Terdzo-KHI-005

From Rinchen Terdzö
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་

thugs dam gsang ba'i lha mchog rdo rje phur pa thugs kyi thig le'i dbang skur bklag chog tu bkod pa ye shes bcud 'dren

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  དཔལ་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེ་ (Dpal rdo rje gzhon nu thugs kyi thig le)
Volume 32 (ཁི) / Pages 123-186 / Folios 1a1 to 32b2

[edit]

༄༅། །ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ།། བླ་མ་དང་དཔལ་ཆེན་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དབྱིངས་ལས་སྐུར་བཞེངས་དབང་སྔོན་བརྗིད་པའི་རིར། །མི་གནས་ཡེ་ཤེས་ཉི་ཟེར་འབུམ་འཕྲོ་བས། །སྒོ་གསུམ་འཕོ་བཅས་སྒྲིབ་པའི་མུན་སེལ་བ། །བླ་མ་རྡོ་རྗེ་གཞོན་ནུས་རྗེས་བརྩེར་མཛོད། །གཞིར་གནས་རྡོ་རྗེ་བཞི་ཡི་ས་བོན་ནི། །སད་བྱེད་རྒྱུ་དུས་དབང་བསྐུར་འཕྲུལ་གྱི་གསང། །ལེགས་པར་འབྱེད་བྱེད་བརྒྱུད་པའི་ཕྱག་བཞེས་ཉིད། །འཁྲུལ་མེད་གོ་སླའི་ཚིག་ཏུ་བསྡེབ་པར་བྱ། །འདིར་ཨོ་རྒྱན་ཆོས་རྗེ་གླིང་པའི་ཟབ་གཏེར་ཕུར་པ་ཐུགས་ཀྱི་ཐིག་ལེའི་རྩ་བའི་དབང་སྐུར་བསྒྲུབ་པ་ལ། དབང་ཐོབ་དམ་ཚིག་ལ་གནས་ཤིང་ཉེ་བར་བསྙེན་པ་སྙིང་རྗེས་གཞན་ལ་ཕན་པར་འདོད་པ་རྡོ་རྗེ་སློབ་དཔོན་དུ་འོས་པའི་སྔགས་པས། གཞུང་ལས་བཤད་པའི་སྒྲུབ་གནས་ཁྱད་པར་ཅན་ནམ། ཡིད་མཐུན་འགལ་རྐྱེན་དང་བྲལ་བའི་གནས་དེར་སློབ་མ་རྗེས་སུ་འཛིན་པའི་བྱ་བར་འཇུག་པ་ལ། རྒྱས་པ་སྒྲུབ་ཆེན་དང་འབྲེལ་མ། འབྲིང་པོ་དབང་སྐུར་ཉིན་གཅིག་མ། བསྡུས་པ་བདག་འཇུག་ལ་བསྒྲལ་དབང་སྦྱར་བའི་ཕྱག་སྲོལ་གསུམ་དུ་མཆིས་པའི་དང་པོ་ནི་དབང་སྐུར་དཀྱུས་མ་ཙམ་ལ་ལག་ཏུ་མི་ལོན་ཞིང་། ཕྱི་མས་ནི་སྨིན་སློབ་རྩ་དབང་གི་གོ་མི་ཆོད་པས། བར་མ་ཉིད་འདིར་འཆད་པར་བྱའོ། །དེའང་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་ལ་བརྟེན་པའི་སྤྲོས་པ་ཉེར་བསྡུའི་དབང་དུ་བྱས་ཏེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བ་གསུམ་མོ། །དང་པོ་ལ་ལྔ། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན། དཀྱིལ་འཁོར་སྒྲུབ་རྫས་འདུ་བྱ་བའོ། །དང་པོ་ས་ཆོག་ནི་རས་བྲིས་དང་སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྤྲོས། གཉིས་པ་ལྷ་སྟ་གོན་ནི། སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜལ་དྲི་བཟང་གིས་བྱུགས་པ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། མཐའ་སྐོར་དུ་སྨན་རཀ་གཏོར་མཆོད་འདུ་བྱས་ལ། རང་ཉིད་སྐད་ཅིག་གིས་ཆུ་ལས་ཆུ་ལྦུར་བཞིན་དུ་གཉུག་མའི་དཔལ་ཆེན་པོ་ཧེ་རུ་ཀ་ཡུམ་དང་བཅས་པའི་སྐུར་གྱུར་པར་མོས་ལ། ཀཱི་ལ་ཡ་བརྒྱ་རྩ་བཟླ། སྐྱབས་སེམས་སྔོན་དུ་འགྲོ་བའི་བཀའ་བསྒོ་ནས་བསྟོད་པའི་བར་ལས་བྱང་གཏེར་གཞུང་དང་། མཆོད་པ་བྱིན་རླབས་སོགས་ཆོག་སྒྲིག་ནས་སྦྱོར་བ་རྒྱས་བསྡུས་དམིགས་ཕྱེད་པར་བྱས་ལ་བཟླས་པ་དང་མཆོད་བསྟོད་མདོར་བསྡུས་བྱ། གསུམ་པ་བུམ་པ་སྟ་གོན་ནི། རྣམ་རྒྱལ་བུམ་པ་མགུལ་ཆིངས་སྔོན་པོ་སོ་ལྔའི་བཅུད་ལྡན། ལས་བུམ་མགུལ་ཆིངས་ལྗང་གུ་ཁ་རྒྱན་གཟུངས་རྡོར་དུང་ཆུ་བཅས་འདུ་བྱས་ལ་རྣམ་རྒྱལ་བུམ་པ་དཀྱིལ་འཁོར་དབུས་དང་། ལས་བུམ་བྱང་ཤར་ཕྱོགས་སམ་མདུན་དུ་བཞག །མཆོད་གཏོར་གྱིས་བསྐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པར་རྒྱལ་བའི་བུམ་ནང་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་ལྟེ་བར། ཨེ་གྲུ་གསུམ་མཐིང་ནག་རབ་ཏུ་འབར་བའི་ཀློང་དུ་པདྨ་ཉི་མ་རུ་དྲ་དྲེགས་པ་ཅན་གྱི་གདན་ལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། རྩིབས་བཅུར་ཁྲོ་བོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། ཕྱོགས་བཞིར་སྒོ་མ་བཞི་རྣམས་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོར་མ་འདྲེས་པ་མེ་ལོང་ནང་གི་འཇའ་ཚོན་གསལ་བ་ལྟར་རྣམ་པར་བཀྲ་བ། ལས་ཐམས་ཅད་པའི་བུམ་ནང་དུ་པདྨའི་སྡོང་པོ་དང་ཉི་མ་ལ་གནས་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་གུ་ཕྱག་གཉིས་ཐལ་སྦྱར་གྱི་བར་དུ་བདུད་རྩིའི་བུམ་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའོ། །ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །ཞེས་སོགས་ནས། ཤབྡ་པཱུ་ཛ་ཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ ཞེས་པ་ཙམ་གྱིས་མཆོད། ཧཱུྃ། སྲིད་གསུམ་གདུག་པ་བསྒྲལ་བ་དང་། །ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར། །རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་བསྟོད། །ཅེས་ཤྭ་ལོ་ཀ་གཅིག་གིས་བསྟོད། གཟུངས་ཐག་དྲངས་ལ། བདག་གི་ཐུགས་ལས་སྔགས་ཀྱི་ཕྲེང་བ་ནི། །བར་མ་ཆད་པར་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་སྲོག་དང་། །སྦྱོར་མཚམས་སྐུ་ཡི་ཆ་ལས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་མོས་ལ་ཀཱི་ལ་ཡ་དང་ལས་བུམ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱི་བདུད་རྩི་འཁྱིལ་པའི་སྔགས་ཅི་ནུས་བཟླ་ཞིང་། མཐར་དུང་ཆོས་བདུད་རྩིས་སྦགས་པའི་དྲི་ཆུ་བླུག་པ་བུམ་པར། ཨོཾ་ཨཱཿཧཱུྃ་གིས་ཕུལ་བས། རྣམ་རྒྱལ་བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བུམ་ཆུ་དང་གཉིས་མེད་དུ་གྱུར། ལས་བུམ་གྱི་ལྷ་འོད་དུ་ཞུ་སྟེ་ཆུར་ཐིམ་པས་དེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར་པར་བསམ་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་བཞག་གོ །བཞི་པ་སློབ་མ་སྟ་གོན་ནི། བགེགས་གཏོར། སྟ་གོན་རྫས་བཞི་ཉེར་སྤྱོད་ལྔ་སོགས་འདུ་བྱ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བྱས་གྲལ་ལ་འཁོད། བགེགས་གཏོར་བཏང་ལ་སྲུང་འཁོར་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱས་ལ། དང་པོ་ཀུན་སློང་འཆོས་པ་ནི། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་བར་བྱས་ནས་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཕྱིར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་མོས་བསམ་རྣམ་པར་དག་པ་དང་ལྡན་པས་གསན་འཚལ། དེ་ལ་རང་གཞན་ཐམས་ཅད་ཀྱིས་རྙེད་པར་དཀའ་ཞིང་། རྙེད་པ་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཆོས་བཅོ་བརྒྱད་དང་ལྡན་པ་འདི་ཉིད་ད་རེས་ཉིན་གྱི་སྐར་མའམ་རྒྱ་མཚོའི་གླིང་གི་ཡིད་བཞིན་གྱི་ནོར་བུ་ལྟར་ལན་གཅིག་ཐོབ་པའི་དུས་འདིར་ཤེས་ལྡན་གྱི་གང་ཟག་སྙིང་པོ་ལེན་པའི་ཐབས་ལ་འབད་རིགས་ཏེ། སློབ་དཔོན་ཆེན་པོས་རྒྱལ་སྲས་ལྷ་རྗེར་གདམས་པའི་བསླབ་བྱ་ཐ་ཚིག་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ལོག་མ་གཏོང་གསུང་གི་སྲས༔ ཞེས་གསུངས་པ་ལྟར་རྒྱུ་དང་ངོ་བོ་གྲངས་དང་དཔེ་སོགས་རྒྱུ་མཚན་དང་གཏན་ཚིགས་དུ་མའི་སྒོ་ནས་རྙེད་པར་དཀའ་ཞིང་། རྙེད་པ་དེའང་། བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང༔ ནམ་འཆི་ཆ་མེད་གློག་གི་རྩེ་དགའ་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཞེས་གསུངས་པ་ལྟར་འདུས་བྱས་ཐམས་ཅད་གཡོ་ཞིང་འཇིག་པའི་ཆོས་ཁོ་ན་ཉིད་ཡིན་པའི་ཕྱིར་ཡུན་དུ་གནས་པའི་མཐུ་སྐད་ཅིག་ཀྱང་མེད་པར་འཆི་བར་ངེས་ལ། ཤི་བའི་འོག་ཏུ་ཡང་རང་ལས་གཅེས་ཤིང་སྙིང་དུ་སྡུག་པའི་མཛའ་བཤེས་གཉེན་འཁོར་གནས་གྲོགས་ལོངས་སྤྱོད་སུ་དང་ཡང་འགྲོགས་པའི་དབང་མེད་པར་རང་ཉིད་གཅིག་པུ་མར་གསེབ་ནས་སྤུ་ཉག་བཏོན་པ་ལྟར་དགེ་སྡིག་དཀར་ནག་གི་ལས་ཁོ་ན་ཙམ་ཞིག་ལྷན་ཅིག་འགྲོགས་ལ། རྣམ་པར་སྨིན་པ་བདེ་སྡུག་རྒྱུ་འབྲས་ཀྱི་ངང་ཚུལ་མི་བསླུ་བར་ཉམས་སུ་མྱོང་ཞིང་སྲིད་རྩེ་ནས་མནར་མེད་ཀྱི་བར་འགལ་མེའི་འཕྲུལ་འཁོར་ལྟར་འཁོར་བར་འགྱུར་ལ། དེ་ཉིད་སྡུག་བསྔལ་གསུམ་གྱི་རང་བཞིན་ཉམ་ཐག་འཐོན་པར་དཀའ་བ་སོགས་ཉེས་དམིགས་དང་སྐྱོན་གྱི་འབྱུང་གནས་ཡིན་པས་ན་མྱུར་བ་ཉིད་དུ་ཐར་པ་དམ་པའི་གོ་འཕང་དོན་དུ་གཉེར་དགོས་ཤིང་དེ་ཐོབ་པའི་ཐབས་སུ་ཟབ་མོའི་ཆོས་ལ་འཇུག་པར་བྱ་དགོས། དེ་ལའང་གང་ཟག་དམན་པ་འགའ་ཞིག་ཚེ་འདིའི་ནད་གདོན་ཞི་ཞིང་ཚེ་དཔལ་སྙན་གྲགས་སྟོབས་འབྱོར་ཙམ་ཞིག་རེ་བའི་བློས་འཇུག་པ་དང་། འགའ་ཞིག་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ཞེ་འཚེར་བས་དེ་ལས་ལྷ་མིའི་རྟེན་བཟང་ཐོབ་པའི་འདོད་པས་དོན་དུ་གཉེར་བ་ཡོད་མོད་ཀྱི། དེ་གཉིས་ཀ་ཡང་དག་པའི་བློ་ཅན་མ་ཡིན་ཏེ། ཞུས་ལེན་ལས། འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་ཡིན་ལ། འོ་ན་ཇི་ལྟ་བུ་ཞིག་བྱ་སྙམ་ན། ཁམས་གསུམ་གྱི་འཁོར་བ་ནི་མཐོ་དམན་གང་དུ་སྐྱེས་ཀྱང་རྣམ་མང་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་པས་གནས་སྐབས་ལྟར་སྣང་གི་བདེ་བ་སྒྲུབ་པའི་རྒྱུ་འབྲས་ཀྱི་ཆོས་དང་། སྲིད་པའི་བདེ་འབྱོར་གང་ལ་ཡང་མ་ཆགས་པས་སྙིང་པོ་མེད་པ་སྦུན་པ་ལྟར་ངེས་པ་ཞིག་དང་། དེར་མ་ཟད་ཇི་སྐད་དུ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་གསུམ་ཡིན༔ དེ་ཉིད་སྐྱེད་ཐབས་བྱམས་དང་སྙིང་རྗེ་སྟེ༔ འཇིག་རྟེན་འདི་ན་སྡུག་པ་ཕ་མ་ཡིན༔ ཀུན་ལ་ཕ་མར་ཤེས་མཛོད་གསུང་གི་སྲས༔ སེམས་ཅན་ཡོངས་ཀྱིས་བདག་གི་ཕ་མ་བྱས༔ ལན་རེ་མ་ཡིན་ཀུན་ཏུ་བྱམས་པས་བསྐྱངས༔ དྲིན་ཅན་མར་གྱུར་འགྲོ་འདི་སྡུག་བསྔལ་ན༔ འགྲོ་དོན་ཐུགས་རྗེ་ཆེར་སྐྱེད་གསུང་གི་སྲས༔ ཞེས་གསུངས་པ་བཞིན་ཐེག་པ་འོག་མ་ལྟར་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བློས་རང་དོན་ཞི་བདེ་ཕྱོགས་གཅིག་ཏུ་ཞེན་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ་ཚད་མེད་པས་ཀུན་ནས་བླངས་ཏེ་དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོར་སྦྱོར་འདོད་ཀྱི་བསམ་པ་ཐུན་མོང་མིན་པས་གསང་སྔགས་ཟབ་མོའི་ཆོས་དོན་དུ་གཉེར་བ་ཞིག་དགོས། དེ་ལྟར་བགྱིས་ན་གནས་སྐབས་ཀྱི་བདེ་འབྱོར་མི་འདོད་ཀྱང་ཞར་ལ་འབྱུང་བ་ནི། ཇི་སྐད་དུ། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང་། །སཱ་ལུ་རྙེད་ནས་སྒྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་ཡིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ཡང་། །མ་བསྒྲིམས་བཞིན་དུ་མི་ཡི་ལོངས་སྤྱོད་འགྲུབ། །ཅེས་འཇིག་རྟེན་ན་སོ་ནམ་དོན་དུ་གཉེར་བ་དག་འབྲས་བུའི་ཞོར་ལ་སོག་ཕུབ་འབྱུང་བ་ཆོས་ཉིད་ལྟར། བྱང་ཆུབ་དོན་དུ་གཉེར་ན་གནས་སྐབས་ཀྱི་ཕུན་ཚོགས་ཤུགས་ལ་འགྲུབ་ཚུལ་དཔེ་དང་བཅས་ཏེ་གསུངས་པ་ལྟར་ལགས་ན། དེ་བས་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་དོན་དུ་གཉེར་བ་ཡང་དག་བསམ་པ་ཆེན་པོ་དང་ལྡན་པས་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་གཉིས་པ་གསོལ་བ་འདེབས་ཤིང་གནང་བ་སྦྱིན་པ་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སྲིད་པ་རྡོ་རྗེ་སྒྲུབ་པའི་ལྷ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སྣོད་དུ་དགོངས་ནས་སྤྲོ་བ་བསྐྱེད་ཅིང་གནང་བ་བྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་དུས་གསུམ་བྱོན་པ་ཡི༔ དཔའ་བོས་ཆོ་ག་འདི་མཛད་པས༔ བྱང་ཆུབ་སྤྱོད་པ་བླ་མེད་ཐོབ༔ བདུད་སྡེ་དཔུང་བཅས་མི་བཟད་བཅོམ༔ དེ་ཕྱིར་དེ་རིང་ཁྱོད་ཉིད་ཀྱང༔ དཔའ་བོ་མཆོག་གི་རྗེས་གཞུག་ཕྱིར༔ རྡོ་རྗེའི་དབང་བསྐུར་ཆོ་ག་སྦྱིན༔ གསུམ་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། དེ་ནས་ཆོས་ཐམས་ཅད་ཀྱི་འཇུག་སྒོའམ་རྨང་གཞིར་གྱུར་པ་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་ཡི་དམ་དབྱེར་མེད་དུས་གསུམ་གྱི་དཀོན་མཆོག་སྐྱབས་ཡུལ་ཀུན་འདུས་སུ་ངེས་པའི་སྤྱན་སྔར། དགྲ་གཉེན་རིས་སུ་མ་ཆད་པའི་མར་གྱུར་གྱི་འགྲོ་བ་མཐའ་དག་འཁོར་བ་ལས་བསྒྲལ་ཕྱིར་སྙིང་པོ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་ཀྱི་སྙིང་པོར་བཟུང་བའི་བློས་འདིའི་རྗེས་ཟློས་མཛོད། ན་མོ། དཔལ་ཆེན་ཁྲག་འཐུང་སོགས་སྐྱབས་འགྲོ་ལན་གསུམ། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་བསྐྱེད་པ་ལ་སྤྱིར་ཁམས་གསུམ་གྱི་འགྲོ་བ་སྒོས་ལས་ངན་གྱི་རང་གཟུགས་ཞིང་བཅུའི་དགྲ་བགེགས་འདི་དག་སྙིང་རྗེས་བསྒྲལ་འདྲེན་གྱིས་གཞན་ཕན་བྱང་ཆུབ་ཀྱི་གོ་འཕང་ལ་བཞག་པར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ནམ་མཁའི་མཐའ་ཁྱབ་སོགས་ཀྱིས་སེམས་བསྐྱེད་ལན་གསུམ་བྱ། བར་འདིར་གསར་རྙིང་གི་དབང་ཆོག་རྣམས་ལས་སྟ་གོན་སྐབས་སྡོམ་བཟུང་ཡོད་མེད་སྣ་ཚོགས་སྣང་ཡང་། ཨོ་རྒྱན་ཆེན་པོའི་རྒྱ་གཞུང་རྩོད་མེད་ཕུར་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་ལས་སྟ་གོན་སྐབས་ཚོགས་གསག་སྡོམ་གཟུང་རྒྱས་པར་གསུངས་པར་མ་ཟད་དབང་གཞུང་འདི་གའི་དངོས་བསྟན་གྱི་སྟ་གོན་སྤྲོ་བསྐྱེད་སྡོམ་བཟུང་གཉིས་པོ་འདིར་སྣང་བ་ལྟར། བཞི་པ་ཚོགས་གསག་ཅིང་སྡོམ་པ་གཟུང་བ་ནི། སླར་ཡང་ཚོགས་ཀྱི་ཞིང་དེ་རྣམས་ལ་སྐྱབས་སུ་འགྲོ་བ་དང་། བླ་ན་ཡོད་པ་དང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་པ་དང། ཟབ་ལམ་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་ཚོགས་མཐའ་དག་བཤགས་པ་དང་། རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བ་རྨ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་དོན་དམ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་བསྐྱེད་པ་དང་། བདེ་གཤེགས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་བྲན་དང་འབངས་སུ་དབུལ་བར་མོས་པ་དང་། ཐོག་མེད་ནས་བསགས་པའི་དགེ་ཚོགས་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་པའི་རྒྱུར་བསྔོ་བར་བགྱིའོ་སྙམ་པས་རྒྱུན་བཤགས་འདི་ཉིད་ཀྱི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ལྟར་ཚོགས་བསགས་སྔོན་དུ་འགྲོ་བས་ཕྱི་ཉེས་སྤྱོད་སྡོམ་པ་སོ་ཐར་གྱི་ཚུལ་ཁྲིམས། ནང་གཞན་ལ་ཕན་པ་སྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་བ་རང་རྒྱུད་ཐབས་ཤེས་དབྱེར་མེད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་གཅིག་ཏུ་སྡོམ་པ་རིག་འཛིན་སྔགས་ཀྱི་སྡོམ་པ་མཐའ་དག་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས༔ དེང་ནས་བདག་གིས་བརྟན་པོར་གཟུང༔ ལན་གསུམ། ལྔ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འོད་སྤྲོས་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས། རིག་པ་ཧཱུྃ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་བྷནྡྷ་འཛིན་པའི་སྐུར་གྱུར། སློབ་དཔོན་གྱིས་གཡོན་དྲིལ་བུ་དང་བཅས་དུང་ཞལ་བཟུང་། གཡས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་དང་པོར་གནས་གསུམ་གྱི་ཐུགས་ཕྱག་མཚན་གསལ་གདབ་ཕྱིར་དཔྲལ་བ་ནས་བཟུང་ཡས་ནས་མར་དྲིའི་ཐིག་ལེ་བྱ་ཞིང་། ཨོཾ་ཨཱཿཧཱུྃ། དེའི་དབུས་གསུང་ཡིག་འབྲུ་གསལ་གདབ། སླར་མས་ནས་ཡར་རེག་ཅིང་། ཧཱུྃ་ཨཱཿཨོཾ། དེ་ལས་སྐུ་རྡོ་རྗེ་གསུམ་གྱི་ལྷ་ཡོངས་རྫོགས་གསལ་འདེབས་ཕྱིར་ཡས་ནས་མར་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ཉིད་ཚིག་གིས་གསལ་གདབ་པ་ནི། སྤྱི་བོར་ཟླ་བའི་གདན་ལ་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨོཾ་དཀར་པོ། མགྲིན་པར་པདྨའི་གདན་ལ་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར་པར་མོས་ལ་ང་རྒྱལ་གཟུང་བ་འདིའི་རྗེས་ཟློས་མཛོད། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བརྟན་པར་བྱ། དེ་ལྟར་ཁྱེད་རང་རྣམས་སྒོ་གསུམ་ལྷའི་བདག་ཉིད་ཡེ་ནས་ཡིན་ལ། དེ་ཉིད་ཡིན་པར་གསལ་བཏབ་ཕྱིར་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས་དེ་ལ་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། བྱས་ལ་ཉེར་སྤྱོད་སོ་སོར་སློབ་དཔོན་གྱིས་འབུལ་བའི་ཚུལ་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་རོལ་མོར་བཅས་པས་མཆོད། འདིའང་སྤྲོས་པ་བསྡུ་ན་སྔགས་རྒྱ་དམིགས་པ་ཙམ་གྱིས་འཐུས་སོ། །དྲུག་པ་སྲུང་སྐུད་གདགས་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་དམ་ཚིག་པའི་སྲུང་སྐུད་ཁ་དོག་ལྔ་ལྡན་སློབ་མའི་ལུས་ཚད་དང་མཉམ་ཞིང་རྡོ་རྗེའི་མདུད་པ་དང་ལྡན་པ་ལ། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པའི་སྲད་བུ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་དམ་ཚིག་པའི་སྲུང་སྐུད་ལ་ཐིམ་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་སློབ་མའི་སྒོ་གསུམ་གྱི་བར་གཅོད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། སྲུང་སྐུད་ཐལ་མོའི་བར་དུ་མཉེ་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ལན་ཉེར་གཅིག་སོགས་བཟླས་ལ་སྔགས་རྗེས། བྱང་ཆུབ་ཀྱི་སེམས་འཕོ་བའི་གེགས་བསྲུང་བ་གཙོ་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་དཔུང་པ་གཡས་སུ་ཉིས་བསྐོར་གྱིས་བཅིངས་ལ་མདུད་རྒྱ་བཏབ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ ལུས་ཀྱི་ཉེས་པ་སེལ་བའི་ཕྱིར༔ ཡི་དམ་སྙིང་པོའི་སྔགས་ཀྱིས་བཏབ༔ བར་ཆད་བདུད་ལས་རྒྱལ་གྱུར་ཅིག༔ རྩ་སྔགས་དང་འཁྱིལ་པའི་སྔགས་མཐར་བཛྲ་རཀྵ་ཧཱུྃ་ཕཊ༔ ཅེས་བཅིངས་ལ་མདུད་རྒྱ་དྲིའི་ཐིག་ལེ་དང་རྡོ་རྗེའི་རྒྱས་གདབ་ཀྱང་བྱ། དེ་ཡང་སྲུང་སྐུད་འཁོར་གཉིས་སུ་བཅིངས་པས་ཉིན་མཚན་གྱི་བར་ཆད་སྲུང་། འདོམ་གང་པས་གཙོ་བོར་ལུས་ཀྱི་གེགས་སྲུང་བ་མཚོན། སུམ་ལྟེབས་སུ་བགྱིས་པས་སྦྱང་གཞི་ལུས་ངག་ཡིད་གསུམ་དང་། ཁ་དོག་ལྔ་ལྡན་རྡོ་རྗེའི་མདུད་པ་གསུམ་བཏབ་པས་ཕུང་ཁམས་ཡེ་ཤེས་ལྔར་དག་པ་དང་། སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པ་མཚོན། དེས་གཙོ་བོར་ལུས་སྒྲིབ་དག་པ་དང་། གནས་སྐབས་དོ་ནུབ་རྨི་ལམ་བརྟག་པའི་བར་ཆད་སྲུང་། མཐར་ཐུག་སྐུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་ནས་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མངོན་དུ་བགྱིས་པ་ཡིན་ནོ། །བདུན་པ་སོ་ཤིང་སྦྱིན་པ་ནི། བསང་སྦྱང་། སྟོང་པའི་ངང་ལས་སོ་ཤིང་མཚན་ཉིད་དང་ལྡན་པ་ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་སློབ་མའི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ༔ ཞེས་བཟླས་པས་བརླབ། སློབ་དཔོན་གྱིས། ཨོཾ་བཛྲ་ཧཱ་ས་ཧ༔ ཞེས་བརྗོད་བཞིན་དུ་སོ་ཤིང་བྲིམ། དེ་ཡང་སློབ་དཔོན་གྱིས་སོ་ཤིང་སྦྱིན་པའི་དུས་ཐལ་སྦྱར་བར་དུ་བླང་། རྗེས་ཟློས་ཀྱི་ཚེ་མཁའ་དབྱིངས་ཀྱི་ཕྱག་རྒྱ་ཞེས་མཐེ་བོང་ལྟོ་སྦྱར་བའི་བར་སོ་ཤིང་གི་རྩ་བ་བཟུང་ནས་སོས་འཆའ་བའི་ཚུལ་དང་། སོར་མོ་རྣམས་ཐད་ཀར་བརྐྱང་བའི་གུང་མོའི་བར་སོ་ཤིང་གི་རྩེ་མོ་མེ་ཏོག་དང་ལྡན་པ་བཟུང་། དེ་ལྟ་བུའི་ཕྱག་རྒྱས་སོ་ཤིང་ཅུང་ཟད་སོས་འཆའ་བ་དང་ལྷན་ཅིག །དམིགས་པ་སོ་ཤིང་ལས་བྱུང་བའི་འོད་ཟེར་གྱིས་ཁོང་པའི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་ནག་འདུར་གྱིས་ཕྱིར་འཐོན་ཏེ་དབང་ཆེན་གསེར་གྱི་ས་གཞིར་ཐིམ་སོང་སྙམ་པ་དང་རྩེ་མོའི་མེ་ཏོག་འདོར་ཡུལ་གྱི་མཎྜལ་ལ་གཏད་དེ་དངོས་གྲུབ་ཀྱི་མཚན་མ་གསལ་པོར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མས་གནང་བའི་སོ་ཤིང་འདི༔ གསང་སྔགས་ལྷ་ཚོགས་ངོས་འཛིན་ཕྱིར༔ མཎྜལ་དབུས་སུ་བདག་འདོར་རོ༔ གང་ཡིན་ཕོ་བྲང་ལྷ་དེར་བོབ༔ ཨོཾ་བཛྲ་ཧཱ་ས་ཧ༔ ཞེས་སོ་ཤིང་འགྲིམ་དཀྱིལ་དུ་དོར་དུ་གཞུག་ལ་ལྟས་བརྟག །དེ་ལྟར་སོ་ཤིང་དོར་བས་གནས་སྐབས་ངག་གི་སྒྲིབ་པ་དག་པ་དང་། རྩེ་མོ་དབུས་སུ་ཕོག་ནས་རང་ལ་བསྟན་ན་མཆོག་དང་གཙོ་བོའི་རིག་འཛིན། ཕྱོགས་མཚམས་དང་སྟེང་འོག་ཏུ་བལྟ་ན་འཁོར་གྱི་ལྷ་དང་དེའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་མཆོག་གི་དང་། ཕྱོགས་བཞིར་བལྟ་ན་རིམ་པ་བཞིན་ཕྲིན་ལས་བཞི་དང་སྟེང་འོག་མཁའ་སྤྱོད་དང་ས་སྤྱོད། མཚམས་བཞིར་བུམ་པ་དང་དཔག་བསམ་ཤིང་དང་བ་དང་ལོ་ཏོག་ལ་སོགས་འཇིག་རྟེན་པའི་དངོས་གྲུབ་ཀྱི་ལྟས་ཡིན་ལ། གོང་གི་འབྲས་བུ་དེ་དག་ཀྱང་སོ་ཤིང་ལན་གཅིག་དོར་བས་ཕོག་ན་ཚེ་འདི། གཉིས་ཀྱི་བར་དོ། གསུམ་གྱིས་འཇིག་རྟེན་ཕྱི་མར་ཐོབ་འགྱུར་དུ་ངེས་ལ། དེར་ཡང་མ་ཆུད་པར་ཕྱི་རོལ་དུ་ལྷུང་ན་རེ་ཞིག་དངོས་གྲུབ་ཀྱི་སྐལ་བ་ཆད་པར་བཤད་པས་ཚོགས་གསག་དང་ཉམས་ཆག་སྐོང་བ་ལ་འབད་པར་རིགས་སོ། །ཞེས་བརྡ་དོན་སྤྲད། བརྒྱད་པ་ཁྱོར་ཆུ་བླུད་པ་ནི། དུང་ཞལ་གྱི་དྲིའི་ཆུ་བསང་སྦྱང་། སྟོང་པའི་ངང་ལས་དུང་ཆུ་ཁྲོ་ཆེན་གཞན་གྱིས་མི་ཐུབ་པའི་རང་བཞིན་སློབ་མའི་ཡིད་ཀྱི་སྒྲིབ་པ་སྦྱོང་ནུས་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཞེས་བཟླས་ལ་བརླབ། སྔགས་དེ་ཉིད་བཟླ་བཞིན་དུ་སློབ་མའི་ཁྱོར་བ་གཡོན་པར་བླུགས་ལ་ཧུབ་གསུམ་བཏུང་རྗེས་ལྷག་མ་རྒྱབ་ངོས་སུ་དོར་དུ་བཅུག །དེ་ལྟར་ཧུབ་གསུམ་བཏུང་བ་ནི་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། ལྷག་མ་རྒྱབ་ཏུ་དོར་བ་མི་དགེ་བ་ལས་རྒྱབ་ཀྱིས་ཕྱོགས་པའི་དོན་ཡིན། དེ་ཡང་ཁྱོར་ཆུས་གནས་སྐབས་སུ་རྨི་ལམ་གསལ་བ་དང་། སྒོ་གསུམ་སྤྱི་དང་ཁྱད་པར་ཡིད་ཀྱི་སྒྲིབ་པ་སྦྱོང་། མཐར་ཐུག་སྒྲིབ་གསུམ་བག་ཆགས་དང་བཅས་བྱང་ཞིང་དག་པ་སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ལོ། །དགུ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་སློབ་མའི་གྲངས་མཉམ་བསང་སྦྱང་། སྟོང་པའི་ངང་ལས་དྷཱིཿདང་ཧཱུྃ་ལས་སྐྱེས་པའི་ཀུ་ཤ་སྔོ་ལྗང་རྨ་བྱའི་མགྲིན་མདོག་ལྟར་འཇམ་ལ་རེག་ན་བདེ་བ། སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ནུས་པ་དང་ལྡན་པར་གྱུར། དྷཱིཿཧཱུྃ༔ བདུན་ཙམ་བཟླས་རྗེས། ཧོ༔ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩྭ་མཆོག་འདི༔ དངོས་གྲུབ་མཚན་རྟགས་གསལ་བྱའི་ཕྱིར༔ ཁྱོད་ཀྱི་ཉལ་བའི་སྔས་སུ་སྦྱིན༔ རྨི་ལམ་བཟང་ངན་ང་ལ་སྨྲོས༔ ཞེས་ཀུ་ཤ་ཕོན་ཆེ་བ་སློབ་དཔོན་གྱི་གཡས་དང་། ཆུང་བ་གཡོན་དུ་བསྣམས་ཏེ་ཕྱག་རྒྱ་བསྣོལ་མར་གཏད། སློབ་མས་ཐལ་མོ་རང་སར་བཀན་ཏེ་མ་འཆོལ་བར་ལེན། དེ་ལྟར་ཀུ་ཤ་ནི་དག་བྱེད་ཀྱི་རྩྭ་གཙང་ཞིང་དགེ་བ་ཡིན་པས་རྨི་ལམ་མི་འཁྲུགས་ཤིང་བར་ཆད་ཐམས་ཅད་སྲུང་བ་ནི་གནས་སྐབས་དང་། མཐར་ཐུག་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་ཀུ་ཤའི་གདིང་བར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་ཡིན་ནོ། །ཞེས་དོན་བཤད། བཅུ་པ་ཆོས་བཤད་པ་ནི། དེ་ནས་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཕུར་པའི་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨྲོས་ཅི་དགོས༔ གང་གི་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པར་འགྱུར༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྡོ་རྗེ་གཞོན་ནུའི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཀྱེ་རིགས་ཀྱི་བུ་རྣམས། འཇིག་རྟེན་ན་ཨུ་དུམྦ་རའི་མེ་ཏོག་བརྒྱ་ལམ་ན་འབྱུང་སྲིད་ཀྱི་དེ་བས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། དེ་ལས་གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བ་ནི་ཤིན་ཏུ་དཀོན་པས་རྙེད་པར་དཀའ་བ་རྙེད་ན་དོན་ཆེ་བ་དཀྱིལ་འཁོར་ཆེན་པོ་ལན་གཅིག་མཐོང་བས་ཀྱང་བསྐལ་པ་བྱེ་བར་བསགས་པའི་སྡིག་པ་འདག་པར་གསུངས་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཐོབ་པར་གྱུར་ན་སྨྲོས་ཀྱང་ཅི་དགོས་ཏེ། ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་རིང་པོར་མི་ཐོགས་པར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱེད་པ་མྱུར་ལམ་རྡོ་རྗེ་ཐེག་པའི་རིགས་སུ་སྐྱེས་པ་ནི། ཁྱེད་རྣམས་རྙེད་པ་ལེགས་པར་རྙེད་པ་ཡིན་པས་སྤྲོ་བ་ཆེན་པོ་བསྐྱེད་ལ་ཡང་དག་པའི་བློ་གྲོས་དང་བསམ་པ་དེ་ལས་ནམ་ཡང་མི་འགྱུར་བར་གྱིས་ཤིག །ཅེས་གདམས། འདིར་རྨི་ལམ་བརྟགས་ཤིང་བཟང་ན་སྤྲོ་བ་བསྐྱེད་པ་དང་ངན་ན་ཟློག་པའི་ཐབས་སོགས་སྤྱི་དང་མཚུངས་སོ། །དེ་ལས་བྱུང་བའི་དགེ་བ་རྣམས་ཀྱང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་དཔོན་སློབ་ལྷན་ཅིག་པར་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་། དེ་ནས་མཆོད་པ་ཁ་གསོས་ལ་བྱིན་བརླབ། ཧཱུྃ། འབར་བའི་དཀྱིལ་འཁོར་ཁྲོ་ཆེན་ལྷ་ཚོགས་ལ། །སོགས་ཉེར་སྤྱོད་ཕྱི་ནང་དང་། སྔགས་ཙམ་གྱིས་སྨན་རཀ་གཏོར་གསུམ་འབུལ། སྲིད་གསུམ་གདུག་པ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། །དེ་རྗེས་སྟ་གོན་གྱི་ལྷ་ལ་གནང་བ་ཞུ་བ་ནི་སྤོས་རོལ་དང་བཅས། ཀྱེ། དགོངས་ཤིག་དཔལ་ཆེན་ལྷ་ཡི་ཚོགས། །བདག་ཅག་ཕྲིན་ལས་རིག་འཛིན་རྣམས། །དཀྱིལ་འཁོར་ཟབ་མོ་སྒྲུབ་འཚལ་གྱིས། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །ལན་གསུམ་གྱིས་གནང་བ་གསོལ་བས་ཐོབ་པར་མོས། བཛྲ་ཨུཏྟིཥྛ། ཞེས་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱ་དང་བཅས་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་འོད་ཀྱི་དྲྭ་གུར་དུ་བཞུགས་པར་མོས་ལ། དབྱངས་གསལ་དང་ཡེ་དྷར་ཚར་གཅིག་བརྗོད་པས་བརྟན་པར་བསམ་ལ་ཚོམ་བུ་དང་མཆོད་གཏོར་བསྡུའོ། །ལྔ་པ་དཀྱིལ་འཁོར་བྲི་ཞིང་སྒྲུབ་རྫས་འགོད་པ་ནི། རས་བྲིས་ཡོད་ན་བཏིང་། མེད་ན་མཎྜལ་དྲི་བཟང་གིས་ཆག་ཆག་བཏབ་པར་ཁྲག་ཆང་གིས་གཤེར་བའི་འབྲུ་ནག་ཚོམ་བུ་ལྷ་གྲངས་མཉམ་པ་གཙོ་འཁོར་གྱི་གནས་མ་འཆོལ་བར་བཀོད། རྡུལ་ཚོན་ལ་ཕུར་པ་ཚང་མ་བཀྲམ་དགོས་ཀྱང་། རས་བྲིས་སོགས་ལ་བརྟེན་པའི་ཕྱོགས་འདིར་ཡང་གཙོ་ཕུར་གཅིག །ཁྲོ་བཅུ་ལ་གཅིག །དམ་ཅན་ལ་གཅིག་སྟེ་གསུམ་ཙམ་དང་། ལས་ཕུར་བཅས་མེད་ཐབས་མེད་པས་དེ་རྣམས་དར་ནག་གི་ཅོད་པན་སྟེགས་དང་བཅས་སློབ་དཔོན་མདུན་དུ་བཀོད། བྱང་གཏེར་སྤུ་གྲི་དང་སྟག་ཚང་ཕུར་པ་ཚིག་དོན་མཚུངས་པར་བྱིན་རླབས་ཚུལ་བརྒྱད་གསུངས་པ་ལྟར་གལ་ཆེ་ཡང་། སྤྲོས་པ་བསྡུ་བའི་སྐབས་འདིར་བྱུག་བདུག་བྲབ་པའི་རྫས་འདུ་བྱས་ལ་གཏེར་གཞུང་དྲག་སྔགས་ཀྱི་ཕུར་པ་བྱིན་བརླབ། བདག་ཉིད་དཔལ་ཆེན་པོར་གསལ་བའི་སོགས་གཏང་བ་ལས། ཚིགས་གཅད་དང་པོའི་སྐབས་ཕུར་པ་ཐལ་སྦྱར་བར་དུ་བཟུང་། སྔགས་ཀྱི་སྐབས་བསྒྲིལ། བེ་ཏ་ལཱི་སོགས་ལ་ཡུངས་དཀར་གྱིས་བྲབ། མ་གུ་ཏ་ལ་སོགས་ལ་གུ་གུལ་གྱིས་བདུག །མ་ཧཱ་རཀྟ་སོགས་ལ་ཕུར་རྩེ་རཀྟས་བྱུག །ཧཱུྃ༔ སྐུ་སྟོད་ཁྲོ་བོ་སོགས་དང་། ཆོག་བསྒྲིག་གི །ཧཱུྃ། ཁྲག་འཐུང་ཁྲོ་བོ་རོལ་པའི་སོགས། ཚིགས་གཅད་བརྗོད་དེ་དཀྱིལ་འཁོར་གྱི་དབུས་དང་མདུན་རྒྱབ་ཏུ་ཨེ་ཁྲོམ་ལ་བཀོད། དེའི་སྟེང་ལྡིང་ཁྲིའི་ཁར་རྣམ་རྒྱལ་བུམ་པ་ཆས་ལྡན། ཤར་དུ་འཛོམ་ན་གཙོ་བོ་ཁྲོ་བཅུ་དང་བཅས་པའི་སྐུ་ཙཀ །ཕྱག་མཚན་བྲིས་འབུར་གང་རིགས། མིང་དབང་གི་རྡོར་དྲིལ་བསྣོལ་མ། ལྷོར་མེ་ཏོག་གི་ཕྲེང་བ་དབུ་རྒྱན་དར་དཔྱང་དང་བཅས་པ། ནུབ་ཏུ་རྡོ་རྗེ་དང་བདུད་རྩིའི་ཐོད་པར་དར་དམར་གྱི་ཁེབས་ལྡན་ཁར་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་ཁུག་དྲུག་ཏུ་དགའ་འཁྱིལ་གཡོན་སྐོར་རེ་དང་ལྟེ་བར་མཱུཾ་ཡིག་གིས་མཚན་པའི་ཁར་སྔགས་བྱང་དང་ཤེལ་རྡོ། བྱང་དུ་དྲིལ་བུ་དང་དཔལ་དང་དུར་ཁྲོད་ཀྱི་རྒྱན་ཆས་ཀྱི་ཙཀླི་ཡོངས་རྫོགས། དཔལ་གྱི་གཏོར་ཆེན་འཁོར་ལོའི་གདན་ཅན་རྒྱན་སྤྲོས་བཟང་པོས་བརྗིད་ཅིང་སྐུ་ཙཀ་དར་མཐིང་གི་གདུགས་དང་བཅས་པ། བྱང་ཤར་དུ་ལས་བུམ། དཀྱིལ་འཁོར་གྱི་ཤར་ངོས་སུ་དབུས་སུ་མཆོད་གཏོར་བཤམས་པའི་གཡས་གཡོན་དུ་སྨན་རཀ །རྒྱབ་ངོས་སུ་ཕུར་སྲུང་དང་གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་གཏོར་མ་དང་ཆད་བརྟན། མཐའ་སྐོར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བཟུང་གཡས་སྐོར་གྱིས་ཆུ་གཉིས་ཉེར་སྤྱོད། ཤར་ལྷོ་ནས་གཡོན་སྐོར་གྱིས་དབང་པོའི་མེ་ཏོག་སོགས་ནང་མཆོད་རྣམ་ལྔ། དེ་དག་གི་ཉེ་ལོགས་ཅི་བདེ་བར་སྟེགས་ཁར་བསྒྲལ་དབང་གི་ཆས་ཟན་ལིང་དང་ཤོག་གུའི་ལིངྒ། རལ་གྲི་ཐོ་གཏུན་སོགས། པུ་རི་མཆོད་རྟེན་དཀར་ནག་གམ་སཱཙྪ་གཉིས། ཟློག་པའི་དམར་གཏོར་མཚེ་ཡུངས་ཀྱིས་བརྒྱན་པ། དགང་གཟར་བླུག །དམར་གཏོར། མནན་ཆས་ཕུང་རེ་བྱད་ཐག་མནན་སྣོད་དུར་གཡམ་རྒྱ་གྲམ་བྲིས་པ། དྲག་ཤིང་གི་ཧོམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ལ་གཉིས། སྒྲུབ་ཅིང་བདག་ཉིད་འཇུག་པ། སློབ་མ་རྗེས་སུ་འཛིན་པའོ། །དང་པོ་ནི། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས། སྐྱབས་ཡུལ་གསལ་འདེབས་ནས་གཟུང་མཆོད་རླབས་རྫོགས་པའི་བར་མཐར་ཆགས་སོང་ནས་དངོས་གཞི་དཀྱིལ་འཁོར་རྣམ་གསུམ་གསལ་གདབ་པ་ལ། ཏིང་འཛིན་རྣམ་པ་གསུམ། འབྱུང་རིམ་རི་རབ་དང་བཅས་པའི་དཀྱིལ་འཁོར་གྱི་རྟེན་གཞི་བསྒོམས་རྗེས། རི་རབ་ལ་ཕུར་པ་བཏབ་པའི་ཚུལ་གྱིས་རྒྱ་མདུད་གོང་མ་ཏོག་ལྟར་རི་རབ་ཀྱི་ཁར་ཐོན་པ། དེ་ཕྱིན་རི་རབ་ཀྱི་ཁོང་དུ་ཚུད་པའི་དབལ་ལ་ངན་སོང་གནས་བཅུ། རྒྱ་མདུད་འོག་མ་ལ་འདོད་ཁམས་གནས་དྲུག །འཆང་བཟུང་ཟུར་བརྒྱད་ཀྱི་རྐེད་མནན་གཟུགས་ཁམས་གནས་རིས་བཅུ་བདུན། ཡན་ཆད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་སྲིད་པ་ཕུར་བུའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་རྒྱ་མདུད་གོང་མའི་ནང་ཁོངས་སུ། བདག་བསྐྱེད་སྲུང་འཁོར་གཞལ་ཡས་ཁང་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རང་ཉིད་གཙོ་བོ་ཡབ་ཡུམ། གནས་རྣམས་སུ་ཁྲོ་བཅུ་ཁྲ་ཕྱག་དང་བཅས་མེ་ལོང་དང་གཟུགས་བརྙན་བཞིན་སྣང་ལ་མ་འདྲེས་གསལ་རྫོགས་སུ་བསྒོམ་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་མཚམས་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་དང་བཅས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། བདག་ཉིད་རྩ་བའི་དལ་དང་ཤར་གྱི་ཁྲོ་བོ་རྣམ་རྒྱལ་གྱི་བར་བྲིས་པའི་དཀྱིལ་འཁོར་མཚན་མ་བསྒྲུབ་རྫས་དང་བཅས་པ་རང་ལ་ཞལ་སྤྲོད་ཀྱི་ཚུལ་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཞིག་མདུན་བསྐྱེད་ཀྱི་ཚུལ་དུ་གསལ་འདེབས་པ་ནི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། དེ་ལྟར་དཀྱིལ་འཁོར་གསུམ་ཀ་གྱེར་ཚིག་གཅིག་ཁོ་ནས་གསལ་འདེབས་ལ་བྱིན་རླབས་དབང་སྐུར་རྒྱས་གདབ་བྱ། ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས་སྔར་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པའང་སྤྱན་དྲངས་ལ་བསྟིམས་ཏེ་བཞུགས་གསོལ་ཕྱག་མཆོད་བསྟོད་པ་ཛཔ྄་བསྐུལ་གྱི་བར་བཏང་། སྒྲུབ་མཆོད་མིན་པའི་དབང་སྒྲུབ་དཀྱུས་མ་ཙམ་གྱི་སྐབས་མཆོད་པའི་རིགས་གཏེར་གཞུང་ཁོ་ནས་ཆོག་ཅིང་མཆོད་ཕྲེང་ཚིག་ཚོགས་གཞན་མི་དགོས་སོ། །བདག་ཉིད་རྩ་བའི་དཀྱིལ་འཁོར་གྱི་དཔལ་ཆེན་པོའི་ཐུགས་རིན་ཆེན་ཟུར་བརྒྱད་པའི་དབུས་སུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་ཡེ་ཤེས་སེམས་དཔའ་དཀར་པོ་ཚོན་གང་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་ཅུང་ཟད་བརྐྱང་བསྐུམ་དུ་བཞུགས་པ་ལོངས་སྐུ་ཞི་བའི་རྒྱན་ཆ་ལུགས་རྫོགས་པའི་ཐུགས་ཀར་ཉི་ཟླ་བརྩེགས་མའི་དབུས། རྡོ་རྗེ་ནས་འབྲས་ཙམ་པའི་ལྟེ་བར་ཧཱུྃ་མཐིང་ཡུངས་འབྲུ་ཙམ་པའི་མཐར་ཀཱི་ལ་ཡའི་སྔགས་ཕྲེང་ལྗང་གུ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས་དང་ཁྲོ་བོའི་ལྷ་ཚོགས་ལ་ཕོག །རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། རྩ་བ་གསུམ་གྱི་ཐུགས་དམ་བསྐུལ། སྲུང་མ་རྣམས་ལས་ལ་བཙུད་ནས་གདུག་པ་ཅན་ཚར་བཅད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་པས་བསྒྲུབ་རྫས་མཚན་མའི་དཀྱིལ་འཁོར་ལ་དབང་བསྐུར་བྱིན་གྱིས་བརླབས་པས་ནུས་མཐུ་གཟི་བྱིན་དང་ལྡན་པར་བྱས། སླར་ཡང་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང་། ཡང་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་བོའི་ཐུགས་རྒྱུད་བསྐུལ། དེ་ལས་འཕྲོས་པའི་འོད་ཟེར་ཕྱོགས་བཅུའི་ཁྲོ་བོ་སྲས་མཆོག་སྒོ་སྐྱོང་ཕུར་སྲུང་ཐམས་ཅད་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་མུ་ཏིག་དམར་པོའི་ཆུན་པོ་ལྟར་བྱུང་བ་རང་གི་ལྟེ་བར་ཐིམ་པར་མོས་པ་སྟེ་དེ་ལྟར་འགལ་མེ་ལྟར་འཁོར་བ་དོ་ལིའི་དམིགས་པ་དང་བཅས། གཙོ་བོ་བསྙེན་སྔགས་འབྲུ་བཅུ་བཞི་པ་དང་། རྗེས་སུ་བཞི་སྙིང། ཁྲོ་བཅུ། སྲས་མཆོག་བཅས་པ་ཡང་ཆ་ཤས་རེ་བཟླ། དབྱངས་གསལ་ཡིག་བརྒྱ་སྦྲེལ་མ་གསུམ་གྱིས་ལྷག་ཆད་བསྐངས་ལ་སྟོང་ཚིགས་འབུལ། བུམ་སྒྲུབ་སྟ་གོན་སྐབས་སོང་ཟིན་པས་ལོགས་སུ་མ་བསྒྲུབ་ཀྱང་ཆོག་ལ་སྤྲོ་ན་འདིར་བསྐྱེད་བཟླས་འོད་ཞུ་བཅས་བྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་སྐོང་བསྒྲལ་བསྟབ་ཡན་གྲུབ་པ་དང་སྤྲོ་ན་བདག་འཇུག་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་བས་སྐབས་དོན་འགྲུབ་བོ། །གཉིས་པ་སློབ་མ་རྗེས་སུ་འཛིན་པའི་བྱ་བ་ལ་གསུམ། འཇུག་པ། དབང་སྐུར། རྗེས་རིམ་མོ། །དང་པོ་ལ་གཉིས། ཕྱི་འཇུག་དང་། ནང་འཇུག་གོ །དང་པོ་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྟ་གོན་གྱིས་སྣོད་རུང་དུ་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། ལས་གཞུང་སྔོན་འགྲོའི་སྐབས་ཀྱི་བགེགས་གཏོར་བཏང་ཞིང་ཚིགས་བཅད་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཀྱི་ཚམ་རྔམ་བཅས་བགེགས་བསྐྲད། ཧཱུྃ། ང་ནི་རང་བྱུང་ནས། བཛྲ་རཀྵ་མཱཾ། ཞེས་པའི་བར་བརྗོད་ལ་སྲུང་འཁོར་བསྒོམ། བླ་མ་ཡི་དམ་དབྱེར་མེད་ཀྱི་སྤྱན་སྔར་དབང་བཞི་ཡོངས་རྫོགས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་རྒྱས་པར་འབུལ་གཞུག་ལ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་བྱས་ཏེ། མཐར་ཐུག་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་གསན་ལ་དོན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་དང་། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ལ་གསན་འཚལ། དེའང་འོ་སྐོལ་གྱི་སྟོན་པ་ཐབས་ལ་མཁས་ཤིང་ཚད་མེད་ཐུགས་རྗེའི་བདག་ཉིད་ཅན་དེས། སེམས་ཅན་གྱི་མོས་བསམ་ཁམས་དབང་སྐལ་པའི་བྱེ་བྲག་མ་འདྲེས་པར་མཁྱེན་པས་དེ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་དེ་དག་ཀྱང་མདོར་བསྡུ་ན་ཐེག་གསུམ་ཁོ་ནར་འདུ་མོད་ཀྱི་ནང་གསེས་ཀྱི་དབྱེ་བས་རྣམ་གྲངས་དུ་མར་བཤད་པ་ཡང་མི་འགལ་ཏེ། ཇི་སྐད་དུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་ཉན་ཐོས་རང་རྒྱལ་གྱི། །ཐེག་པ་སྣ་ཚོགས་ངས་བསྟན་ཏེ། །སེམས་ཅན་འཇུག་པ་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པ་ལྟར་ཡིན་ལ། བྱེ་བྲག་སྔ་འགྱུར་རང་སྐད་ཀྱི་དབང་དུ་བྱས་ན། སྤྱི་མདོ་དགོངས་འདུས་ལས། ལངྐའི་བདག་པོ་གཞན་ཡང་གང། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་གནས་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་འོ། །ཞེས་སྡེ་ཚན་གསུམ་པོར་ནང་གསེས་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་ལ། དེ་ཉིད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ཞིང་། དེ་ལས་འདིར་རྒྱུ་ཕར་ཕྱིན་ཐེག་པ་ལས། མྱུར་བ་དང་། བདེ་བ་དང་། ཐབས་ལ་མཁས་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་སྟོན་པ་ཡིན། དེ་ལ་བོད་ཡུལ་འདིར་གསང་སྔགས་གསར་རྙིང་གི་ལུགས་སྲོལ་གཉིས་སུ་གྲགས་པ་ལས་སྔ་འགྱུར་རྙིང་མ། དེ་ལ་བཀའ་གཏེར་དག་སྣང་གི་བཀའ་སྲོལ་གསུམ་དུ་ཡོད་པའི་ནང་ཚན་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་ཅིང་དུས་དང་འཚམ་ལ་བསྲེ་བསླད་མ་ཞུགས་པས་ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ཕྱོགས་ཡིན་ཅིང་། དེ་ལའང་གཏེར་ཆོས་ཀྱི་དབྱེ་བས་གཏེར་ཆེན་དང་གཏེར་ཕྲན། གཏེར་གནས་ཀྱི་དབྱེ་བས་ཕྱོགས་བཞི་དབུས་ལྔའི་གཏེར་ཁ། འདོན་དུས་ཀྱི་དབྱེ་བས་གཏེར་རྙིང་དང་གཏེར་གསར་སོགས་སུ་མཆིས་པ་ལས། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་སྐོར་དུ་གཏོགས་ཤིང་བརྒྱུད་པ་མང་པོས་བར་མ་ཆད་པའི་གཏེར་གསར་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ། སྒྲུབ་སྡེ་བརྒྱད་ལས་ཕྲིན་ལས་རོལ་པ་རྡོ་རྗེ་ཕུར་པའི་ཟབ་ཆོས་ཏེ། འདོན་པ་པོའི་གང་ཟག་ཀྱང་ཇི་སྐད་དུ། མཛའ་བོ་ནང་འཛུགས་ཚེར་མས་མཐའ་མི་འབོད༔ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་གིས་བསྟན་པ་ཨོ་རྒྱན་ཆེན་པོའི་གསུང་གི་འོད་ཟེར་རྒྱལ་སྲས་ལྷ་རྗེའི་སྐུའི་རྣམ་རོལ་གཏེར་སྟོན་རྐྱང་པའི་སྐྱེ་སྲིད་བཅུ་གསུམ་ལེན་པར་གསུངས་པའི། བཅུ་གཉིས་པ་རིག་འཛིན་ཆེན་པོ་འགྲོ་འདུལ་ཆོས་རྗེ་གླིང་པ་འཛམ་གླིང་ནམ་མཁར་སྤྱོད་པ་དང་། ཟབ་དོན་གྱི་གདམས་པར་དགོངས་སྤྱོད་རོ་གཅིག་པ་ཨ་ཙརྻ་ས་ལེའི་རྣམ་འཕྲུལ་གཏེར་ཆེན་རིག་འཛིན་སྟག་ཤམ་པ་ནུས་ལྡན་རྡོ་རྗེ་ཟུང་ལ་བཀའ་བབས་པ་སྟེ། དེའང་ཡང་ཟབ་དྲག་པོ་ལྕམ་དྲལ་སྦྲགས་མའི་ཆོས་སྐོར་གྱི་ཆ་ལག་ཏུ་སྟོད་ལས་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཆོས་སྡེ་ཡང་དག་བདེ་ཆེན་སྙིང་པོ་ཧེ་རུ་ཀའི་སྒྲུབ་སྐོར་དང་། སྨད་ལས་གདུག་ཅན་དགྲ་བགེགས་སྒྲོལ་བ་མངོན་སྤྱོད་ཕྲིན་ལས་ཀྱི་ལམ་གཙོ་བོར་སྟོན་པ་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་ཕུར་པ་སྟེ། ཡང་ཕུར་སྦྲགས་མའི་ཆོས་བཀའ་འདི་དག་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོས་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཤངས་མཚལ་གྱིས་བརྡ་ཡིག་འཕྲུལ་གྱི་པ་ཏྲར་མཛད་པ་ཙནྡན་ས་མཆོག་གི་དྲིལ་ཤིང་དང་། རྒྱལ་པོའི་མཐའ་བེར་གྱི་ན་བཟའ། ཇོ་མོ་མཚོ་རྒྱལ་གྱི་དབུ་སྐྲས་ཆིངས་སུ་བྱས། རྡོ་རྗེ་ཀླུའི་འཇིམ་པས་བྱིལ་པོར་བརླན་གྱིས་མི་འཇིགས་པར་མཛད་དེ། ཤར་ཕྱོགས་པདྨ་སྦས་པའི་ཡུལ་གྱི་བྱེ་བྲག་དྲག་པོ་ཕྲིན་ལས་ཀྱི་གནས། ཁ་རག་མགོ་དགུ་བདུད་ཀྱི་ཡུལ། གནམ་ལྕགས་འབར་བ་ཡང་རྫོང་གི་འདབས། བདུད་མཚོ་ཞིང་ལྤགས་བཀྲམ་པ་འདྲ་བར་མཚོ་གཏེར་དུ་བཞུགས་པ་ལས། རིག་འཛིན་ཆོས་རྗེ་གླིང་པས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་བ་སྐལ་ལྡན་ཀུན་གྱི་མིག་ལམ་དུ་སྟོན་བཞིན་པར་སྤྱན་དྲངས་ཤིང་། བསྙེན་སྒྲུབ་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པས་གངས་ལྗོངས་དུས་ཀྱི་རྒུད་པ་སྤྱི་དང་། ཁྱད་པར་སྒྲུབ་བརྒྱུད་བསྟན་པའི་འགལ་བྱེད་ཚར་བཅད་ཅིང་བསྟན་འགྲོའི་བདེ་སྐྱིད་ཀྱི་ལང་ཚོ་སྤེལ་བར་མཛད་པའི་ཟབ་ཆོས་འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར། ཁྱེད་རང་རྣམས་སྔོན་ཆད་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བསྒྲིབས་པ་མཚོན་བྱེད་མིག་དར་དམར་སེར་འདི་ཉིད་འཆིང་བ་དང་། དཀྱིལ་འཁོར་ཆེན་པོ་མཇལ་རྟེན་གྱི་ཚུལ་དུ་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་རྣམ་པ་རིན་ཆེན་སྣ་ལྔའི་མེ་ཏོག་ཕྲེང་བ་རེ་ཕྱག་རྟེན་དུ་གཏད་པའི་མོས་པ་མཛོད། བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་དང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་ཕྲེང་བ་ཐལ་སྦྱར་བར་དུ་གཏད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་ཆེན་པོ༔ སངས་རྒྱས་ཀུན་བདག་དཀྱིལ་འཁོར་གཙོ༔ བླ་མེད་གསང་ཆེན་དཀྱིལ་འཁོར་དུ༔ བདག་སོགས་འཇུག་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་བཀའི་གནང་བ་སྦྱིན་པར་བྱ་བ་ཡིན་ཏེ། ཨེ་མ་དུས་གསུམ་བྱོན་པ་ཡི༔ སོགས་སྟ་གོན་སྐབས་ལྟར་བརྗོད། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ་ཐ་མི་དད་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས། གཞན་ཡང་ཡི་དམ་ཞི་ཁྲོ་རབ་འབྱམས། བཀའ་སྡོད་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བགྱིད་སྙམ་པའི་འདུན་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། དེ་ནས་སྡོམ་གཟུང་མཚམས་སྦྱོར་བཅས་སྟ་གོན་སྐབས་ལྟར་བྱས་ཏེ་དམ་ལ་བཞག་པ་ནི། སྣོད་མ་ཡིན་པ་ལ་གསང་བ་བསྒྲག་པ་སོགས་དམ་ཚིག་ལས་འགལ་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བ་ལ་སྒྲིབ་པར་འགྱུར་བས་དེ་བས་ཤིན་ཏུ་གཅེས་པར་དམ་ཚིག་ཐུབ་པར་སྲུངས་ཤིག་ཅེས་ཉེས་དམིགས་གཙོ་བོར་བཤད་་་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནི༔ ཡེ་ནས་རང་བྱུང་སེམས་ལ་རྫོགས༔ དམ་ཚིག་ཉམས་ན་དེ་ལ་སྒྲིབ༔ དེ་བས་ཤིན་ཏུ་དམ་ཚིག་སྲུངས༔ བཛྲ་ཙིཏྟ་ས་མ་ཡ༔ དམ་ཚིག་བདུད་རྩིའི་ཆུ་འདི་བྱིན་པས། དཔལ་ཆེན་ཡེ་ཤེས་སེམས་དཔའི་བྱིན་རླབས་སྙིང་གར་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་བ་དང་། དམ་ལས་འགལ་ན་སྲོག་གཅོད་ཀྱི་བདུད་དང་གཤེད་མར་གྱུར་ནས་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་མི་བཟད་པ་དང་། ཕྱི་མ་མནར་མེད་པའི་དམྱལ་མེས་བསྲེག་པར་འགྱུར་བས་ན། ལེགས་ཉེས་ཀྱི་ཤན་འབྱེད་ཁྲིམས་དཔང་ལྟ་བུ་སྟེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ དམ་ཚིག་ལོག་ན་སྲེག་པར་བྱེད༔ ས་མ་ཡ་ཨ་མྲྀཏོ་ཨུ་ད་ཀ་ཐ༔ ཞེས་དམ་ཆུ་བླུད་དོ། །གཉིས་པ་དཀྱིལ་འཁོར་ནང་འཇུག་གི་རིམ་པ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་ཚད་མེད་བཞིའི་ཡེ་ཤེས་ཀྱི་རང་གཟུགས་སུ་བྱེ་བའི་ལས་ཀྱི་རྡོ་རྗེས་ཕྱག་གིས་ཁྲིད་དེ་དཀྱིལ་འཁོར་གྱི་ནང་དུ་དྲངས་ནས་དཀྱིལ་འཁོར་ལ་དད་པའི་ཡིད་ཀྱིས་བསྐོར་བ་ལན་གསུམ་བགྱིས་པའི་མོས་པ་མཛོད། ཅེས་བྱས་ལ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུར་བཅུག་ནས། ཛཿཧཱུྃ་བཾ་ཧོ༔ ཡེ་ཤེས་རང་གསལ་གྱི་སྒོ་བཞི་ཤག་གིས་ཕྱེ་བའི་མོས་པ་མཛོད། དབྱེ་བའི་ཕྱག་རྒྱ་དང་བཅས། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པ་དང་ལྷན་ཅིག་ལས་རྡོར་གྱིས་ཡོལ་བ་བསལ། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་ཁྱམས་སུ་གནས་པས་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པ་དང་བཅས་ཐལ་མོ་སྤྱི་མགྲིན་སྙིང་གར་བཏུད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མ་མཱི་ཧཱུྃ། ཨོཾ་ན་མ་ན་མཿཧཱུྃ། ལན་གསུམ་གྱིས་ཕྱག་བྱ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། འོ་སྐོལ་གནས་པའི་ས་ཕྱོགས་འདི་ཡང་ཐ་མལ་གདོས་བཅས་སུ་མ་ཡིན་པ་དཔལ་ཆེན་རོལ་པའི་དུར་ཁྲོད་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པར་གྱུར་པའི་དབུས་སུ། བདག་རྡོ་རྗེ་སློབ་དཔོན་ཡང་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་ཕྲིན་ལས་གཅིག་ཏུ་བསྡུས་པ་དཔལ་ཆེན་ཆེ་མཆོག་བཛྲ་ཀུ་མཱ་རར་གསལ་བའི་ངེས་ཤེས་བསྐྱེད་པ་དང་། ཁྱེད་རང་རྣམས་ཀྱང་སྐད་ཅིག་དྲན་རྫོགས་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་འཁོར་འདས་ཀུན་གྱི་སྤྱི་དཔལ་རྡོ་རྗེ་གཞོན་ནུའི་སྐུར་ལམ་གྱིས་གསལ་བར་གྱུར་པ་ནི། སྐུ་མདོག་མཐིང་ལ་གནག་པ། ཞལ་གསུམ་ཕྱག་དྲུག་གི་རྩ་ཞལ་མཐིང་ཁ་གཏུམ་ལ་རྔམ་པ། གཡས་ཞལ་དཀར་པོ་སྒེག་ཅིང་བཞད་པ། གཡོན་ཞལ་དམར་པོ་ཁྲོ་ཞིང་ཆགས་པ། སྤྱན་དགུ་སྡང་མིག་ཕྱོགས་བཅུར་འཁྱིལ་བ། ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། ལྗགས་འདྲིལ་ཧཱུྃ་ཕཊ་ཀཱི་ལ་ཡའི་ང་རོས་ས་གསུམ་གཡོ་བ། དབུ་སྐྲ་དང་སྨར་སྨིན་དམར་སེར་དུས་ཀྱི་མེ་ལྕེ་ལྟར་བསྐྱོད་པ། ཕྱག་གཡས་ཀྱི་དང་པོ་དང་གཉིས་པས་རྡོ་རྗེའི་མཚོན་ཆ་རྩེ་དགུ་དང་རྩེ་ལྔ་གདེངས་པ། གཡོན་གཉིས་ཀྱིས་མེ་དཔུང་དང་ཁ་ཊྭཱཾ་ག་གསོར་ཞིང་འཛིན་པ། ཕྱག་ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་བསྒྲིལ་བ། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་པ་ཚར་གསུམ་གྱི་ཕྲེང་བས་དོ་ཤལ། ཞིང་དང་གླང་ཀོས་སྟོད་གཡོགས་ཤིང་སྟག་ལྤགས་རློན་པས་སྨད་དཀྲིས་པ། ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེ་ཞག་གི་སོར་རིས་རྡོ་རྗེའི་གཤོག་པ་རིན་པོ་ཆེ་དང་རུས་པ་སྦྲུལ་རིགས་ལྔའི་ཆུན་པོ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་གདན་ལ་བཞེངས་ཤིང་འགྱིང་བ། པང་ན་དབྱིངས་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ཁ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་དང་། གཡོན་དུང་དམར་གཙོ་བོའི་ཞལ་དུ་སྟོབ་པ། ཞབས་གཡོན་ཡབ་ལ་འཁྲིལ་ཤིང་གཡས་ཡབ་དང་ལྷན་ཅིག་པར་བརྐྱང་བ་དུར་ཁྲོད་ཀྱི་ཆས་ཅན། ཡབ་ཡུམ་གཉིས་ཀའང་སྣང་སྟོང་དབྱེར་མེད་གར་དགུའི་ཉམས་ལྡན་གཏུམ་རྔམས་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་ཡབ་ཀྱི་སྐུའི་གཙུག་ཏོར་དུ་ཧཱུྃ་ཀཱ་ར། དཔྲལ་བར་གཤིན་རྗེའི་གཤེད། མགྲིན་པར་དཔལ་རྟ་མགྲིན། ཐུགས་ཀར་རྣམ་པར་རྒྱལ་བ། ལྟེ་བར་འདོད་རྒྱལ། གསང་གནས་སུ་བདུད་རྩི་འཁྱིལ་བ། དཔུང་གཡས་དབྱུག་སྔོན། དཔུང་གཡོན་མི་གཡོ་བ། བརླ་གཡས་ཁམས་གསུམ་རྣམ་རྒྱལ། བརླ་གཡོན་སྟོབས་པོ་ཆེ། ཐམས་ཅད་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི། རྣམ་རྒྱལ་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གའི་ཙིཏྟ་ཟུར་བརྒྱད་རིན་པོ་ཆེའི་གུར་ཁྱིམ་ལྟ་བུའི་དབུས་སུ་ཉི་གདན་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་འོད་ཟེར་མར་མེ་ལྟར་འབར་བ། སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་བརྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པར་བཅས་པ་ཐམས་ཅད་འཇའ་འོད་ཐིབས་སེ་བཞུགས་པའི་མོས་པ་མཛོད། དེ་ལྟར་གསལ་བཏབ་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། འོག་མིན་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ནས་རིག་འཛིན་གྲུབ་ཐོབ་བདེ་གཤེགས་རྒྱལ་བ་ཞི་ཁྲོ་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ་སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟར་བྱོན་པ། ཁྱེད་རང་རྣམས་ལྷར་གསལ་བའི་སྐུ་ལུས་ཀྱི་ཆ་ཐམས་ཅད་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོས་བདག་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བརྟན་པོ་གནང་བར་ཞུ། ཞེས་དམིགས་པ་སྤྲད་ལ། ཁྱད་པར་གྱི་འབེབ་རྫས་སམ་གུལ་ནག་སོགས་སྦྱར་སྤོས་བསྲེག །ཌཱ་དྲིལ་རོལ་མོའི་སྒྲ་མྱུར་དལ་སྤེལ་མ་དབྱངས་དང་བཅས་པས། ཧཱུྃ། མཁའ་དང་མཉམ་པའི་སོགས་ལས་གཞུང་ལྟར་གྱི་བྱིན་འབེབ་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ཀྲོ་དྷ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བརྗོད་ཅིང་ཏིང་འཛིན་བརྟན་པས་བྱིན་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་བརྟན་པར་བགྱིས་པའི་མོས་པ་མཛོད། མེ་ཏོག་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དུ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ལྟར་ཁྱེད་རང་རྣམས་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་གྱུར་པ་ལ་ཆེ་བའི་ཡོན་ཏན་མ་ལུས་པ་རྫོགས་པའི་བརྡར། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་རྟགས་ཀྱི་དབང་བསྐུར་ཞིང་གཏད་པས། མ་མོ་མཁའ་འགྲོ་དམ་ཅན་ཐམས་ཅད་ཀྱིས་རྗེ་དང་གཙོ་བོར་མཐོང་ཞིང་བཀུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་མ་ལུས་པ་ཟིལ་གནོན་དབང་དུ་སྡུད་པའི་མཐུ་དབང་ཐོབ་པའི་མོས་པ་མཛོད་ཅིག །དུར་ཁྲོད་ཆས་གཏད་ལ། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ བདུད་དཔུང་རུ་དྲ་བསྒྲལ་པའི་ཚེ༔ དཔའ་བརྗིད་རྒྱན་དུ་བྱས་པ་ལྟར༔ དེ་བཞིན་ཁྱོད་ལ་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་རང་སར་དག༔ དཔལ་ཆེན་སྐུ་རུ་ཁྱོད་གྱུར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཅེས་བརྗོད། དེ་ནས་མེ་ཏོག་དོར་བ་ནི། ཚོམ་བུའི་དཀྱིལ་འཁོར་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་གོང་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ཡོད་ཀྱི་ལྷས་བཞེས་པར་སྨོན་པས་འདིའི་རྗེས་ཟློས་དང་བཅས་དོར་བར་ཞུ། ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷས༔ རྗེས་འཛིན་བྱིན་གྱིས་རློབ་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་དུ་གཞུག་པ། དབུས་སུ་བབས་ན་རྡོ་རྗེ་གཞོན་ནུ་རྩལ། ཤར་དུ་རྡོ་རྗེ་ཐུགས་མཆོག་རྩལ། ལྷོར་རིན་ཆེན་ཡོན་ཏན་རྩལ། ནུབ་ཏུ་པདྨ་བདེ་མཆོག་རྩལ། བྱང་དུ་ཕྲིན་ལས་གྲུབ་པ་རྩལ། ཤར་ལྷོར་རྡོ་རྗེ་གསང་བདག་རྩལ། ལྷོ་ནུབ་ཏུ་རྡོ་རྗེ་དྲག་པོ་རྩལ། ནུབ་བྱང་དུ་རྡོ་རྗེ་མེ་ཏོག་རྩལ། བྱང་ཤར་རྡོ་རྗེ་སྟོབས་མཆོག་རྩལ་རྣམས་དང་། བུད་མེད་རིགས་ལ། འཁོར་ལོའི་དབང་ཕྱུག་མ། རྡོ་རྗེ་བདུད་འདུལ་མ་སོགས་རིགས་འགྲེ་བར་གདགས། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། ཐམས་ཅད་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ཆེན་གཙོ་བོའི་ཐུགས་ཀ་ཁོ་ནར་བབས་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་རྣམས་ཀྱི་ལྷ་སྐལ་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་བསྙེན་ཅིང་སྒྲུབ་པར་བྱ། ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་བརླབས་པའི་བརྡར་མེ་ཏོག་དེ་ཉིད་དབང་རྟགས་སུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། པྲ་ཏཱིཙྪ་གྲྀཧྞ་སཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སྤྱི་བོར་བཅིང་། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་གསེར་ཐུར་གྱིས་མིག་དར་བསལ་ལ། ཁྱེད་རང་རྣམས་ཐོག་མེད་ནས་ལྡོངས་པའི་མ་རིག་པའི་ལིང་ཏོག་གཉིས་འཛིན་གྱི་བདེན་རྟོག་འཐུག་པོ་དེ་ཉིད་བསལ་ཏེ་ཡེ་ཤེས་ཀྱི་མིག་གསར་དུ་སྦྱིན་པའི་མོས་པ་མཛོད། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ཙམ་གྱིས་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཆེན་པོའི་རྟེན་དང་བརྟེན་པར་བཅས་པའི་གནས་ལུགས་བཞུགས་ཚུལ། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་གདོད་ནས་རྟེན་བརྟེན་པའི་ངོ་བོར་རྫོགས་པ། གསང་བ་རང་རིག་གདོད་མའི་གཤིས་ལུགས་འཕོ་འགྱུར་བསལ་བཞག་བྲི་གང་དང་བྲལ་བ་མཚོན་བྱ་དོན་དམ་རང་བྱུང་རིག་པའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ལྟར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྱི་ནང་གསང་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཐུས་སྒྲིབ་མེད་གཅེར་མཐོང་དུ་ལྷག་གེར་མཇལ་བའི་མོས་པས་དད་གདུང་གི་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་པར་ཞུ། ཞེས་དཀྱིལ་འཁོར་དོན་བསྡུས་སུ་ངོ་སྤྲད། དེ་དག་གིས་འཇུག་པའི་རིམ་པ་སོང་ནས་ཞུགས་ནས་མངོན་པར་དབང་སྐུར་བ་ཞུ་བའི་སླད་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གཉིས་པ་དབང་སྐུར་དངོས་གཞི་ལ་གཉིས། སྟོད་ལས་དབང་བཞི་མཐའ་རྟེན་དང་བཅས་པ། སྨད་ལས་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །དང་པོ་ལ་ལྔ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། བྱིན་རླབས་གཏོར་མའི་དབང་སྐུར་བའོ། །དང་པོ་ནི། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་ལ་སེང་གེས་བཏེག་པའི་ཁྲི་པད་ཟླའི་གདན་ལ་གཙོ་བོའི་གཟུགས་ཀྱིས་འཁོད་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་དབང་ལྷ་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་དཀྱིལ་འཁོར་པ་རྣམས་དང་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་ལྷ་རྡོ་རྗེ་རྒྱལ་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། གིངྐ་ར་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་བཛྲ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་བུམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བས་རྒྱལ་ཐབས་སྤྱི་བླུགས་སུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེས་ཆུ་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། བཛྲ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རཏྣ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན་དར་དཔྱང་དང་ལྡན་པས་དབང་བསྐུར་ཞིང་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཅོད་པན་མགོ་བོར་བཞག་ལ། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་ཏུ་རབ་བསྒྲུབ་ཕྱིར། །དབུ་རྒྱན་འདི་ཡིས་མཛེས་པར་བྱོས། །ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རཏྣ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་རྒྱུད་ལ་བཞག །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་ཡུམ་རིག་པའི་ལྷ་མོ་རྣམས་ཀྱིས་པདྨ་ཧེ་རུ་ཀའི་རང་བཞིན་རྡོ་རྗེ་རྩེ་དགུ་པས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་ཆེ། །རྡོ་རྗེ་འདི་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གནས་གསུམ་དུ་གཏུགས་རྗེས་མཐར་ལག་པ་གཡས་སུ་གཏད་པ་གསོར་བའི་ཚུལ་གྱིས་སྙིང་གར་གཟུང་དུ་གཞུག །དེ་ལྟར་རྡོ་རྗེས་དབང་བསྐུར་པས་འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། པདྨ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་ཡུམ་རིག་པའི་ལྷ་མོས་ཀརྨ་ཧེ་རུ་ཀའི་བདག་ཉིད་དྲིལ་བུས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཨོཾ་མ་ཧཱ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲིལ་བུ་སྨིན་མཚམས་སུ་དཀྲོལ་མཐར་སློབ་མའི་ལག་གཡོན་དུ་སྦྱིན་ལ་དཀྲོལ་དུ་གཞུག་རྗེས་དཀུར་བརྟེན་པའི་ཚུལ་བྱེད་དུ་བཅུག །དེ་ལྟར་དྲིལ་བུས་དབང་བསྐུར་པས་ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཀརྨ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་བཞག །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཡང་ནམ་མཁར་བཞུགས་པའི་དབང་ལྷ་དེ་བཞིན་གཤེགས་པ་རིགས་ཀྱི་ཡུམ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བུདྡྷ་ཧེ་རུ་ཀའི་རང་བཞིན་རྡོ་རྗེའི་མིང་གིས་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་བསྣོལ་མ་སྤྱི་བོར་འཁྲོལ་ཞིང་། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཀྱེ་ཤྲཱི་ཧེ་རུ་ཀ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མིང་གདགས། དེ་ལྟར་མིང་དབང་ཐོབ་པས་གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། བུདྡྷ་ཀཱི་ལ་ཡའི་གོ་འཕང་མངོན་དུ་བྱེད་པའི་ནུས་པ་རྒྱུད་ལ་བཞག །སངས་རྒྱས་རིགས་ཀྱི་དངོས་གྲུབ་སྒྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱི་མཐའ་རྟེན་དུ་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཱཾ། ཞེས་རྣམ་བུམ་སྤྱི་བོར་བཞག་ལ་བུམ་ཆུ་གཏིགས། དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་པས་ལུས་གང། བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྡོ་རྗེ་སེམས་དཔའ་མཐིང་གས་དབུ་བརྒྱན་པར་གྱུར་ཅིང་། སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་དབྱེར་མེད་དུ་སིབ་ཀྱིས་ཐིམ་པས་ཡེ་ཤེས་བརྟན་པར་བགྱིས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་པར་བྱས། ཁྱེད་རང་རྣམས་ཡི་དམ་ལྷ་དང་དབྱེར་མེད་པ་མཁའ་མཉམ་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་དེ་ལ་མངའ་དབུལ་གྱི་ཚུལ་དུ་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་སོགས་སྔགས་རྒྱ་དང་བཅས་དངོས་སུ་བཤམས་པས་ཀྱང་མཆོད་དོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ནི། མདུན་བསྐྱེད་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲ་བའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ། ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བཞིན་བྱོན་པ་སྤྱི་བོ་ལ་སོགས་གནས་སོ་སོའི་ལྷ་ལ་དབྱེར་མེད་དུ་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ། སླར་ཡང་ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་ནུས་པ་བརྟན་པའི་མོས་པ་མཛོད་ཅིག །དེ་ནས་གཞུང་དངོས་བསྟན་ལྟར་ན། གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུ་ལྷ་ཡི་དབང༔ གཙོ་དང་འཁོར་དུ་ཤར་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་སྐུ་རུ་འགྲུབ་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་རོ། །རྒྱས་པར་སྤྲོ་ན་ལྷ་དབང་ཟུར་བྱང་ལྟར་གཙོ་བོ་ཁྲོ་བཅུ་རྣམས་ཀྱི་ཙཀ་ལི་གནས་སོ་སོའམ་སྤྱི་བོར་བཞག་ལ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ལྟེ་བ་ནས༔ སོགས་ནས། པྲ་མརྡྷ་ནཱ་ཡ་ཧཱུྃ་ཕཊ༔ བར་བརྗོད་ལ་ཙཀ་ལི་མ་འཛོམ་ན་གཙོ་ཕུར་དང་། ཁྲོ་བཅུའི་ཕུར་པ་ཕྱོགས་བསྡུས་ཀྱིས་དབང་བསྐུར་ཡང་རུང་ལ། དམ་ཅན་རྣམས་ལ་ནི་སྦམ་ཕུར་དུ་དམིགས་པའི་ཕུར་པ་དེ་ཀས་བསྐུར་རོ། །དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་བདེ་གཤེགས་ཞི་ཁྲོའི་གསུང་གསང་སྔགས་རིག་སྔགས་ཀྱི་བྱིན་རླབས་ཐམས་ཅད་ཀཱི་ལ་ཡའི་སྔགས་ཕྲེང་མཐིང་ཞུན་གྱི་མདངས་ཅན་འོད་ཟེར་ཉི་མ་ལྟར་འབར་བའི་རྣམ་པ་ཅན་བར་མ་ཆད་པར་བྱུང་། ཁྱེད་རང་རྣམས་ཀྱི་ལྗགས་སྟེང་པད་ཟླའི་སྟེང་ན་སྔགས་ཀྱི་འཁོར་ལོ་འོད་འབར་ལུ་གུ་རྒྱུད་དུ་འཁོར་བས་ངག་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྒྱས་བཏབ་པའི་མོས་པ་མཛོད། ཅེས་སྔགས་བྱང་མགྲིན་པར་བཞག་ཅིང་། ཕྲེང་བ་ནས་འཛིན་དུ་བཅུག་ལ་སྙིང་པོ་ལན་གསུམ་རྗེས་ཟློས་བྱ། རིག་སྔགས་ཀྱི་ནུས་པ་བརྟན་པར་བྱ་ཕྱིར་ཁྱེད་རང་རྣམས་སློབ་དཔོན་ལ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱིས་ཕུལ་པའི་མེ་ཏོག་དེ་ཉིད་ངོ་བོ་རིག་སྔགས་ལ་རྣམ་པ་མེ་ཏོག་གི་ཚུལ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསུང་གསང་སྔགས་ཀྱི་ནུས་པ་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་སྤྱི་བོར་བཞག་ལ་འཐོར། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་རང་རྩལ་འགྲོ་འདུལ་ཕྲིན་ལས་ཀྱི་ཕྱག་རྒྱ་རྣམ་པ་ཐམས་ཅད་པར་འཆར་བ། རྡོ་རྗེ་ཁ་ཊྭཱཾ་ཕུར་བུ་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་སིབ་ཀྱིས་ཐིམ་པས་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་རྟོགས་པར་བྱས་པའི་མོས་པ་མཛོད། ཕྱག་མཚན་སྙིང་གར་གཏུགས་ཤིང་ལག་ཏུ་གཏད། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྱག་རྒྱ་རྟགས་ཀྱི་དབང་བསྐུར་བས༔ ཉོན་མོངས་རྩད་གཅོད་དབྱིངས་སུ་སྦྱོར༔ ཡེ་ཤེས་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འགྲོ་དོན་རྗེས་སུ་གནང་བ་ནི། ཁྱེད་རང་སེང་གེ་ལ་སོགས་པའི་ཁྲི་ལ་དཔལ་ཆེན་པོ་དངོས་སུ་གསལ་བར་གྱུར་པའི་སྤྱི་བོར་གདུགས་དཀར་པོ་དབུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། ཕྱག་ཏུ་བུམ་པ་དང་པུསྟི་གཏད། མཐའ་སྐོར་དུ་མཆོད་པའི་བྱེ་བྲག་དུ་མ་དང་བཅས་ཏེ་མངའ་གསོལ་བས་སྲིད་ཞིར་དབང་དུ་སྒྱུར་བའི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་མངའ་དབང་རྫོགས་པར་མོས་མཛོད། མེ་ཏོག་འཐོར་ལ་རྟེན་སྙིང་བརྗོད། ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་ཕྱུངས་ཤིག༔ ཅེས་བརྗོད། དེ་ལྟར་ན་ཕྱི་ཀུན་རྫོབ་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ཕུང་ཁམས་སྣོད་བཅུད་ཐ་མལ་དུ་ཞེན་པའི་རྟོག་ཚོགས་སྦྱངས་ཏེ་ལུས་ཀྱི་སྒྲིབ་པ་དག །ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣོད་བཅུད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས། འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་ནི། སློབ་དཔོན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་རྗེས་ཆགས་བདེ་ཆེན་གྱི་མཉམ་སྦྱོར་མཛད་པའི། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་གསང་ཨཱ་ལས་པདྨའི་ཟེའུ་འབྲུ་ཨཱཿས་མཚན་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་འོད་ཟེར་དམར་པོའི་འཕྲོ་འདུས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ལས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཆགས་པ། ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བླུད་པའི་ཚེ་བྱང་སེམས་ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་དཀྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་པས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་བརྗོད་ནས་གསང་ཐོད་ཐོགས་ལ། ཧཱུྃ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས༔ རྒྱལ་སྲས་ཚོགས་ལ་དབང་བསྐུར་བཞིན༔ གཉིས་མེད་མཉམ་སྦྱོར་བྱང་སེམས་རོས༔ བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་མགྲིན་པར་བཞག་ལ་བདུད་རྩི་བྱིན། སློབ་མས། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བརྗོད་ལ་མྱང་། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསུང་གསང་བའི་དབང་ཐོབ། རླུང་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས་ཏེ་ངག་གི་སྒྲིབ་པ་དག །ལམ་དུས་སུ་བདག་བྱིན་རླབས་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒྲ་སྐད་དང་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ། འབྲས་བུ་གསུང་རྡོ་རྗེ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་ཤེར་དབང་ནི། ཁྱོད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུར་གསལ་བ་ལ། སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས། རིགས་མཐུན་གྱི་ལས་རྒྱ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་རྣམ་པར་འཕྲུལ་པའི་ལག་གཡོན་པ་བཟུང་སྟེ། རྒྱལ་བ་ཐམས་ཅད་དཔང་པོར་གསོལ་ནས་ཁྱེད་རྣམས་ཀྱི་ལག་གཡས་སུ་གཏད་པའི་མོས་པ་མཛོད། སིནྡྷུ་རའི་དཀྱིལ་འཁོར་ལག་གཡས་སུ་གཏད་ཅིང་སྙིང་གར་ཐིག་ལེ་བྱས་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད། དེ་ལྟར་གཏད་པའི་རིག་མ་དེ་དང་འདུ་ཤེས་གསུམ་ལྡན་གྱིས་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་སྟེ། བྱང་སེམས་མགྲིན་པར་བྱོན་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། མཁའ་གསང་གི་རྩེར་དཀར་དམར་གྱི་འདུ་འཕྲོ་ཞལ་མཇལ་བས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱང་བར་བྱས། སླར་ཡང་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་ཧཱུྃ་ཞེས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱང་བར་བྱས་ཏེ། མཚོན་བྱེད་དཔེའི་ཡེ་ཤེས་བདེ་སྟོང་ལྷན་སྐྱེས་ཀྱི་རང་ངོ་བརྗོད་བྲལ་གྱི་ངང་མདངས་ཅུང་ཟད་བསྐྱང་བར་ཞུ། ཞེས་དར་གཅིག་བཞག །དེ་ལྟར་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་སྦྱངས་པས་ཡིད་ཀྱི་སྒྲིབ་པ་དག །ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང་། བདེ་སྡུག་བྱུང་ཚོར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་དག་སྟེ། འབྲས་བུ་ཐུགས་རྡོ་རྗེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། བཞི་པ་ཚིག་དབང་ནི། དེ་ནས་དབང་རྣམས་ཀུན་གྱི་མཐར་ཐུག་བཞི་པ་ཚིག་དབང་རིན་པོ་ཆེ་བརྡ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ངོ་སྤྲོོད་པ་ལ། སྒོ་གསུམ་མ་བཅོས་པར་རང་བབས་སུ་ལྷོད་ཀྱིས་གློད་ནས་མན་ཤེལ་འདི་ཉིད་ལ་མིག་དབང་གཏོད་པར་ཞུ། ཞེས་མན་ཤེལ་དྲི་མེད་བསྟན་ལ། ཧཱུྃ༔ འདི་ལྟར་ཆོས་རྣམས་ཐམས་ཅད་ཀུན༔ ཐོག་མཐའ་དབུས་མེད་གསལ་ཞིང་སྟོང༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ལམ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ འདི་ནི་སངས་རྒྱས་དགོངས་པ་འོ༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེའང་མན་ཤེལ་འདིའི་དཔེས་མཚོན་ནས། རང་སེམས་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ནི། ཤེལ་གོང་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་སྣ་ཚོགས་སུ་འཆར་ཡང་ཤར་བ་ཉིད་དངོས་པོར་མ་གྲུབ་པ་བཞིན་དུ། རང་སེམས་ཡེ་ནས་དངོས་པོ་དང་མཚན་མར་གྲུབ་པ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་ཕྱིར་གཤིས་གང་དུ་ཡང་མ་གྲུབ་པ། མེད་པའི་རང་མདངས་འགག་མེད་དུ་ལྷང་ངེ་བ། སྟོང་གསལ་གཉིས་མེད་ཀྱི་རང་རྩལ་སྣ་ཚོགས་པར་ཤར་ཡང་། དོན་ལ་བདེན་པས་དབེན་པ་འདི་ནི་སེམས་ཀྱི་གནས་ལུགས་དྲི་མ་མེད་པ་ཡིན་ལ། དེའི་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེའི་རྩལ་སྣང་འགག་མེད་སྤྲུལ་པའི་སྐུ །དེ་གསུམ་ཡང་ཐ་དད་མ་ཡིན་པ་ད་ལྟའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་མ་བྱས་རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རང་ངོ་གསལ་རིག་རྗེན་ནེ་ཧྲིག་གེ་བ། སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ཀ་ལས་གཞན་གང་དུ་ཡང་ཡོད་པ་མ་ཡིན་པས། འདི་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་ལ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཆེན་ཧེ་རུ་ཀའི་དགོངས་པའང་འདི་ཀ་ཡིན་པས་དེའི་ངང་ལ་མཉམ་པར་ཞོག་མཛོད། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་ཐ་དད་འཛིན་པའི་ཤེས་བྱའི་སྒྲིབ་པ་ཆེས་ཕྲ་བ་སྦྱང་། ལམ་དུས་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་རྫོགས་རིམ་མཐར་ཐུག་པའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ལ་དབང་། སྣང་བཞི་ཟད་སར་འཁྱོལ་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ལྔ་པ་བྱིན་རླབས་གཏོར་དབང་ནི། དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་ཁྲག་འཐུང་འབར་བའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་བཞིན་བཀྲ་ལམ་མེར་གསལ་བའི། སྟེང་གི་ཆར་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་གཏིབས་པ་ལྟར་དགྱེས་འཛུམ་བྱིན་གྱིས་བརླབ་པའི་དགོངས་པ་དང་ལྡན་པས་བཞུགས་ལ། ཁྱོད་རང་རྣམས་ཀྱིས་མོས་འདུན་དྲག་པོས་གསོལ་བ་བཏབ་པས། སྐུ་ལས་འོད་ཟེར་ལྷ་སྐུ་ཕྱག་མཚན་ཡིག་འབྲུའི་ཚོགས་ཆར་བཞིན་དུ་བབས་པས་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་སྦྱངས། ལས་བཞི་གྲུབ་པ་ཆེན་པོ་བརྒྱད་དང་མཆོག་གི་དངོས་གྲུབ་མ་ལུས་པ་གནང་ཞིང་ཐོབ་པར་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ༔ ཕྱི་ནི་བ་ལིཾ་དམ་རྫས་གཟུགས༔ ནང་དུ་དཔལ་ཆེན་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་པས༔ སྒོ་གསུམ་ལས་ཉོན་དྲི་མ་སྦྱངས༔ སྣང་གྲགས་ལྷ་སྔགས་རིག་སྟོང་ངང༔ རྡོ་རྗེ་གསུམ་དུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་ལྔར་བཞག་རྗེས་སླར་ཡང་སྤྱི་བོར་བཞག་ལ། རྒྱས་པར་ན་བཀའ་བསྒོ་སྤྱི་བཞིན་བྱ། བསྡུ་ན། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་ཞུ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་དཔལ་ཆེན་པོའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་མོས་པ་མཛོད་ཅིག །བྱས་ལ་གཏོར་མའི་རས་མ་བདུད་རྩི་དང་བསྲེས་པ་དངོས་གྲུབ་ཏུ་སྦྱིན་ནོ། །གཉིས་པ་སྨད་ལས་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ་གཉིས། དང་པོ་སྲུང་ཟློག་བསད་གསུམ། མཐའ་སྡུད་སྲེག་མནན་འཕང་གསུམ་མོ། །དེ་དག་སྤྱིའི་དོན་དུ། རྡོ་རྗེ་ཕུར་པ་དྲག་སྔགས་ཀྱི་སྐོར་དང་འབྲེལ་བ་ཐུན་མོང་མ་ཡིན་པ་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ། ཞེས་མཚོན་ཆའི་མཎྜལ་འབུལ་ལོ། །དེ་ནས་ལས་སྦྱོར་དངོས་གཞི་ལ་གསུམ་གྱི་དང་པོ་བདག་འཁོར་སྲུང་བའི་ཕྲིན་ལས་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བདག་ཉིད་རྩ་བའི་དཀྱིལ་འཁོར་དུ་གསལ་བའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་རྩིབས་བཅུ་རྒྱ་ཕོར་ཁ་སྦྱོར་ལྟ་བུ་བར་མཚམས་སྲུབས་མེད་པ། ནང་སྦུབས་སྟོང་ཡངས་ཤིང་རྒྱ་ཆེ་བའི་རྩིབས་རྣམས་ལ་ཁྲོ་བཅུ་ཡབ་ཡུམ་ཕྱག་བརྙན་ཁྲ་ཐབས་དང་བཅས་པ་ཐམས་ཅད་ཀྱང་སྐུ་མདོག་ནག་པོ་ཕུར་ཞབས་ཅན་རྡོ་རྗེའི་གོ་ཁྲབ་གསོལ་བ། འཁོར་ལོའི་ཕྱི་རོལ་དུ་ཐོ་བ། རལ་གྲི །དབྱུག་ཏོ། ལྕགས་ཀྱུ། དགྲ་སཏྭ་སྟེ་མཚོན་ཆ་ལྔའི་གུར། དེའི་ཕྱི་རོལ་མེ་རི་ཁ་དོག་ལྔ་བར་དུ་ནམ་མཁའ་སྔོ་སངས་དང་བཅས་པ། དཔལ་ཆེན་པོ་དམ་ཡེ་གཉིས་སུ་མེད་པའི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ལྟ་བུའི་ནང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ། དེའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་གའུའི་ནང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་པོ། དེ་ལ་བསྲུང་བྱ་གང་ཡོད་ཐམས་ཅད་འདུས་པར་བསམ། ཧཱུྃ་གི་མཐའ་སྐོར་དུ་རྩ་བའི་སྙིང་པོ། རྡོ་རྗེའི་མཐའ་སྐོར་དུ་སྲུང་བའི་སྔགས་ཀྱི་ཕྲེང་བ་ཁ་དོག་མཐིང་ནག་གཡས་སྐོར་དུ་ཀྱི་ལི་ལི་འཁོར་བ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཐམས་ཅད་མཆོད། བྱིན་རླབས་དངོས་གྲུབ་ཐམས་ཅད་ཚུར་བསྡུས། སྲུང་བའི་གུར་ཁང་དང་བདག་ཉིད་ལ་ཐིམ། པུ་རི་དཔལ་ཆེན་ཡོངས་རྫོགས་ཀྱི་ཕོ་བྲང་དུ་གསལ་བ་སྤྱི་བོར་བཞག་པས་སྒོ་གསུམ་མི་མཐུན་པའི་ཕྱོགས་ལས་སྲུང་བའི་སྟོབས་བསྐྱེད་པར་མོས་མཛོད། པུ་རི་དཀར་པོ་སྤྱི་བོར་བཞག་ལ། ཧཱུྃ༔ སྲུང་བ་རྡོ་རྗེའི་རྫོང་ཆེན་ནི༔ ཁྲོ་རྒྱལ་ཡོངས་རྫོགས་ལྷ་ཚོགས་གསལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་བར་ཆད་བསྲུང་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ། རཀྵ་རཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ནུས་པ་བརྟན་པར་བྱ་བའི་ཕྱིར་དུ་སྲུང་བའི་སྔགས་ཀྱི་རྗེས་ཟློས་མཛོད། སྙིང་པོའི་མཇུག་ཏུ། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་སྲུངས་ཤིག་རཀྵ་རཀྵ༔ ལན་གསུམ། གཉིས་པ་མི་མཐུན་ཟློག་པའི་ཕྲིན་ལས་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛད་འཚལ། ཁྲོ་བཅུ་ཁྲ་ཐབས་ཞལ་ཕྱི་རོལ་དུ་གཟིགས་ཤིང་སྐུ་དང་སྔགས་ཕྲེང་ལས་ཁྲོ་ཆུང་དང་མཚོན་ཆ་མེའི་ཚྭ་ཚྭ་སོགས་འཕྲོས། བྱད་མ་དགྲ་བགེགས་ཀྱི་སྟེང་དུ་བབས་པས་ཁོའི་སྲུང་བའི་གུར་ཁང་བཤིགས། མགོན་བྱེད་ཀྱི་ལྷ་དང་ཕྲལ། གནོད་བྱེད་ཀྱི་བདུད་དང་སྤྲད། ཚེ་དང་བསོད་ནམས་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བདག་ལ་བསྡུས། གཟུགས་བྱེ་མའི་ཁང་བུ་ཆུས་བཤིག་པ་བཞིན་དུ་བཅོམ། སྲོག་མེ་སྟག་ཙམ་དུ་གནས་པ་དེ་ཐུམ་གྱིས་བསད། ཁྲོ་འདུས་དྲག་པོ་མཚོན་ཆའི་འཁོར་ལོ་ཕྱག་ཏུ་གཏད་པས་རྐྱེན་ངན་བར་ཆད་ཟློག་པའི་མཐུ་ཐོབ་པར་མོས་མཛོད། པུ་རི་ནག་པོ་ལག་ཏུ་གཏད་ལ། ཧཱུྃ༔ ཁྲོ་རྒྱལ་ཡོངས་རྫོགས་འདུས་པ་ཡི༔ ཟློག་པའི་འཁོར་ལོ་འདི་བསྐོར་བས༔ ཕས་རྒོལ་རིག་སྔགས་བྱད་ཕུར་སོགས༔ མི་མཐུན་ཟློག་པའི་དབང་བསྐུར་རོ༔ རྩ་སྔགས་ཀྱི་ཤམ་བུར། མཱ་ར་ཡ་བྷྱོ་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ ནུས་པ་བརྟན་པར་བྱ་བའི་ཕྱིར་དུ་ཟློག་སྔགས་དང་བདེན་སྟོབས་དམོད་པའི་ལད་མོ་མཛོད། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཟློག༔ སརྦ་ཙིཏྟ་གཟེར་ཐུཾ་བིག་ནན་ཏྲིག་ནན༔ རྦད་ཡ༔ ཟློག་ཡ༔ བྱད་མའི་ཤ་རུས་སྙིང་ལ་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ་ཟློག༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཟློག་ཡ༔ ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ། བླ་མ་ཡི་དམ་མཁའ་འགྲོ་སྟེ་བདེར་གཤེགས་རྩ་བ་གསུམ་གྱི་བྱིན་རླབས། ཏིང་འཛིན་འཕྲོ་འདུ་སྔགས་རྒོད་རྫས་ཀྱི་སྦྱོར་བའི་ནུས་མཐུ། ཆོས་ཉིད་དེ་བཞིན་ཉིད་དང་། ཆོས་ཅན་རྒྱུ་འབྲས་མི་བསླུ་བའི་བདེན་པས་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པར་སྔོན་གྱི་ལས། འཕྲལ་གྱི་རྐྱེན། ཕ་རོལ་གྱི་རྦོད་གཏོང་རིག་སྔགས་ཀྱི་སྦྱོར་བས་མནན་བསྲེགས་གཏད་ཅིང་གཟིར་བ་བསམ་ངན་སྦྱོར་རྩུབ་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ཐམས་ཅད་བྱད་མ་རང་གཤེད་རང་ལ་ཟུག་སྟེ་ཕྱིར་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །ཅེས་ཐལ་མོ་ལན་གསུམ་བརྡེབ་ཏུ་གཞུག །དེ་ནས་བསྒྲལ་དབང་ནི། སྤྲོས་བཅས་རྒྱས་པར་སྤྲོ་ན་དྲག་པོའི་ཆས་སུ་ཞུགས་ཞིང་སྨད་ལས་ཁྱབ་འཇུག་མཚོན་འཁོར་གྱི་གཟུ་དཔང་ནས་ཞལ་བསྟབ་ཀྱི་བར་དུ་གཏང་ཞིང་ཁྱད་པར་གྱི་གདབ་ཁ་དྲུག་ཀྱང་སྦྱོར་བ་དང་དམིགས་པའི་མཚམས་སྦྱོར་རྒྱས་པར་སྤྲོ་བ་ཕྱིས་ཀྱི་ཕྱག་སྲོལ་དུ་སྣང་ཡང་། གཏེར་གཞུང་གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་ལྟར་སྤྲོས་པ་འཚམ་པར་བྱེད་ན། སློབ་དཔོན་གྱི་མདུན་དུ་བྲུབ་ཁྲུང་ཉ་བོར་བཅས་པ། གདབ་ཕུར། གཡབ་དར། ལྷ་དབྱེའི་རྫས། སྒྲོལ་གྲི །སྐམ་ཐུན། ཐོ་གཏུན་སོགས་འདུ་བགྱིས། སྒྲུབ་གྲོགས་ཡོད་ཚེ་རོལ་མོའི་བྱེ་བྲག་དང་ལྡན་པས་འཁོད་པ་ལ། སློབ་དཔོན་གྱིས། དེ་ནས་ཁམས་གསུམ་པ་དགྲ་བགེགས་གདུག་པ་འདུལ་ཕྱིར་དྲག་པོའི་བསྒྲལ་དབང་གི་རིམ་པ་བསྐུར་བ་ལ། མཁྱེན་པར་གསོལ་ཞིང་གཟུ་དཔང་བྱ་བ་དང་། བྲུབ་ཁུང་དམིགས་བྱ་བསྐྱེད་པ། དམིགས་བྱ་འགུགས་པ། ཕོ་ཉ་འགྱེད་པ་དང་། ལྷ་དང་དབྱེ་བ། ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས་བསྒྲལ་བ། ཐུན་རྡེག་པ། གཏུན་ཏུ་བརྡུང་བ། ཞལ་དུ་སྟོབ་པ་རྣམས་རིམ་པར་བྱ་དགོས་པ་ཡིན་པས་ཚིག་རིས་དང་མཐུན་པར་དམིགས་པ་གསལ་འདེབས་པར་འཚལ། ཞེས་མཚམས་སྦྱར་ལ། གསེར་སྐྱེམས་འཐོར་བཞིན་དུ། ཧཱུྃ༔ རྩ་བརྒྱུད་བླ་མ་ཕུར་པའི་ལྷ་ཚོགས་རྣམས༔ དེང་འདིར་དགོངས་ཤིག་སངས་རྒྱས་བསྟན་བཤིག་ཅིང༔ མཚན་ལྡན་བླ་མའི་སྐུ་དགྲ་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ གཙུག་ལག་ཆོས་འཁོར་འཇིག་ཅིང་དགེ་འདུན་གསོད༔ ལུས་ཅན་ཀུན་འཚེ་མཚམས་མེད་ལྔ་སྤྱོད་པའི༔ རིག་འཛིན་རྣལ་འབྱོར་སྒོས་དགྲ་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ དགེ་བཅུའི་ལུགས་སྨད་མི་དགེའི་སྲོལ་ངན་གཏོད༔ སྣ་ཚོགས་ཐབས་ཀྱིས་ངན་གཡོའི་སེམས་འཆང་བའི༔ མི་བསྲུན་གདུག་པའི་དགྲ་བགེགས་སྒྲོལ་བགྱིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་གཟུ་དཔང་མཛོད༔ བྲུབ་ཁུང་དམིགས་བྱ་བསྐྱེད་པ་ནི། ཉ་བོར་རཀྟ་བྲན། ཨེ། ཞེས་བརྗོད་པས་དེ་ལས་སྤྲོས་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ་ཁ་རུབ་ལ་གཏིང་ཟབ་པ། སྟེང་ནས་ཞེ་སྡང་གི་མེ་འབར་ཞིང་། འོག་ནས་འདོད་ཆགས་ཀྱི་ཆུ་འབྲུབ་པ། ལོགས་ལ་གཏི་མུག་གི་དུད་མུན་འཁྲིགས་ཤིང་། ཁ་ཁྱེར་ལ་གཤིན་རྗེའི་ལས་མཁན་སྣ་ཚོགས་མཚོན་ཆ་ཐོགས་པས་བསྐོར་བ། ཐར་མེད་བདུད་ཀྱི་བཙོན་ཁང་དེའི་ནང་དུ་ནྲྀ་ཏྲི་ལས་སྡང་བྱེད་ཀྱི་དགྲ་དང་གནོད་པར་བྱེད་པའི་བགེགས་དེ་ཉིད་དངོས་བཞིན་ལས་མགོན་སྐྱབས་དང་བྲལ་ཞིང་མྱ་ངན་གྱིས་གདུངས་པའི་རྣམ་པ་ཅན་དུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ཁྱད་པར་དཔལ་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཕྱག་ཟ་གསོད་སྒོ་མ་དང་བཅས་པ། ལས་བྱེད་ཕོ་ཉ་ཕུར་སྲུང་དྲེགས་པ་རྣམས་ཀྱི་བཀའ་བདེན་པ་དང་། རྣལ་འབྱོར་པ་བདག་གི་ལྷག་བསམ་རྣམ་པར་དག་ཅིང་རྒྱུ་འབྲས་མ་འཆོལ་མི་བསླུ་བའི་བདེན་པ་དང་། ཏིང་འཛིན་སྔགས་རྒོད་རྫས་དང་སྦྱོར་བའི་འཕྲུལ་འཁོར་གྱི་ནུས་པས་ཞིང་བཅུ་ཚང་བའི་ལས་ངན་སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། རྒྱབ་རྟེན་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་གླ་བ་ཁྱིས་དེད་པའམ་སྦུར་མ་རླུང་གིས་བསྐྱོད་པ་ལྟར་གཟུགས་དང་ལིངྒ་འདི་ལ་ཁུག་ཅིག །ཨ་མུ་ཀ་སརྦ་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿཛཿ ལན་གསུམ་གྱིས་གཟུག་ལ་བསྟིམ། ཕོ་ཉ་འགྱེད་ཅིང་ཕྱག་རྒྱ་བཞིས་བཅིང་བ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་འབྱིན་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བླ་སྲོག་རྣམ་པར་ཤེས་པ་ཀུན༔ མ་ཤོར་མ་གཏང་ཁུག་ལ་ཤོག༔ བཏབ་པའི་དུས་ལས་མ་འདའ་བར༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དྲྭ་བར་ཆུགས༔ དྲིལ་བུ་ཅན་གྱིས་སྨྱོ་རུ་ཆུགས༔ ལས་ཀྱི་རླུང་གིས་རྒྱབ་ནས་འཕུལ༔ བསྐལ་པའི་མུན་པས་མདུན་ནས་སུས༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ༔ རང་དབང་མེད་པར་ཁུག་ལ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨཱ༔ ཞེས་འགུགས་འཆིང་སྡོམ་མྱོས་དབྱེ་དབབ་ཀྱི་ཕྱག་རྒྱ་བྱ། དེ་ནས་ལིངྒར་གུ་གུལ་གྱིས་བདུག །བྱ་འུག་གི་དང་རུས་དབྱེ་བའི་རྒྱ་དང་བཅས། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ལྷ་དང་དབྱེ་བའི་དུས་ལ་བབ༔ བདུད་དང་སྤྲོད་པའི་དུས་ལ་བབ༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེ་ཞིག་རྣམ་པར་ཕྱེས༔ ལྷན་ཅིག་སྐྱེས་པའི་བདུད་དང་སྤྲོད༔ དེ་བ་ཨཱ་ཀརྴ་ཡ་ཤག་ཕྱེ༔ ཞེས་ཁ་སྦྱོར་དབྱེ། དེ་ནས་བསྒྲལ་དབང་གི་དངོས་གཞི་ལས་མཐར་དབྱུང་བ་ཚེ་ཁྲུས་ཀྱི་དགོངས་པས་གནས་སྤོར་བ་ནི་དགོས་དོན་གྱི་གཙོ་བོ་ཡིན་ཕྱིར་དམིགས་པ་འདི་བཞིན་ཐུགས་ལ་ངེས་པར་འཚལ། དེ་ཡང་སློབ་དཔོན་ཆེན་པོས། ཚེ་ལུང་ཁྲུས་ལུང་གི་དགོངས་པ་མ་ཤེས་ན་ངན་སྔགས་དང་ཁྱད་མེད༔ གནས་སྤོར་བའི་ཆོ་ག་མ་ཤེས་ན་ཤན་པ་དང་ཁྱད་མེད༔ ཅེས་གསུངས་པ་ལྟར་ངེས་པ་གལ་ཆེ་བས། དེ་ལ་དང་པོར་མི་ལྡོག་པའི་ཕྱིར་རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་དང་། མི་རྡུགས་པའི་ཕྱིར་ཕྱག་མཚན་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་དང། མི་འབྱམས་པའི་སླད་ལིངྒ་དགྲ་བོ་དངོས་སུ་གསལ་བ་ནི་གསལ་བ་གསུམ་ལྡན་གྱི་ཏིང་ངེ་འཛིན་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་པོའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨ་དཀར་པོ་རེ་རེ་གསལ་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཨ་དཀར་པོ་བྱ་དཀར་གདང་ལ་བསྒྲིགས་པ་ལྟ་བུའི་རྣམ་པར་བྱོན་ནས་དཀྱིལ་འཁོར་གསུམ་ལ་ཐིམ་པས། བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་བདེ་སྟོང་གི་ངང་དུ་རོ་གཅིག་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཁྲུས་ལུང་། ཡང་དཀྱིལ་འཁོར་གསུམ་པོའི་གནས་གསུམ་གྱི་ཨ་དཀར་ལས་འཕྲོས་པའི་འོད་ཀྱིས་འཕགས་པ་མཆོད་བྱིན་རླབས་བསྡུས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཡི་དམ་ལྷའི་གོ་འཕང་ལ་བཀོད་པར་བསམ་པ་ནི་ཁམས་གསུམ་སེམས་ཅན་གྱི་ཁྲུས་ལུང་། ཡང་འོད་ཟེར་ཚུར་འདུས་དགྲ་བགེགས་ཀྱི་གནས་གསུམ་དུ་ཐིམ་པས། ཁོའི་ལས་ངན་གྱི་སྡིག་སྒྲིབ་སྦྱངས་བསྒྲལ་བའི་སྐལ་ལྡན་དུ་གྱུར་པར་མོས་པ་ནི་གཟས་པ་པོ་དགྲ་བགེགས་ཀྱི་ཁུས་ལུང་སྟེ་ཁྲུས་ལུང་རྣམ་པ་གསུམ་ཡིན་ཅིང་། དེའི་དང་པོ་ནི་འདྲ་བ་དཔེའི་སྒོ་ནས་ཨ་དཀར་བྱ་དཀར་གྱི་དགོངས་པ་དང་། གཉིས་པ་བདག་ཕུར་ལིངྒ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་སླད་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་ཞེས་བྱ་ལ། དེའི་སྟེང་སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་བསྒྲལ་བྱའི་ཞིང་དེ་ཉིད་མྱུར་དུ་མ་བསྒྲལ་ན་ལས་ངན་ཚབས་པོ་ཆེ་བསགས་ཏེ་འཁོར་བར་འཁྱམས་དགོས་པར་མཐོང་ནས་ཚད་མེད་སྙིང་རྗེས་མི་གཏོང་བ་གདུང་སེམས་ལུ་གུ་རྒྱུད་ཀྱི་དགོངས་པ་བྱ་བ་ཡིན་ཏེ། དེས་དགོངས་པ་རྣམ་གསུམ་གྱི་དོན་ཚང་། དེ་ནས་བདག་རྣལ་འབྱོར་པའི་ཚེ་ལུང་བྱ་བ་ནི། ལིངྒ་དགྲ་བགེགས་དངོས་སུ་གསལ་བའི་སྙིང་དཀར་ནག་མཚམས་སུ་སྲོག་གི་ངོ་བོ་ཚེ་རྟེན་སྡོམ་གྱི་བལ་རྒྱ་འདྲ་བ། དེའི་ནང་ཁྲག་སྦལ་བྱིའུ་ལན་པའི་མགོ་བོ་ཙམ་གྱི་དབུས་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོར་གྱུར་པའི་ཡི་གེ་ཨ་དཀར་པོའི་ཁོང་པར་ཐིག་ལེ་འོད་ཀྱི་རང་བཞིན་ཅན་གྱི་ལྟེ་བར་ཡི་གེ་ནྲྀ་དུད་ཁ་མར་མེ་འཆི་ཁ་མའི་འོད་ལྟ་བུ་སྔོ་སྐམ་སྐམ་པ་ཞིག་ཡོད་པར་དམིགས། དེ་ལ་དམིགས་ཏེ་ཕུར་རྩེ་སྒྲིལ་ཞིང་བསྣུན་པས་ཕུར་རྩེའི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་དང་རྩེ་མོའི་རྣོ་དབལ་གྱིས་ཚེ་སྲོག་བལ་རྒྱ་འདྲ་བ་དེ་དབྲལ་རྣམ་ཤེས་མར་མེ་ལ་ཕུས་བཏབ་པ་ལྟར་ནག་ཐུམ་གྱིས་སོང་། ནྲྀ་ཐིག་ལེ་ཨ་དང་བཅས་པ་ཏོག་གིས་བླངས་ནས་ཕུར་རྩེ་ལ་ཡེར་རེ་ཡོད་པ་རང་གི་སྙིང་གར་ཐིམ་པས་ཚེ་བསོད་གཟི་མདངས་རྒྱས་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཚེ་ལུང་ངོ་། །དེ་ནས་ཕུར་བུ་བདག་དང་དགྲ་བོ་གསུམ་གྱི་གསོ་བའི་ལུང་བྱ་བ་ནི། ཕུར་པའི་དབལ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་དེ་ལས་རང་འདྲའི་ཕུར་བུ་དཔག་མེད་འཕྲོས་པས་སྣང་སྲིད་ཐམས་ཅད་ཕུར་བུས་གང་ཞིང་གཟི་བརྗིད་འབར་བར་བསམ་ལ་ཀཱི་ལ་ཡ་བརྗོད་པར་ཞུ། དངོས་སུ་སློབ་དཔོན་གྱིས་བསྐོར་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད་ཅིང་སློབ་མ་རྣམས་ཀྱིས་ཀྱང་བརྗོད་པ་དང་ལག་གཡས་ཀླད་ལ་བསྐོར་བའི་ཚུལ་བྱ། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་གྱི་སྣེ་ལ་མཆོད་པའི་ལྷ་མོ་འདོད་ཡོན་ཐོགས་པ་དཔག་མེད་འཕྲོས། སྣང་སྲིད་ཕུར་བུའི་ལྷ་ཚོགས་མཆོད་པས་མཉེས་ཤིང་ཚིམས། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་རང་ལ་ཐིམ་པར་བསམ། དེ་ནས་ཕུར་རྩེ་གྱེན་དུ་བསྟན་པ་དང་ལྷན་ཅིག་ཧཱུྃ་ཧཱུྃ་ཧཱུྃ། ཞེས་དྲག་པོར་བརྗོད་པའི་རྐྱེན་གྱིས་བདག་གི་ཐུགས་ཀ་ནས་འོད་ཟེར་བ་ཐག་ལྟ་བུའི་སྣེ་ལ་དགྲ་བགེགས་ཀྱི་རྣམ་ཤེས་ཨ་དཀར་པོ་ཙེན་གྱིས་བླངས་ནས་སྐར་མདའ་འཕངས་པ་ལྟར་སོང་། ཕཊ་ཕཊ་ཕཊ་དྲག་པོ་གསུམ་བརྗོད་པའི་རྐྱེན་གྱིས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་རྒྱལ་བའི་སྲས་སུ་སྐྱེས་པའི་དམིགས་པ་ཁྱད་པར་བ་དེ་ལྟ་བུ་གསལ་འདེབས་པར་འཚལ། ཞེས་བརྡ་དོན་འཕྲོད་པར་སྤྲད་ལ། གདབ་ཕུར་བླངས་ཏེ་སློབ་མའི་ལག་ཏུ་གཏད། བླ་སློབ་དགོངས་པ་ལྷན་ཅིག་པས། ཧཱུྃ༔ ང་ནི་ཀརྨ་ཧེ་རུ་ཀ༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་བྱེད༔ གནོད་བྱེད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ལ། སླར་ཡང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ ཐུཾ་རིལ་རྦད་སོད༔ ཅེས་བཟླ་བཞིན་དུ་སྒྲོལ་གྲིས་དུམ་བུར་གཏུབས་ལ་སྔགས་ཀྱི་རྗེས་ཟློས་བྱར་གཞུག །དེ་ནས་སྐམ་ཐུན་བརྡེག་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཤམ་བུར། དགྲ་བོའི་སྲོག་ལ་ཐུཾ་རིལ་ཙིཏྟ་བཾ་ལཾ་ཐུན་རྦད༔ རཀྟ་ཐིབ་སྲོག་ལ་བྲེང་ཤག་རྦད༔ ཐུཾ་རིལ་དབུགས་ལ་ཐུཾ་ཐུཾ༔ རྩ་ལ་རྦད་རྦད༔ ཁོང་ཁྲག་ལ་རྦུད་རྦུད༔ ཅེས་པའི་སྔགས་ཀྱང་རྗེས་ཟློས་བྱར་གཞུག །ཐོ་གཏུན་གྱི་བར་དུ་བརྡུངས་ལ། ཧཱུྃ༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོ་རྡོ་རྗེ་ཐོ་བས་རྡུང༔ ལྷ་ཡང་རུང་སྟེ་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ༔ ལིང་རོ་བྷནྡྷའི་སྐྱོགས་སུ་བླུགས་པ་སྨན་རཀ་གིས་བྲན་ལ། ཧཱུྃ༔ ཕྱེ་ཞིག་ཁྲོ་རྒྱལ་ཞལ་ཕྱེས་ཤིག༔ གནམ་ས་ལྟ་བུའི་ཞལ་གདོངས་ཤིག༔ གངས་རི་ལྟ་བུའི་མཆེ་བ་གཙིགས༔ གློག་སྟོང་འཁྱུག་འདྲའི་ལྗགས་དམར་སྐྱོད༔ མཉམ་ཉིད་ཡངས་པའི་ཞལ་དུ་སྟོབས༔ འགག་མེད་རོལ་པའི་མགུལ་དུ་སྟིམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་ཀྱི་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་སྟོབ་པའི་ཚུལ་བྱས་ལ་ཕུད་ཟུར་དུ་བཞག །བར་པ་སློབ་མ་ལྷར་གསལ་བ་ལ་བཀྱེ། ལྷག་མ་ཚོགས་ལྷག་ཏུ་བླུག་གོ །གཉིས་པ་མཐའ་སྡུད་ལས་ལ་སྦྱོར་བའི་རྗེས་གནང་གསུམ་གྱི་དང་པོ་སྲེག་པ་ཧོམ་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་མེ་ཕུང་འབར་བ་རབ་ཏུ་འཇིགས་པའི་དབུས་སུ་དཔལ་ཆེན་ཀརྨ་ཧེ་རུ་ཀ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་ཕྱག་བརྙན་བཅས་པ་ཤིན་ཏུ་རྔམ་པའི་ཆ་ལུགས་སུ་གསལ་བའི་ཞལ་དུ། དགྲ་བགེགས་ཀྱི་ཤ་ཁྲག་བསྟབས་པས་དགྱེས་ཤིང་ཚིམས་པར་མོས་པ་མཛོད། དགང་གཟར་བླུག་མར་ཁུ་ལིངྒའི་དུམ་བུ་རྣམས་གཏད་ཅིང་འབུལ་དུ་གཞུག་ལ། ཧཱུྃ༔ ཡེ་ཤེས་མེ་ལྕེ་རབ་གསལ་བར༔ དཔལ་ཆེན་ཡབ་ཡུམ་དཀྱིལ་འཁོར་རྫོགས༔ རྣམ་རྟོག་མཚན་མའི་དགྲ་དང་བགེགས༔ མ་ལུས་སྲེག་པའི་དབང་བསྐུར་རོ༔ རྩ་སྔགས་ཀྱི་མཇུག་ཏུ། ཨགྣེ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ བསད་པའི་ལས་ཀྱི་མཐའ་སྡུད་སྲེག་པ་ཧོམ་གྱི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཛྭ་ལ་མ་ཧཱ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ཤ་ཏྲུཾ་རཱུ་པ་ཙིཏྟ་ཨགྣི་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། གཉིས་པ་མཐའ་གཏད་མནན་པའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་ཡབ་ཀླུ་བདུད་ནཱ་ག་རཀྴ་སྐུ་མདོག་དམར་ནག་དབུ་དགུ་ལྕགས་སྡིག་གི་མགོ་ཅན་གཡས་སྦྲུལ་ཞགས་གཡོན་དུག་གི་སྤུ་གྲི་བསྣམས་པ། ཡུམ་ཀླུ་མོ་སྦལ་མགོ་སྐུ་མདོག་ལྗང་ནག་གཡས་སྦྲུལ་ཞགས་གཡོན་དུག་གི་བུམ་པ་བསྣམས་པ་གཉིས་ཀ་སྨད་སྦྲུལ་མཇུག་སྟོད་ཁྲོ་བོ་དུག་སྦྲུལ་གྱི་གདེངས་ཀ་ཅན་རྒྱ་མཚོའི་ཀློང་ན་བཞུགས་པར་གསལ་བ་དེ་ཉིད་ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བའི་བྲན་དང་ཕོ་ཉར་གཏད་པར་མོས་ཤིག །དམར་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ གདུག་པའི་དགྲ་དང་གནོད་བྱེད་བགེགས༔ ལྡང་མེད་མནན་དང་གཏད་པ་ཡི༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་པ༔ ནཱ་ག་རཀྴ་ཡབ་ཡུམ་གྱིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས་ཀྱི་མཇུག་ཏུ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཧཾ་ཤཾ་མ་བྷྱོ་ས་མ་ཡ་ཧཱུྃ༔ ཀླུ་བདུད་ནཱ་ག་རཀྴས་སྐལ་ལྡན་གྱི་སློབ་མ་འདི་རྣམས་ལ་བསྲུང་བ་དང་། སྐྱབས་པ་དང་། སྦ་བར་མཛད་དུ་གསོལ། ཞེས་བཀའ་བསྒོ །མནན་ཆས་གཏད་ལ། ཧཱུྃ༔ དམ་ཉམས་ལས་ངན་དགྲ་བོ་རྣམས༔ བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ ཀླུ་བདུད་ནག་པོའི་ལྟོ་བ་རུ༔ ལྡང་མེད་མནན་པའི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔ སྲུང་བའི་ལས་ཀྱི་མཐའ་སྡུད་པ་གཏད་ཁྲོམ་མནན་པའི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱཾ་ཏྲཱིག་ནན༔ རཱ་ཛ་ཊི་ཧཾ་ཤཾ་ཏྲཾ༔ སཏྭཾ་བྷ་ཡ་རྦད་ནན༔ ཧཱུྃ་མཾ་ཀཱ་ཝཱ་ཙི་མཱ་ར་ཡ་ནན༔ ལན་གསུམ། གསུམ་པ་འཕང་བ་ཟོར་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་ལས་སྤྲུལ་པའི་ཁྲོ་བཅུའི་རྫོང་ཆེན་ཕ་རོལ་བྱད་མ་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་རྡུལ་དུ་བརླག་པའི་ནུས་པ་ཅན་སྐུ་ལས་ཁྲོ་ཆུང་དང་ཐོག་སེར་མཚོན་ཆའི་ཚོགས་འཕྲོ་བར་གསལ་ཐོབ་མཛོད། ཟློག་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་ཐལ་བར་རློག་བྱེད་པ༔ དྲག་པོའི་ཟོར་གྱི་དབང་བསྐུར་རོ༔ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔ ཟློག་པའི་ལས་ཀྱི་མཐའ་སྡུད་པ་འཕང་བ་ཟོར་གྱི་ཕྲིན་ལས་ལ་མཐུ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙཎྜ་སརྦ་དུཥྚཱཾ་ནྲྀ་ཏྲི་ཤ་ཏྲུཾ་ཨེ་ཛ་བྷྱོཿཧུར་ཐུཾ་རྦད༔ ལན་གསུམ། འདིར་སྤྲོ་ན་སྨད་ལས་ཁྱབ་འཇུག་མཚོན་འཁོར་ལྟར། ཧཱུྃ༔ རྩ་བརྒྱུད་བླ་མ་སོགས་སམ། སྤྱི་འགྲེ །རིག་འཛིན་རྩ་བརྒྱུད་སོགས་ཀྱིས་གསེར་སྐྱེམས་འབུལ་ཞིང་ཟོར་སྒོ་དབྱེ། གཏེར་གཞུང་སྨད་ལས་ཟློག་པའི་མཇུག །ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ སོགས་ཀྱིས་གཟའ་རྒོད་ཀྱི་འགྱུ་ཕྱོགས་དང་བསྟུན་གར་འཆམས་དང་བཅས་ཏེ་འཕེན། བསྡུ་ན་གོང་གི་སྔགས་དེ་ཉིད་དཔོན་སློབ་ལྷན་ཅིག་པས་བརྗོད་ལ་གནོད་པའི་ཕྱོགས་སུ་འཕེན་ནོ། །དེ་ལྟར་ཕྲིན་ལས་དྲག་པོ་སྒྲོལ་བའི་དབང་མཐའ་སྡུད་དང་བཅས་པ་ཐོབ་པས། དེང་ཕྱིན་ཆད་ཁྱེད་ཅག་འགལ་རྐྱེན་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ཞིང་བཅུའི་དགྲ་བགེགས་སྒྲོལ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསུམ་པ་རྗེས་རིམ་ལ། ཤིས་པ་བརྗོད་པ་ནི། དེ་ལྟར་དབང་བསྐུར་པ་ལས་སྐྱེས་པའི་ཡེ་ཤེས་དང་བྱིན་རླབས་ནུས་པའི་མཐུ་རྣམས་བརྟན་ཅིང་གོང་འཕེལ་འགྱུར་བའི་ཕྱིར། ནམ་མཁའ་གང་བའི་སྲས་བཅས་རྒྱལ་བ་ཞི་ཁྲོའི་ཚོགས་དང་བཅས་པས་ཤིས་པ་རྒྱ་ཆེར་བརྗོད་པའི་མོས་པ་མཛོད། བྱས་ལ་ལས་བྱང་ལྟར་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དམ་ཚིག་བསྒྲག་གཟུང་ནི། དེ་དག་རྣམས་ཀྱིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ། དབང་བཞི་ཡོངས་རྫོགས་དྲག་སྔགས་ཕྲིན་ལས་དང་བཅས་པའི་སྨིན་བྱེད་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར། གཏང་རག་མཎྜལ། སླར་ཡང་བདག་ལུས་ལོངས་སྤྱོད་བླ་མའི་བྲན་འབངས་སུ་དེང་ནས་ལྟོས་པ་མེད་པར་དབུལ་བར་བགྱི་ན་ཆ་ཤས་སོ་སོ་ནས་ལོངས་སྤྱད་དེ་བྱང་ཆུབ་སྙིང་པོའི་བར་དུ་རྗེས་སུ་ཟུངས་ཤིག་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བྱང་ཆུབ་ཆེན་པོའི་བར༔ ལུས་དང་ལོངས་སྤྱོད་མ་ལུས་པ༔ རྡོ་རྗེ་འཛིན་ལ་དབུལ་བར་བྱ༔ རྟག་པར་ཐུགས་རྗེས་བསྐྱང་དུ་གསོལ༔ ལན་གསུམ། དགེ་བ་རྫོགས་བྱང་དུ་བསྔོས་ལ་སློབ་མ་རྣམས་གྲོལ་ལོ། །རྩ་བའི་གསུམ་པ་དཀྱིལ་འཁོར་གྱི་རྗེས་ཆོག་ནི། ཚོགས་ལ་རོལ། ལྷག་མ་གཏང་། ཐུགས་དམ་བསྐུལ་ཞིང་ཆད་བརྟན་རྟ་བྲོ། དངོས་གྲུབ་བླང་བ། གཏང་རག་གི་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ། ཤིས་བརྗོད་དང་བཅས་པས་མཐའ་རྒྱས་སུ་བྱའོ། །ཕུར་པ་ཐུགས་ཀྱི་ཐིག་ལེའི་དབང་སྐུར་ཁྲིགས། །རང་བཞེད་འདོད་སྦྱར་འགའ་ཙམ་མཆིས་མོད་ཀྱི། །རྒྱས་དང་བསྡུས་དང་སྐབས་དོན་མིན་པའི་སྐྱོན། །མཐོང་ནས་གཞུང་དོན་ཁྱེར་བདེ་བཀླག་ཆོག་སྤེལ། །ཉེས་གྱུར་རྩ་གསུམ་འཁོར་ལོས་བཟོད་བཞེས་ལ། །ཕྲིན་ལས་རྒྱ་མཚོར་དབང་སྐུར་དཔལ་ཆེན་པོའི། །གསང་བ་གསུམ་དང་མཉམ་པ་ཉིད་ཐོབ་ནས། །འགྲོ་ཀུན་སྨིན་ཅིང་གྲོལ་བའི་མཐུ་ཐོབ་ཤོག །ཅེས་གཏེར་གཞུང་གི་དགོངས་དོན་སྙིང་པོར་དྲིལ། བརྒྱུད་ལྡན་གོང་མའི་ཕྱག་བཞེས་ཀྱི་རྩ་བའི་དོན་ཆད་ལྷག་མེད་པར་གཙོ་བོར་རང་འདྲའི་འདོད་ཆེན་ལས་མ་ནུས་པ་རྣམས་ལ་རས་བྲིས་སོགས་ལ་བརྟེན་པའི་ཁྱེར་བདེར་དམིགས་ནས། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་དཔལ་ཆེན་པོའི་ཐུགས་མཛོད་དུ་སྦྱར་བ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).