་བསྐུལ་བ་ནི༔ དམར་གྱི་གཏོར་མ་ར་མགོས་མཚན་པ་དར་ཟབ་འབྲུ་སྨན་དང་བཅས་པ་བྱིན་གྱིས་བརླབས་ལ༔ ཧཱུྃ༔ ས་བདག་ཟིན་ཕུང་ནག་པོ་ནི༔ འཇིགས་པའི་གཟུགས་ལ་གཏུམ་པའི་སྐུ༔ སྐུ་མདོག་ནག་པོ་འཇིགས་པའི་དབུ༔ རལ་གྲི་དགྲ་སཏྭ་ཕྱག་ན་བསྣམས༔ བདུད་རྟ་ནག་པོ་ཆིབས་སུ་འཆིབ༔ བེར་ནག་གཡང་གཞི་སྐུ་ལ་གསོལ༔ གཤེད་ཀྱི་ཉི་མར་རྒྱུ་བྱེད་ཅིང༔ ས་བདག་སྟོང་གི་དམག་དཔུང་བཅས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་ཡུལ་དུ་ད་རྒྱུག་ཅིག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་ཟིན་ཕུང་དུ་བསམ་ལ་དགྲ་ཕྱོགས་སུ་འཕང་ངོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ྈྈ ༁ྃ༔ གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་ཉེར་གསུམ་པ་བཞུགས༔ ༁ྃ༔ ྈྈ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ དགྲ་ཡུལ་དུ་གཟའ་འགྱེད་པ་ནི༔ དང་པོ་གཟའ་ཡི་མཐུན་རྫས་བསགས་ཤིང་ཞག་བདུན་བསྒྲུབ༔ ཁྱད་པར་ཅན་གྱི་མཐུན་རྫས་གྲི་ལྕགས་ལ་ཁ་ཊྭཱཾ་རྩེ་གསུམ༔ མགུལ་དུ་དར་ནག་ལ་གཟའ་ཡི་སྐུ་རྟེན་བྲིས༔ ལྕགས་ཀྱི་གའུའི་ནང་དུ་གཟའ་ཡི་སྐུ་འཁོར་བླ་རྡོ་རྣམས་བཞག༔ དེ་རྟགས་ལྡན་བསྒྲུབ༔ ཞུན་ཆེན་དང་ར་གཞོབ་བསྲེས་པའི་མར་མེ༔ དུག་ཁྲག་གིས་སྦགས་པའི་དམར་གཏོར་ཁྲུ་གང༔ དེ་རྣམས་ཀྱང་རེ་རེ་ནས་རྟགས་ལྡན་བསྒྲུབ༔ གཟའ་བདུད་གཙོ་བོ་རང་དུ་བསྐྱེད་པ་མི་བསྡུ་མི་གཤེགས་པ་དེ་ག་རང་དུ་བཞག༔ དེ་ནས་ལས་ལ་འཇུག་པའི་ཚེ༔ གང་དུ་བྱ་བར་གཟའ་རྒོད་དྲག་པོའི་ཐེབས་ལྡོག་ཞིབ་ཏུ་བརྩི༔ ས་རུབ་པ་ན་རི་རྩེ་རུ་རྟེན་མདུང་བཤམ༔ མཆོད་གཏོར་རྒྱས་པར་བྱ༔ སྔར་གྱི་མར་མེ་དེ་ཉིད་མེ་རུས་སྦར་ལ་གཟའ་བདུད་རྣམས་ལས་ལ་རྔམས་པར་བསམ༔ སྔར་བསྒྲུབས་པའི་མར་མེ་དེ་དམར་གཏོར་མདུན་དུ་བཞག༔ དམར་གཏོར་གཅིག་དམག་ལྟོའི་ཚུལ་དུ་འབུལ༔ རྟེན་མདུང་བསྒུལ་ཞིང༔ ཐལ་མོ་བརྡབ་ལ་དམོད་བོར་བ་ནི༔ གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ༔ ཧུ་ཡ༔ ཧུ་ཡ༔ དྲག་ཐོང༔ དྲག་ཐོང༔ དམ་ཉམས་དགྲ་བོས༔ མི་ང་ལ་ལྷ་མེད༔ ལྷ་ཁྱོད་ལ་མཐུ་མེད་ཟེར་གིན་འདུག༔ བླ་མ་དང་དཔལ་ཧེ་རུ་ཀའི་ཐ་ཚིག་དྲན་པར་གྱིས༔ ངས་ཚེ་གཅིག་ཏུ་སྒྲུབ་པ་ཁྱོད་ཡིན་མོད༔ ད་རེས་མཐུ་རྩལ་ཅི་འདུག་བལྟ༔ མངོན་རྟགས་མེ་ཡི་ཕུང་པོ་དང་བཅས་ཏེ་དགྲ་ཡུལ་དུ་རྒྱུག༔ རྒྱུག༔ རྒྱུག༔ ཅེས་བརྗོད༔ དེ་ལྟར་བྱེད་པར་ཁས་བླངས་པར་བསམ༔ དེ་རྣམས་མི་མཐོང་བའི་ས་ཕག་ཅིག་ཏུ་ཕྱིན་ལ༔ གཟའ་བདུད་འཁོར་བཅས་མེ་ཡི་ཕུང་པོ་དང་བཅས་ཏེ༔ གཏོར་མ་མེ་དང་བཅས་པ་ནམ་མཁའ་ལ་སྤྲིན་ཆད་པ་ལྟར་གང་དུ་དམིགས་པའི་སར་སོང་བར་བསམ་ལ༔ ཐལ་མོ་བརྡབ་ལ་སྲོག་སྔགས་ཤམ་བུ་བཅས་བཟླ༔ ནམ་མ་ལངས་ཀྱི་བར་དུ་དེ་ལྟར་བྱའོ༔ སྒྲ་དང་རྭ་གཞོབ་བྱུང་ན་སོང་བའི་རྟགས༔ ནངས་པར་ས་དེར་བསང་གསོལ་གཏང་ཞིང༔ རྟེན་མདུང་དགྲ་ཕྱོགས་སུ་གཡུག་ཅིང་ཚུར་ལོག༔ སྒྲུབ་ཁང་ནས་སྐོང་གསོལ་ཆད་མེད་བྱ༔ མི་ལ་ཅང་མི་སྨྲ་བར་ཁ་རོག་པར་འདུག༔ གཟའ་སོང་བའི་སྐད་ཐོས་ནས་འོང་ངོ༔ དེ་ལྟར་མ་སོང་ན་སླར་ཡང་བསྐྱར་ནས་གཏང་ངོ༔ ཡང་གཏོར་མ་དེ་ཆུ་ལ་བརྒྱབས་པས་ཀྱང་འོང་ངོ༔ འདི་ནི་གཟའ་ཚེ་གཅིག་ཏུ་བསྒྲུབས་པས་འབྱུང་ངོ༔ ཡང་ན་སློབ་དཔོན་ནུས་ལྡན་གཅིག་གིས་འབྱུང་ངོ༔ དེ་མ་ཡིན་པས་དཀའ་འོ༔ ས་མ་ཡ༔ ྈྈྈ ༁ྃ༔ གཤིན་རྗེ་ཚེ་བདག་ནག་པོ་ལས༔ ཤོག་དྲིལ་ཉེར་བཞི་པ་བཞུགས༔ ༁ྃ༔ ྈྈ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་འཆི་བདག་གི་ཕྲིན་ལས་ནི༔ སྟེགས་བུ་ལ་ཐོད་རྭ་གྲུ་གསུམ་གྱི་ནང་དུ་ཨེ་གྲུ་གསུམ་འཁོར་ལོ་རྩིབས་བརྒྱད་ཡ་ཡིས་མཚན་པ་ཞིག་བྲིས་པ་ལ་གཏོར་མ་དམར་ནག་གྲུ་གསུམ་གཙོ་འཁོར་དགུ་ཕྱི་ནང་གསང་བའི་མཆོད་པ་དང་བཅས་པ་བཤམ༔ རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་མདུན་དུ་གཤིན་རྗེའི་ཞིང་ཁམས་འཇིགས་སུ་རུང་བའི་དབུས་སུ་ཐོད་མཁར་སྲིད་པའི་རྩེ་མོར་སླེབས་པ༔ ཁྲག་ཞག་འབབས་པའི་ནང་དུ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བར་པད་ཉིར་ཆུ་གླང་རབ་ཏུ་འབར་བའི་སྟེང་དུ༔ བདག་གི་ཐུགས་ཀ་ནས་ཐོད་དབྱུག་ཡཿཡིས་མཚན་པ་འཕྲོས་ཡོངས་སུ་གྱུར་པ་ལས༔ ལས་ཀྱི་གཤིན་རྗེ་སྐུ་མདོག་མུན་པ་ལྟར་གནག་པ༔ མ་ཧེ་རབ་ཏུ་ཁྲོས་པའི་བཞིན་ཅན༔ ངར་སྒྲ་འབྲུག་ལྟར་སྒྲོག་པའི་གནམ་ལྕགས་ཀྱི་རྭ་རྩེ་ལ་མེ་འབར་བ༔ ཕྱག་གཡས་ཐོད་དབྱུག་སྲིད་རྩེར་ཕྱར་ཞིང༔ གཡོན་པས་ཐོད་པར་ཁྲག་མཚོ་ཞལ་དུ་སྟོབ་པ༔ གཅེར་བུ་རྒྱན་མེད་པ་རྟགས་གྱེན་དུ་བསྒྲེངས་པ་ལ་མེ་འབར་བ༔ ཞབས་གཉིས་འདོར་སྟབས་ཀྱིས་གླང་རྒོད་བརྫིས་པ༔ གཡོན་ནས་ཡུམ་ཙ་མུན་ཏྲི་མ་ཧེ་མོ་ཡི་གདོང་པ་ཅན་ལྕགས་ཀྱུ་དང་ཐོད་ཁྲག་འཛིན་པ༔ རྩིབས་རྣམས་ལ་ཡ་མ་དཎྜི་སོགས་ལས་གཤིན་བརྒྱད་འཁོར་ལོ་དང་ལྕགས་ཀྱུ་འཛིན་པ༔ གཞན་ཡང་གཤིན་རྗེ་མ་མོ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཁྲིགས་པར་གྱུར༔ བདག་གི་ཐུགས་ཀའི་འོད་ཟེར་གྱི་ལས་གཤིན་འཁོར་བཅས་སྤྱན་དྲངས་པར་བསམ༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས༔ ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ སྔོན་གྱི་ཐ་ཚིག་དྲན་གྱིས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ བཛྲ་ས་མ་ཡ་ཧཱུྃ༔ ན་མོ་ན་མ༔ ཧཱུྃ༔ ཁྲག་གི་ཡོན་ཆབ་དབང་པོའི་མེ་ཏོག་དང༔ ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་སྦར༔ མཁྲིས་པའི་དྲི་ཆབ་ཤ་ཁྲག་ཞལ་ཟས་དང༔ རྐང་གླིང་རོལ་མོ་དུར་ཁྲོད་རྒྱན་རྣམས་ཀྱིས༔ ལས་གཤིན་འཁོར་དང་བཅས་པ་མཉེས་གྱུར་ཅིག༔ དགྲ་བགེགས་བསྒྲལ་པའི་སྙིང་ཁྲག་དྲོན་མོ་དང༔ བདུད་རྩི་སྦྱར་བའི་མྱོས་བྱེད་འབར་བ་ཆང༔ ཤ་ཁྲག་ཞལ་ཟས་སྣ་ཚོགས་གཏོར་མ་ཡིས༔ ལས་གཤིན་འཁོར་དང་བཅས་པ་མཉེས་གྱུར་ཅིག༔ ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ བསྟན་པ་བསྲུང་བར་ཞལ་བཞེས་པ༔ འཁོར་དང་བཅས་ལ་བདག་བསྟོད་དོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དུ་ཡ་ཡི་མཐར་སྔགས་ཕྲེང་འཁོར༔ བདག་གི་ཐུགས་ཀའི་འོད་ཟེར་འཕྲོས་སྙིང་ཁར་ཕོག་པས་སྔོན་གྱི་དམ་བཅའ་དྲན་ཏེ་ཅི་བསྒོ་བའི་ལས་བསྒྲུབ་པར་བསམ༔ ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་བཟླས་མཆོད་བསྟོད་བྱས་ལ་རང་གནས་སུ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ ཡང་དྲག་ཏུ་བསྐུལ་ན༔ ཧཱུྃ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རིམ་དགུའི་ས་འོག་དམྱལ་ཁམས་ན༔ ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན༔ ཡི་དྭགས་ཀུན་གྱི་སྡེ་དཔོན་ནི༔ གསོན་གཤིན་ཀུན་གྱི་ཟམ་ཁ་བ༔ ཆོས་རྒྱལ་གཤིན་རྗེ་དབྱིངས་ནས་བཞེངས༔ མ་ཧེའི་གདོང་ཅན་སྲོག་གི་བདག༔ ངར་སྐད་སྒྲོག་པས་ས་འོག་གཡོ༔ ཁྱོད་ཀྱི་ཡུམ་ནི་ཙ་མུཎྚི༔ འཁོར་ལོ་ཐུན་ཁྲག་ལག་ན་བསྣམས༔ ཁྱོད་ཀྱི་འཁོར་གྱི་ཕོ་ཉ་ནི༔ ཡ་མ་དཎྜི་ལ་སོགས་པའི༔ ལས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད༔ འཁོར་གྱི་མ་གཤིན་དྲེགས་པའི་ཚོགས༔ བདག་གི་ལས་ལ་ད་བསྐུལ་གྱིས༔ དགྲ་བོ་ཐམས་ཅད་གཉེར་དུ་གཏད༔ མ་གཡེལ་མ་གཡེལ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ བསྟན་པའི་དགྲ་བོ་དམ་ཉམས་འདི༔ ལོ་དང་ཟླ་བར་མ་བཞག་ལ༔ ཞག་དང་ཟ་མར་མ་འགོར་བར༔ ད་ལྟ་ཉིད་དུ་སྒྲོལ་ལ་ཤོག༔ ལས་གཤིན་དམག་ཚོགས་དགྲ་ལ་ཆོས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྐུལ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈ ཨོ་རྒྱན་མཆོག་གྱུར་གླིང་པས་འོག་མིན་ཀརྨའི་གནས་ནས་སྤྱན་དྲངས་ཏེ་དེ་ཉིད་དུ་གཏན་ལ་ཕབ་པའོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).