Terdzo-THA-037

From Rinchen Terdzö
Revision as of 12:55, 14 February 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། སྨིན་བྱེད་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའི་ཚུལ་ཡིད་བཞིན་དཔལ་སྟེར་

bla ma'i thugs sgrub yid bzhin nor bu las smin byed bsdus pa byin rlabs gtor ma'i dbang bskur ba'i tshul yid bzhin dpal ster

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ (Bla ma'i thugs sgrub yid bzhin nor bu)
Volume 10 (ཐ) / Pages 561-573 / Folios 1a1 to 7a5

[edit]

༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། སྨིན་བྱེད་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའི་ཚུལ་ཡིད་བཞིན་དཔལ་སྟེར་ཞེས་བྱ་བ་བཞུགས། ། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །འབྱུང་གནས་གུ་རུ་ཡིད་བཞིན་ནོར། །དད་པས་སྤྱི་བོར་མཆོད་ནས་འདིར། །ཡོངས་རྫོགས་གཏོར་མའི་དབང་བསྐུར་བཤད། །དབང་བསྐུར་བྱིན་རླབས་མཐའ་དག་གི་སྙིང་པོ། ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་དབང་བསྐུར་འདི་ཉིད་གཞུང་དང་གྲུབ་པའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་ཤིང་། འདི་ཉིད་ཀྱི་གཞུང་ལས་ཀྱང། ཤིན་ཏུ་བསྡུ་ན་གཏོར་མའི་དབང་བསྐུར་ཞིང༔ དེ་ཡང་གསོལ་འདེབས་བསམ་པ་ལྷུན་གྲུབ་མ༔ ཡོངས་རྫོགས་བརྗོད་དང་ཡང་ན་བཅུ་གསུམ་པོའི༔ སྡུག་བསྔལ་སོ་སོར་ཞི་བའི་ཚིག་རྐང་རེ༔ གཅིག་ཏུ་བསྡམས་ནས་གཏོར་མའི་དབང་བསྐུར་བྱ༔ ཡང་ན་ལེ་ཚན་ཐ་མའི་གསོལ་འདེབས་སམ༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་རྩ་བའི་གཞི༔ རྡོ་རྗེའི་ཚིག་རྐང་དྲུག་་་དུས་གསུམ་སངས་རྒྱས་སོགས་་་གིས་གསོལ་བ་གདབ༔ སྔགས་དབྱངས་འུར་དིར་སྒྲོག་ཅིང་མོས་གུས་བསྐྱེད༔ ཅེས་གསུངས་པ་ལྟར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གཏོར་དབང་བྱིན་རླབས་ཀྱི་སྙིང་པོ་བགྱི་བ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་བའི་བྱ་བ་དངོས་སོ། །དང་པོ་ནི། སྟེགས་བུའི་ཁར་མཎྜལ་ལ་ཚོམ་བུ་ལྷ་གྲངས་མར་བཀོད་པའི་དབུས་ཀྱི་སྟེགས་ལ་བླ་མའི་གཏོར་ཆེན་རི་རབ་མ་རྒྱན་སོགས་གཟབ་སྤྲོས་ཅན་གྱི་མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ལས་བུམ་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་ཡོ་བྱད་གཞན་ཡང་འདུ་བྱའོ། །གཉིས་པ་ནི། ལས་བྱང་གཞུང་བསྲངས་ཏེ་གཏོར་ཆེན་ལ་ལྷག་པར་དམིགས་པའི་ཛཔ྄་ཁང་ཕྱེས་ལ་ཛཔ྄་བསྙེན་ཅི་རིགས་བྱ། ཆོས་སྲུང་གཏོར་འབུལ། ཚོགས་མཆོད་ཡོད་ན་བསྒྲལ་བསྟབ་ཡན་གྲུབ་པ་དང་། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །གསུམ་པ་ལ། སྡོམ་ནི། ཁྲུས་བྱ་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཚམས་སྦྱར་གསོལ་གདབ་གནང་བ་སྦྱིན། རྒྱུད་སྦྱང་སྡོམ་བཟུང་ཡེ་ཤེས་དབབ། དབང་བསྐུར་དངོས་དང་རྗེས་རིམ་མོ། །ཞེས་པ་ལྟར་བཅུ་གཅིག་ཡོད་པ་ལས། དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་བཤམས་ལ། ལས་བྱང་ལྟར། རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཞེས་པ་ནས་བྱིན་རླབས་འགུགས་བསྔོ་བསྐྲད་པ་རྣམས་བརྗོད་ཅིང་གུ་གུལ་ཡུངས་ཐུན་གྱིས་གཟིར་ལ། གསུམ་པ་ནི། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ། བཞི་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་དང་པོའི་སངས་རྒྱས་ཁྱབ་བདག་པདྨ་བདེ་བ་ཆེན་པོ་ཉིད་གཞན་དོན་དུ་དམིགས་པ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས། གདུལ་བྱའི་རྒྱུད་ལ་བྱིན་རླབས་འཇུག་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག །ཐབས་ལ་མཁས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་སྟོན་པར་མཛད་པ་རྣམས་ཀྱི་ནང་ནས་མཆོག་དང་ཕུལ་དུ་གྱུར་པ་ནི། ཟབ་ལམ་བླ་མ་སྒྲུབ་པའི་སྐོར་རྣམས་ཡིན་ཅིང༔ དེ་ལའང་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པའི་ཐབས་ཇི་སྙེད་ཅིག་མཆིས་པའི་ནང་ནས། སྙིང་པོ་བཅུད་དུ་འདྲིལ་ཞིང་དུས་དང་སྐལ་པའི་ཁྱད་པར་ལ་ཆེད་དུ་དགོངས་པའི་ཟབ་ཆོས། རྩོད་པ་དང་བྲལ་ཞིང་ཡོངས་སུ་གྲགས་པའི་འགྲོ་འདུལ་རིག་འཛིན་རྩལ་འཆང་རྣམ་པ་གཉིས་ཀྱིས་སྙིགས་མའི་བསྟན་འགྲོའི་རྒུད་པ་འཕྲོག་པའི་གཉེན་པོར། ཙིཏྟ་མ་ཎིའི་སྒྲོམ་ཆེན་ཁ་དབྱེ་བར་མཛད་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལ་སྨིན་བྱེད་རྒྱས་་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། སྐབས་འདིར་ཆོ་གའི་བྱ་བ་བསྡུས་ཀྱང་དབང་བསྐུར་བྱིན་རླབས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས། དོན་གྱི་སྨིན་བྱེད་ཡོངས་སུ་རྫོགས་པ་བླ་མའི་གཏོར་ཆེན་ལ་བརྟེན་པའི་དབང་བསྐུར་སྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འདྲེན་པ་སངས་རྒྱས་ཀུན་གྱི་གཙོ༔ སྐྱོབ་པ་བླ་མེད་ཐུགས་རྗེ་ཅན༔ རིག་འཛིན་འདུས་པའི་ཚོགས་ཀྱི་མཆོག༔ བདེ་གཤེགས་བླ་མ་དགོངས་སུ་གསོལ༔ པདྨ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོའི་བདག་ཉིད་དང༔ དབྱེར་མེད་བདག་གིས་ཁྱོད་འཚལ་བས༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། དྲུག་པ་ནི། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་དེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པ་ནི་འདི་ལ་གསན་འཚལ། སློབ་དཔོན་དཀྱིལ་འཁོར་གྱིས་གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་གདེངས་ཤིང་། བུ་ཁྱོད་སྐལ་པ་ཤིན་ཏུ་བཟང༔ བདེ་གཤེགས་ཀུན་གཙོ་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ དབང་དང་ལྡན་པར་བྱེད་པ་ནི༔ བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༔ ཁྱད་པར་ལྷ་དང་དཀྱིལ་འཁོར་རྣམས༔ གཞན་དུ་བལྟ་བར་མི་བགྱིད་ཅིང༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི༔ ཡེ་ཤེས་ཚུལ་བཞིན་མཆོད་པ་ནི༔ བདེ་གཤེགས་ཀུན་གྱིས་ཡོངས་སུ་བསྔགས༔ དེ་ཕྱིར་བདག་ཉིད་དཀྱིལ་འཁོར་གཙོ༔ མཐོང་ནས་བཀའ་བཞིན་བསྒྲུབ་པ་ན༔ བུ་ཁྱོད་བསམ་པ་དེ་ཡིས་འགྲུབ༔ དགའ་དང་སྤྲོ་བ་སྐྱེད་པར་གྱིས༔ ཞེས་བསྒོ །བདུན་པ་ནི། དེ་ནས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་ལ་འདུན་པ་འདི་བཞིན་དུ་མཛོད། མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་ཆེན་པོར་རྫོགས་ཤིང་། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་ཐ་མི་དད་པར་ཤེས་པ་ལ་སྐྱབས་ཀྱི་མཆོག་ཏུ་བཟུང་ནས། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྨང་རྡོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད་ཅིག །མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རིགས་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་རིམ་པ་གཉིས་ལ་སློབ་ནས་གང་འདུལ་ཕྲིན་ལས་རྣམ་བཞིས་འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་ལ་བརྩོན་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྐྱབས་ཡུལ་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། རྒྱུད་ཡོངས་སུ་དག་ཅིང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་བྱེད་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་རྗེས་ཟློས་བྱར་གཞུག །བརྒྱད་པ་ནི། སངས་རྒྱས་པའི་ཐེག་པར་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པར་བྱ་དགོས་པས། དེའི་སླད་དུ་རིགས་ཀུན་ཁྱབ་བདག་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་རིམ་པར་བླང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་གཅིག་ཆར་བསྲུང་། དུས་སྐབས་དགོས་པ་ཐ་དད་དང་བསྟུན་ཏེ་སྤྱད་ཅིང་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིང་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དགུ་པ་ནི། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་པདྨོ་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་མཚན་དཔེའི་གཟི་བྱིན་འབར་ཞིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ། ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བའི་རྦ་རླབས་བཾ་དཀར་པོར་འཁྱིལ་བ་འཛིན་པ། དབུ་ལ་བརྗིད་ལྡན་ཤེའུའི་སྙན་ཞུ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པ། སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་ཅིང་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས་པ། རིགས་ཀུན་གྱི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཡང་དཀྱིལ་འཁོར་མངའ་བདག་གུ་རུ་བདེ་བ་ཆེན་པོར་གསལ་བ་ལ་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་གང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱོད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་འབེབ་པའི་རྫས་སྦྱོར་གྱི་དུད་པ་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་དང་དབྱངས་བཅས་ལས་བྱང་ལྟར། ཧཱུྃ་ཧྲཱི༔ སྔོན་ཚེ་འཛམ་གླིང་འདི་དག་གི༔ སོགས་སྤྱན་འདྲེན་དང་སྔགས་དྲག་ཏུ་བཟླས་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་གཉུག་མའི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །བཅུ་པ་ནི། ལས་རྡོར་གྱིས་གཏོར་ཆེན་བཏེགས་ལ། སློབ་དཔོན་གྱིས། དངོས་གཞི་བྱིན་རླབས་གཏོར་མའི་དབང་ཆེན་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་རིན་ཆེན་འབར་བའི་གཞལ་ཡས་ཁང་འོག་མིན་པདྨ་དྲྭ་བའི་ཕོ་བྲང་དང་ཐ་དད་མེད་པའི་ནང་དུ། རིགས་ཀུན་ཁྱབ་བདག་གུ་རུ་བདེ་ཆེན་རྒྱལ་པོ། བསམ་ཀུན་ལྷུན་གྱིས་འགྲུབ་བྱེད་རིག་འཛིན་རྩལ་འཆང་བཅུ་གསུམ། བདུད་འཇོམས་མཐར་བྱེད་ཆེན་པོ་བཞི་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས། ངོ་བོ་རྡོ་རྗེའི་ཡེ་ཤེས་རྣམ་པ་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་མདངས་ཅན་འཆར་ཁའི་ཟེར་ཐག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞིའི་ཡེ་ཤེས་རྩོལ་མེད་དུ་སྐྱེས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་བསམས་ལ་ཡིད་ཆེས་མོས་གུས་རྩེ་གཅིག་ཏུ་སྐྱེད་ཅིག །ཅེས་བརྡ་སྤྲད་ལ། དབང་ཚིག་རྒྱས་པ་བསམ་པ་ལྷུན་གྲུབ་ཚང་མ་ལྷ་དབང་གི་སྐབས་ལྟར་ལ། བར་ཀྱི་སྔགས་རྣམས་བཞག་ནས་ཚིགས་བཅད་རྣམས་སྦྲེལ་བའི་མཐར་བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་དང་བཅས་ཏེ་དབང་བསྐུར་བའམ། འབྲིང་པོ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་འཆིབ་སྟེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་དཔུང་ཟློག་པར་ཤོག༔ དུས་མིན་འཆི་བའི་བར་ཆད་ཞི་བར་ཤོག༔ དབུལ་ཕོངས་སྡུག་བསྔལ་སེལ་བའི་དབང་ཐོབ་ཤོག༔ དངོས་གྲུབ་གཏེར་ལ་སྤྱོད་པའི་དབང་ཐོབ་ཤོག༔ ཕྱི་ནང་ལམ་སྣ་ཟིན་པའི་དབང་ཐོབ་ཤོག༔ ཐོགས་བཅས་བདུད་རྣམས་སྐྲོད་པའི་དབང་ཐོབ་ཤོག༔ འབྱུང་བཞི་འཁྲུགས་པའི་བར་ཆད་ཀུན་སེལ་ཤོག༔ མི་མཐུན་ཚོགས་ཀུན་འཆིང་བའི་དབང་ཐོབ་ཤོག༔ བར་ཆད་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག༔ དབྱིངས་རིག་དབྱེར་མེད་འཕོ་བའི་དབང་ཐོབ་ཤོག༔ འཁྲུལ་སྣང་རང་སར་གྲོལ་བའི་དབང་ཐོབ་ཤོག༔ སྐྱེ་ཤི་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ སྡུག་བསྔལ་ཀུན་སེལ་བསམ་དོན་ལྷུན་གྲུབ་ཤོག༔ ཅེས་པའི་མཐར་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་བརྗོད། བསྡུ་ན། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་སམ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་འདེབས་རྡོ་རྗེའི་ཚིགས་དྲུག་ཛཔ྄་དབྱངས་དང་བཅས་པས་དབང་བསྐུར་རོ། །བཅུ་གཅིག་པ་ནི། གཏོར་རྫས་འཆི་མེད་ཚེའི་བདུད་རྩི་དངོས་གྲུབ་སྣ་ཚོགས་པའི་རང་བཞིན་ཅན་མགྲིན་པར་མྱང་བས། འཕོ་མེད་རྡོ་རྗེའི་ཚེ་སྲོག་ཐོབ། ནད་མེད་བདེ་བའི་ལང་ཚོ་རྒྱས། ཟད་མེད་དངོས་གྲུབ་རྣམ་པ་གཉིས་ཡིད་བཞིན་དུ་ཐོབ་པར་མོས་མཛོད། ཅེས་བརྗོད་ལ་གཏོར་རྫས་ཀྱི་ཆ་ཤས་དང་བདུད་རྩི་ལྷན་ཅིག་སྦྱིན། མཐར་ལས་བྱང་གཞུང་ལས་འབྱུང་བ་ལྟ་བུའི་ཤིས་བརྗོད་བྱས་ལ་མངའ་གསོལ། རྗེས་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་དང་། རྗེས་ཀྱི་ལས་རིམ་ཡང་ཕྲིན་ལས་གཞུང་བཞིན་བྱའོ། །ཆོས་འདིས་མཐའ་ཆེན་ཀུན་ཏུ་ཁྱབ། །དེ་སྙེད་འགྲོ་རྣམས་གུ་རུ་རྗེའི། །བྱིན་རླབས་འཇུག་པའི་སྣོད་གྱུར་ནས། །པདྨོ་བདེ་བ་ཅན་མཚུངས་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་འགྲོ་བའི་མགོན་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བཀའ་ཡིས་རྗེས་སུ་གནང་བ་ལྟར། ཞལ་ལུང་ཟིན་ཐུན་སོར་བཞག་ཏུ་སྙིགས་མའི་དགེ་སྦྱོང་ལྟར་སྣང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).