Terdzo-SHA-031

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་

snyan brgyud yang dag zab tig gi smin grol 'bogs pa'i lag len bde chen gsang ba'i bcud 'dus

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle  དཔལ་ཆེན་ཡང་དག་ཟབ་ཏིག་ (Dpal chen yang dag zab tig)
Volume 27 (ཤ) / Pages 675-691 / Folios 1a1 to 9a6

[edit]

༄༅། །སྙན་བརྒྱུད་ཡང་དག་ཟབ་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་བདེ་ཆེན་གསང་བའི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། སྲིད་ཞིའི་སྙིང་པོ་བྱང་ཆུབ་སེམས། །བདེ་ཆེན་གསང་བ་གཅིག་གྲུབ་ཀྱིས། །ཡེ་ཤེས་བླ་མའི་སར་སྦྱོར་བ། །ལྷ་སྔགས་འཁོར་ལོའི་མགོན་བཅས་མཆོད། །སྙན་བརྒྱུད་དཔལ་ཆེན་ཡང་དག་ཟབ་ཏིག་གི་དབང་བསྐུར་བསྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེགས་བུར་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་ཁྲིའུར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་ཐོད་སྐུ་ཚད་ལྡན་ན་བཟའ་མཐིང་གས་བཀླུབས་པ་བསླངས་ཏེ་བཀོད། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག །གཡོན་དུ་སྨན་གྱི་ཕོ་བྲང་། མདུན་དུ་མར་མེ་གསལ་བ་དང་། གསང་དབང་ཐོད་ཆང་། རིག་ཙཀ །རྒྱབ་ཏུ་ཚེ་འབྲང་གི་གཡས་གཡོན་དུ་ཐོད་པར་ཚེ་ཆང་དང་ཚེ་རིལ་རྣམས་དང་། སྨན་གཏོར་རཀྟ། ཕྱི་མཆོད་རྣམས་སྤྱི་འགྲེ །ལས་བུམ། ཚོགས་དང་གཏོར་འབུལ་སོགས་དགོས་པའི་ཡོ་བྱད་གཞན་ཡང་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སོགས་སྔོན་དུ་འགྲོ་བས་གཏེར་གཞུང་གི་སྐྱབས་སེམས་ནས་ཐར་ཆགས་སུ་གཏང་ཞིང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་དབུར་མདུན་རྟེན་གོ་སར་ཛཔ྄་ཁང་དབྱེ་བ་སྤྱི་ལྟར་བྱས་ཀྱང་ཆོག །དམིགས་པའི་འཕྲོ་འདུ་བཅས་འབྲུ་བརྒྱད་ཅི་ནུས་བྱ། བུམ་བཟླས་ཀྱང་སྤྲོ་ན་སྤྱི་ལྟར་གྲུབ་ནས། སྔར་ཛཔ྄་ཁང་མ་ཕྱེས་ན་སླར་དབྱེ་ལ། སྨན་ཕྱེ་མར་སྒྲུབ་པའི་དགོངས་པ་གསལ་བཏབ་ལ་བཟླས་པ་གང་ལྕོགས། སྨན་སྲུང་སྤྱན་འདྲེན། དབབ་བསྐྱིལ་དམིགས་བཟླས་བཅས་བྱ། དེ་ནས་བདག་དང་ཚེ་འབྲང་གཉིས་ཀར་དམིགས་ལ། ཚེ་སྒྲུབ་ཀྱི་སྒོམ་བཟླས་ཚེ་འགུགས་ཀྱི་བར་དུ་བཏང་ལ་ཚེ་བཅུད་བསྡུ། མཆོད་བསྟོད་འབུལ། སྲུང་མའི་གཏོར་བསྔོས་བྱ། སྤྲོ་ན་སྐབས་འདིར་ཉམས་ཆག་སྐོང་བའི་ཆོ་ག་ལྟར། བརྗོད་མེད་དོན་བཤགས། ཡིག་བརྒྱ། ལྟ་བའི་ཀློང་བཤགས། མར་མེའི་སྐོང་བ་ཛཔ྄་དབྱངས་བཅས་བྱས་ན་ལེགས་པའི་ཡན་ལག་ཏུ་འགྱུར། དབང་རྐྱང་ཙམ་ལ་མ་འགྲུབ་ཀྱང་ཆོག །གང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གཏང་། སྨན་གྱི་དབང་བསྐུར་བླང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། ལས་བུམ་དབྱིངས་ཕྱུག་མ་བསྐྱེད་བཟླས་ཀྱིས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ནི། སློབ་མ་རྣམས་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། ཆོས་བཤད་མཚམས་སྦྱོར་གྱི་ཁྱད་པར། དེའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཐུགས་ཀྱི་གསང་བ་གཅིག་ཏུ་བསྡུས་ཤིང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད། བདེ་ཆེན་ཕྱག་རྒྱ་མཆོག་གི་དངོས་གྲུབ་སྒྲུབ་པའི་མཐུ་རྩལ་མྱུར་བའི་དོན་དུ་འབར་བ་ཆེན་པོ་ཧེ་རུ་ཀའི་རྣམ་པར་སྣང་བ་དཔལ་ཡང་དག་གྲུབ་པ་གཅིག་པུ་ལ། རྒྱུད་ལུང་གི་ཚོགས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་རྣམས་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་འཛིན་རྣམས་ཀྱིས་མན་ངག་གི་བཀའ་སྲོལ་དུ་མར་བཀྲལ་པ་ལས། འགའ་ཞིག་ཡང་དག་ཕྱག་རྒྱ་ཆེན་པོའི་མཆོག་གྲུབ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་པདྨཱཀ་ར་དང་། གནུབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོས་གངས་ཅན་གྱི་ལྗོངས་འདིར་སྤེལ་པ་ལ། ཟླ་གམ་གཅིག་དང་དགུ་དང་ཉེར་གཅིག་དང་ལྔ་བཅུ་རྩ་བརྒྱད་སོགས་བཀའ་སྲོལ་མང་དུ་བྱོན་ཅིང་། གསང་སྔགས་གསར་མའི་ཕྱོགས་སུ་གྲགས་པའི་དུས་ཀྱི་འཁོར་ལོ། འཁོར་ལོ་བདེ་མཆོག །དགྱེས་པ་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་མཚན་དང་སྐུའི་རྣམ་པ་གདུལ་བྱའི་མོས་བློ་དང་འཚམ་པར་ཐ་དད་དུ་བསྟན་པ་ཙམ་ལས། ངོ་བོ་དཔལ་མཁའ་འགྲོ་སྒྱུ་མ་ཡང་དག་བདེ་བ་མཆོག་ཁོ་ནའི་རྣམ་འགྱུར་དུ་ངེས་པ་ཡིན་ལ། དེ་ལས་སྐབས་སུ་བབས་པ་འདི་ནི་གཞུང་ཉིད་ལས། རྒྱུད་དང་ལུང་དང་མན་ངག་ལས༔ དཔལ་ཆེན་ཡང་དག་སྒྲུབ་པའི་ཐབས༔ བདེན་གཉིས་ཚུལ་དུ་གང་བསྟན་པ༔ སྙིང་པོའི་སྙིང་པོ་འདི་ཡིན་ནོ༔ ཞེས་གསུངས་པ་ལྟར་རྒྱུད་ལུང་མན་ངག་ཐམས་ཅད་ལས་བཤད་པའི་ཡང་དག་སྒྲུབ་ཐབས་ཇི་སྙེད་པའི་སྙིང་པོ་གཅིག་ཏུ་དྲིལ་བ་འདི་ནི། ཡང་དག་གྲུབ་པའི་སློབ་དཔོན་ནམ་མཁའི་སྙིང་པོའི་ཡེ་ཤེས་དང་དབྱེར་མེད་པ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན། ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་དགོངས་པ་བདེ་ཆེན་ཕྱག་རྒྱ་ཆེན་པོའི་རིག་འཛིན་པདྨཱཀ་རས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་བསྩལ་པ་དཔལ་ཆེན་ཡང་དག་ཟབ་ཏིག་གི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཡང་དག་ཧེ་རུ་ཀ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་ཆེན་དགྱེས་པར་རོལ་པ་ཡི༔ རྡོ་རྗེ་ཁྲག་འཐུང་བདག་ལ་དགོངས༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་དུ༔ འཇུག་ཅིང་ཡོངས་སུ་སྨིན་མཛད་གསོལ༔ ལན་གསུམ། དཔལ་ཆེན་ཡང་དག་ཧེ་རུ་ཀ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་དགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་། དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྣོད་རྣམ་པར་དག་པ་ཡུམ་ལྔའི་མཁའ་ཀློང་འཁྱིལ་བའི་གཞལ་མེད་ཁང་ཆེན་པོའི་དབུས་སུ་པདྨ་ཉི་ཟླ་དྲེགས་པ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་ཁྲག་འཐུང་མཐིང་སྔོན་ནམ་མཁའི་མདངས་ཅན། ཞལ་གསུམ་གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་འཛིན་པ། གར་དགུའི་ཉམས་ཅན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་སུ་བགྲད་ཅིང་ཡུམ་བཛྲ་ཀྲོ་དྷཱི་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྲིལ་བ། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་སྐུར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་བཛྲ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་རུ་ལུའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་ཡོངས་རྫོགས་བཅས་ལྔ་དང་། མཐའ་རྟེན་གྱི་དབང་རྣམས་སུ་ཡོད་པ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོས་དབང་བསྐུར་བས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་གྱུར། ཅིར་སྣང་ལྷའི་འཁོར་ལོར་འཆར་བར་གྱུར་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ༔ སྣོད་བཅུད་ཡོངས་རྫོགས་བུམ་པའི་དབང༔ དཔལ་ཆེན་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ གཉིས་སུ་མེད་པའི་དབང་བསྐུར་བས༔ ཅིར་སྣང་ལྷ་སྐུར་རང་ཤར་ཤོག༔ སྔགས་མཐར། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་པདྨ་བྷཉྫའི་བཅུད་དུ་བསྐྱིལ་བ། ཁྱེད་རང་རྣམས་ཀྱི་མགྲིན་པར་མྱངས་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ རིག་པ་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཡུམ་ཀྲོ་ཏཱི་ཤྭ་རཱིར་སྦྱོར༔ ཟུང་འཇུག་བྱང་སེམས་བདུད་རྩི་ཡིས༔ ལས་རླུང་སྔགས་སུ་སྨིན་པར་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཁ་སྦྱོར་གསུམ་གྱི་སྟོབས་ཀྱིས་ཐིག་ལེ་བདེ་བ་ཆེན་པོའི་རང་བཞིན་དུ་གནས་གྱུར། རྟོག་ཚོགས་ཡེ་ཤེས་ཆེན་པོའི་འཁོར་ལོར་འཆར་བར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་རྣམ་ཐར་གསུམ་ལྡན་པ༔ བདེ་ཆེན་ཆོས་ཀུན་འབྱུང་བའི་གནས༔ བརྟུལ་ཞུགས་རོལ་པའི་དབང་བསྐུར་བས༔ ཐིག་ལེ་དགའ་བཞིར་རྫོགས་པར་ཤོག༔ ཛྙཱ་ན་མུ་དྲ་སིདྡྷི་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དང་བརྡའི་དབང་གི་སླད་དུ། དབྱིངས་གདོད་མའི་གནས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་མཚོན་པའི་ཀོང་བུ་ཟླུམ་པོར། རིག་པའི་ཡེ་ཤེས་འོད་དུ་གསལ་ཡང་རྣམ་པར་མི་རྟོག་པ་མཚོན་པའི་མར་མེས་དབང་བསྐུར་བའི་བརྡ་ལ་བརྟེན་ནས། དོན་གྱི་གནས་ལུགས་ཀ་དག་ཟང་ཐལ་ཆེན་པོའི་ངོ་བོར་མཉམ་པར་བཞག་པས། སྣང་སྲིད་ཡེ་ཤེས་གཞིར་བཞེངས་སུ་གནས་གྱུར། འཁོར་འདས་མཉམ་པ་ཉིད་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག །མར་མེ་སྦར་བ་སྙིང་གར་བཞག་ལ། ཨ༔ མ་འཁྲུལ་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་རང་སྣང་མར་མེ་སྦར༔ གསལ་ལ་མི་རྟོག་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ དེས་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཡོངས་རྫོགས་ཆེན་པོའི་དབང་གི་སླད་དུ། དཔལ་ཆེན་པོའི་རྡོ་རྗེའི་གསང་བ་གསུམ་ཡོངས་སུ་རྫོགས་པའི་ཐོད་པའི་སྐུ་བརྙན་གྱི་དབང་བསྐུར་བས། སྣང་སྟོང་ཟུང་འཇུག་གི་དགོངས་པ་མངོན་དུ་གྱུར། ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དབང་དང་བྱིན་རླབས་རྩལ་རྫོགས་སུ་ཐོབ་པར་གྱུར་པའི་མོས་པ་མཛོད། ཐོད་སྐུ་གནས་ལྔར་བཞག་ལ། ཨོཾ་ཨཱཿཧཱུྃ༔ སྣང་ཆ་དཔལ་ཆེན་ལྷ་ཡི་སྐུ༔ སྟོང་པ་ཟབ་གསལ་གཉིས་མེད་གསུང༔ ཟུང་འཇུག་འདུས་མ་བྱས་པའི་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེས་གསང་བའི་ཕྱག་རྒྱ་ཡོངས་རྫོགས་བྷཉྫའི་ཕོ་བྲང་ལ་བརྟེན་ནས་ཡོན་ཏན་དང་ཕྲིན་ལས་ཀྱི་དབང་བསྐུར་པ་ཐོབ། ཕྲ་བའི་སྒྲིབ་པ་བག་ཆགས་མ་ལུས་པ་སྦྱངས། ཡོན་ཏན་དངོས་གྲུབ་རྣམ་པ་གཉིས་དང་ཕྲིན་ལས་རབ་འབྱམས་ཀྱི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས་མཐའ་རྟེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པའི་དབང་རྣམ་པ་གཉིས་སྦྱིན་པ་ལ། ཐོག་མར་བདུད་རྩི་སྨན་གྱི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། སྨན་གྱི་ཕོ་བྲང་དཔལ་ཆེན་ཧེ་རུ་ཀ་རྟེན་དང་བརྟེན་པར་བཅས་པར་གསལ་བའི་སྐུའི་གནས་གསུམ་ནས་ཡེ་ཤེས་བདུད་རྩི་འོད་ཟེར་གྱི་རྒྱུན་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོའི་དངོས་གྲུབ་ཀྱི་དབྱིག་མ་ལུས་པ་ཐོབ་པར་མོས་ཤིག །སྨན་གྱི་ཕོ་བྲང་གནས་གསུམ་དུ་བཞག་ལ། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག༔ དེང་འདིར་བསྩལ་ཞིང་བརྟན་པར་མཛོད༔ རུ་ལུའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲྀཏ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ་གི་གླུ་དབྱངས་དང་བཅས་རྒྱ་བཀྲོལ། ལྷ་རྣམས་འོད་ཟེར་གྱི་རྣམ་པས་རང་ལ་བསྟིམ། སྨན་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་སྔགས་ཙམ་གྱིས་ཕུད་ལྷ་ལ་མཆོད། ཨོཾ་བཛྲ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཞེས་རང་གིས་མྱོང་ཞིང་སློབ་མ་ལ་སྦྱིན། དེའི་ཡོན་ཏན་ཡང་གཞུང་ཉིད་ལས། མཐོང་ཚོར་མྱོང་བ་ཐམས་ཅད་ཀུན༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཧེ་རུ་ཀ་དང་དབྱེར་མེད་འགྱུར༔ ཞེས་གསུངས་པ་ལགས་སོ། །གཉིས་པ་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ སྒྲུབ་མཆོག་བདག་ལ་བརྩེར་དགོངས་ནས༔ འཆི་མེད་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ གསུམ། ཚེ་དབང་འདི་ཉིད་སྒེར་དུ་བསྐུར་ན་སྐབས་འདིར་རྒྱུད་སྦྱོང་བ་དང་བྱིན་དབབ་པ་ལ་སོགས་སྤྱི་ལྟར་བྱ། སྐབས་འདིར་གོང་གི་རྗེས་འབྲེལ་ཙམ་དུ་ཚེ་འབྲང་གི་དབང་ལ་འཇུག་ཀྱང་ཆོག་རུང་། ཅུང་ཟད་སྤྲོ་ན། ཁྱེད་རང་རྣམས་དཔལ་ཆེན་ཡང་དག་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཕྱག་གཡས་ཀྱི་དང་པོས་པདྨ་དམར་པོ་བསྣམས་པའི་ཐུགས་ཀར་ཚེ་རྟེན་ཉི་ཟླའི་གྭའུར་དྭངས་སྲོག་ཧཱུྃ་དམར་ནྲྀ་ཡིག་གིས་མཚན་པ་གསལ་ཐོབ། སློབ་དཔོན་དཔལ་ཧེ་རུ་ཀ་ཚེའི་བདག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཆར་ཀའི་མདངས་ཅན་ལྕགས་ཀྱུའི་དབྱིབས་ཅན་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བཀུག །ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་དང་མདུན་གྱི་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་བྱས་ལ་གཏེར་གཞུང་ལྟར་ཚེ་འགུགས་བཏང་། ཚེ་འབྲང་ཐོགས་ལ། ཚེ་འབྲང་དཔལ་ཆེན་པོར་གསལ་བ་སྤྱི་བོར་བྱོན། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འཁོར་འདས་གཉིས་ཀྱི་ཚེ་བཅུད་ཕྱག་གཡོན་པའི་ཐོད་ཞལ་དུ་བསྡུས་ཏེ་འཁྱིལ་བ་ལས་འཕེལ་ཞིང་ལུད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག །ཨོཾ༔ དབྱིངས་ཉིད་གཞོན་ནུ་བུམ་སྐུའི་ཀློང༔ རིག་པ་མི་འགྱུར་ཚེ་ཡི་བདག༔ དཔལ་ཆེན་བདེ་གཤེགས་ཧེ་རུ་ཀས༔ འགྱུར་མེད་སྐུ་ཡི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཀཱ་ཡ་ཨཱ་ཡུརྫྙཱ་ན་སིདྡྷི་ཨོཾ༔ ཞེས་སྤྱི་བོར་བཞག །སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཚེ་ཆང་བདུད་རྩི་མྱངས་པས་རྩ་ཁམས་ཡེ་ཤེས་ཀྱི་དྭངས་མས་ཁྱབ། རླུང་བཅུ་དབུ་མར་ཐིམ། མི་ཤིགས་པ་རྡོ་རྗེའི་སྲོག་ཏུ་གྲུབ་པར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན་ལ། ཨཱ༔ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བྱང་སེམས་བདུད་རྩིར་འཁྱིལ༔ དཔལ་ཆེན་པདྨ་ཧེ་རུ་ཀས༔ འགག་མེད་གསུང་གི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཝཱ་ཀ་ཨཱ་ཡུརྫྙཱ་ན་སིདྡྷི་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཚེའི་རིལ་བུ་དཔལ་ཆེན་ཚེའི་བདག་པོའི་ཡེ་ཤེས་འོད་ཀྱི་ཐིག་ལེ་འཁོར་འདས་སྟོང་སྲོག་མི་ཤིགས་པའི་བདག་ཉིད་ཅན་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གའི་དྭངས་སྲོག་ལ་ཐིམ། འོད་ཟེར་གྱིས་ལུས་ཐམས་ཅད་ལ་ཁྱབ་པས་གཟུང་འཛིན་འཆི་འཕོའི་རྟོག་པ་སྦྱངས། མི་འགྱུར་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །ཚེ་རིལ་སྙིང་གར་གཏུགས། ཁར་སྦྱིན་ལ། ཧཱུྃ༔ མི་ཤིགས་ཐིག་ལེ་དབྱིངས་ཀྱི་ངང༔ རིག་པ་དྭངས་མའི་བཅུད་དུ་འདྲིལ༔ དཔལ་ཆེན་རྡོ་རྗེ་ཧེ་རུ་ཀས༔ འཕོ་མེད་ཐུགས་ཀྱི་དབང་བསྐུར་སྩོལ༔ ཚེ་སྔགས་མཐར། ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པར་ཐོབ་པར་གྱུར་ཅིག །ཅེས་བརྗོད། དེ་ལྟར་འཆི་མེད་ཚེའི་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་འཁོར་འདས་ཀྱི་ཚེ་དཔལ་བཅུད་ཀྱི་དྭངས་མས་གང་བའི་སྙིང་པོའི་ཡང་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་མི་ཤིགས་པའི་ཐིག་ལེར་ཐིམ་པས་བཀྲག་མདངས་འོད་དུ་འབར། ཉི་ཟླའི་གྭའུ་ཁ་བསྒྲིགས་པ་ལ་དྭངས་མའི་འོད་ལྔ་རྡོ་རྗེའི་མདུད་པས་བསྣོལ་མར་བཅིངས་པར་མོས་ཤིག །ཨ༔ འགག་པ་མེད་པ་རིག་པའི་ཚེ༔ སྐྱེ་བ་མེད་པའི་དབྱིངས་སུ་ཐིམ༔ ཟུང་འཇུག་འདུས་མ་བྱས་པའི་སྲོག༔ ཡེ་ཤེས་སྙིང་པོར་རྒྱས་གདབ་བོ༔ སྔགས་མཐར། ཛྙཱ་ན་གརྦྷ་ཨ་ཨ༔ ཞེས་རྒྱས་གདབ། ཡེ་དྷར་དང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་དཔལ་ཆེན་ཡང་དག་ཟབ་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བར་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་གཞུང་ཉིད་ལས། བླ་མེད་མཆོག་གི་ཡེ་ཤེས་ནི༔ སོགས་ནས། ཅན་ལ་སྟོན༔ ཅེས་དཔལ་ཆེན་ཡང་དག་གི་གཞུང་ཆེན་པོ་རྣམས་སུའང་དབང་བཞིའི་ལམ་གྱི་རྐང་ཚང་བའི་ཁྲིད་དཀྱུས་གཅིག་ཏུ་བསྟན་པ་ཉུང་བས། ཤིན་ཏུ་ཟབ་ཅིང་དཀོན་པའི་ཐུགས་ཁྲིད་འདི་ཉིད་གང་ལ་འཆད་པའི་སྣོད་བསྟན་པ་སྔོན་དུ་འགྲོ་བས། བསྟན་བྱའི་ཁྲིད་ཚུལ་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་བསྟན། སྔོན་འགྲོ་ལ་རིང་བ་དང་ཉེ་བའི་སྦྱོར་བ་སྔོན་དུ་སོང་ནས། ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་སྦྱང་། སྐྱབས་འགྲོ་སེམས་བསྐྱེད་ཀྱིས་གཞི་བཏིང་། ཐུན་མོང་མ་ཡིན་པ་བླ་མའི་རྣལ་འབྱོར་གཅིག་བརྒྱུད་མས་བྱིན་རླབས་འབེབ་པར་བསྟན། དངོས་གཞི་ལྟ་སྒོམ་སྤྱོད་གསུམ་ལས། ལྟ་བ་ཡང་དག་གདོད་མའི་གནས་ལུགས་བློ་འདས་ཆེན་པོར་ལ་བཟླ། སྒོམ་པ་དབྱིབས་ཀྱི་རིམ་པས་སྤྲུལ་སྐུ །སྔགས་ཀྱི་རིམ་པས་ལོངས་སྐུ །ཆོས་ཀྱི་རིམ་པས་ཆོས་སྐུར་རྫོགས་པར་བྱེད། སྤྱོད་པ་ཡིད་རིག་དང་ལས་ཀྱི་ཕྱག་རྒྱའི་བརྟུལ་ཞུགས་ལ་བརྟེན་ནས་ལྟ་སྒོམ་གྱི་བོགས་འདོན་པར་བསྟན། རྗེས་ཀྱི་རིམ་པ། ལྟ་སྒོམ་སྤྱོད་པ་དེ་ལྟར་ཉམས་སུ་བླངས་པས་ལམ་ལྔ་རིམ་པར་བགྲོད་ཅིང་མཐར་ཐུག་མཆོག་གི་འབྲས་བུ་ལ་སྦྱོར་བའི་ཚུལ་ངོ་སྤྲོད་དུ་བསྟན་པ་རྣམས་ཀྱིས་བསྡུས་པ་སྟེ། དེ་ལྟ་བུའི་དོན་རྒྱས་པར་སྟོན་པ་རྩ་བ་རྡོ་རྗེའི་གསུང་འདི་ལྟར་ལགས། དབང་ཐོབ་དམ་ཚིག་རྣམ་པར་དག༔ སོགས་ནས། ཧེ་རུ་ཀ་དཔལ་ཚེ་འདིར་འགྲུབ༔ ཅེས་པའི་བར་འཆད་ནུས་ན་ལེགས་པར་བཤད། མི་ནུས་ན་གོ་བརྡ་འཕྲོད་ངེས་དལ་བར་བཀླགས་ལ། ཞེས་གསུངས་པའི་དོན་རྣམས་ཉམས་སུ་བླངས་ནས་རྒྱུད་ལ་ཚུལ་བཞིན་དུ་སྦྱོར་བར་མཛོད་ཅིག །དེ་རྣམས་ཀྱིས་དཔལ་ཆེན་ཡང་དག་ཟབ་ཏིག་གི་དབང་ཁྲིད་དཀྱུས་གཅིག་ཏུ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་དབང་གི་རྗེས་རིམ་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ་ནི། ཚོགས་ལ་རོལ་ཞིང་ལྷག་མ། གཏོར་སྐྱོང་། བྲོ་བརྡུང་རྣམས་སོང་ནས། དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་གཞུང་ལྟར་བྱས་པས་འགྲུབ་བོ། །ཅིར་སྣང་དཔལ་ཆེན་ཕྱག་རྒྱར་རྣམ་པར་དག །དུས་སྦྱོར་རྒྱུ་བ་འབྲུ་བརྒྱད་གསེར་ཕྲེང་རྫོགས། །སེམས་དང་སེམས་བྱུང་བདེ་ཆེན་ཐིག་ལེར་སྨིན། ཁམས་གསུམ་འཁྲུལ་པ་དབྱིངས་སུ་རུ་ལྡོག་ཤོག །རིམ་པ་གཉིས་ཕྲིན་ལས་དང་བཅས་པའི་སྙིང་པོ་བསྡུས་ཤིང་ཁྱེར་བདེ་བས་ངོ་མཚར་ཨུ་དུམྦ་རའི་དཔལ་ཡོན་འཛིན་པའི་སྨིན་གྲོལ་འབོགས་ཚུལ་ཆུ་འབབས་སུ་བཀོད་པ་འདིའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-01.jpeg
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-02.jpeg
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-03.jpeg
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-04.JPG
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-05.JPG
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-06.JPG
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-08.jpeg
RTZ-Tsagli-Dzongsar-SHA-08-mkhyen brste'i snyan brgyud yang dag-7.JPG
RTZ-Tsagli-JA-03-mkhyen brtse'i yang dag thod sku-01.jpg
RTZ-Mandala-Dzongsar-04-301-mkhyen brtse'i snyan brgyud yang dag.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).