Terdzo-KI-002

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








ཛཱ་བཱིར་གྱི་རླུང་ཁྲིད་འཇའ་ལུས་མངོན་གྱུར་

dzA bIr gyi rlung khrid 'ja' lus mngon gyur

by  ལྷ་བཙུན་ངག་དབང་ཕུན་ཚོགས་ (Lhatsun Ngawang Phuntsok)
revealed by  རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ (Rinchen Puntsok Chökyi Gyalpo)
in cycle  རླུང་གི་བཅུད་ལེན་བཀའ་བབས་དང་པོ་ (Rlung gi bcud len bka' babs dang po)
Volume 31 (ཀི) / Pages 49-65 / Folios 1a1 to 9a3

[edit]

༄༅། །ཛཱ་བཱིར་གྱི་རླུང་ཁྲིད་འཇའ་ལུས་མངོན་གྱུར་ཞེས་བྱ་བ་བཞུགས། །བརྒྱུད་པ་དང་པོ། ན་མོ་གུ་རུ་ཛཱ་ཧ་བཱིར་ཡ། གང་གི་བཀའ་དྲིན་བདག་ལ་ནོད་པ་ཡིས། །སྙིང་མུན་སེལ་བའི་སྒྲོན་མེ་རབ་སྦར་ནས། །སྟོང་གསུམ་གསལ་མཛད་རྗེ་བཙུན་བླ་ན་མེད། །གྲུབ་མཆོག་བློ་བཟང་བྱམས་པར་གུས་པས་འདུད། །རྒྱ་གར་ཤར་ཕྱོགས་གྲུབ་ཆེན་ཛཱ་བཱིར་ནས། །རིམ་པར་བརྒྱུད་པའི་རླུང་ཁྲིད་དག་སྣང་མའི། །ཉམས་ལེན་མདོ་ཙམ་འབྲི་བར་བྱེད་པ་ལ། །བཀའ་སྲུང་དྲང་སྲོང་བརྒྱད་ཀྱིས་གནང་བ་སྩོལ། །ངེས་འབྱུང་ལྷག་བསམ་སྔོན་སོང་རྣལ་འབྱོར་པ། །ཚེ་འདི་བློས་བཏང་རླུང་ཁྲིད་ཟབ་མོའི་དོན། །སྐལ་ལྡན་འགའ་ལ་ཕན་ཕྱིར་ལྷག་བསམ་གྱིས། །ཟབ་མོ་རླུང་གི་བཅུད་ལེན་ཉམས་ཁྲིད་བཤད། །དེ་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། རང་ཉིད་གང་དུ་འདུག་པའི་གནས་ཁང་དེ་ཉིད་ཀྱང་རང་གར་གྲུབ་པ་མ་ཡིན་པ་ངོ་བོ་པདྨ་བཀོད་པའམ་བདེ་བ་ཅན་ཡིན་པ་ལ། རྣམ་པ་ས་ཆུ་མེ་རླུང་ནམ་མཁའ་ལྔའི་བཅུད་རིམ་བཞིན་སེར་དཀར་དམར་ལྗང་སྔོ་བའི་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་བསམ། རང་ཡང་ཐ་མལ་དུ་གནས་པ་མ་ཡིན་པར་རང་ལུས་འཇའ་ཚོན་གྱི་རང་བཞིན་རྣམ་སྣང་གི་ཆོས་བདུན་དུ་བཅས་པའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོན་པོ་བཻ་ཌཱུརྻ་ལྟ་བུ་ཁྱད་ཆོས་བཞི་ལྡན། རྩ་རྩེ་རྦད་ཀྱིས་བཅད་པ། སྦ་མཁར་འབྲིང་པོ་ཙམ། ཡར་སྣ་ཚངས་བུག་དང་མར་སྣ་གསང་གནས་སུ་ཟུག་པ། གཡས་གཡོན་དུ་རིམ་པ་ལྟར་རོ་རྐྱང་གཉིས་ཁ་དོག་དཀར་དམར་མདའ་སྨྱུག་ཙམ་གྱི་ཡར་སྣ་རྣ་བ་གཉིས་སུ་སྦལ་པའི་ཁ་གདངས་པ་ལྟ་བུ། མར་སྣ་དབུ་མར་ཟུག་པ་ཡི་གེ་ཆ་ལྟ་བུ། རྩ་དེ་གསུམ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པ། འཇའ་ཚོན་སྣ་ལྔར་བསྒོམས་ཀྱང་ཆོག །གཞན་རྒྱ་རྩ་ཉི་ཁྲི་ཆིག་སྟོང་སྒལ་ཚིགས་རེ་ལ་གདུང་མ་རྒྱུག་པའི་དྲལ་མའི་ཚུལ་དུ་ཡོད་པའམ། ཡང་ན་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གྲོ་སོག་འབྲིང་པོ་ཙམ་གྱི་རྩ་བ་རྣམས་འཁོར་ལོ་ལྔའི་གནས་རྣམས་སུ་ཟུག་པ། རྩེ་མོ་ནས་བ་སྤུ་ཉི་ཁྲི་ཆིག་སྟོང་སྐྱེས་པ་རྣམས་ཀྱང་འཇའ་ཚོན་ལྔའི་རང་བཞིན་ནམ། ཡང་ན་འཇའ་དཀར་པོའི་རང་བཞིན་གདུང་མ་ལ་རྒྱུག་པའི་དྲལ་མའི་ཚུལ་དུ་བསམ། རྒྱས་པར་སྤྲོ་ན་རྩ་འཁོར་ཕྲན་རགས་པ་རྣམས་བླ་མེད་ལྟར་གསལ་བཏབ། སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་ལྷན་ཅིག་བསྐྱེད་པ་ནི། རང་གི་སྤྱི་བོར་ཁྲི་སྙན་ས་ལེའི་པགས་པའི་སྟེང་དུ། དྲིན་ཆེན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གྲུབ་ཐོབ་ཛཱ་ཧ་བཱི་རའི་རྣམ་པ་ཅན་འཕོངས་ཀྱིས་ཚངས་བུག་དང་། ཞབས་རྟིང་གཉིས་ཀྱིས་རོ་རྐྱང་གཉིས་ཀྱི་ཁ་བཀག་པ་འཇའ་ཚོན་གྱི་རྣམ་པར་བཞུགས་པའི་ཕྱག་གཉིས་མཛོད་སྤུར་ཐལ་མོ་སྦྱར་བ། ཨང་རག་དང་། སྒོམ་ཐག་དམར་པོ་ན་བཟའ་དཀར་པོ་དབུ་སྐྲ་མཐིང་ག་ཐོར་ཅོག་ཕྱེད་བཅིངས་བྱས་པ། ཁྲི་སྙན་གྱི་པགས་པ་ཉིས་བལྟབས་བྱས་པ་ཕྲག་པ་གཡོན་དུ་བཀལ་བའི་མགོ་བོས་ནུ་མ་གཡོན་པ་བཀབ་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་བ། དེ་ཐམས་ཅད་ཀྱང་འཇའི་རང་བཞིན་ཅན། ཞལ་ནས་ཁྲི་སྙན་གྱི་རྭ་དུང་འབུད་པའི་སྒྲ་ལས། ཛཱ་བཱི་རའི་ཕྱི་ནང་གསང་གསུམ་གྱི་ཆོས་ཀྱི་སྒྲ་ཕྱོགས་བཅུར་སྒྲོག་པར་བསམ། དེའི་དབུ་གཙུག་ཏུ་ཁྲི་སྙན་གྱི་པགས་པའི་སྟེང་དུ་མཆོག་སྤྲུལ་རིན་པོ་ཆེ་བློ་གསལ་བསྟན་སྐྱོང་། དེའི་དབུ་གཙུག་གི་གདན་སྟེང་དུ་རྗེ་བཙུན་འཆི་མེད་གྲུབ་པའི་དབང་མོ་དཔལ་ལྡན་བཟང་མོ་ནས། མ་ཧཱ་ནཱ་ཐའི་བར་བླ་མ་ཐམས་ཅད་གྲུབ་ཐོབ་ཛཱ་ཧ་བཱི་རའི་རྣམ་པ་ཅན་དང་། ཡང་ན་རྩ་བའི་བླ་མ་ནས་རྒྱལ་དབང་རཏྣའི་བར་ཕལ་ཆེར་རབ་བྱུང་གི་རྣམ་པ་ཅན་ཆོས་གོས་གསུམ་དང་། པཎྜི་ཏ་བཛྲ་ནཱ་ཐ། གྲུབ་ཆེན་ཛཱ་ཧ་བཱི་ར། གྲུབ་ཆེན་མ་ཧཱ་ནཱ་ཐ་གསུམ་གྲུབ་ཐོབ་ཀྱི་རྣམ་པ་ཅན་ཨང་རག་སྒོམ་ཐག་སོགས་གསོལ་བ་རྣམས་ཐོ་བརྩེགས། མ་ཧཱ་ནཱ་ཐའི་སྤྱི་བོར་པདྨ་འདབ་མ་སྟོང་ལྡན་ཉི་ཟླའི་སྟེང་དུ་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཟ་ཧོར་གྱི་ཆ་ལུགས་འཇའ་ཚོན་སྣ་ལྔའི་རང་བཞིན་ཅན། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ལོངས་སྐུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པའི་རྣམ་པ་ཅན་སྐུ་མདོག་གངས་རི་ལྟར་དཀར་བ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་བྱེ་རུའི་མདོག་འདྲ་བ་ཕྱག་གཉིས་མཉམ་གཞག་ཅན་རྣམས་གསལ་བར་བསྒོམ་ཞིང་། རང་གི་གཡས་གཡོན་དུ་ཚེ་འདིའི་ཕ་མས་ཐོག་དྲངས་པའི་མ་གྱུར་སེམས་ཅན་ཐམས་ཅད་ཀྱང་འཇའ་ལུས་ཀྱི་རང་བཞིན་དུ་བསམ་ནས་འཇའ་ལུས་མཁའ་སྤྱོད་སོགས་འདོད་ཡུལ་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་དང་སྤྲོ་ན་ཡན་ལག་བདུན་དང་། མཎྜལ་འབུལ། བདག་སོགས་འགྲོ་བ་སེམས་ཅན་རྣམས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ལན་བདུན་ནམ་གསུམ་མམ་གཅིག་བརྗོད། བླ་མ་དཀོན་མཆོག་རྣམ་གསུམ་ལ། ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །གསོལ་འདེབས་དགེ་ཚོགས་བྱང་ཆེན་བསྔོ། །ཕྱི་ནང་སྣོད་བཅུད་ལོངས་སྤྱོད་རྣམས། །དཀོན་མཆོག་གསུམ་ལ་གུས་པས་འབུལ། །རང་གཞན་ཚོགས་གཉིས་རབ་རྫོགས་ཤིང་། །ཡང་དག་འཇའ་ལུས་མྱུར་ཐོབ་ཤོག །དེ་ནས་དབྱངས་དང་བཅས་པས་གསོལ་བ་འདེབས་པ་ནི། ན་མོ། ཀ་དག་རང་བྱུང་ཉིད་ཀྱི་ཕོ་བྲང་དུ། །ཆོས་སྐུ་འོད་མི་འགྱུར་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས།་་་ཚིག་འོག་མ་གཉིས་ཀུན་ལ་འགྲེ། ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ཐུགས་རྗེ་ཕྱོགས་ལྷུང་བྲལ་བའི་ཕོ་བྲང་དུ། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ འཁྲུལ་པའི་མཚན་མ་རང་གྲོལ་ཕོ་བྲང་དུ། །མ་ཧཱ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ རྩ་གསུམ་བདེ་བ་ཆེན་པོའི་ཕོ་བྲང་དུ། །གྲུབ་ཆེན་ཛཱ་ཧ་བཱིར་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྐུ་དང་ཡེ་ཤེས་མཐར་ཕྱིན་ཕོ་བྲང་དུ། །བཛྲ་ནཱ་ཐའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གཞོ་སྟོད་ཏི་སྒྲོ་བྲག་གི་རི་ཁྲོད་དུ། །རྒྱལ་དབང་རཏྣའི་ཞབས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གནས་ཆེན་ཟབ་ཕུ་ལུང་གི་ཕོ་བྲང་དུ། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ མཁའ་ཁྱབ་བསམ་གཏན་གླིང་གི་དགོན་པ་རུ། །མཁས་མཆོག་འོད་གསལ་རྒྱ་མཚོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གང་ཤར་བདེ་བ་ཆེན་པོའི་ཕོ་བྲང་དུ། །རས་ཆེན་ཆོས་རྒྱལ་ལྷུན་གྲུབ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྤྱི་བོ་བདེ་བ་ཆེན་པོའི་ཕོ་བྲང་དུ། །བྱམས་མགོན་ཚུལ་ཁྲིམས་གྲགས་པ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ སྙིང་ག་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །འདྲེན་མཆོག་སངས་རྒྱས་ཤེས་རབ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ལྟེ་བ་སྤྲུལ་པ་སྐུ་ཡི་ཕོ་བྲང་དུ། །འཇམ་དབྱངས་བྱམས་པ་ཀུན་དགའ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ལྷུན་གྲུབ་སྐུ་གསུམ་འདུས་པའི་ཕོ་བྲང་དུ། །འདྲེན་མཆོག་བློ་བཟང་ཆོས་རྒྱན་ལ་གསོལ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ དབེན་གནས་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །འདྲེན་མཆོག་ལྷ་པའི་མཚན་ཅན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། ཁ་སྐོང་ནི། བྱང་ཆེན་ཐར་པ་ཆེན་པོའི་རི་ཁྲོད་དུ། །མཁས་གྲུབ་བློ་བཟང་བསྟན་འཛིན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ ཡང་དབེན་བསམ་གཏན་སྒང་པའི་གཟིམས་སྤྱིལ་དུ། །བཤེས་གཉེན་ཡེ་ཤེས་རྒྱལ་མཚན་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ དགའ་ལུང་འཆི་མེད་གྲུབ་པའི་དབེན་གནས་སུ། །རྗེ་བཙུན་དཔལ་ལྡན་བཟང་མོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ མཁས་པའི་འབྱུང་གནས་ཞྭ་ལུ་རི་ཕུག་ཏུ། །རིན་ཆེན་བློ་གསལ་བསྟན་སྐྱོང་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ རིས་མེད་མཁས་གྲུབ་འདུ་བའི་བསྟི་གནས་སུ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ བཀོད་པ་བྱང་ཆུབ་སེམས་ཀྱི་ཕོ་བྲང་དུ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་འདེབས། །ཕུང་པོ་ལྷག་མེད༴ ཚེ་འདིར་མཁའ་སྤྱོད༴ གསང་གནས་བདེ་བ་རྒྱས་པའི་ཕོ་བྲང་དུ། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་གསོལ་བ་འདེབས། །ཕུང་པོ་ལྷག་མེད་འཇའ་ལུས་འགྲུབ་པ་དང་། །ཚེ་འདིར་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། འོད་དཔག་མེད་ནས་རེ་རེ་བཞིན་རིམ་པར་འཇའི་རང་བཞིན་དུ་རྩ་བའི་བླ་མའི་བར་ཐིམ་པར་དམིགས་ནས་འཇོག་ལ། དེ་ནས། ན་མོ་ཛཱ་ཧ་བཱིར། ཞེས་པའི་སྔགས་བདུན་ནམ། ཉེར་གཅིག་བརྗོད་ནས། ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་ལྕེ་ཐོག་ནས་མཆིལ་མ་བླངས་པ་སྨིན་མཚམས་སུ་ཐིག་ལེ་བྱས་པས། དེ་ཁྲི་སྙན་ས་ལེའི་པགས་པར་གྱུར་པའི་སྟེང་དུ་ཛཱ་ཧ་བཱིར་མཐེབ་ཚོན་གང་པ་བཞེངས་པ་གཅིག་བསྐྱེད་པའམ། ཕྲ་བ་ནས་རྡོག་ཙམ་ཞིག་བཞེངས་སྟབས་ཀྱིས་བཞུགས་པ་དེས་གེགས་སེལ་ཞིང་། ཟས་ཀྱི་དངོས་གྲུབ་སྟེར་བར་བསམ་མོ། །གཉིས་པ་དངོས་གཞི་ལ་བདུན། ཟས་སུ་ཟ་བ། གོས་སུ་གྱོན་པ། གདན་དུ་འདིང་བ། ཚེ་བསྲིང་བ། བྱིན་རླབས་དབང་བཞི་ལེན་ཚུལ། སྐོམ་དུ་བཏུང་བ། གེགས་སེལ་བ་རྣམས་སོ། །དང་པོ་ཟས་སུ་ཟ་བ་ལ་གཉིས་ཏེ། རླུང་ཞི་བ་སྒྲ་མེད་དུ་ཟ་བ་དང་། དྲག་པོ་སྒྲ་བཅས་སུ་ཟ་བའོ། །དང་པོ་རླུང་ཞི་བ་སྒྲ་མེད་དུ་ཟ་བ་ནི། ཕྱིའི་འབྱུང་བ་ལྔའི་བཅུད་རྣམས་མདུན་གྱི་ནམ་མཁར་འཇའ་ཚོན་སྣ་ལྔའི་རང་བཞིན་དུ་གསལ་བ། ནང་རླུང་གིས་འཐེན་ནས་རང་གི་ཁར་རྔུབས་ཏེ་ཟ་བ་དང་། གཉིས་པ་རླུང་དྲག་པོར་ཟ་བ་ནི། མགྲིན་པ་ཅུང་ཟད་བཏེགས་ནས་ཁ་གདངས་པས་གཡོན་ནས་གཡས་སུ་བསྐོར་ནས་ལན་གསུམ་ཙམ་ཧབ་ཧབ་བྱས་ཏེ་འགྲམ་ཕུགས་བཏིག་ནས་མཆིལ་མ་དང་ལྷན་དུ་སྡིག་བསྒྱུར་བྱ་ཞིང་། ཅུང་ཟད་དེ་དགང་བས་ལུས་ཀྱི་ནང་ཐམས་ཅད་འཇའ་ཚོན་གྱིས་ཁྲིག་མེར་ཏེ་གང་བར་བསམ་ཞིང་། བཅུད་རྣམས་རླུང་འཇའ་ཚོན་སྣ་ལྔ་ཟ་བའི་སྐབས་ལྟར་ལ་ཟས་མེད་པས་ཆོག་པར་བྱེད། ཅི་སྟེ་མ་ཆོག་ན་ཇ་ཕོར་གང་དོས་ཁྲིད། བཟའ་བཅའ་བཏུང་བ་དང་སྣང་བ་ཐམས་ཅད་ཀྱང་འཇར་བསྒོམ། འཇའི་མཚན་ཉིད་ཀྱང་གོང་དུ་བསྟན་པ་ལྟར་གོང་འོག་ཐམས་ཅད་དུའོ། །གཉིས་པ་གོས་སུ་གྱོན་པ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་རོ་རྐྱང་དབུ་གསུམ་གྱི་ཁ་ནས་ཐོན་པས་བླ་མ་ཛཱ་ཧ་བཱིར་འདོམ་གང་ཙམ་འཕགས་ནས་འཇའི་སྟེང་དུ་བཞུགས། དེ་ནས་ཀྱང་ལུས་ཀྱི་ནང་དུ་མ་ཤོང་བར་རྩ་ཕྲན་ཉི་ཁྲི་ཆིག་སྟོང་གི་ཁ་དང་ཁྱད་པར་སྤྱི་བོ་ནས་ལུད་པ་བདེ་དྲོད་དང་བཅས་པས་ལུས་ལ་འཇའ་དགུ་བརྩེགས་ཀྱི་གོས་ཁྲ་ཤིག་ཤིག་གཡོགས་པས་བདེ་དྲོད་འབར་བར་བསམ་ཞིང་། གོས་ཐམས་ཅད་ཀྱང་འཇའ་ཚོན་དུ་བསྒོམ་མོ། །གསུམ་པ་གདན་དུ་འདིང་བ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནང་དུ་མ་ཤོང་བར་འོག་སྒོ་གཉིས་དང་། ལུས་སྨད་ཀྱི་བ་སྤུའི་བུ་ག་རྣམས་ནས་སྡོམ་གྱི་ཐག་པ་ལྟར། ཤིན་ཏུ་ཕྲ་བ་འཇའི་རྣམ་པར་འཕྲོས་པའི་རྩེ་མོ་ལྕགས་ཀྱུ་ལྟ་བུས་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ནས་འབྱུང་བ་ལྔའི་བཅུད་རྣམས་འཇའ་སྣ་ལྔའི་རང་བཞིན་དུ་བསྡུས་པས། དབྱར་དུས་ས་རླངས་རྒྱས་པ་ལྟར་སྟོང་གསུམ་གང་བ་ཐམས་ཅད་རིམ་གྱིས་གླིང་བཞི་དང་། འཛམ་གླིང་དང་། ཡུལ་ཕྱོགས་གནས་ཁང་རྣམས་སུ་འདྲིལ། མཐར་རང་གི་མལ་ཁེངས་པས་ལུས་ཀྱི་ནུ་མ་མན་བཏུམས་ནས་ལུས་ལ་བདེ་དྲོད་འབར་བར་བསམ་ཞིང་། གདན་ཐམས་ཅད་འཇར་བསྒོམ། བཞི་པ་ཚེ་བསྲིང་བ་ནམ་མཁའ་ཟས་སུ་ཟ་བ་ནི། ནམ་མཁའ་ལ་ལྟ་སྟངས་གཏད་དེ། ཧཱུྃ་ཞེས་བརྗོད་ནས་རླུང་ཟོས་པས་འཛམ་གླིང་གི་ནམ་མཁའི་ཁམས་ཐམས་ཅད་འཇའ་བཻ་ཌཱུརྻའི་མདོག་ལྟ་བུ་བྱུང་བ་མདུན་གྱི་ནམ་མཁར་ཧཱུྃ་མཐིང་ག་མཁྱུད་གང་ཙམ་དུ་གྱུར་པ་རླུང་ཞབས་གཅོད་པ་དང་། མཉམ་དུ་བྱུང་བས་ཚེའི་བདུད་རྩི་སྔོན་པོར་ཞུ་ནས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །ལྔ་པ་བྱིན་རླབས་དབང་བཞི་ལེན་ཚུལ་ནི། རླུང་སྔར་ལྟར་ཟོས་པས་ལུས་ནས་འཇའ་ཚོན་མཆོད་སྤྲིན་གྱི་རྣམ་པར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པར་བྱས། དེ་རྣམས་ཀྱི་གནས་ལྔ་ནས་ཡེ་ཤེས་ལྔ་འཇའ་ཚོན་སྣ་ལྔའི་རྣམ་པར་སྤྱན་དྲངས་པ་རང་གི་གནས་ལྔར་ཐིམ་པས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་ནས་སྐུ་བཞི་ཐོབ་པའི་མོས་པ་ཅི་བརྟན་བྱའོ། །དྲུག་པ་སྐོམ་དུ་བཏུང་བ་ནི། སྣང་བ་ཐམས་ཅད་ཆུར་བསྒོམ་ཞིང་། ཁྱད་པར་བྲག་གཡང་མཐོན་པོའི་ཆུ་ཤིན་ཏུ་བསིལ་བ་ཤང་སྒྲ་དང་བཅས་ནམ་མཁའ་ནས་བྱུང་བར་བསམ་ཞིང་། རླུང་སོ་ལ་བཤད་ནས་སྐོམ་དུས་སུ་བཏུང་བའོ། །བདུན་པ་གེགས་སེལ་བ་ནི། སྒྲ་མེད་ཞི་བར་ཟ་སྐབས། ལུས་གནད་མ་ངེས་འཕོངས་ཅུང་ཟད་བཏེག་མགུལ་པ་གྱེན་ལ་བརྐྱངས་ནས་ཟོས་པས། དྲག་པོར་ཟོས་པའི་གེགས་དམར་ཐོམ་སོགས་སེལ། ཧབ་ཟས་ཀྱི་སྐབས། ལུས་གནད་གོང་ལྟར་ལ་ཧབ་ཅེས་རྦད་ཀྱིས་བཅད་ནས་ཟ་ཞིང་བྲང་ལ་ཁུ་ཚུར་བྱས་པས་རླུང་སྟོད་དུ་ཕྱུར་པ་དང་། འཚངས་པ་སེལ་ལོ། །བཙན་ཐབས་སུ་ཟ་སྐབས། ཡ་རྐན་གྱི་སྟེང་ནས་འབེབས་པ་དང་། མགྲིན་པ་བགུག་ནས་འདེགས་པ་གཉིས་ཀྱིས་ངལ་དུབ་སེལ་བའོ། །སྒྲེགས་སྐྱུག་གནོན་ཞིང་འོག་རླུང་མི་གཏང་བ་གནད་ཆེ། འདི་རྣམས་གེགས་སེལ་ཡིན་ཞིང་། དངོས་གཞི་དྲག་ཟས་རང་ལ་འབད་དོ། །འདིའི་སྐབས་འགྲོ་འདུག་དགོས་དུས་འཇའ་དཀར་པོའི་སྟེང་དུ་འགྲོ་བའི་དམིགས་པ་བྱེད། སྔ་ཐུན་ལ་ཐོག་མར་ངག་མི་གཏང་བར་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དགེ་སེམས་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་ནས་བཟུང་ཐུན་དྲུག་གི་སྐབས་སོ་སོའི་དམིགས་པ་དང་། རླུང་ཟས་གཉིས་ལ་འབད་པ་གལ་ཤིན་ཏུ་ཆེ། ཐུན་ཐ་མར་ཉལ་བར་ཕྱོགས་པ་དང་། སྤྱི་བོའི་བླ་མ་སྨིན་མཚམས་ཀྱི་གྲུབ་ཆེན་ཛཱ་བཱིར་ལ་བསྟིམ་ཞིང་ཅི་གནས་སུ་མཉམ་པར་གཞག །རླུང་དེ་ཉིད་བུམ་པ་ཅན་དུ་འཛིན་ན་བླ་མ་རྣམས་འཇའ་ཚོན་གྱི་རྣམ་པར་རང་ལ་ཐིམ་ནས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་འཇའ་ལུས་ཕྱི་གསལ་ནང་གསལ་དུ་མཉམ་པར་བཞག །བདག་ལུས་ཛཱ་བཱིར་དུ་གསལ་བའི་ལུས་ནང་དུ། རྩ་དབུ་མའི་ཡར་རྩེ་སྤྱི་བོར་ཟུག་པ་མར་སྣ་ལྟེ་འོག་གཉེ་བོ་ཆེར་ཟུག་པ་མཚན་ཉིད་བཞི་དང་ལྡན་པ། དེ་ཡང་ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། དེ་ཡང་རྟ་རྔ་ཙམ་ནས་མདའ་སྨྱུག་ཙམ། སྦ་ལྕག་ཙམ་པ། ལུས་རིལ་པོ་དབུ་མ། དེ་རྒྱ་ཇེ་ཆེར་སོང་། ནམ་མཁས་གར་ཁྱབ་དབུ་མས་ཁྱབ་པར་བསམ། སླར་ཡང་ཇེ་ཕྲ་ལ་སོང་། སྦ་ལྕག་ཙམ་དུ་གསལ། གཡས་སུ་རོ་མ་དམར་མོ་ཡར་སྣ་སྣ་བུག་གཡས་ལ་ཟུག་པ་དང་། གཡོན་ན་རྐྱང་མ་དཀར་མོ་ཡར་སྣ་སྣ་བུག་གཡོན་ལ་ཟུག་པ། གཉིས་ཀའི་མར་སྣ་དབུ་མའི་མར་སྣར་ཟུག་པ། དེ་ཡང་རྩ་གསུམ་གྱི་རྩ་བ་ཡི་གེ་ཆའི་འཕོངས་ལྟ་བུའོ། །རྩ་གསུམ་པོ་ལུས་ཀྱི་ཀ་བའི་ཚུལ་དུ་གནས་པའོ། །དེ་ལྟར་གནས་པའི་རྩ་དབུ་མ་ལ་མཁར་བཙལ་ཏེ་སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པར་བརྒྱད་གཉིས་བཅུ་དྲུག །སྤྱི་བོར་སུམ་བརྒྱ་དྲུག་ཅུ། ལྟེ་བར་དྲུག་ཅུ་རྩ་བཞི། གསང་གནས་སུ་ཉི་ཤུ་རྩ་བརྒྱད། རྩ་འཁོར་དེ་རྣམས་གདུགས་ཀྱི་རྩིབས་མ་ལྟར་གསལ་བའོ། །དེ་ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟར་གསལ་བའོ། །དབུ་མ་དེའི་ནང་དུ་མར་སྣར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། མི་ཤིགས་པའི་ཨ་ཐུང་སྐྲ་རྩེ་ཙམ་དབུ་མའི་ནང་དུ་ཚུད་པ་མེ་འོད་ཕྲོམ་ཕྲོམ་འབར་བ་ལ་ཤེས་པ་གཏད། དེའི་ངང་ནས་རླུང་རོ་དགུ་ཕྲུགས་སུ་འབུད་ཅིང་། དེ་ནས་རླུང་ནང་དུ་རྔུབ་སྟེ། ལྟེ་འོག་ཏུ་ཁ་སྦྱོར་བཟུང་ངོ་། །དམིགས་པ་ཨ་ཐུང་མེ་འོད་འཕྲོས་བ་ལ་གཏད་འོག་རླུང་བསྐུམ། རླུང་མི་ཐུབ་པ་དང་རྔུབ་ཆུང་བྱེད་ཅིང་དལ་བུས་སྣ་ནས་གཏང་། དེ་ལ་གོམས་པ་དང་མེ་ལྟེ་འོག་ཏུ་འབར་བ་ལ་དམིགས་པ་གཅིག དེ་ནས་སྙིང་ག་མགྲིན་པ་རྣམས་རེ་རེ་ལ་དམིགས་པ་རེ་རེ་བྱེད། དེ་དང་བསྟུན་ནས་རྔུབ་ཆུང་རེ་བསྣན་ཏེ་བསྒོམ། ལག་གི་མཛུབ་མོ་བསྣོལ་ཏེ་པུས་མོར་འཁྱུད་ལ་སྤྲུགས་པར་བྱའོ། །ཕོ་བ་བསྐོར་བ་བརྒྱ་རྩ་རེ་ཡང་བྱ། མགོ་བོའི་གཡས་གཡོན་གདུགས་ལྟར་བསྐོར། །གཡས་གཡོན་ཕྱོགས་བཞི་དག་ལ་འཕང་། །ལག་པ་གཡས་གཡོན་རེས་མོས་འཕང་། །རོ་སྟོད་གཡས་གཡོན་རེ་མོས་གཅུད། །སྨད་ལྡོམ་རྐང་པ་རེས་མོས་བཤད། །དེ་ལྟར་བརྩོན་འགྲུས་དྲག་པོས་འབད། །ཡང་རླུང་རྔུབ་སྟེ་ལུས་ཀྱི་ནང་ཐམས་ཅད་མེས་གང་། བ་སྤུའི་བུ་ག་ཐམས་ཅད་མེ་སྟག་ཕྲོམ་ཕྲོམ་ལ་ཤེས་པ་གཏད་ནས་རླུང་བསྒོམ། དེ་ནས་གང་མཐོང་གི་ས་དང་ནམ་མཁའ་ཀུན་མེས་གང་བར་བསམ་སྟེ་རླུང་དྲག་པོར་དགང་། རྔུབ་ཆུང་ལྔ་ལ་བརྡབ་སྤྲུགས་རེ་རེའམ་གསུམ་གསུམ་བྱེད། མཐར་དྲག་པོར་བུས། རྗེས་ལ་འཇམ་རླུང་གིས་ཁ་བརྒྱན་ནོ། །དེ་ནས་འཕྲུལ་འཁོར་རྣམས་ལ་འབད། དེས་ལུས་ཀྱི་རྩ་མདུད་གྲོལ་བས་ལུས་ལ་བདེ་དྲོད་སྐྱེའོ། །གསུམ་པ་རྗེས་ནི། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་སུ་གྱུར་པ་འགྲུབ་ཅིང་དེ་ལས་བྱུང་བའི་དགེ་བ་རྣམས་འདུན་པ་དྲག་པོས་བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཛཱ་ཧ་བཱི་ར་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྨོན་ལམ་ནི། འཚོ་བའི་རྒྱུན་བཅད་རླུང་སྦྱོར་གྱིས། །མ་རིག་འཁྲུལ་པ་དག་གྱུར་ཏེ། །རྩ་གསུམ་དབང་བསྒྱུར་འཇའ་ལུས་སྐུ །ཚེ་འདིར་མངོན་དུ་འགྱུར་བར་ཤོག །ཤིས་བརྗོད་ནི། བདེ་སྟོང་ཆོས་ཉིད་འགྱུར་མེད་ཐུགས། །གྲགས་སྟོང་རྒྱུན་ཆད་མེད་པའི་གསུང་། །སྣང་སྟོང་གསལ་འགྲིབ་མེད་པའི་ཐུགས། །འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །འདི་ལྟར་གདམས་པ་འདི་ཐོག་མར་ཞག་བདུན་ངེས་པར་བྱ་ཞིང་། ཕྱི་ནས་ཇ་སོགས་མེད་པར་ཞག་བརྒྱ་གཅིག་ཡན་ངེས་མེད་གང་ཐུབ་ལ་འབད་ཅིང་། དུས་རྒྱུན་པར་ཡང་བཟའ་བཏུང་བྱེད་དུས་དང་། དགེ་སྦྱོར་གྱི་ཐུན་མཚམས་ཐམས་ཅད་དུ་ཟོས་པའི་ལག་རྗེས་སུ་རབ་འཇའ་ལུས་མངོན་དུ་འགྱུར་བ་དང་། དེ་མིན་ཡང་ཐུག་པ་རྩམ་པ་སྤངས་ནས་ལོ་དང་ཚེ་ཧྲིལ་པོ་བའི་ཉམས་ལེན་བྱ་གསུངས་སོ། །ཕན་ཡོན་ནི། དེ་ལྟར་ཉམས་སུ་བླངས་པས། གནས་སྐབས་སུའང་དགེ་སྦྱོར་འགྲིབ་རྐྱེན་གྱི་དཀོར་སྤྱི་དང་། ཁྱད་པར་ལོག་འཚོ། གཤིན་ཟས་དད་ཟས་སོགས་ཀྱི་ཉེས་པ་ཁེགས་ཤིང་དཀའ་ཐུབ་བྱས་པས་ལས་སྒྲིབ་དཔག་མེད་འཛད་ཅིང་ཟས་སོགས་ཚེ་འདིའི་དབང་དུ་མི་འགྲོ་བ་དང་། རང་གི་སྟོན་པ་ནས་གོང་མ་རྣམས་ཀྱི་རྣམ་ཐར་དང་མཐུན་པས་གདུང་འཚོབ་པར་ཡང་འགྲོ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །འདི་ཞག་བདུན་ཕྲག་གཅིག་ཐེངས་པས་ཡི་དྭགས་ཀྱི་སྐྱེ་སྒོ་གཅོད་པར་ཨོ་རྒྱན་གྱིས་བྲོ་བོར་ཞིང་། གཉིས་པ་བཏང་བས་རླུང་གི་གེགས་སེལ། གསུམ་པ་བཏང་བས་རླུང་གི་མདངས་རྙེད། མང་དུ་བཏང་བས་གྲུབ་ཆེན་ཛཱ་ཧ་བཱིར་ལྟར་འཇའ་ལུས་བརྙེས་པ་ལ་སོགས་པའི་ཕན་ཡོན་ཤིན་ཏུ་ཆེ་ཞིང་། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་མྱུར་དུ་སྟེར་བས་ཚེ་བློས་བཏང་ནས་ལག་རྗེས་ཐོན་པ་གལ་ཆེའོ། །གདམས་པ་འདི་ཚེ་བློས་བཏང་དང་། དབང་བཞི་ཐོབ་པ་ལ་མ་གཏོགས་གཞན་ལ་བྱིན་ན། དྲང་སྲོང་ཆེན་པོ་རཱ་ཧུ་ལ་སོགས་གཟའ་ཆེན་བརྒྱད་ལ་བཅོལ་གཏད་ཡོད་པ་ལགས་པས། རང་སྲོག་ལ་གཅེས་སྤྲས་གལ་ཆེའོ། །ཟུར་སོགས་མ་དག་ལྷག་ཆད་བྱུང་བ་རྣམས། །རིན་ཆེན་བླ་མ་མཆོག་དང་ལྕམ་དྲལ་དང། །བཀའ་སྲུང་དྲང་སྲོང་སྡེ་བརྒྱད་ལ་སོགས་པའི། །བཤགས་ཡུལ་ཇི་སྙེད་མཆིས་པས་བཟོད་པར་བཞེས། །ཞེས་ཛཱ་བཱིར་གྱི་རླུང་ཁྲིད་བཅུད་ལེན་འཇའ་ལུས་མངོན་གྱུར་ཞེས་པ་འདི་ནི་ལྷོ་སྤྱན་ལུང་གི་སའི་ཆར། དཔལ་མཆོག་གི་ཕོ་བྲང་སྒྲུབ་གནས་ཆེན་པོ་འབྲོག་ཤེལ་སྟོད་རི་བོ་ཆེར་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སླར་ཡང་ངུར་སྨྲིག་གིས་རྣམ་པར་རོལ་པ་བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་བློ་བཟང་བྱམས་པ་ཕུན་ཚོགས་མཚན་ཅན་གྱི་བཀའ་འབངས་ཐ་ཤལ་པ། ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་ཟིན་བྲིས་བཏབ་པ་དགེ། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).