Terdzo-NGA-029

From Rinchen Terdzö
Revision as of 04:54, 29 June 2015 by PhilBot (talk | contribs) (Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
(diff) ← Older revision | Latest revision (diff) | Newer revision → (diff)
This page is under construction. Check back later for updated content.

རྩ་གསུམ་འབྲས་བུའི་དོན་ཁྲིད་ལས། དོན་བསྡུས་ནོར་བུའི་གསང་ཁྲིད་རཏྣ་གླིང་པས་མཛད་པའི་དབུ་ཕྱོགས་

rtsa gsum 'bras bu'i don khrid las/_don bsdus nor bu'i gsang khrid rat+na gling pas mdzad pa'i dbu phyogs

by  རཏྣ་གླིང་པ་ (Ratna Lingpa)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  རྩ་གསུམ་འབྲས་བུའི་དོན་ཁྲིད་ (Rtsa gsum 'bras bu'i don khrid)
parent cycle  བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ (Bla ma'i thugs sgrub yang snying 'dus pa)
Volume 4 (ང) / Pages 609-634 / Folios 1a1 to 13b4


[edit]

༄༅། །རྩ་གསུམ་འབྲས་བུའི་དོན་ཁྲིད་ལས། དོན་བསྡུས་ནོར་བུའི་གསང་ཁྲིད་རཏྣ་གླིང་པས་མཛད་པའི་དབུ་ཕྱོགས་བཞུགས་སོ། ། ན་མོ་གུ་རུ་ཧྲཱིཿ བྱིན་རླབས་ཀུན་གྱི་རྩ་བ་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ཡི་ཚོགས། །བར་ཆད་ཐམས་ཅད་སེལ་བའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་གུས་པས་རབ་བཏུད་དེ། །དེ་གསུམ་སྙིང་པོ་གཅིག་ཏུ་དྲིལ་བ་ཡི། །འབྲས་བུ་དོན་གྱི་ཟབ་ཁྲིད་ལས། །དོན་བསྡུས་ནོར་བུའི་གསང་ཁྲིད་འདི། །བཅུད་ནས་ཡང་བཅུད་སྙིང་པོ་ཕྱུང་། །བདག་གི་སྙིང་ཕྱུང་འདིར་བཀོད་བྱ། །དེ་ལ་རྩ་བ་གསུམ་འབྲས་བུ་དོན་གྱི་ཁྲིད་འདི་ཉམས་སུ་ལེན་པའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་མོ། །དང་པོ་ལ་ལྔ་སྟེ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ་བསྒོམ་པ། འཁོར་བའི་སྡུག་བསྔལ་ལ་བསམས་ནས་འཁོར་བ་ལས་བློ་བསྒྱུར་ཞིང་ཐར་པའི་ཡོན་ཏན་མཐོང་བས་སྐམ་ཤ་ཆོས་ལ་ཟ་བར་བྱ་བ་དང་། སྐྱབས་སུ་འགྲོ་བར་བྱ་བས་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཚུད། མུ་སྟེགས་ལ་སོགས་ལོག་པར་མི་འགྲོ་བས་འཁོར་བ་ལས་སྐྱོབ་པ་དང་། སེམས་བསྐྱེད་པས་ཉན་རང་ལ་སོགས་ཐེག་པ་དམན་པར་མི་འགྲོ་ཞིང་། ཐེག་པ་ཆེན་པོ་གསང་སྔགས་བླ་མེད་ཀྱི་སྡོམ་པར་འགྲོ་བ་དང་། མཎྜལ་ལ་བརྟེན་ནས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། དེ་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བ་དང་། ཡིག་བརྒྱའི་བཟླས་པ་ལ་བརྟེན་ནས་ཕྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པ་དང་། ནང་རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཉམས་ཆག་བསྐང་བར་བྱ་བ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་གྱིས་དབང་བཞི་བཀའ་བབས་ཀྱི་ཚུལ་དུ་བླངས་ནས་བྱིན་རླབས་དངོས་གྲུབ་ཏུ་ཐོབ་པར་བྱ་བའོ། །གཉིས་པ་དངོས་གཞི་ལ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ལྔ་སྟེ། དང་པོ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཅིང་སྐུ་གསུམ་གྱི་འབྲས་བུ་ཐོབ་པ་འབྲུ་གསུམ་གྱི་བཟླས་པ་དང་། གནས་ལུགས་ཀྱི་ངང་ནས་རང་བབས་སུ་ངལ་གསོ་བ་དང་། ཤེས་པ་ཡུལ་ལ་མི་འཕྲོ་བར་རང་ཐོག་ཏུ་བསྒྲིམ་པ་དང་། ཤེས་པ་སྡུག་བཙིར་དུ་མི་བཏང་བར་ཆ་ཡིས་ཀློད་པ་དང་། རིག་པ་བྱིང་རྨུགས་སུ་མི་བཏང་བར་རང་དྭངས་སུ་བཞག་པ་དང་ལྔའོ། །དངོས་གཞི་ཉམས་སུ་ལེན་པ་ལ་དོན་བཅུ་གཅིག་སྟེ། དཔྱད་སྒོམ་དང་འཇོག་སྒོམ་ལ་བརྟེན་ནས་བྱུང་གནས་འགྲོ་གསུམ་རྩད་བཅད་པ་དང་། དེ་གསུམ་སྐུ་གསུམ་རང་ཐོག་ཏུ་ངོ་སྤྲད་པ་དང་། རླུང་རྩོལ་བུམ་པ་ཅན་ལ་བརྟེན་ནས་རླུང་རིག་དྭངས་སྙིགས་དབྱེ་བ་དང་། བསྒྲིམ་ཀློད་སོར་འཇོག་གསུམ་ལ་བརྟེན་ནས་གཤིས་ལུགས་དོན་གྱི་རང་ངོ་བལྟ་བ་དང་། ཉན་ཐོས་བྱང་སེམས་ཁྲོ་བོ་གསུམ་གྱི་ལྟ་སྟངས་ཀྱིས་ལྷག་མཐོང་ཡེ་ཤེས་ཀྱི་ངང་དུ་སྤྲོས་བྲལ་དུ་སྐྱོང་བ་དང་། དེ་ལྟར་བཅུ་གཅིག་གིས་བསྟན་ནོ། །གསུམ་པ་གང་ཤར་ཐུག་འཕྲད་ཀྱི་གཟེར་གྱིས་གོལ་ས་བཅད་པ་དང་། རིག་པ་བརྟུལ་ཞུགས་ཀྱི་འཁྲུལ་འཁོར་གྱིས་རྩལ་སྦྱོང་བའོ། །རྗེས་ཀྱི་ཆོས་ལ་ལྔ་སྟེ། དྲན་པ་སོར་འཇོག་གིས་ཉམས་ལེན་གྱི་རྗེས་སྐྱོང་བ་དང་། རང་མཚང་རང་ངོ་རིག་པས་གཉིས་སྣང་གི་གེགས་སེལ་བ་དང་། ཐུག་འཕྲད་ཆོས་ཉིད་དུ་ཤེས་པས་སྒོམ་གྱི་བོགས་འདོན་པ་དང་། འོད་གསལ་སྦུབས་སུ་འཇུག་པས་ཉིན་མཚན་འཁོར་ཡུག་ཏུ་འདའ་བ་དང་། འབྲས་བུ་སྤང་ཐོབ་མེད་པས་ཆོས་ཉིད་བདེ་བ་ཆེན་པོ་ལ་ལ་བཟླ་བ་དང་ལྔས་བསྟན་པའོ། །ཨེ་མ་ཧོཿ དམ་ཆོས་རྩ་གསུམ་འབྲས་བུའི་དོན་གྱི་གསང་ཁྲིད། ལྟ་བ་ཀློང་ཡངས་ཆེན་པོ་ལྷུན་གྲུབ་རྫོགས་པ་ཆེན་པོ་དང་མཐུན་པ། བསྒོམ་པ་མ་བཅོས་ཀྱི་རྣལ་འཇོག་ཕྱག་རྒྱ་ཆེན་པོ་དང་མཐུན་པ། སྤྱོད་པ་འཛིན་མེད་ཀློང་ཡངས་གང་ཤར་ཞེན་བྲལ་གཅོད་ཡུལ་དང་མཐུན་པ། མཐར་ཐུག་སྙིང་པོ་དོན་གྱི་མན་ངག་འདི་ཉམས་སུ་བླང་བའི་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ་དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། འཁོར་བའི་དུཿཁ་ལ་ཉེ་བར་བློ་ལོག་པ་རྣམས་ཆོས་སྤྱི་དང་མཐུན་པར་ངེས་འབྱུང་སྐྱོ་ཤས་ཡོང་བའི་དཔེ་དང་བཅས་ཏེ་རྒྱས་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་སྐྱབས་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། གསང་སྔགས་ཁྱད་དུ་བྱ་བའི་སེམས་བསྐྱེད་དང་། ཚོགས་ཀྱི་མཐར་ཐུག་མཎྜལ་འབུལ་བ། རྡོ་རྗེ་སེམས་དཔའི་བཟླས་བརྗོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བ། བྱིན་རླབས་བརྒྱུད་པའི་བླ་མ་ལ་གསོལ་འདེབས་རྣམས་ཆོས་སྤྱོད་ཡིད་བཞིན་ནོར་བུ་ལྟར་ཤེས་པར་བྱའོ། །དངོས་གཞི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལྔ་ལས། དང་པོ་དཔོན་སློབ་རྟེན་འབྲེལ་འཛོམ་དུས་སུ། དབེན་ཞིང་བཀྲ་ཤིས་པའི་གནས་སུ། ཟླ་བ་ཡར་གྱི་ངོ་གཟའ་སྐར་ཚེས་གྲངས་བཟང་པོ་ལ་བརྩམ་མོ། །གཉིས་པ་ནི་བདེ་བའི་གདན་ལ་འདུག་སྟེ། ལུས་ངག་ཡིད་གསུམ་གྱི་སྒྲིབས་པ་དག་ཅིང་འབྲས་བུ་སྐུ་གསུམ་ཐོབ་པར་བྱ་བའི་ཕྱིར། རང་གི་སྙིང་ནང་རྩ་དབུ་རྐྱང་རོ་གསུམ་སྲོག་ཤིང་གི་ཚུལ་དུ་གནས་པ་ལ། གཡས་རོ་མ་ལ་ཨཱོཾ། གཡོན་རྐྱང་མ་ལ་ཨཱཿ དབུས་དབུ་མ་ལ་ཧཱུྃ་གསུམ་གནས་པ་ལ་དམིགས་པ་གཏད་དེ་འབྲུ་གསུམ་བཟླས་པས། ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་ཐུལ་གྱི་ཚིག་པར་བསམ་ཞིང་བཟླ། རྗེས་ལ་རྐང་མཐིལ་ནས་ཡཾ་ལས་རླུང་གཡོས་ནས་ལུས་ཕྱི་ནང་ཐམས་ཅད་སངས་ཀྱིས་དག་པར་སྦྱངས་པའི་ངང་ལ་མ་བཅོས་པར་དར་རེ་ངལ་གསོའོ། །དེ་ལྟར་ཞག་གཅིག་གམ་འབུམ་ཚོ་གསུམ་དུ་བཟླ་པར་བྱའོ། །དེ་ནས་དང་པོ་ནི་ལུས་ངག་ཡིད་གསུམ་གྱི་ཁམས་དང་འབྱུང་བ་འཁྲུགས་པ་རྣམས་སོར་གཞུག་པའི་ཕྱིར། བདེ་བའི་གདན་ལ་ཆོས་བདུན་དང་ལྡན་པས་ཡིད་རྣམ་རྟོག་འཛིན་པའི་བློ་དང་བྲལ་བའི་ངང་ནས་རང་བབས་སུ་རྣལ་དུ་དབབ་པ་ལ་ཞག་གཅིག་གམ་གཉིས་སུ་བྱའོ། །གཉིས་པ་ནི་ཤིང་བུའམ་རྡེའུ་ལ་དམིགས་རྟེན་བྱས་ཏེ་འཛིན་མེད་ཀྱི་ངང་དུ་གནས་ཤིང་རང་བབས་སུ་བཞག་པ་ལ་ཞག་གཉིས་བྱའོ། །གསུམ་པ་ནི་རང་གི་མདུན་དུ་ཁྲུ་གང་ཙམ་གྱི་ནམ་མཁའ་འདིར་ཧཱུྃ་མཐིང་ནག་ཚོན་གང་པ་ཞིག་ལ་དམིགས་རྟེན་བྱས་ཏེ། རྣམ་རྟོག་ཡུལ་ལ་འཕྲོ་རུ་ཡེ་མི་འཇུག་ཅིང་། ལུས་ངག་ཡིད་གསུམ་བསྒྲིམ་བསྒྲིམས་ལ་བཞག་པ་རེ་ལ་ཞག་གཅིག་ལ་སོགས་བྱའོ། །བཞི་པ་ནི་གོང་བཞིན་དུ་རང་གི་མདུན་དུ་ཨ་དཀར་པོ་མཐེ་བོང་ཙམ་གཅིག་ལམ་མེ་ཡོད་པ་ལ་དམིགས་པ་གཏད་དེ། དེ་ཡི་འོད་ཀྱིས་སྟོང་གསུམ་གང་བ་དང་རིག་པ་བསྲེས་ཏེ་དམིགས་པ་གཏད་ལ་དེའི་སྟེང་དུ་ལྷོད་དེ་ཀློད་ལ་བཞག །དེ་ལ་ཞག་གཅིག་བྱས་ཏེ། ཤེས་པ་གསལ་དྭངས་ནམ་མཁའ་ལྟ་བུར་ཀློད་པར་བྱ་སྟེ། ཡིག་འབྲུ་དེ་རྣམས་ཀྱང་འདིར་རྣམ་རྟོག་ཏུ་འཛིན་པ་ནི་མིན་གྱིས་སེམས་མི་འཕྲོ་བའི་གཏོད་ཕུར་ཙམ་དུ་བྱའོ། །ལྔ་པ་ནི་ལུས་གནད་གོང་བཞིན་དུ་མིག་ནམ་མཁའ་ལ་གཏད་དེ། དམིགས་པ་ནམ་མཁའ་ལྟར་རྒྱ་བསྐྱེད་དེ་རིག་པའི་དྲུང་ཐོན་པར་བྱའོ། །དེ་ནས་སེམས་ཉིད་རང་གི་ངོ་བོ་ལ་ཁ་ནང་དུ་ལོག་ལ་ཧྲིག་གེ་མ་ཡེངས་བར་བལྟའོ། །དེ་ལ་ཞག་གཅིག་བྱའོ། །དངོས་གཞིའི་དང་པོ་ལ་སེམས་ཀྱི་བྱུང་ས་བཙལ་ཏེ། ཕྱི་སྣང་བའི་ཡུལ་ལ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྣོད་བཅུད། མདོར་ན་སྲིད་པའི་རྩེ་ནས་དམའ་ན་རག་དམྱལ་བ་ལ་སོགས་པ་གང་ནས་བྱུང་། གང་ལྟར་བྱུང་། ཅི་ལྟར་བྱུང་། ཕྱི་ནང་སྣོད་བཅུད་ནམ་མཁའ་ཐམས་ཅད་བརྟགས་ཤིང་དཔྱད་དེ་བསྒོམ་མོ། །ཡང་རང་གི་སེམས་ཀྱི་ངོ་བོ་ལ་ལེགས་པར་བརྟག །སེམས་ལས་སེམས་བྱུང་ངམ་ཇི་ལྟར་བྱུང་བརྟག་གོ །བྱུང་ན་གཟུགས་དང་ཁ་དོག་ལ་སོགས་ཇི་ལྟར་འདུག་ལེགས་པར་བརྟགས་ལ་རྒྱུད་ཐོག་ཏུ་མ་འབྱོར་བར་བྱས་ཏེ་འཇོག་བསྒོམ་གྱིས་ལེགས་པར་བརྟག་གོ །གཉིས་པ་ནི་སེམས་ཀྱི་གནས་ས་བཙལ་ཏེ། གོང་བཞིན་དུ་ཕྱི་ནང་སྣོད་བཅུད་ཐམས་ཅད་གང་ལ་གནས་བརྟག་གོ །ཡང་རང་གི་ལུས་ཕྱི་ནང་སྟོད་སྨད་གང་ལ་གནས། ཇི་ལྟར་གནས་ལ་སོགས་དཔྱད་སྒོམ་དང་འཇོག་སྒོམ་ལ་སོགས་སྤེལ་ཞིང་བརྟག་གོ །གསུམ་པ་ནི་སེམས་ཀྱི་འགྲོ་ས་ལ་བརྟག་སྟེ། ཕྱི་ནང་སྣོད་བཅུད་གང་དུ་འགྲོ་ཞིང་ཇི་ལྟར་འགྲོ་ས་རྣམས་ལེགས་པར་རྟོག་ལ་ཤོག་ཅེས་འདི་ལ་གལ་ཆེ་བས་རང་ངོ་ཇི་ལྟ་བ་མ་མཐོང་བར་ལ་འཇུར་བར་གནད་ཆེ་ཞིང་། དྲེད་པོ་ཉམས་མེད་ཁ་ལྟ་ཅན་གྱི་རིག་པས་སྨྲ་ན་གནད་ནས་འཇུར་བ་གལ་ཆེ་སྟེ་དེ་ལ་ཞག་གསུམ་མོ། །དེ་ནས་སྐུ་གསུམ་རང་ཐོག་ཏུ་ངོ་སྤྲད་དེ། དང་པོ་བྱུང་ས་མེད་དེ་ཡེ་གདོད་མ་ནས་ཆོས་སྐུ་ཁྱབ་གདལ་ཆེན་པོར་གནས་པར་ངོ་སྤྲད་དོ། །བར་དུ་གནས་ས་མེད་དེ་ལྷུན་གྲུབ་རང་གསལ་དུ་གནས་པ་ལོངས་སྐུར་ངོ་སྤྲད། ཐ་མ་འགྲོ་ས་མེད་དེ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོ་སྤྲུལ་སྐུར་ངོ་སྤྲད་དོ། །དེ་ནས་གནས་ལུགས་ཉམས་སུ་ལེན་པ་ལ་རླུང་རིག་དྭངས་སྙིགས་དབྱེ་བ་ནི་རླུང་བུམ་པ་ཅན་བསྒོམ་སྟེ། བདེ་བའི་སྟན་ལ་ཆོས་བདུན་དང་ལྡན་པས་རླུང་རོ་དྲག་པོ་ལན་གསུམ་ཕྱིར་འབུད་ལ། རླུང་རོ་རྐྱང་གཉིས་ནས་རིང་ལ་ཁེངས་པར་རྔུབ་སྟེ་ལྟེ་འོག་ཏུ་བསྐྱུར། འོག་རླུང་ཅུང་ཟད་འཐེན་ལ་ཐུབ་ཐང་དུ་བཟུང་། མི་ཐུབ་པ་དང་དལ་བུས་བཏང་། དམིགས་པ་ནི། ལུས་སྟོང་པ་ཕྲུ་མ་ཕུས་བརྒྱངས་པ་ལྟར་བསྒོམ། རང་གི་ལྟེ་འོག་ཏུ་ཨ་དཀར་པོ་སྲན་མ་ཙམ་ལ་ཤེས་པ་གཏད། རླུང་བཏང་བའི་ཚེ་ཨ་དེ་སྣ་བུག་གཡོན་ནས་ཕར་ཕྲི་ལི་ལི་ཐོན་ནས་ནམ་མཁའ་ལ་ཡལ་སོང་བར་བསམ་མོ། །ཡང་ནང་ན་ཚུར་རྔུབ་པའི་ཚེ་གཡོན་ནས་ཚུར་བྱུང་སྟེ་ལྟེ་འོག་ཏུ་དཀར་ཕྲི་ལི་ལི་བ་ལ་དམིགས་པ་གཏད། དེ་ཡང་གྲང་བ་ཤས་ཆེ་ན་ཨ་དམར་པོ་མེའི་རང་བཞིན་ཅན་དུ་བསྒོམ། ཚ་ཤས་ཆེ་ན་བསིལ་ཟེར་དང་ལྡན་པས་ཤེལ་ལྟ་བུ་ལ་ཤེས་པ་གཏད། འབྱུང་བ་ཆ་སྙོམས་ན་ཨ་དཀར་པོ་འོད་ཀྱི་རང་བཞིན་དུ་བསྒོམ་མོ། །དེ་ནས་གནས་ལུགས་ཉམས་སུ་ལེན་པ་ལ་རྩ་བ་རྡོ་རྗེའི་ཚིག་རྐང་གསུམ་སྟེ། རྡོ་རྗེ་ཨ་ཧ་ནམ་མཁའི་དབྱིངས། བསྒྲིམ་ཀློད་སོར་བཞག་ཆ་ཡང་སྙོམས། །བསླབ་བྱ་དུས་མཚམས་བསྔོ་སྤྱོད་བྱ། །ཞེས་འབྱུང་བས། ལུས་རྡོ་རྗེའི་སྐྱིལ་ཀྲུང་ཆོས་བདུན་བྱ། ཨ་དང་ཧའི་རླུང་གིས་གནད་བཟུང་སྟེ། སྟེང་རླུང་མནན། འོག་རླུང་བསྐུམ། བར་རླུང་ཕོ་བར་བཟུང་སྟེ་དྲེས་ཐག་སུམ་བསྒྲིལ་ཆུར་བཅུག་པ་ལྟ་བུ་སྟེ། ལུས་ངག་ཡིད་གསུམ་གྲིམ་བསྒྲིམ། མི་ཐུབ་པའི་ཚེ་ཨ་ཧ་ཞེས་རླུང་སྒྲ་སྟོང་པ་ཞིག་བརྗོད་ལ་བཏང་ངོ་། །ཀློད་པ་ནི། དེ་རྗེས་ལུས་ངག་ཡིད་གསུམ་སོག་ཕོན་ཐག་པ་ཆད་པ་ལྟར་ལྷོད་ཀྱིས་ཀློད། ཤིག་གིས་བཤིག །རྟོག་མེད་ཀྱི་ངང་ལ་ས་ལེ་སེང་ངེ་བཞག་གོ །འདི་ཉིད་ལ་རླུང་ཁུག་པ་གསུམ་བཏུད་ཅེས་པས། རླུང་འཛིན་པའི་ཐུན་དང་། ཀློད་པའི་ཐུན་གཉིས་ཆ་མཉམ་པ་སྟེ་ཁུག་པ་དྲུག་ཏུ་ཆ་མཉམ་པའོ། །གསུམ་པ་སོར་བཞག་པ་ནི། བྲམ་ཟེས་སྐུད་པ་འཁལ་བའི་དཔེར་བཞག་སྟེ། སྐུད་པའི་ཚད་ནི་གྲིམས་པ་མིན། ལྷོད་པ་མིན། རིང་བ་མིན། ཐུང་བ་མིན་ཞིང་སྐྱོན་བཞི་དང་བྲལ་བ་སྟེ། ཇི་སྲིད་དུ་ཆ་སྙོམས་པའོ། །དཔེ་དེ་བཞིན་དུ་སེམས་དེ་ཡང་མི་བསྒྲིམ་མི་ཀློད། ཐུན་ཡུན་མི་རིང་མི་ཐུང་། ཇི་སྲིད་དུ་ཆ་སྙོམས་པར། ཧྲིག་གེ་ཡེ་རེ། ཕྲི་ལེ་བར་ཐུན་ཚད་གོང་བཞིན་གོང་མ་གཉིས་དང་འོག་མ་གཅིག་ཏུ་ཆ་སྙོམས་པའོ། །དེ་ཡང་བསྒྲིམ་ཀློད་སོར་འཇོག་གསུམ་ཐུན་རན་ཞིང་ཆ་སྙོམས་པ་གལ་ཆེ་སྟེ། སྙོམས་ན་སྒོམ་ལ་བྱིང་རྒོད་སྐྱོན་མི་འབྱུང་སྟེ། མ་སྙོམས་ན་འབྱུང་བས་བླ་མའི་མྱོང་རྟོགས་ཀྱིས་གྲུབ་པར་བྱའོ། །བསླབ་བྱ་ཞེས་པ། ཁྲིད་མ་ཚར་བར་དུ་ངག་བཅད། ལོང་གཏམ་སྤང་། མན་ངག་གི་ཡི་གེ་རིས་མི་བལྟ། བླ་མ་དང་མཆེད་གྲོགས་ཀྱིས་ཀྱང་ངོ་སྤྲོད་ཀྱི་ཚིག་འཁྱར་མི་བརྗོད། ལས་དང་པོ་པ་རྣམས་ལ་སྔར་ཁྲིད་ཐོབ་པས་ཉམས་མཚར་མི་བཤད། ཁྲིད་པ་རྣམས་ཀྱིས་ཀྱང་གོ་ཡུལ་སྟོང་འདེད། དྲེད་པོ་ཉམས་མེད། རྨོངས་པ་ཕྱོགས་འཕུལ་ཁ་ལྟ་ལ་མ་དྲེད་པར། དོན་གྱི་རྡོ་རུས་ཐུག་པ། རིག་ཐོག་ཏུ་ཐག་ཆོད་པ། གནས་ལུགས་ཀྱི་ཕུ་ཐག་འཁྲུས་པར་བྱའོ། །དེ་ལྟར་མིན་ན་དྲེད་པོ་ཉམས་མེད་དུ་འཆོར་རོ། །བསྔོ་སྤྱོད་བྱ་ཞེས་པས། ཐུན་མཚམས་སུ་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་གདབ། སྤྱོད་ལམ་ཟ་འཐུང་འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་གཤིས་གང་ཤར་སྟོང་ཉིད་དུ་ཕྱམ་ཕྱམ། མདངས་བླ་མའི་མོས་གུས་སུ་དུང་དུང་བ། ངེས་འབྱུང་དང་སྐྱོ་ཤས་ཞེན་ལོག་ཏུ་བུན་ནེ་བ་དང་མ་འབྲལ་བར་བྱའོ། །དེ་ལྟར་ཉམས་སུ་བླངས་པ་ཇི་ལྟར་གཅིག་ལ་སྔར་བས་འཕྲོ་རྟོག་རགས་པའམ་མང་དུ་སོང་བ་འདྲ་བ་འབྱུང་སྟེ། དེས་ནི་གནས་པ་ཅུང་ཟད་གཅིག་སྐྱེས་པ་ཡིན་ཏེ། རིག་པ་དྭངས་སྙིགས་ཕྱེད་པས་འགྱུ་བ་ངོས་ཟིན་པ་ཡིན་ཞིང་སྔར་བག་ལ་ཉལ་གཙོ་ཆེ་བས་མ་བསླངས་པའོ། །དེའི་ཚེ་ཞི་གནས་བྱ་བ་ནི་རླུང་གིས་མ་བསྐྱོད་པའི་རྒྱ་མཚོ་ལྟ་བུའམ། སེམས་རྟོག་མེད་འགྱུ་མེད་དུ་འབོ་ལེ་བ་དེ་ཞི་གནས་ཀྱི་གཞིའི་གནས་ལུགས་ཡིན། དེའི་ངང་ལ་བཞག་པས་སྟོང་སང་ངེ་བ་འདིར་འཛིན་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ཞི་གནས་ཀྱི་ལམ་མམ་མཚན་ཉིད། དེ་ནས་ཞི་ལྷག་འབྲེལ་ཞིང་སྤྱོད་ལམ་གྱི་དུས་སུའང་དྲན་པ་འཛིན་མེད་དུ་ཕྱམ་མེ་བ། རྟོག་མེད་དུ་ལམ་ལམ་བའམ་ཕྱམ་ཕྱམ་འགྲོ་བ་དེ་ཞི་གནས་ཀྱི་འབྲས་བུའམ་ངོ་བོ་ཡིན་པས། འདི་ལ་སྒོམ་ཆེན་པ་ཕལ་ཆེར་གཞི་གནས་ལུགས་ཀྱི་སྒོམ་ལྷག་མཐོང་གི་ཡེ་ཤེས་དང་བཅས་པར་འདོད་དེ། ཅུང་ཟད་མིན་ཞིང་གནས་པ་སྐྱོན་མེད་ཅིག་སྐྱེས་པར་རུང་བས། རྟགས་དང་ཡོན་ཏན་ལམ་གྱི་ཁྲིད་ཐབས་བླ་མའི་མྱོང་བས་བསུ་ལ། དེའི་སྟེང་ནས་ལྷག་མཐོང་གི་ངོ་སྤྲད། གནས་པ་ལ་ཞེན་པར་མི་འཛིན་འགྱུ་རྟོག་ལ་སྐྱོན་དུ་མི་ལྟ་བའི་ངོ་སྤྲོད་རྣམས་བླ་མའི་མྱོང་བ་དང་། དོན་ཁྲིད་ཀྱི་གཞུང་གཉིས་དང་རྒྱབ་ཆོས་རྣམས་སུ་གསལ་བས་ལེགས་པར་ངོ་སྤྲད་དེ་སྐྱོན་མེད་ཀྱི་རྩིས་ཐེབས་པར་བྱའོ། །དེ་ནས་གནས་ལུགས་སྐྱོན་མེད་ཉམས་ལེན་དུ་སྐྱོང་བ་ནི། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་བྱ་སྟེ། ཆོས་བདུན་དང་ལྡན་པའི་ལུས་གནད་ཀྱི་མིག་རྩེ་སྣ་རྩེ་སེམས་རྩེ་གསུམ་གཅིག་ཏུ་དྲིལ་ནས་གསལ་སྟོང་དུ་ཧྲིག་གེ་འཇོག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་གོང་བཞིན་ལ། མིག་ཐད་ཀར་བར་སྣང་ལ་ཧྲིག་གེ་ཡེ་རེ་སེང་ངེ་དྭངས་སེང་ངེ་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོའི་ལྟ་སྟངས་ནི། མཇིང་པ་གྱེན་ལ་བསྟོད་དེ། སྨིན་ཕྲག་གི་ནམ་མཁའ་ལ་རིག་པ་ངར་བསྐྱེད་ལ་ཧུ་རེ་ཧྲིག་གེ་བསྒོམ་པར་བྱའོ། །དེ་གསུམ་ལ་ཞག་རེ་རེའམ་གཉིས་གཉིས་གང་ཡང་རུང་བར་བྱའོ། །དེ་ཡང་རྗེས་སྐྱོང་བ་ནི། རིག་པ་བྱིང་ན་ཁྲོ་བོའི་ལྟ་སྟངས་ཀྱིས་རིག་པ་ངར་བསྐྱེད་པས་ཕྲ་རགས་ཀྱི་རྣམ་རྟོག་འགྱུ་བ་ཆོད་པ་བར་སྣང་གི་སྤྲིན་དེངས་པ་ལྟ་བུ་འབྱུང་ངོ་། །འབྱམས་སམ་ལྡིང་ན། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་འགྱུ་བ་རང་གི་གཤིས་ཐོག་ཏུ་གྲོལ་བ་མཚོ་ལ་ཁ་བ་བབས་པ་ལྟ་བུ། འཕྲོའམ་རྒོད་ན་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་གང་ཤར་གྱི་ངོ་བོ་ལྟ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་ཤེས་པར་བྱའོ། །གང་ཤར་ཐུག་འཕྲད་ཆོས་སྐུའི་ཡོ་ལང་དུ་བླ་མའི་མྱོང་བས་ངོ་སྤྲད་པར་བྱའོ། །དེ་ལྟར་བསྒོམས་པས་གཤིས་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བ་སྟོན་སེར་གྱི་ནམ་མཁའ་དྭངས་པ་ལྟ་བུ་ལ། ཚིག་སྨྲ་བརྗོད་དང་བྲལ་བ་གསལ་དྭངས་རྗེན་པ། འདིར་རྟོག་མེད་བཞིན་དུ་རང་ངོ་རང་གིས་མཚང་རིག་པས། འདི་ཞེས་སྨྲར་མ་ཤེས་པའི་རང་གསལ་ཡིད་ཆེས་དང་བཅས་པའི་ཉམས་སུ་མྱོང་རྒྱུ་ཞིག་འབྱུང་བས་དེ་ལ་རང་བཞིན་གཉུག་མའི་ལྷག་མཐོང་ཞེས་བྱའོ། །དེ་ཉིད་གོལ་ས་རྟག་ཆད། མཆོག་འཛིན། རྒྱ་ཆད་ཕྱོགས་ལྷུང་མེད་པར་མཉམ་གཞག་དང་རྗེས་ཐོབ་ཟུང་དུ་འབྲེལ་བ། རུ་སྦལ་གྱི་འགྲོས་ལྟ་བུས་མུ་ལ་འབྲེལ་བ་གོལ་མེད་དུ་སྐྱོང་བ་ལ་མཁས་པར་བསླབ་བོ། །དེའི་རྗེས་ལ་ཐུག་འཕྲད་ཀྱི་གཟེར་གྱིས་གོལ་ས་བཅད་པ་ནི། སེམས་ཉིད་ཡེ་གདོད་མ་ནས་བཅིངས་གྲོལ་ལས་འདས་པས། རང་བྱུང་གི་རིག་པ་གསལ་སྟོང་མཐའ་བྲལ་གྱི་ངོ་བོ་ཉིད། མཁས་པས་བ་གླང་སྐྱོང་བ་ལྟ་བུར་དམན་པའི་ཡུལ་ལ་འཆོར་དུ་ཡང་མི་གཞུག །འདོད་པའི་བློས་བཙིར་ཡང་མི་བཙིར། གང་ཤར་གྱི་ངོ་བོ་ལ་གསལ་སྟོང་རྗེན་པའི་རང་མཚང་རང་གིས་རིག་པ་ཙམ་དུ་གྱི་ན་ལ་ཁད་ཀྱིས་བཞག་གོ །ཞི་གནས་ཀྱི་རོ་ལ་མི་ཆགས། ཁ་འབྱམས་ཀྱིས་རྟོག་པ་འོག་འགྱུས་སུ་མི་གཞུག །གང་ཤར་ཞེན་བྲལ་གསལ་སྟོང་རྗེན་པར། འཛིན་མེད་དུ་བསྐྱང་ངོ་། བསྒོམ་བསྒོམ་པོ། བྱ་བྱ་པོ། བྱེད་བྱེད་པོ། བྱུང་བྱུང་པོར་འདོད་ན་རྣལ་འབྱོར་པ་སྒོམ་གྱིས་འཆིང་བས། རྩོལ་མེད་དུ་ལྷུག་པར་བསྐྱང་ངོ་། །གནས་པ་ལ་མ་ཞེན་པས་ཁོང་གི་སྐྱོན་ཆོད། གསལ་བ་ལ་མི་འཛིན་པས་ཉམས་ཀྱི་ཞེན་པ་དང་བྲལ། རྟོགས་པ་དང་རྣམ་རྟོག་ཀྱང་རྩ་བྲལ་ཤར་གྲོལ་ཀྱི་མཚང་རིག་པས་ལྟས་ངན་གཡང་དུ་ཁུག །གང་ཤར་ཆོས་སྐུའི་རོལ་པར་སྐྱོང་བས་ཕུང་མཁན་ངོས་ཟིན་པའོ། །དོན་གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་རྩལ་སྦྱོང་བ་ནི། དོན་ཁྲིད་སངས་རྒྱས་ལག་འཆང་ལས། གཟུང་འཛིན་འཁྲུལ་པའི་བག་ཆགས་རྩད་བཅད་པའི་ཕྱིར༔ རྩལ་སྦྱོང་བ་བསྟན་པའོ༔ ཞེས་པའི་དོན་འདིར་བསྒོམ་སྟེ། སེམས་འདི་རེས་སྣང་བ་རང་རྒྱུད་དུ་བསྒོམ། རེས་སྣང་སྟོང་ཟུང་འཇུག་ཏུ་བསྒོམ་མོ། །ཡང་ལུས་སེམས་ཐོགས་མེད་དུ་ནམ་མཁའ་ལ་འགྲོ་བར་བསྒོམ་མོ། །ཡང་རི་ལ་ཐོགས་མེད་དུ་ཕར་ཐལ་ཚུར་ཐལ་དུ་འགྲོ་བར་བསྒོམ་མོ། །ཡང་གསེར་གྱི་ས་གཞི་ལ་ཟང་ཐལ་ཏེ་རྒྱ་མཚོའི་གཏིང་དུ་འགྲོ་བར་བསྒོམ། བརྒྱ་བྱིན་དང་ཚངས་པ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི་འཁོར་ལོངས་སྤྱོད་བྱེད་ལས་ཐམས་ཅད་ལ་སྦྱང་ངོ་། །ཡང་མི་དང་དུད་འགྲོ། །ཡི་དྭགས་དམྱལ་བ་ལ་སོགས་པ་དམན་པའི་སྡུག་བསྔལ་བྱེད་སྤྱོད་ཐམས་ཅད་ལ་སྦྱང་ངོ་། །དེ་རྣམས་ནི་འཇིག་རྟེན་པའི་རྩལ་སྦྱང་ངོ་། །འཇིག་རྟེན་ལས་འདས་པའི་རྩལ་སྦྱོང་ནི། ཡི་དམ་ཞི་བ་དང་ཁྲོ་བོ། །རྒྱན་ཅན་རྒྱན་མེད་ལ་སོགས་པ་དཔག་མེད་ལ་སྦྱང་ངོ་། །ཡང་མངོན་དགའ་དང་བདེ་བ་ཅན་ལ་སོགས་པར་འགྲོ་བ་དང་། དེའི་རིགས་ཀྱི་བདག་པོ་རྣམས་ལ་ཆོས་ཞུ་བ་དང་། པད་སྡོང་ལས་སྐྱེ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་དཔག་ཏུ་མེད་པ་ལ་སྦྱང་ངོ་། །རྗེས་སྤྲོས་བྲལ་ངང་ལ་བཞག་གོ །དེ་ནི་རིག་པ་བརྟུལ་ཞུགས་ཀྱི་རྩལ་སྦྱོང་བསྟན་པའོ་་་འདི་རྣམས་རེ་རེ་ཞིང་བསྒོམ་པའམ། ཁྲིད་ཞབས་དང་བསྟུན་ལ་བླ་མས་ཤེས་པར་བྱའོ། །རྗེས་ཀྱི་ཆོས་ལྔ་ལས། མ་བཅོས་དྲན་པ་སོར་བཞག་གི་ཉམས་ལེན་གྱིས་རྗེས་སྐྱོང་བ་ནི། མ་བཅོས་པ་གསུམ་ལ་བསླབ་སྟེ། ལུས་མི་བཅོས། བཅོས་ན་ཚོར་བ་དྲག་ཏུ་སྐྱེ། མ་བཅོས་ན་ཚོར་བ་བག་ལ་ཉལ་བས་མི་བཅོས། ངག་མི་བཅོས། བཅོས་ན་རླུང་འགྱུ་བ་མང་བས་སེམས་མི་གནས་པའི་རྟ་བྱེད། མ་བཅོས་ན་རླུང་བག་ལ་ཉལ་བས་མི་བཅོས། ཡིད་མི་བཅོས། བཅོས་ན་རྣམ་རྟོག་གི་གོ་མི་ཁེགས། མ་བཅོས་ན་མཚན་མའི་འབྱུང་འཇུག་བག་ལ་ཉལ་བས་མི་བཅོས། དེའི་ངང་ནས་འགྱུ་བྱེད་ཀྱི་རྣམ་རྟོག་ཅི་བྱུང་ཡང་། དེར་སྣང་ལ་དེར་འཛིན་གྱི་རྟོག་པ་མེད་པས་རང་མཚང་རང་གིས་རིག་པས་སྐྱེས་གྲོལ་དུས་མཉམ། ཤར་གྲོལ་ཞེན་བྲལ་རང་གསལ་རྟོག་བྲལ་ཆོས་སྐུའི་ཡོ་ལངས་རབ་འབྱམས་ལྷུག་པར་བསྐྱང་ངོ་། །གཉིས་པ་ནང་མཚང་རང་ངོ་རིག་པས་གེགས་བསལ་བ་ནི། གོང་བཞིན་དུ་ལུས་གནད་ཆོས་བདུན་གྱི་ངང་ནས་ཤེས་པ་གསལ་སྟོང་གི་ངོ་བོ་རང་ལ་བརྟག །སྣང་ལ་རང་བཞིན་མེད་པར་གསལ་སྟོང་རྗེན་པར་འཆར་རོ། །ཡང་གསལ་སྟོང་རྗེན་པ་ཁོ་ནའི་སྟེང་དུ་ལྷུག་པར་བསྐྱངས་པས་བལྟ་བྱ་ལྟ་བྱེད་བྲལ། གསལ་སྟོང་འཛིན་མེད་རྗེན་པ་འགག་མེད་དེའི་ངང་ནས་འཛིན་མེད་དུ་ལྷན་ནེ་མ་བཅོས་པ་གསལ་ལེ། དེའི་ཚེ་དྲན་རྟོག་འཁོར་ཡུག་ཆོས་སྐུའི་རོལ་པར་ཤེས་པས། གསང་འདུས་ལས། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་ནས་བཙལ་དུ་མེད། །ཅེས་སོ། །གསུམ་པ་གང་ཤར་ཐུག་ཕྲད་ཆོས་ཉིད་དུ་ངོ་ཤེས་པས་བོགས་འདོན་པ་ནི། རང་བྱུང་གི་རྟོག་པ་རང་སར་དག །ཐམས་ཅད་རང་སེམས་སུ་ཤེས་པས་ངོ་བོ་སྟོང་པ། རང་བཞིན་གསལ་བ། སྙེམས་བྱེད་བློའི་འཛིན་པ་དང་བྲལ་བས། ཉན་ཐོས། རང་རྒྱལ། སོ་སོ་སྐྱེ་བོ། ལར་འཁོར་འདས་གཅིག་ཏུ་ཤེས་པས་འཁོར་འདས་གཞི་རྩ་ཆོད། དེ་ཆོད་པས་གོལ་ས་རང་སར་ཆོད་པའོ། །ཡང་བྱིང་ན་བྱིང་མཁན་ཁོ་རང་ལ་ལྟ། རྒོད་ན་རྒོད་མཁན་ཁོ་རང་ལ་ལྟ། འཕྲོ་ན་འཕྲོ་མཁན་ཁོ་རང་ལ་ལྟ། གནས་ན་གནས་མཁན་ཁོ་རང་ལ་ལྟ། འགྱུ་ན་འགྱུར་མཁན་ཁོ་རང་ལ་ལྟ། རྟོགས་ན་རྟོགས་མཁན་ཁོ་རང་ལ་ལྟ། དེ་རྣམས་གང་སྐྱེས་སེམས་ཀྱི་རང་ངོ་ལ་བལྟས་པས་ཐམས་ཅད་རྩ་བ་བདག་མེད་དུ་རང་ངོ་རང་གིས་ཤེས་ཏེ། དཔེར་ན་དྲོད་བྱུང་མེར་ཤེས། རླན་བྱུང་ཆུར་ཤེས། དབུགས་བྱུང་རླུང་དུ་ཤེས་པ་ལྟར་རང་ངོ་གཅིག་པུའི་མཚང་རིག་པའོ། །རྗེས་ལ་ཁོར་ཡུག་ཏུ་སྐྱོང་བ་ནི། གང་ཤར་ཆོས་ཉིད་ཀྱི་རོལ་པར་མ་ཤེས་ན། ཐུན་སྒོམ་དུམ་བུས་རྐྱེན་མི་ཐུབ་པར་ངེས་ཏེ། དཔེར་ན་མུན་པར་སྒྲོན་མེ་བཏེགས་ཚེ་མུན་པ་དེ་བསལ་ལམ་བྲོས་པ་བརྟག །བསལ་ལམ་བྲོས་པ་ཡིན་ན་མར་མེ་ཤི་དུས་མུན་པ་འོང་མི་རིགས། དེ་བཞིན་དུ་ཐུན་སྒོམ་བྱས་དུས་འགྱུ་བ་རྣམ་རྟོག་བསལ་ལམ་བྲོས་པ་བརྟག །བསལ་ལམ་བྲོས་པ་ཡིན་ན། སྒོམ་པ་ལས་ལངས་ནས་རྗེས་ཐོབ་ཀྱི་ཚེ་དུག་ལྔའི་རྣམ་རྟོག་འོང་བར་མི་རིགས་ཏེ། རྒྱུན་མི་ཆད་པར་འདུག་པས་འཁོར་ཡུག་ཏུ་དྲན་པའི་རྩིས་ཟིན་པ། གང་ཤར་ཞེན་བྲལ། ཤར་གྲོལ་དུས་མཉམ། འཛིན་མེད་རང་དྭངས། དེའི་ཚེ་འདི་ཞེས་སྨྲ་མ་ཤེས་པའི་ངང་དུ། རང་ལ་ཉམས་གསལ་སྟོང་གི་མྱོང་རྒྱུ་ཡིད་ཆེས་ངེས་ཤེས་དང་བཅས་པའི་ཐག་ཆོད་གཅིག་འབྱུང་བས། དེ་ལ་འགྲོ་འཆག་ཉལ་འདུག་རྣམ་པ་ཐམས་ཅད་དུ་ཏིག་ཏིག་མེད་པ་ལ་སྭཱ་ཧཱ། ཐམས་ཅད་ལྟོར་ཟོས། མ་འགགས་པ་ཕྱིན་དུ་སྦོ། ཧ་ཧ་དེ་ཡང་རྗེས་མེད་དུ། རྐུབ་ཀློད་སྭཱ་ཧཱ། དེའི་ཞལ་ཤེས་བྲི་བར་བྱ། རྣམ་པ་ཐམས་ཅད་ཏིག་ཏིག་མེད་པ་ལ་སྭཱ་ཧཱ། ཞེས་པ་ནི། གཉིས་འཛིན་རྟོག་པ་བློ་ཡི་སྤུ་རིས་དང་ཕྲལ། ཞེན་མེད་ཤར་གྲོལ་དུ་སྐྱོང་བའོ། ཐམས་ཅད་ལྟོར་ཟོས། ཞེས་པ་ནི། སེམས་ཉིད་ཆོས་སྐུའི་ཡོ་ལངས་སུ་སྐྱོང་བའོ། མ་འགགས་པར་ཕྱིན་དུ་སྦོ་ཞེས་པ་ནི། སེམས་སྡུག་བཙིར་དུ་མི་འཇུར་སྤྲོས་བྲལ་རྒྱ་ཡན་མ་བཅོས་ཅོག་བཞག་ཏུ་འཇོག་ཤེས་པའོ། ཧ་ཧ་དེ་ཡང་རྗེས་མེད་དུ། ཞེས་པ་ནི། སྤྲོས་བྲལ་ཅོག་བཞག་ཏུ་འཇོག །རང་གི་ངོ་བོ་ཡང་དོན་ལ་རང་རིག་གསལ་སྟོང་གཏད་མེད་ཟང་ཐལ་དུ་སྐྱོང་བའོ། །རྐུབ་ལྷོད་སྭཱ་ཧཱ། ཞེས་པ་ནི། གང་ཤར་འཛིན་མེད་དུ་སྐྱོང་བའོ། །སྤྲུལ་སྐུ་གཏེར་སྟོན་དེ་སྐད་ཅེས་གསུངས་སོ། །བཞི་པ་འོད་གསལ་སྦུབས་སུ་བཅུག་ནས་སྤྲོས་བྲལ་འཁོར་ཡུག་ཏུ་སྐྱོང་བ་ནི། ཉིན་མོ་ནི་ཕྱག་རྒྱ་ཆེན་པོ་ཡེངས་མེད་དུ་སྐྱོང་ཞིང་། མཚན་མོའི་ཉལ་ཁར་འོད་གསལ་ཟིན་པར་བྱིན་གྱིས་རློབས། རྨི་ལམ་འཁྲུལ་པ་ཆོད་པར་བྱིན་གྱིས་རློབས། །གསལ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཞེས་སྙིང་ནས་གསོལ་བ་གདབ་བོ། །དེ་ནས་དོ་ནུབ་ཅི་ནས་ཀྱང་འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་ཏུ་བྱས་ལ། དེ་ནས་གཉིད་འཐུམ་འགྲོ་ཁར། རང་གི་སྨིན་ཕྲག་ཏུ་ཐིག་ལེ་དཀར་པོ་འོད་ཀྱི་རང་བཞིན་སྲན་མ་ཙམ་ཞིག་ལ་རིག་པ་མ་ཡེངས་པར་གཏད་ལ། དེའི་ངང་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །ཡང་གཉིད་ལ་ཐུམ་སད་བྱ་ཞིང་། གོང་བཞིན་དུ་ཡང་བཟུང་ངོ་། །དེ་ལ་མ་ཟིན་ན་འདུན་པ་གོང་བཞིན་བྱས་ལ། རང་ཡི་དམ་དུ་གསལ་བའི་སྙིང་གི་དཀྱིལ་དུ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་ལྟ་བུ། འོད་ཀྱིས་འཇིག་རྟེན་ཁམས་ཐམས་ཅད་ཁེངས་པ་ལ་རྩེ་གཅིག་ཏུ་གཏད་ལ་ཉལ་ལོ། །དེས་མ་ཟིན་ན་བླ་མ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གི་དཀྱིལ་ན་གསལ་བ། དེའི་ཡང་ཐུགས་ཀ་ནས་ཐིག་ལེ་སྲན་མ་ཙམ་པ་འོད་ཀྱི་རང་བཞིན་དེས་བདག་ལུས་ཀྱང་འོད་ཀྱིས་ཟང་ཐལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འོད་ཀྱི་རང་བཞིན་དུ་བསྒོམ་ཞིང་། གཙོ་བོར་ནི་རིག་པ་སྙིང་གི་ཐིག་ལེ་ལ་རྩེ་གཅིག་ཏུ་གཏད་ལ་གཉིད་ལ་ཐུམ་སད་བྱ་ཞིང་འདུན་པ་དྲག་པོས་བཟུང་ངོ་། །ཞག་ནི་མ་ཟིན་བར་ལ་བསྒོམ་མོ། །དེ་ཡང་འོད་གསལ་ཟིན་པའི་གནད་ནི་ཉིན་སྣང་རྟོག་པས་བར་མ་ཆོད་པ་ཞིག་ཁག་ཆེ་བས་ཉིན་མོ་སྣང་བ་བདེན་མེད་གཏད་མེད་ཀྱི་ངང་ལ་ཕྱག་རྒྱ་ཆེན་པོར་རྩེ་གཅིག་ཏུ་བཞག །རྟོག་པས་བར་མ་ཆོད་པ་དེའི་ངང་ནས་མཚན་མོ་འོད་གསལ་བཟུང། དེས་རབ་ཀྱིས་འོད་གསལ་ཟིན་པས་དེའི་རྩལ་ཉིན་སྣང་འཁོར་ཡུག་ཏུ་སྐྱོང་ངོ་། །འབྲིང་རྨི་ལམ་རྨི་ལམ་དུ་ཤེས་པ་འབྱུང་། དེ་ལ་ཉིན་སྣང་བཞིན་འདུན་པ་དྲག་པོ་གཏད་དེ་རྩེ་གཅིག་ཏུ་བསྐྱངས་པས། ཐ་མལ་སྒྲིབ་པ་དག་པའི་རྟགས་ལ་སོགས་རྨི་ལམ་བཟང་པོར་འགྱུར། དེ་ལ་གསོལ་བ་གདབ་ཅིང་འདུན་པ་དྲག་པོ་བརྟེན་པས་འོད་གསལ་ཟིན་པར་འགྱུར་རོ། །དོན་ལ་ཉིན་མོའི་དགེ་སྦྱོར་རྩེ་གཅིག་ཏུ་སོང་བའི་ཤུགས་ཀྱིས་མཚན་མོ་འོད་གསལ་ཟིན་ཞིང་། མཚན་མོའི་ཤུགས་ཀྱིས་ཉིན་སྣང་འབྱོངས་ཤིང་། ལར་ཐ་མལ་གྱི་རྟོག་པས་བར་མ་ཆོད་པ་ཞིག་འོད་གསལ་ཟིན་པའི་གནད་དུ་འདུག་སྙམ་པ་འདི་གཏེར་སྟོན་རཏྣའི་སྙེམས་བྱེད་གེགས་སེལ་ཡིན་ནོ། །སྤྲང་པོ་རིན་ཆེན་དཔལ་བཟང་པོ། །དེ་ལ་སྤྱན་ཅེ་རེ་གཟིགས་ཤིག །འོ་དེ་ཁོ་ན། འོ་དེ་ཁོ་ན། དེ་ལ་རྐུབ་ལྷོད་པ་གཅིག་མཛོད་དང་ལོ། །གཞུ་རྒྱུད་བར་དུ་གྲིམས། མཇེ་ཕུགས་སུ་སྡུས། མཛུབ་མོ་སྣ་རྩེར་ཁུག །སྤྱན་ནམ་མཁའ་ལ་ལྟོས། སྣང་སྲིད་ལ་ཁྱུར་མིད་ཐོངས། དེའི་ཞལ་ཤེས་བྲི་བར་བྱའོ། །སྤྱན་ཅེ་རེ་བ་གཅིག་གཟིགས། ཞེས་པ་ནི། རྒྱུན་དུ་དྲན་འཛིན་བསྐྱངས་ཏེ་འཁོར་ཡུག་འོད་གསལ་ཕྱག་རྒྱ་ཆེན་པོར་ཤར་བའི་ཚེ། བསྒོམ་བདག་པོ་ལ་འཕྲོད། སྒོམ་མཁན་བློ་སྟོར་བའི་དུས་སུ་བྱར་མེད་བློ་འདས་ཀྱི་རྣལ་འབྱོར་པ་ཡིན་ནོ། །གཞུ་རྒྱུད་བར་དུ་གྲིམས་ཞེས་པ་གནས་ལུགས་ཀྱི་དོན་སྒོམ་པའི་ཚེ། ཤེས་པ་རྟོག་པ་མ་ཡེངས་ཀྲིམ་བསྒྲིམ་མོ། །བསྒོམ་འདོད་སྡུག་བཙིར་དུ་མི་བསྒྲིམས་གསལ་དྭངས་སུ་ཀློད་པའོ། །མཇེ་ཕུགས་སུ་སྡུས་ཞེས་པ། ཚོགས་དྲུག་དབང་པོ་བྱུང་ཚོར་འདུ་འཛི་ཕྱིའི་ཡུལ་སྣང་རྟོག་ཚོགས་ཐམས་ཅད་ནང་རིག་པ་སེམས་སུ་ཐག་ཆོད་པས་འཛིན་རྟོག་རང་སར་དག་པའོ། །མཛུབ་མོ་སྣ་རྩེ་ཞེས་པ། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་རང་རྩལ་དུ་ཐག་ཆོད་དགོས་པར་བསྟན་པའོ། །སྦྱན་ནམ་མཁའ་ལ་ལྟོས་ཞེས་པ། སེམས་ཉིད་རྒྱ་ཆད་དམ་ཕྱོགས་ལྷུང་མཐོ་དམན་ཕྱི་ནང་མདོར་ན་ཡིད་དཔྱོད་བློ་བྲལ་དུ་རྟོགས་པའོ། །སྣང་སྲིད་ཁྱུར་མིད་ཐོངས་ཞེས་པས། སྣང་བ་སེམས་སུ་རྟོགས། སེམས་སྟོང་པར་རྟོགས། སྟོང་པ་ཆོས་སྐུར་རྟོགས། ཆོས་སྐུ་ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་མ་འགག་ཤར་གྲོལ། ལྷུན་གྲུབ་འགྱུར་མེད་དུ་ཤེས་པར་བྱའོ། །བླ་མའི་ཞལ་ནས་བྱུང་བ་དམུས་ལོང་གི་མིག་འབྱེད་ཅེས་བྱ་བ་གཏེར་སྟོན་ཆེན་པོའི་གསུང་ལགས་སོ། །དེས་འོད་གསལ་སྦུབས་འཇུག་གནད་ཀྱི་གདམས་པ་བསྟན་པའོ། །སྤྱི་དོན་ལྔ་པ་འབྲས་བུ་སྤང་ཐོབ་མེད་པར་བསྟན་པ་ནི། རྒྱ་རུ་མེད་པའི་སངས་རྒྱས། ཐོབ་ཏུ་མེད་པའི་འབྲས་བུ། དང་པོའི་གཞི་ཐོག་ཡེ་ནས་ལྷུན་གྱིས་གྲུབ་པའི་མ་དང་། གནད་ཟབ་མོ་གསང་སྔགས་ཀྱི་ལམ་བསྒོམ་པའི་བུ་གཉིས། མ་བུ་འཕྲད་དེ་སྐུ་བཞིའི་དབང་ཕྱུག་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ། །ཨོ་རྒྱན་རིན་པོ་ཆེའི་ཟབ་གཏེར་རྩ་བ་གསུམ་འབྲས་བུ་དོན་གྱི་ཁྲིད་ཅེས་བྱ། གཞུང་གཉིས་ལས་ཡང་བཅུད་སྙིང་པོར་དྲིལ་བ་དོན་བསྡུས་ནོར་བུའི་གསང་ཁྲིད་ཅེས་བྱ་བ་རྒྱས་ཤིང་ཟབ་པར་བསྟན་པ། དུས་མཐའི་གཏེར་སྟོན་སྔགས་འཆང་བའི་རྣལ་འབྱོར་པ་རིན་ཆེན་དཔལ་བཟང་གིས་སྦྱར་བ་འདི་རྫོགས་སོ། །གཏེར་སྟོན་འགའ་ཞིག་གིས་ཨོ་རྒྱན་བཀའ་ལ་བསྲེ་བསླད་མེད་པར་སྣང་བས། དེ་ནི་ནས་གསེབ་ཏུ་ཕུབ་མ་མེད་པར་མངོན་ཅིང་། བདག་གིས་གདམས་པའི་ནང་ནས་གདམས་པ་རྙེད་ནས་འདི་ལྟར་བཀོད་པས། འགལ་མེད་ཀྱི་སྟེང་དུ་ཡང་ཡོན་ཏན་འཆར་ངེས་སོ། །རྗེས་ཀྱི་གཏེར་སྟོན་རྣམས་ཀྱང་དེ་ལྟར་དགོངས། རྟ་ལོ་སྟག་ཟླའི་ཉེར་གཉིས་ལ། ཤར་གངས་རི་དཀར་པོའི་ངོས་ཞོལ། ཆོས་རྫོང་དཔལ་གྱི་ཡང་དགོན་དུ་སྦྱར་བས་སེམས་ཅན་ལ་ཕན་པ་རྒྱ་ཆེན་དུ་གྱུར་ཅིག། ༈ །།འཕོ་བ་ཡེ་ཤེས་གསང་ལམ་མ་རཏྣ་གླིང་པས་མཛད་པའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ། །འདིར་ཨོ་རྒྱན་པདྨའི་ཐུགས་བཅུད་བསྒོམས་པས་སངས་རྒྱས་པ་རྩ་གསུམ་འབྲས་བུའི་དོན་ཁྲིད། མ་བསྒོམ་པར་སངས་རྒྱས་པ་འཕོ་བ་ཡེ་ཤེས་གསང་ལམ་མ་ཞེས་བྱ་བ་ལས། དེ་ཡང་འཕོ་བ་འདི་ཉིད་ཤོག་སེར་ལས་ཇི་ལྟར་འབྱུང་བ་ནི། ཚིག་རྣམས་བསྡུས་ཤིང་དགོངས་པ་ཅན་དུ་འདུག་པས། ཕྱི་རབས་གང་ཟག་བློ་དམན་རྣམས་ཀྱིས་གོ་ཞིང་ཇི་ལྟ་བ་བཞིན་ལག་ལེན་དཀའ་བས། བདག་གིས་གཞུང་ཚིག་དང་རང་གི་མྱོང་བས་འདིར་གསལ་བར་བཀོད་པ་ལ་རྩ་བ་གསུམ་གྱིས་རྗེས་སུ་གནང་བར་ཞུའོ། །དང་པོ་ནི། གཞུང་ལས། ཨེ་མ་གལ་ཏེ་དུས་ལ་བབས་གྱུར་ན༔ རྣལ་འབྱོར་རྣམ་ཤེས་འཕོ་བར་བྱ༔ ཞེས་པས། འཆི་ལྟས་ཕྱི་ནང་གསང་གསུམ་ངེས་པར་ཚང་བ་ལ་བྱ་ཞིང་། དུས་མིན་དུ་བྱས་ན་དལ་འབྱོར་བསད་པའི་ཉེས་པར་འགྲོ་བས། དེས་ན་གཟབ་ཅིང་བློ་བརྟན་པར་བྱའོ། །འབྱུང་བ་ཐིམ་ནས་རླུང་ཟད་ཚེ༔ ཞེས་པས། ཕྱིའི་དྲན་པ་འགགས་ཚེ། མིག་གིས་མི་ངོ་རེས་ཤེས་རེས་མི་ཤེས་པས། ལུས་བྱིང་བ་སྙམ་བྱེད་ཅིང་། དབུགས་ནང་དུ་བསྡུ་དཀའ་བ། ལུས་དྲོད་ཉམས་པ། ཤེས་པ་ཟི་ལོང་བྱེད་པའི་དུས་དེར། རིག་པ་གཉའ་མི་བཅག་པར། བླ་མ་དང་གདམས་ངག་ཡིད་ལ་དྲན་པར་བྱའོ། །བསྐྱེད་རིམ་རྣལ་འབྱོར་ཅི་གསལ་བསྒོམ༔ ཞེས་པས། ནད་ཟུག་གི་དབང་དུ་མི་བཏང་བར། ལུས་མ་ཆགས་ན་གྲོགས་ཀྱིས་བཟུང་། དྲང་པོར་ཅི་གནས་བྱས་ལ། རང་ཡི་དམ་གང་མོས་སུ་ཅི་གསལ་ཡུན་དུ་ཅི་ཙམ་ལྕོགས་པར་བྱའོ། །སྐྱབས་འགྲོ་མོས་གུས་དུང་བྱས་ལ༔ ཞེས་པས། ནད་ཟུག་ཆུང་ངམ་བློ་སྐྱེད་ཆེ་ན་ངག་ཏུ་བྱ་ཞིང་། མ་ལྕོགས་ན། ཡིད་ཀྱིས་བླ་མ་སྤྱི་གཙུག་ཏུ་བཞུགས་པར་མོས་པ་རྩེ་གཅིག་ཏུ་གཏད་ལ། སྐྱབས་འགྲོ་ཡང་ཡིད་ཀྱིས་དུང་བྱེད་པ་ཡིན་ནོ། འཁོར་དང་ལོངས་སྤྱོད་གནས་མལ་ལ༔ གང་ལའང་ཆགས་ཞེན་བློས་སྤངས་ཏེ༔ རྩེ་གཅིག་སྟེང་དུ་ཅི་གནས་བཞག༔ ཅེས་པས། གཉེན་ཉེ་འཁོར། ནོར་རྫས་ལོངས་སྤྱོད། མཆོད་ཆ་ལྷ་རྟེན། ཐ་ན་ཁབ་སྐུད་ཙམ་ལ་ཡང་། ཞེན་པའི་འཁྲི་བ་བཅད་དེ། ག་རེ་ད་ནི་ཆགས་པས་ཅི་ཕན་བསམ་པའི་བློ་བཅད་ཀམ་ཀམ་པ་བྱའོ། །དུས་བརྒྱའི་ཐ་མ་ཡིན་ཞེས་བྱ་བ་ཡང་དེ་ཚེ་ཡིན་པས། བུ་ཀུན་ཅིས་ཀྱང་ཕན་རེ་ཤིའོ། །ཞེན་ཅིང་ཆགས་ཀྱང་ཇི་སྐད་དུ་སྐད་ཅིག་ཀྱང་སྡོད་དུ་མེད་པའི་སྟེང་དུ། སླར་དམྱལ་བར་འགྲོ་བས། ཆགས་མེད་ཞེན་མེད་འཁྲིས་མེད་དུ་གོ་ཆ་ཆེན་པོ་བློས་ཆོད་པ་གཅིག་དགོས། དེའི་སྟེང་ནས་སྔར་གྱི་དགེ་སྦྱོར་གསལ་གདབ། བླ་མར་མོས་གུས་རྩེ་གཅིག་ཏུ་བྱ་སྟེ། གནས་ལུགས་ཀྱི་ངང་དུ་ཅི་གནས་བཞག །དེ་ནས་སྤྱི་བོའི་ཚངས་བུག་ཕྱེ་ལ་འཕོ་བར་བྱའོ། །ད་འཕོ་བ་དངོས་ནི། འཆི་ཁ་ལས་ལ་སྦྱར་བའི་འཕོ་བ་དང་། གོང་དུ་སྦྱོང་བ་གཉིས་བྱ་སྟེ། དེ་ཡང་། རང་གི་རྣམ་ཤེས་ཙིཏྟའི་དཀྱིལ༔ ཨ་དཀར་འོད་ཀྱི་རང་བཞིན་ཅན༔ ཁ་དོག་ལྔ་ལྡན་སྣུམ་ལ་འདྲིལ༔ ཙིཏྟའི་ལྷ་ཚོགས་ཞེ་གཉིས་ལ༔ འཁོར་གསུམ་བསྐོར་ཏེ་དབུ་མའི་ནང༔ ཚངས་བུག་དག་ལས་མདའ་འཕངས་བཞིན༔ རིག་པ་རྟེན་མེད་ནམ་མཁར་འཕོ༔ འཕོ་ཚེ་ཧིཀ་གི་སྒྲ་དང་བཅས༔ མ་འཆིའི་བར་དུ་སྦྱངས་བྱས་ནས༔ ཞེས་པས། འདི་ལྟར་འཕོ་བར་བྱ་སྟེ། རང་ཡི་དམ་དུ་གསལ་བའི་སྤྱི་བོ་ནས་ལྟེ་བའི་བར་དུ། རྩ་དབུ་མ་ཁ་དོག་དམར་སྐྱ། ནང་སྟོང་པ་ཁང་སྟོང་ངམ། རྒྱ་མཐོང་ལྟ་བུ་སྐྱ་ཧ་རེ་བ་སྟོང་སང་ངེ་བ་གསལ་བ་ཞིག་བསྒོམ། དེའི་སྙིང་ཁར་རང་གི་སེམས་ཉིད་ཨ་དཀར་པོ་སྲན་མ་ཙམ་གཅིག་ཏུ་བསམ། དེའི་མཐར་ཞི་བའི་ལྷ་ཚོགས་ཞེ་གཉིས་འཇའ་ཚོན་ལྟར་ཁ་དོག་ལྔ་ལྡན་དུ་ཁྲ་སྤུང་ངེ་བ་ཞིག་བསམ། དེ་ཡང་ངོ་བོ་སྙིང་། རྣམ་པ་ལྷ་ཚོགས། གཟུགས་བུམ་སྐུ་ལྟར་ཁྲ་སྤུང་ངེ་བ་དེའི་དཀྱིལ་ནས་ཨ་དཀར་པོ་གཅིག་རྒྱངས་རྩེར་ཐོན་ནས། སྙིང་ནང་ཞི་བའི་ལྷ་ཚོགས་ལ་བསྐོར་བ་ལན་གསུམ་སྒ་ར་ར་བསྐོར། སྤྱི་བོ་ཚངས་པའི་བུ་གར་ཡར་དཀར་རྒྱངས་སོང་བར་བསམས་ལ། རླུང་དང་སྦྲགས་ཏེ་ཧིཀ་ཅེས་པས། མིག་གྱེན་ལ་ལོག་ཅེར་བྱ། གསུས་པ་སྒལ་པ་ལ་བཅར་བ་རྣམས་དུས་གཅིག་ལ་སྦྲགས། རླུང་ཐུབ་ཚད་དུ་བརྒྱལ་ལོག་ལོག །སོ་སྒྲ་ཐམ་ཐམ་ལུས་འདར་ཁྲི་ལེ་བ། སྤྱི་བོར་རླུང་གི་སྒྲ་ཐོན་པ་ཙམ་དུ་འཕུལ་བ་ཡིན་ནོ། །ལུས་ཀྱི་འདུག་སྟངས། རླུང་གི་འཕུལ་ལུགས། ཐལ་ན་འབེབ་ཐབས། ཚེ་སྒྲུབ་ལོག་ནོན་བཞི་པོ། བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ནས་རྗེས་ཀྱི་ཡོན་ཏན་ཏེ། རྟགས་ཐོན་གདིང་དང་ལྡན་པར་བྱ༔ གཡེང་བས་ཁྱེར་བའི་འཁོར་བ་པའང༔ རྣམ་ཤེས་འཕོ་ཚེ་དྲན་པས་ཆོག༔ སྡིག་ཅན་རྔོན་པ་ཡིན་གྱུར་ཀྱང༔ ཐབས་ཀྱི་གསེང་ལམ་ཡིན་པའི་ཕྱིར༔ འདི་ཡོད་འཁོར་བར་ལྡོག་པ་མེད༔ ཅི་ཕྱིར་ཐབས་ལ་བརྟེན་པའི་གནད༔ ཟབ་པ་ལས་ཀྱང་ཆེས་ཟབ་ཆོས༔ ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ རྣལ་འབྱོར་ཆ་རྐྱེན་རྫོགས་པའི་ཕྱིར༔ མ་འོངས་དོན་དུ་གཏེར་དུ་སྦས༔ འདི་ནི་ཡོད་པས་ཆོག་པའི་ཆོས༔ ངེས་མེད་སྤྱོད་པའི་རྣལ་འབྱོར་པ༔ ལས་ཅན་ཁྱོད་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའི་དོན་ཅུང་ཟད་བཀྲོལ་ན། ཚེ་འདིར་འཁོར་བའི་གཡེང་བས་ཁྱེར་ནས། ཁྲིད་ཁྱད་པར་ཅན་གདམས་སྐོར་རྣམས་ལ་མ་སྦྱང་དྲོད་མ་ཐོབ་པ་ཞིག་ཡིན་ཡང་། འདི་ནི་ཁྱད་པར་ཅན་གྱི་ས་ཐོབ་པ། གསང་སྔགས་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར། གོང་དུ་རྟགས་ཐོན་པ་རང་གིས་གདིང་ཐོབ་པ་ཞིག་སྦྱངས་ནས། ཕྱིས་ནས་མི་བརྗེད་ཙམ་དུ་བྱས་པས། ནམ་འཆི་བའི་ཚེ་དམིགས་པ་རྩེ་གཅིག་ཏུ་རྩོམ་པ་དང་། སྤྱི་བོར་དམིགས་པ་རྩེ་གཅིག་ཏུ་གཏད་ནས་ལས་ལ་སྦྱར་བས་ཆོག་པ་ཡིན་ནོ། །དེ་ཡང་རྣམ་ཤེས་སྤྱི་བོ་ནས་ཐོན་ན། སྡིག་ཅན་ཡིན་ཡང་རུང་དག་པའི་ཞིང་དུ་འགྲོ་ཞིང་། རྣམ་ཤེས་ཐུར་དུ་སོང་ན་གྲུབ་ཐོབ་ཡིན་ཡང་ངན་སོང་འགྲོ་བ་ཆོས་ཉིད་ཡིན་པས། སྡིག་པོ་ཆེ་གསེང་ལམ་ལས་སངས་རྒྱ་བའི་ཐབས། ཀུན་གྱི་ཐུན་མོང་མ་ཡིན་པ་ཡོད་པས་ཆོག་པའི་གདམས་པ། དྲན་པས་ཆོག་པའི་རྩི། སྙིང་ནས་སྙིང་གི་ནོར་བུ། ཤིན་ཏུ་གསང་བའི་ཟབ་ཁྱད་མཐར་ཐུག་པ་ཡིན་ཅིང་། ལུང་ལས། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །ཟབ་པའི་མཐར་ཐུག་འདི། ཨོ་རྒྱན་པདྨའི་ཐུགས་བཅུད། བདག་གཏེར་སྟོན་རཏྣ་གླིང་པའི་བཀའ་བབས། འགྲོ་བ་འདྲེན་པའི་ལྕགས་ཀྱུ། ལས་དང་སྐལ་པར་ལྡན་པ་རྣམས་ཀྱིས་ཉམས་ལེན་དུ་བྱ་བ་འདི། གཞན་ཕན་ལྷག་བསམ་གྱི་སྒོ་ནས། བདག་རིན་ཆེན་དཔལ་བཟང་གིས་སྦྱར་བ་འདིས། འགྲོ་བ་དཔག་ཏུ་མེད་པའི་དོན་འབྱུང་བར་གྱུར་ཅིག །དགེའོ།། །།

[edit]

TSAGLI image gallery goes here

Footnotes


Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).