Terdzo-RA-044

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་

dpal rta mgrin dregs pa kun sgrol gyi rten gtor

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གྲུ་གུ་ཡང་དབང་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Drugu YangwangJamyang Khyentse Wangpo)
in cycle  རྟ་མགྲིན་དྲེགས་པ་ཀུན་སྒྲོལ (Rta mgrin dregs pa kun sgrol)
Volume 25 (ར) / Pages 867-878 / Folios 1a1 to 6b1

[edit]

༄༅༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་བཞུགས་སོ༔ ན་མོ་ཧ་ཡ་གྲཱི་བཱ་ཡ༔ རྟེན་གཏོར་གྱི་བཅས་ལ༔ དང་པོ་རྫས་གསག་པ་ནི༔ སྨན་དང༔ སྙིང་སྣ་དང༔ ཤ་སྣ་ཚོགས༔ འབྲུ་སྣ་ཚོགས༔ རིན་པོ་ཆེ་སྣ་བདུན༔ ཆང་དང་རཀྟ་གང་འབྱོར་བཤམས་ལ་གཞི་བྱེད༔ དང་པོ་རྩམ་པ་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བླུགས་ལ༔ ཨཱོཾ་ཨཱཿཧཱུྃ་གསུམ་བྲིས་ལ༔ དེ་ནས་རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་ལྷར་བསྐྱེད་ལ་རྩམ་པ་བསྲེ༔ དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དེའི་ནང་དུ་འདོད་ཡོན་གྱིས་གང་བར་བསམ་ལ༔ དེ་ནས་རང་གི་ས་བོན་ལས་འོད་ཟེར་གཅིག་འཕྲོས་པས༔ རྩམ་པའི་སྟེང་གི་ཨཱོཾ་ལ་ཕོག་པས་ཨཱོཾ་དེ་ནམ་མཁའ་ལ་ཡར་བཀྱག་པར་བསམ༔ དེ་ནས་རང་གི་ས་བོན་ལས་འོད་འཕྲོས་པས་ཨཱོཾ་དེ་ལ་ཕོག༔ ཨཱོཾ་དེ་ལས་འོད་ཟེར་དཀར་པོ་ཞིག་ཡར་འཕྲོས་པས༔ སྐུ་ཡི་ལྷ་ཚོགས་ལ་མཆོད་ཡོན་མ་སོགས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས་མཆོད་ནས༔ ཨཱོཾ་བརྒྱ་རྩ་བརྒྱད་བརྗོད༔ ནམ་ཚར་ནས་ཡང་རྩམ་པའི་ཨཱོཾ་དེ་ལས་འོད་ཟེར་དཀར་པོ་ཡར་འཕྲོས་པས༔ སྐུ་ཡི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྐུ་ཡི་འོད་ཟེར་དཀར་པོ་དང་བྱིན་རླབས་ཀྱི་རྣམ་པར་བཀུག་ནས༔ ཨཱོཾ་བརྒྱ་རྩ་བརྒྱད་བརྗོད༔ རང་གི་མདུན་གྱི་ནམ་མཁའི་ཨཱོཾ་ལ་ཐིམ༔ ཨཱོཾ་དེ་ཡང་རྩམ་པའི་སྟེང་དུ་བྲིས་ཟིན་དེ་ལ་ཐིམ་པས་རྩམ་པ་དང་ཨོཾ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ༔ ཡང་ས་བོན་ལས་འོད་ཟེར་དམར་པོ་ཞིག་འཕྲོས་པས༔ རྩམ་པའི་སྟེང་གི་ཨཱཿདམར་པོ་ལ་ཕོག་པས་ཡང་ནམ་མཁའ་ལ་ཡར་བཀྱག་པས་ཁྲུ་གང་ཙམ་གྱི་སྟེང་ན་ཡོད་པར་བསམ་ལ༔ འོད་ཟེར་སྤྲོ་བསྡུ་གོང་དང་འདྲ༔ ཨཱཿབརྒྱ་རྩ་བརྒྱད་བརྗོད་ནས་སྣང་བ་མཐའ་ཡས་ལ་སོགས་གསུང་གི་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གསུང་གི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་འོད་ཟེར་ཐམས་ཅད་མར་བཀུག་ནས༔ རྩམ་པ་ལ་བྲིས་ཟིན་གྱི་ཨཱཿདམར་པོ་ལ་ཐིམ་པ་ཙམ་གྱིས་ཨཱཿདང་རྩམ་པ་ཡང་འོད་དུ་ཞུ་བའི་བདུད་རྩིར་གྱུར་པར་བསམ༔ ཡང་ས་བོན་ལས་འོད་ཟེར་སྔོན་པོ་ཞིག་འཕྲོས་པས༔ ཧཱུྃ་དེ་ལ་ཕོག་པས་ཧཱུྃ་དེ་ནམ་མཁའ་ལ་ཡར་བཀྱག་ནས༔ ཧཱུྃ་བརྒྱ་རྩ་བརྒྱད་བརྗོད༔ འོད་ཟེར་སྤྲོ་བསྡུ་གོང་དང་འདྲ༔ ཡང་ཐུགས་ཀའི་ལྷ་ཚོགས་ཐམས་ཅད་ཀྱི་འོད་ཟེར་དང་བྱིན་རླབས་རྣམས་བཀུག་ནས༔ ནམ་མཁའི་ཧཱུྃ་ལ་ཐིམ༔ ཧཱུྃ་བརྒྱ་རྩ་བརྗོད༔ ནམ་མཁའི་ཧཱུྃ་དེ་རྩམ་པ་ལ་ཐིམ་པ་ཙམ་གྱིས་ཡང་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ༔ ཡང་ཨཱོཾ་ཨཱཿཧཱུྃ་གསུམ་ཀ་ལ་ཕོག་པས་འོད་ཟེར་དཀར་པོ་དམར་པོ་སྔོན་པོ་གསུམ་འཕྲོས་པས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་འོད་ཟེར་རྣམས་བཀུག་ནས༔ ཨཱོཾ་ཨཱཿཧཱུྃ་གསུམ་ལ་ཐིམ་པ་ཙམ་གྱིས་ཡང་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ་ལ༔ ཨཱོཾ་ཨཱཿཧཱུྃ་བརྒྱ་རྩ་བརྗོད་ཅིང༔ དམིགས་པ་དེ་བཞིན་བྱེད༔ ཡི་དམ་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་པས་བདུད་རྩིར་གྱུར་པར་བསམ་ལ་སྔགས་ཕོག་བདུན་དང༔ འབྲུ་གསུམ་གང་འཕྲོད་པས་རྩམ་པ་བྱིན་གྱིས་བརླབ༔ དེ་ནས་རཀྟ་དང༔ ཆང་གི་ཉིང་ཁུ་དང༔ སྨན་དང༔ འབྲུ་དང༔ རིན་པོ་ཆེ་དེ་རྣམས་ཀྱི་སུམ་ཆ་དེ་རྩམ་པ་ལ་བསྲེ༔ སུམ་གཉིས་དེ་ཐོད་པའི་ནང་དུ་བླུགས་ལ༔ དར་སྣ་ཚོགས་ཀྱིས་བཀབ་ལ་མདུན་དུ་བཞག༔ སྲོག་ཤིང་སྦ་དང་སྨྱུག་མ་གང་རུང་ཚིགས་གསུམ་པ༔ དེ་ཡི་སྟོད་ན་བླ་མ་ཡི་དམ་གྱི་མཚན་སྔགས་རྣམས་རིན་པོ་ཆེས་བྲིས་ལ་བཞག༔ བར་གྱི་ཚིགས་ལ་ཡི་དམ་སྙིང་པོ༔ སྨད་ན་ཆོས་སྐྱོང་གི་སྔགས༔ སྲོག་ཤིང་རྐང་ལ་མར་བཏགས་ཁྲུ་གང༔ གཏོར་མ་རྐང་གང་གི་གཟུགས་ནི་ཞི་རྒྱས་དབང་དྲག་གང་ཡང་རུང༔ གཏོར་མའི་གདན་དེ་ལ་དབུས་སུ་གྲུ་གསུམ༔ ཟླ་གམ༔ ཟླུམ་པོ༔ དེའི་རྒྱབ་གྲུ་བཞི་བྱ༔ དེ་ནས་གཏོར་མ་བསླངས་ལ༔ ཡི་དམ་ལྷའི་ང་རྒྱལ་གྱིས་བགེགས་ལ་སྲུང་འཁོར་བསྒོམ༔ དེ་ནས་བདག་བསྐྱེད་གཞུང་ལྟར་བྱས་ལ༔ དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་བསམ་ལ༔ སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར༔ རཾ་ལས་མེའི་དཀྱིལ་འཁོར༔ ཀེཾ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་བསམ༔ དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་ཨཱཿགཅིག་ཕར་ཆད་པས༔ སྣོད་ལ་ཕོག་པས་སྣོད་ཀྱི་ཉེས་སྐྱོན་དག་ནས༔ ཨ་ལས་བྱུང་བའི་བྷནྡྷའི་གཞལ་ཡས་ཁང་དབུས་སུ་གྲུ་གསུམ༔ ཟླ་གམ༔ ཐོད་པ་ཟླུམ་པོ༔ རྒྱབ་གྲུ་བཞི༔ ཕྱོགས་བཞི་ན་རིན་པོ་ཆེའི་སྐྱོགས་བཞི་རྡོ་རྗེའི་བྱ་མཆུ་བཞི་དང་ལྡན་པ༔ དེའི་དབུས་སུ་ཨ་ལས་ཟླ་བའི་སྟེང་ན་ཧཱུྃ་ལས་བྱང་ཆུབ་སེམས་ཀྱིས་མཚན་པ༔ དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ༔ དེའི་སྟེང་དུ་ཡེ་ཤེས་ལྔ༔ གཏོར་མ་གཞུང་དང་མཐུན༔ དེ་ནས་རང་གི་ཧཱུྃ་ལས་ཧཱུྃ་གཅིག་ཕར་ཆད་པས༔ གཏོར་མའི་སྟེང་ན་པདྨའི་གདན་ལ་བཞུགས་པར་བསམ༔ དེ་ནས་ཡང་རང་གི་ས་བོན་ཧཱུྃ་ལས་ཨཱོཾ་གཅིག་ཕར་འཕྲོས༔ ནང་བཅུད་ལ་ཕོག་པས་མི་གཙང་བ་དང་ཉེས་སྐྱོན་ཐམས་ཅད་དག༔ དམ་ཚིག་གི་རྫས་ཞལ་ཟས་འདོད་ཡོན་ཚོགས་ཀྱིས་ཕྱུར་གྱིས་གང་བར་བསམ༔ དེ་ནས་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཧཱུྃ་དེ་ལ་ཕོག་པས་རྡོ་རྗེ་དང༔ ཁྲོ་ཆུང་དང༔ མེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བགེགས་བསྐྲད་པར་བསམ༔ དེ་ནས་ཡང་རང་གི་ཧཱུྃ་ལས་མ་གཅིག་ཕར་འཕྲོས་པས༔ གཏོར་མ་དེའི་སྟེང་ན་འཁྱིལ་བ་ལས༔ ཉི་མའི་དཀྱིལ་འཁོར་རི་རབ་བས་རྒྱ་ཆེ་བ་གཅིག་ཏུ་གྱུར་པར་བསམ༔ རྒྱས་པ་ནི་རང་ཉིད་ལྷ་དྲན་ལ་སྔགས་བཟླ༔ དེ་ནས་ཧཱུྃ་གཅིག་ཕར་སྤྲོས་པ༔ རྟེན་གཏོར་གྱི་སྟེང་ན་གནས་པ་ལས༔ རིམ་པ་བཞིན་ཨེ་ཆད་བདག་བསྐྱེད་ལྟར་སྲུང་བའི་གུར༔ དེའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་ར་བ་རིམ་པ་ལྔ་དང་ལྡན་པ༔ གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པ༔ གུར་ཁང་ཡང་དྲན་རྫོགས༔ དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད༔ དེའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ༔ དེའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ༔ གནམ་སྒོ་གཅིག་པ༔ དེའི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧཱ་དེ་བ་བྱི་ཆིངས་སུ་བསྣོལ་བའི་ཁྲི༔ དེའི་སྟེང་དུ་པཾ་ལས་པདྨ༔ རཾ་ལས་ཉི་མ༔ ཨ་ལས་ཟླ་བ༔ དེའི་སྟེང་དུ་ཧཱུྃ་དང་ཧྲཱིཿལས་འོད་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས༔ མདུན་བསྐྱེད་ཀྱི་གཙོ་བོ་པདྨ་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་འབར་བ་ཞལ་གསུམ་ཕྱག་དྲུག༔ ཞབས་བཞི་དང་ལྡན་ཅིང་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དེའི་པང་དུ་ཡུམ་པདྨ་གཟི་ལྡན་མ༔ དམར་མོ་འཁོར་ལོ་དང་ཐོད་ཁྲག་གཙོ་ལ་སྟོབ་པ༔ སྤྱི་བོའི་གཙུག་ཏུ་རྟ་དབུ་གསུམ༔ བྱ་ཁྱུང་གསུམ༔ དཔལ་ཆེན་པོ་ལྷ་ལྔ༔ འཁོར་གྱི་གཙོ་བོ་བཞི༔ ཡུམ་བཞི༔ སྲུང་བའི་ཁྲོ་བོ་བཅུ༔ ཟློག་པའི་ཁྲོ་བོ་བཅུ༔ སྒོ་སྲུང་བཞི་དང་བཅས་པ༔ དེ་དག་ཐམས་ཅད་ཀྱང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་ཅིང༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ༔ དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ དེའི་མདུན་དུ་རྒྱུད་སྡེ་བཞི་དང༔ ཐེག་པ་རིམ་དགུའི་ལྷ་ཚོགས༔ གཡས་སུ་སངས་རྒྱས༔ རྒྱབ་ཏུ་ཆོས༔ གཡོན་དུ་དགེ་འདུན༔ ཕྱོགས་མཚམས་ཀྱི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ འོག་གི་ཆ་ལ་ཆོས་སྐྱོང་བཀའ་སྡོད་ཕོ་ཉ་ལས་མཁན༔ དེའི་རྒྱབ་ཏུ་སྲུང་འཁོར་དྲན་རྫོགས༔ དེ་དག་ཐམས་ཅད་ཀྱི་གཙུག་ཏུ་རིགས་ལྔ་དང་བླ་མ༔ དེ་ནས་སྤྱན་དྲངས་པ་ནི༔ རང་གི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་པས༔ མདུན་བསྐྱེད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ འོད་ཟེར་འཕྲོས་པས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནས་པདྨ་ཧེ་རུ་ཀའི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་ཕུལ༔ དེ་ལས་འོད་ཟེར་དམར་པོ་ཉི་མའི་ཟེར་ལྟ་བུ་ཚུར་བྱུང་བ་མདུན་བསྐྱེད་ལྷ་ཚོགས་ཀྱི་ས་བོན་ལ་ཟུག༔ དེའི་རྒྱུད་ལ་ཐོག་རྡུགས་མེད་པར་སྐད་ཅིག་གིས་བྱོན་པར་བསམ་ལ༔ སྤྱན་འདྲེན་གྱི་ཚིག་བཤད་ཀྱང་བྱེད༔ དེ་ནས་རིགས་ལྔའི་གྲངས་ལ་ཕྱག་དང་མཆོད་པ་ཕུལ༔ གཉིས་མེད་དུ་བསྟིམས་ལ་བཞུགས་སུ་གསོལ༔ དེ་ནས་ཧཱུྃ་ལས་སྔགས་ཐང་གསུམ་འཁོར་བའི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་ཕུལ༔ དེ་ནས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ རིགས་ལྔས་དགོངས་པ་མཛད་པ་ཙམ་གྱིས་ཁྲོ་བོ་རྣམས་ཀྱིས་བར་ཆོད་ཀྱི་བགེགས་བསྐྲད༔ དབང་བསྐུར༔ ཁྲུས་གསོལ༔ དབུ་བརྒྱན༔ དེ་ནས་འོད་ཟེར་མར་འཕྲོས་པས༔ ཡཾ་ལ་ཕོག་པས་རླུང་གཡོས༔ མེ་སྦར༔ ཐོད་པ་དྲོས༔ རྫས་རྣམས་ཞུ༔ དམ་ཚིག་གི་བདུད་རྩི་གྲུ་གསུམ་ནས༔ དེ་ནས་ཟླ་གམ་གསུམ་ནས༔ དེ་ནས་ཐོད་པ་ཟླུམ་པོ་ནས༔ གྲུ་བཞི་ནས་རིན་པོ་ཆེའི་སྐྱོགས་བཞི་ནས་གང༔ རྡོ་རྗེའི་བྱ་མཆུ་བཞི་ནས༔ རྒྱུན་གཏོར་ན་རྒྱུན་ཆད་མེད་པར་བབ་པར་བསམ་ལ༔ གཙོ་བོའི་ཐུགས་ཀ་ན་ཐོད་པ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བ༔ དེའི་ནང་དུ་བདུད་རྩི་ལྔས་གང་བ༔ དེའི་སྟེང་ན་རང་གི་ས་བོན་དེ་ཡོད་པར་བསམ༔ ཧཱུྃ་དེ་ལས་ཧཱུྃ་གཅིག་མར་ཆད་པ་ལས་རང་གི་གསང་གནས་སུ་རྡོ་རྗེ་རྩེ་ལྔ་པ་གཅིག་མར་འཕྱང༔ དེའི་ལྟེ་བ་ན་ཧཱུྃ་གི་མར་སྣེ་ལ་ཨཱོཾ་བསམ་ལ༔ ཡང་ཐུགས་ཀའི་ཧཱུྃ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས༔ གཙོ་བོའི་ཚངས་བུག་ནས་མར་སོང་ནས་ཐུགས་ཀའི་བདུད་རྩི་དང་འདྲེས་ནས༔ ཐུགས་ཀའི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ དེ་ནས་གཙོ་བོའི་སྐུ་རྒྱུད་རྩ་དབུ་མའི་ནང་དུ་མར་སོང་ནས༔ རྡོ་རྗེའི་རྭ་དབུ་མའི་ནང་ནས་རྟེན་གཏོར་ལ་བབས་པས༔ གྲུ་གསུམ་ནས་སྐྱོགས་བཞི་ནས་གང༔ རྡོ་རྗེའི་བྱ་མཆུ་བཞི་ནས་རྒྱུན་གཏོར་ལ་བབ༔ དེ་ནས་གཙོ་བོ་ཡབ་ཡུམ་གྱིས་སྙོམས་འཇུག་མཛད་པས་སྦྱོར་མཚམས་ནས་བདུད་རྩི་བབ༔ ཟླ་དལ་རྡོ་རྗེ་ནས་འབྲུ་དང་བཅས་པའི་ནང་དུ་ལྷུང་བ༔ ལན་གསུམ་བསྐོར་ཏེ༔ ཨཱོཾ་ཨཱཿཧཱུྃ་ཞེས་བརྗོད་པས༔ འོད་དུ་ཞུ་བས་བདུད་རྩི་ཡར་འཕྱུར་བ་རྡོ་རྗེའི་བྱ་མཆུ་བཞི་ནས་རྒྱུན་གཏོར་ལ་བབས་པར་བསམ་ལ༔ ཨཱོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས༔ ཡེ་ཤེས་ཀྱི་བདུད་རྩི་ན་བ་མེད་པ་འཆི་བ་མེད་པ༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྡན་པ༔ རིན་པོ་ཆེ་སྣ་བདུན་གྱི་ཚྭ་ཚྭའི་ཚུལ་དུ་འཕྲོས་ཤིང༔ དགོས་འདོད་མ་ལུས་པའི་ཆར་བྱ་མཆུ་བཞི་ནས་འབབ་པར་བསམ་ལ༔ བླ་མ་ཡི་དམ་ལ་དང་པོ༔ དེ་ནས་ཆོས་སྐྱོང༔ དེ་ནས་བཀའ་སྡོད་ཕོ་ཉ་ལས་མཁན༔ ཕྱོགས་སྐྱོང༔ མཁའ་འགྲོ་སྤྱི་གཏོར་གྱིས་གཏང༔ ཡང་རྒྱུན་གཏོར་བཤམ༔ གོང་ལྟར་དམ་ཚིག་རིལ་བུ་གཅིག་བཞག་ལ༔ ཆང་ཕུད་ཅིག་བྲན༔ རྒྱུན་གཏོར་ལ་ཡང་ཆང་ཕུད་བྲན༔ རྟེན་གཏོར་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་ཨ་གཅིག་མར་ཆད་པས༔ བྷནྡྷའི་གཞལ་ཡས་ཁང་གི་ཁ་ཆོད་ཀྱི་ཚུལ་དུ་ཡོད་པར་བསམ་ལ༔ ཟླ་བའི་དཀྱིལ་འཁོར་ལ་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་རང་རང་གི་འདོད་པའི་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་བ་འདོད་རྒུ་ཐམས་ཅད་འཆར་བར་གཟིགས་ནས་ཡིད་མ་ཡེངས་པར་ཆགས་ཤིང་ཞེན་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམ༔ རང་གི་ས་བོན་ལས་འོད་ཟེར་འཕྲོས༔ དེ་ནས་ལྷ་ཚོགས་རྣམས་ཀྱི་ས་བོན་ལས་འོད་ཟེར་དཀར་པོ་དམར་པོ་སྔོན་པོ་གསུམ་ཡར་འཕྲོས༔ ཡང་གཙོ་བོའི་ཧཱུྃ་ལས་ཧཱུྃ་གཅིག་མར་ཆད་པ་ལས༔ རྡོ་རྗེ་རྩེ་ལྔ་པ་ཞིག་ཡར་བསླངས་ལ༔ དེའི་རྩེ་མོར་རྟ་མགྲིན་གཡས་ཐོ་བ་གཡོན་སྡིགས་མཛུབ་ཅན་གཅིག་ཡར་བཞེངས་ནས་རྟ་སྐད་ཕྱོགས་བཅུ་ན་འཚེར་བས་གཏོར་མ་སྲུང་ཞིང་དགྲ་བགེགས་བསད་པར་བསམ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བཀུག་ནས༔ གཙོ་བོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་ས་བོན་གསུམ་ལ་ཕོག་པ་ཙམ་གྱིས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་འདྲེས༔ དེ་ནས་ཨོཾ་ལས་འོད་ཟེར་དཀར་པོ༔ ཨཱཿལས་དམར་པོ༔ ཧཱུྃ་ལས་སྔོན་པོ་གསུམ་འཕྲོས་པས་རང་གི་ས་བོན་གསུམ་ལ་ཕོག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ སྙིང་པོ་བརྒྱ་རྩ་བརྒྱད་འདོན་པར་བྱ༔ ཡང་འོད་ཟེར་ཕར་འཕྲོས་པས་རིགས་དྲུག་ལྷར་བསྐྱེད༔ དེ་ནས་བཀྲོལ་བའི་དུས༔ ཕྱི་སྣོད་འོད་དུ་ཞུ༔ ནང་བཅུད་ལ་ཐིམ༔ སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་འཁོར་ལ་ཐིམ༔ ཐམས་ཅད་ཞུ་ནས་གཙོ་བོ་ལ་ཐིམ༔ གཙོ་བོ་ཧཱུྃ་ལ་ཐིམ༔ ཧཱུྃ་འོད་དུ་ཞུ་ནས༔ རང་གི་སྙིང་ག་ནས་ལུས་ལ་ཐིམ༔ དེ་བཞིན་ལན་བདུན་བྱ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་བྱིན་རླབས་ཞུ་བ་ལན་བདུན་བྱེད༔ དེ་ནས་བཟོད་པར་གསོལ་བ་དང་གཤེགས་གསོལ་ཐང་གསུམ་བྱེད་པ་ཡིན༔ དེ་ནས་དཀྱིལ་འཁོར་བསྡུ་བ་ཡིན་ནོ༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་རྫོགས་སོ༔ མངྒ་ལཾ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).