Terdzo-HI-001

From Rinchen Terdzö
Revision as of 13:26, 29 December 2017 by Jeremi (talk | contribs) (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ")
(diff) ← Older revision | Latest revision (diff) | Newer revision → (diff)

རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་དང་། སྤྱི་ཏི་དང་ཐུན་མོང་བའི་རིག་པའི་རྩལ་དབང་རྒྱས་པར་བསྐུར་བའི་ཡི་གེ་ཡེ་ཤེས་སྒོ་འབྱེད་

rdzogs pa chen po yang ti sangs rgyas mnyam sbyor gyi rig pa'i rtsal dbang dang /_spyi ti dang thun mong ba'i rig pa'i rtsal dbang rgyas par bskur ba'i yi ge ye shes sgo 'byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  གུ་རུ་ཆོས་ཀྱི་དབང་ཕྱུག་ (Guru Chökyi Wangchuk)
in cycle  རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་ (Rdzogs pa chen po yang ti sangs rgyas mnyam sbyor)
Volume 59 (ཧི) / Pages 1-49 / Folios 1a1 to 25a4

First Text in Volume
[edit]

༄༅། །རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་དང་། སྤྱི་ཏི་དང་ཐུན་མོང་བའི་རིག་པའི་རྩལ་དབང་རྒྱས་པར་བསྐུར་བའི་ཡི་གེ་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། ཀུན་ཁྱབ་འགྱུར་མེད་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་ཉི་ཟླ་བྱེ་བས་གནས་ལུགས་ཀྱི། །སྣང་བ་རབ་གསལ་བླ་མ་གདོད་མའི་མགོན། །སྒོ་གསུམ་དྭངས་མའི་ཐིག་ལེར་རྟག་བཞུགས་གསོལ། །གུ་རུ་ཡབ་སྲས་ཡི་དམ་ཌཱ་ཀི་མར། །རང་འདོད་མེད་པའི་བགྱི་བར་གསོལ་འདེབས་ཀྱིས། །གནང་བའི་སྐབས་སྩོལ་འབྲི་འཆད་ཉམས་ལེན་ལ། །གེགས་མེད་གྲུབ་གཉིས་འདོད་པ་འཇོ་བར་མཛོད། །སྨིན་བྱེད་བདུད་རྩིའི་ཐིག་ལེ་ནི། །སྣོད་བཅུད་རབ་མཐར་སོན་པའི་བཅུད། །ཡོངས་སུ་གྲགས་ཀྱང་ཆེས་དཀོན་པ། །སྐལ་བཟང་སྙིང་གི་དཔྱིད་དུ་ཤར། །ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་སྨིན་བྱེད་ཁྲིད་དང་སྦྲེལ་ཏེ་རྒྱས་པར་བསྐུར་བའི་རིམ་པ་ལ། ཐོག་མར་གཏོང་ཐུན་དང་སྔོན་འགྲོ་ སོང་ནས། བླ་མའི་དོན་ཁྲིད་ཀྱི་སྔོན་དུ་གསང་འདུས་གཏོར་དབང་གནད་ཀྱི་ཤོག་གཅིག་མ། ངོ་སྤྲོད་ཀྱི་སྔོན་དུ་བླ་མ་གསང་བ་འདུས་པའི་དབང་ཆེན། རྩལ་སྦྱོང་གི་སྔོན་རྗེས་གང་རིགས་སུ་གསུངས་ནའང་སྔོན་དུ་འབྲེལ་ཆགས་པས་སྐབས་དེར་ཟླུམ་པོ་བཞི་དབང་གིས་ཆོས་སྒོ་དབྱེ་ནས། ཡང་ཏིའི་ཐེམ་ཡོད་ཀྱི་ཆོས་སྡེ་རིག་པའི་རྩལ་དབང་བོགས་འབྱིན་དང་བཅས་པའི་སྟེང་ནས་ཡང་ཏི་རང་གི་རྩལ་དབང་མདོར་བསྡུས་སུ་བསྐུར་བ་དང་། སྤྱི་ཏིའི་ཆོས་སྡེ་དབང་ངེས་པར་འབྱེད་པ་ཀ་དག་གི་སྒྲོན་མེའི་སྟེང་ནས་ཡང་ཏི་དང་སྤྱི་ཏི་ཐུན་མོང་གི་རྩལ་དབང་རྒྱས་པར་བསྐུར་བར་གསུངས་པ་ལས། འདིར་སྐབས་སུ་བབས་པ་ཕྱི་མ་གསུམ་པོ་ཆབས་ཅིག་ཏུ་སྐུར་བའི་ཚུལ་ལ་གསུམ། བཅའ་གཞི་དབང་རྫས་འགོད་ཚུལ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། བཀའ་རབ་འབྱམས་ཀྱི་རིག་པའི་རྩལ་དབང་བསྐུར་བ་དངོས་སོ། །དང་པོ་ནི་དབེན་པའི་གནས་སུ་བླ་མ་ཡི་དམ་མཁའ་འགྲོའི་རྟེན་བཀྲམ་པའི་སྤྱན་སྔར་རྡུལ་ཚོན་རས་བྲིས་གང་ཡང་རུང་བའི་དཀྱིལ་འཁོར་དབུས་མཐིང་ག་ཟླུམ་པོ། དེ་རྒྱབ་པདྨ་འདབ་བརྒྱད་མཛེས་ཚོན། གྲུ་ཆད་ལྗང་གུ། ཁྱམས་དང་སྒོ་བཞི་ཕྱོགས་མདོག་དཀར་སེར་དམར་ལྗང་། གྲུ་བཞི་སྒོ་བཞི་རྟ་བབས་དཀྱིལ་འཁོར་སྤྱི་ལྟར་ལ་འཁོར་ལོ་གདུགས་རི་དྭགས། ཀ་བ་བརྒྱད་ལ་ཉི་ཟླ་དང་། གདུགས་ཀྱི་ཏོག་ནོར་བུ་འབར་བས་བརྒྱན་པ། རྡོ་རྗེའི་ར་བ་ཕྱི་ནང་གཉིས་ཀྱི་བར་དུ་ཁོར་ཡུག་མཐིང་ནག །རྡོར་ར་ཕྱི་མའི་རྒྱབ་མེ་རི། དེ་རྒྱབ་ཤིང་ལོ་པ་ཏྲས་བསྐོར་བ། ལྟེ་དབུས་སུ་བུམ་མཐིང་སྟེང་གསེར་རྡོར་མཚན་པ། འདབ་མ་བརྒྱད་ཀྱི་ཤར་དུ་ཉི་ཟླ། ལྷོར་བྱ་ཁྱུང་། ནུབ་ཏུ་རྒྱ་མཚོ། བྱང་དུ་རླུང་། ཤར་སྒོར་སྤྲིན། ལྷོ་སྒོར་འཇའ། ནུབ་སྒོར་སྨིག་རྒྱུ། བྱང་དུ་ན་བུན་རྣམས་བྲིས་པ་བཀོད་པའི་དཀྱིལ་འཁོར་གྱི་ལྟེ་བར་བུམ་པ་སྔོན་པོ་ཁ་རྒྱན་རྡོ་རྗེ་དང་བཅས། འདབ་བརྒྱད་ཤར་གྱི་སྟེང་དུ་མེ་ལོང་། ལྷོར་མི་རོ། ནུབ་ཏུ་སྣོད་གང་ཡང་རུང་བར་ཆུ་ཚྭ་འོ་མ། བྱང་དུ་འཇའ་ཚོན། ཤར་ལྷོར་སྤོས་དང་མར་མེ། ལྷོ་ནུབ་དར་སྣ་དང་དངུལ་དཀར་མེ་ལོང་། ནུབ་བྱང་དུ་པི་ཝཾ་དང་ཐོད་པ་ཛ་གད་ཀྱིས་བཀང་བ། བྱང་ཤར་དུ་མངར་གསུམ་གྱི་ལྡེ་གུ་དང་ཆོས་འབྱུང་མཐིང་ཁ། ཤར་སྒོར་ཉི་མ། ལྷོ་སྒོར་ཤེལ་གོང་། ནུབ་སྒོར་རླུང་གི་འཁོར་ལོ། བྱང་སྒོར་ཆུ་གཙང་རྣམས་དངོས་དང་རི་མོར་བྲིས་པ་དགོད། དེའི་སྟེང་འཕྲུལ་སྟེགས་སམ་རྒྱབ་ཕྱོགས་སུ་ཟླུམ་པོ་བཞི་དབང་གི་ཆས་བུམ་ཐོད་མེ་ལོང་གུ་རུའི་སྐུ་འབག་རྣམས་དང་བླ་མའི་གཏོར་མ་བཤམ། དཀྱིལ་འཁོར་མདུན་ངོས་རིན་པོ་ཆེའི་སྣོད་དུ་དཔལ་གྱི་གཏོར་ཆེན་རྒྱན་ལྡན་ལ་རི་རབ་གླིང་བཞི་འདོད་ཡོན་བཀོད་པ་སྣ་ཚོགས་ཀྱི་ཙཀླི་གཟུག་པའི་གཡས་གཡོན་ ཐོད་སྣོད་ལ་སྨན་རཀ་གིས་གཏམས་པ་དང་། ཆུ་གཉིས་ཉེར་སྤྱོད་གཡས་སྐོར། གཞན་ཡང་དབང་རྫས་དབུ་རྒྱན། རྡོ་རྗེ། དྲིལ་བུ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་དང་སྲུང་མའི་གཏོར་འབུལ་སོགས་ཅི་བདེ་བར་བཤམ་མོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། གཞུང་དངོས་ཀྱི་དགོངས་པ་ལྟར་ན་རྩལ་དབང་རྒྱས་པའི་འཇུག་པ་སྔོན་དུ་སོང་ནས་དཔོན་སློབ་གཉིས་ཀས་ནང་ཆིག་ཆོད་དོན་གྱི་ལྷ་ཚོགས་ལ་ཀ་དག་གི་བསྙེན་པ་བྱ་བའི་ཕྲིན་ལས་ཐུན་བཞིའམ་དྲུག་ཏུ་བཅད་དེ་ཞག་གཅིག་གམ་བདུན་དུ་ཉམས་སུ་བླངས། དེ་ནས་དབང་གི་དངོས་གཞི་རྫོགས་པར་བྱ་བར་གསུངས་ཤིང་། དེ་ལྟ་ན་ཀུན་བཟང་དོན་གྱི་ཕྲིན་ལས་ཆེན་མོའི་བསྙེན་སྒྲུབ་ལ་འཇུག་པ་ནི་རྩལ་དབང་རྩ་བ་ལེའུ་གསུམ་པ་དང་དབང་གཞུང་གཉིས་ཀའི་དགོངས་པར་སྣང་ཡང་། བརྒྱུད་པ་ཕྱི་མའི་ཕྱག་བཞེས་མགྱོགས་དབང་གཙོ་བོར་མཛད་པ་ལྟར་ན། སྐབས་འདིར་བླ་མ་གསང་འདུས་ཀྱི་ཕྲིན་ལས་རྒྱས་བསྡུས་གང་ཡང་རུང་བ་དང་འབྲེལ་བའི་བཟླས་པ། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་ཀྱི་བར་དུ་བཏང་ནས། ལས་བུམ་དུ་རྡོ་རྗེ་སེམས་དཔའ་བསྐྱེད་བཟླས་བྱ། གནས་ལུགས་དོན་གྱི་དཀྱིལ་འཁོར་རང་གསལ་གདབ་པ་ཉིད་དོན་གྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཡིན་པས་བདག་འཇུག་དང་རིག་པའི་མེ་ཏོག་དོར་བ་སོགས་ཀྱི་སྤྲོས་པ་འདིར་མི་དགོས་སོ། །གསུམ་པ་བཀའ་རབ་འབྱམས་ཀྱི་རིག་པའི་རྩལ་དབང་བསྐུར་བ་དངོས་ལ་གསུམ། སྒོ་འབྱེད་བླ་མའི་བྱིན་རླབས། ཡང་ཏི་རང་ལུགས་ཀྱི་རྩལ་དབང་བསྡུས་པ། ཡང་ཏི་སྤྱི་ཏི་ཐུན་མོང་བའི་རྩལ་དབང་རྒྱས་པར་བསྐུར་བའོ། །དང་པོ་ནི། ཁྲུས་དང་སྔོན་གཏོར་གཏང་བ་ནས་བརྩམ་ཟླུམ་པོ་བཞི་དབང་གི་དམ་ཚིག་བསྒོ་བའི་བར་རྫོགས་པར་བསྐུར་རོ།། །། ༈ གཉིས་པ་ཡང་ཏི་རང་ལུགས་ཀྱི་རྩལ་དབང་བསྡུས་པ་ནི། གོང་གི་འཕྲོས་དེ་མ་ཐག་པར། དེས་བྱིན་རླབས་བླ་མའི་དབང་གིས་ཆོས་སྒོ་དབྱེ་བ་སྔོན་དུ་སོང་ནས། དངོས་གཞི་རྫོགས་པ་ཆེན་པོ་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་བརྗོད་ན། སྤྱིར་རྩལ་དབང་གི་ངོ་བོ་རང་བྱུང་ཡེ་ཤེས་གཞན་གྱི་དབང་དུ་མ་གྱུར་པ། ངེས་ཚིག་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བ། དབྱེ་བ་ཐུན་མོང་དང་ཁྱད་པར་གྱི་རྩལ་དབང་། མཐུན་པའི་དཔེ་རྒྱལ་བུ་ལ་བློན་པོས་རྒྱལ་སར་དབང་བསྐུར་པས་རང་དབང་ཐོབ་ནས་གཞན་དབང་བསྒྱུར་པ་ལྟ་བུ་སྟེ། དེ་ལ་ཨ་ཏི་སྐོར་གསུམ་གཞན་ལས་ཁྱད་པར་དུ་གྱུར་པའི་རྩལ་དབང་སྐབས་སུ་བབས་པ་འདི་ནི་གངས་ཅན་གྱི་ལྗོངས་སུ་ཉི་ཟླ་ལྟ་བུར་གྲགས་པའི་གཏེར་ཁ་གོང་འོག་གཉིས་ལས་གཏེར་ཁ་འོག་མའི་ཆོས་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་གཙོ་བོ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་མ་ཐུགས་གཏེར་ཆེན་པོ་ལྔ་ལས་ཀྱང་ཡང་གཏེར་གྱིས་ཁྱད་པར་དུ་བྱས་པ། ལྷོ་བྲག་གནམ་སྐས་ཅན་ནས་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་ཕྱི་མོ་༧གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པ་སྟེ། དེ་ལའང་སྤྱིར། ཐུགས་གཏེར་གཅིག་ལ་གཏེར་ཚན་རྣམ་བཞིར་སྦས༔ ཐུགས་གཏེར་ཡང་གཏེར་གཉན་གཏེར་ཐེམ་ཡིག་མེད༔ ཅེས་དང་། དེའི་རྒྱུ་མཚན་ཡང་། ཐམས་ཅད་ཐུགས་དམ་ཡིན་ཕྱིར་ཐུགས་གཏེར་དང༔ ཨ་ཏིའི་ཡང་བཅུད་ཡིན་ཕྱིར་ཡང་གཏེར་དང༔ བླ་མེད་བརྗོད་པ་དཀའ་ཕྱིར་ཐེམ་མེད་སྐོར༔ ཞེས་གསུངས་པའི་ཐུགས་གཏེར་གྱི་ཆོས་སྡེ་བཞི་ལས་ཀྱང་གཏེར་སྣོད་ཁྲོ་ཆུའི་ཀླུ་བདུད་ཀྱི་དབུའི་ནང་ནས་བྱོན་པ་མཉམ་སྦྱོར་ཐུགས་ཀྱི་ཡང་གཏེར། སྒྲུབ་ཐབས་ཐུགས་ཀྱི་ཡང་གཏེར། འགྲོ་འདུལ་ཕྲིན་ལས་ཐུགས་ཀྱི་ཡང་གཏེར་ཏེ་ཁྱད་པར་འཕགས་པའི་གདམས་སྐོར་གསུམ་ཡོད་པ་ལས། ཇི་སྐད་དུ། རིམ་གྱིས་བྱང་ཆུབ་ཐོབ་ཐབས་ཆེས་མང་གི༔ ཅིག་ཅར་བྱང་ཆུབ་ཐོབ་ཆོས་འདི་ན་མཆིས༔ དེ་གང་ཞེ་ན་སངས་རྒྱས་མཉམ་སྦྱོར་སྐོར༔ མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས༔ ཞེས་བཀའ་རྩིས་སུ་གདམས་པའི་སངས་རྒྱས་མཉམ་སྦྱོར་ལའང་ཨ་ཏི། སྤྱི་ཏི། ཡང་ཏི་གསུམ་དུ་བཞུགས་པར་གྲགས་པ་ལས། ད་ལྟ་དངོས་སུ་བཞུགས་པ་ཡང་ཏི་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྡེ་ཆེན་པོའི་སྨིན་བྱེད་ཀྱི་རིམ་པ་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལའང་རྒྱས་བསྡུས་གཉིས་ལས། ཐོག་མར་ཡང་ཏི་ཐུན་མོང་མ་ཡིན་པའི་སངས་རྒྱས་དགོངས་པ་འདུས་པ་བཀའ་རབ་འབྱམས་རིག་པའི་རྩལ་དབང་བསྐུར་བ་ལ། གཞུང་ལས་བསྟན་པའི་སྦྱོར་བའི་ཆོས་རྣམས་གྲུབ་པའི་དབང་དུ་བྱས་ནས། དངོས་གཞིའི་ཐོག་མར་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། གཞི་སྙིང་པོའི་དོན་རྟོགས་པའི་ཕྱིར་དུ་གསེར་གྱི་མཎྜལ་ལན་བདུན་དུ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་གསེར་གྱི་མེ་ཏོག་དངོས་སམ་དེར་མོས་པས་སོ་བདུན་མ་ལྟ་བུའི་རྒྱས་པ་ཚར་གཅིག་སྔོན་དུ་འགྲོ་བའི་སྔགས་སམ་ཚིགས་བཅད་སླར་ལན་བདུན་དུ་ཕུལ། དེ་ནས་སྐུ་ལྔ་ཡེ་ཤེས་ལྔ་རྟོགས་པའི་ཕྱིར་དུ་རིན་པོ་ཆེ་ལྔའི་མཎྜལ་ལན་བདུན་དུ་ཕུལ་མཛོད། གོང་མ་ལྟར་འབུལ། སླར་ཡང་ཉོན་མོངས་པ་དུག་ལྔ་དང་བྲལ་བའི་ཕྱིར་དུ་སྨན་གྱི་མཎྜལ་ལན་བདུན་འབུལ་མཛོད། གོང་ལྟར་འབུལ། མཐར་ཐུག་འབྲས་བུ་སངས་རྒྱས་འཐོབ་པའི་ཕྱིར་དུ་འབྲུ་སྣ་ལྔའི་མཎྜལ་ལན་བདུན་འབུལ་མཛོད། གོང་ལྟར་འབུལ། དེ་ནས་བླ་མའི་དབུ་གཙུག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པར་མོས་ལ། ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་གསོལ་བ་འདི་ལྟར་དུ་ཐོབས་ཤིག །ཅེས་བརྡ་སྦྱར་ལ་ཤེས་ན་སློབ་མ་རྣམས་ལྷན་ཅིག་པས་འདོན་ཅིང་། མི་ཤེས་ན་བླ་མའི་རྗེས་སུ་ཟློས་ཏེ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཀུན་ཏུ་བཟང་པོ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རྡོ་རྗེ་སེམས་དཔའ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དགའ་རབ་རྡོ་རྗེ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ན་མོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཆོས་ཀྱི་དབང་ཕྱུག་ན་མོ་ཧཱུྃ༔ ཐོག་མཐའ་དེས་འགྲེས་ཏེ། མྱང་སྟོན་དབོན་པོ། མི་བསྐྱོད་རྡོ་རྗེ། དབང་ཕྱུག་རྡོ་རྗེ། ཡེ་ཤེས་རྡོ་རྗེ། སངས་རྒྱས་དཔལ་བ། ཡོན་ཏན་བཟང་པོ། ཆོས་སྐུ་འོད་ཟེར། དཔལ་འབྱོར་དབང་ཕྱུག །ཆོས་ཀྱི་དབང་པོ། ཀརྨ་གུ་རུ། ཀརྨ་དབང་འབྱོར། བློ་མཆོག་རྡོ་རྗེ། ལེགས་བཤད་རྒྱ་མཚོ། པདྨ་རང་ཤར། གསང་བདག་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། པདྨ་ཚེ་དབང་། བསྟན་འཛིན་ཤེས་རབ། ནམ་མཁའི་རྡོ་རྗེ། ཐུབ་བསྟན་རྒྱལ་མཚན། རྡོ་རྗེ་གཟི་བརྗིད། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རྩ་བའི་བླ་མ་ན་མོ་ཧཱུྃ༔ མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཨཱ༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཀྱེ་ཀྱེ་ཀྱེ༔ བླ་མ་དམ་པ་རྗེ་བཙུན་པ་རྣམས་ཀྱིས་བདག་སྨིན་པར་མཛད་དུ་གསོལ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ཞེས་གསོལ་བ་དྲག་ཏུ་གདབ་བོ། །རྩལ་དབང་དངོས་ལ་བཞི། ལུས་ཀྱི་འདུག་ཚུལ། སྟོབས་བསྡུ་བ། སྟོབས་སྐྱེད་པ། ངང་བསྐྱང་བའོ། །དང་པོ་འདུག་ཚུལ་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྒོ་གསུམ་གྱི་བྱ་བ་གཞན་སྤོངས་ལ། གཉིས་པ་སྟོབས་བསྡུ་བའི་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་སྐད་ཅིག་གིས་ཡི་དམ་གྱི་ལྷ་དབང་ཆེན་རྟ་མགྲིན་གྱི་སྐུར་ལམ་སྟེ་གསལ་ཐོབས། ཨ་ཨ་ཨ༔ ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་སྙིང་དབུས་འོད་ཀྱི་ཐིག་ལེ་སྟོང་པའི་ནང་དུ་ཨ་ཡིག་དཀར་པོ། དེ་ལས་ཤིན་ཏུ་ཕྲ་ཞིང་འཚེར་བའི་འོད་ཕྲ་མོ་བྱུང་བ་ཨ་ཡིག་ཏུ་གྱུར། ཨ་ལས་ཨ་རིམ་གྱིས་སྤྲོས་པས་ནམ་མཁའི་ཁམས་གང་། ཕྱོགས་དུས་ཀྱི་བླ་མ་རྒྱལ་བ་ཞི་ཁྲོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཆོད་པའི་སྤྲིན་ཚད་མེད་པར་གྱུར་ཏེ་མཉེས་ནས་ཐམས་ཅད་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ། འཁོར་འདས་སྣོད་བཅུད་ཐམས་ཅད་ཨ་ཡིག་གི་རྣམ་པར་ཞུ་སྟེ་རིམ་གྱིས་འདུས་ནས་ཐིམ་པས་སྣང་སྲིད་འཁོར་འདས་ཐམས་ཅད་ལ་དབང་སྒྱུར་པར་མོས་ལ་ཨའི་དོན་ངོ་སྤྲད་པ་འདི་ལ་གསན་པར་ཞུ། ཨ་ རྫོགས་པའི་སངས་རྒྱས་ཨ་ལས་བྱུང༔ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག༔ ཨ་ནི་འཁོར་འདས་ཀུན་ལས་རྒྱལ༔ ཨ་ནི་ཐམས་ཅད་སྐྱེད་པའི་ཡུམ༔ ཨ་ནི་ཀུན་བྱེད་སྤྲུལ་པའི་ཡབ༔ ཨ་ནི་ཨ་ཏི་ཡོ་གའི་རྒྱུད༔ ཨ་ནི་སྤྱི་ཏི་ཡོ་གའི་རྒྱུད༔ ཨ་ནི་ཡང་ཏི་ཡང་དག་མཚན༔ ཁོང་ནས་འབྱུང་བ་སྐྱེ་མེད་ཨ༔ བརྗོད་པ་ཀུན་གྱི་ཕྱི་མོ་ཨ༔ སྐྱེ་བ་མེད་པའི་རང་བྱུང་ཨ༔ གཅིག་ཤེས་ཀུན་ཏུ་གྲོལ་བྱེད་ཨ༔ ཆོས་ཀུན་མ་ལུས་ཡོངས་རྫོགས་ཨ༔ ཅང་མེད་ཅིར་སྣང་རང་བྱུང་ཨ༔ འཁོར་འདས་ལམ་གསུམ་དབང་སྒྱུར་ཨ༔ གསུམ་པ་སྟོབས་བསྐྱེད་པ་ནི། ལུས་ཡི་དམ་དུ་གསལ་བ་དེའང་འོད་དུ་ཞུ་ནས་སྙིང་གར་ཐིམ། སྙིང་གི་ཐིག་ལེ་སྟོང་གསལ་དེ་ཉིད་ཀྱང་རྫིང་གི་ཆུ་ལ་རྡེའུ་བོར་བའི་རི་མོ་ལྟར་དབུས་ནས་མཐར་ཝ་ལ་ལ་ཡལ་ཏེ་ནམ་མཁའི་མཐའ་མཉམ་དུ་ངང་དྭངས་སུ་གྱུར་པར་མོས་ཤིག །བཞི་པ་ངང་བསྐྱང་བ་ནི། དེའི་ཉམས་ཧད་དེ་ས་ལེ་འཛིན་མེད་དུ་གནས་པའི་ངང་ལས་རྣམ་རྟོག་ཆེད་དུ་མི་སྤྲོ། ཆེད་དུ་མི་བསྡུ། རང་བབ་ལྷུག་པར་ཅི་གནས་སུ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད་ལ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་མཚོན་བྱེད་བརྡའི་དབང་བསྐུར་ནས། དེས་མཚོན་པའི་དོན་ངོ་སྤྲད་པ་ནི། ཀྱེ་རིགས་ཀྱི་བུ་ཉོན་ཅིག༔ རྩལ་དབང་སྐུར་བའི་གནས་ནི༔ རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་བཅས་པ་ཡེ་ཤེས་ཀྱི་འཆར་སྒོ་གཉིས་དང་ལྡན་པ་འདི་ཡིན༔ དབང་གི་དཀྱིལ་འཁོར་ནི༔ སྙིང་དྭངས་མ་ལྔའི་དབུས་ན་རང་རིག་པ་བྱང་ཆུབ་ཀྱི་སེམས༔ དང་པོ་རྒྱུས་མ་བསྐྱེད༔ བར་དུ་རྐྱེན་གྱིས་མི་ཤིགས༔ མཐར་གར་ཡང་མི་འགྲོ༔ རྒྱུན་ཆད་མེད་པར་རང་ལ་གནས་ཤིང་རང་བྱུང་རང་གསལ་འདི་དཀྱིལ་འཁོར་རང་བྱུང་རང་གསལ་ཡིན༔ རང་རིག་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་དགོངས་པ་མཐོང་བར་འདོད་པ་དེ་གདོང་གཡོགས་བཀྲོལ་བ་ཡིན་ནོ༔ རིག་པ་རང་གསལ་རང་བྱུང་དུ་ངོ་ཤེས་པ་ནི་མིག་ཕྱེ་བ་ཡིན་ནོ༔ རིག་པ་རང་ལ་རང་ཡིད་ཆེས་ཤིང་ཉམས་སུ་མྱོང་བ་དེ་དཀྱིལ་འཁོར་མཐོང་བ་ཡིན་ནོ༔ རང་རིག་མིག་ལ་གཏད༔ མིག་བར་སྣང་ལ་གཏད་པས་དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་མཐོང་བ་ནི་བརྡ་སྒོ་ཕྱེ་བ་ཡིན་ནོ༔ སེམས་དང་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དབྱེར་མེད་དུ་མཐོང་བ་ནི་ལྷ་ངོ་མཐོང་བ་ཡིན་ནོ༔ དུག་ལྔ་སྤང་དུ་མེད༔ ཡེ་ཤེས་སྒྲུབ་ཏུ་མེད༔ རྣམ་རྟོག་ཅེས་མི་ངན༔ ཡེ་ཤེས་མི་བཟང༔ དེ་ལྟར་གཉིས་སྣང་དུ་སྤོང་ལེན་མེད་པར་རོལ་པས་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་ལྟར་རིག་པའི་རྩལ་གྱི་དབང་མ་འཐོབ་ན༔ གང་ཟག་དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་མང་པོ་བསྟན་ནས༔ བུམ་ཁྲུས་ཀྱི་ཤྭ་ལ་སྐུར༔ ཅོད་པན་གྱི་སྦུབས་སུ་གཞུག༔ ཚོགས་འཁོར་གྱི་འདམ་དུ་བཅུག་ཀྱང༔ རིག་པ་རྩལ་གྱི་དབང་མ་ཐོབ་ན༔ སངས་རྒྱས་ལ་སྔ་འདྲིས་གང་གིས་ཀྱང་ཉེར་མ་སོང་ལ༔ གཞན་སྨིན་ཅིང་གྲོལ་བར་ཡང་མི་ནུས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ རྒྱུད་ལས༔ བདག་མ་སྨིན་པར་གཞན་མི་གྲོལ༔ ཅེས་སོ༔ དེ་ལྟར་རྩལ་དབང་མཆོག་ཐོབ་ནས༔ བོགས་རྣམས་དབང་གིས་འབྱིན་པར་བྱེད༔ ཅེས་གསུངས་སོ༔ དེའང་སློབ་དཔོན་གང་གིས་བསྐུར་ན༔ སློབ་དཔོན་སངས་རྒྱས་ཀྱི་ཆ་ལ་བཏགས༔ སློབ་མ་སེམས་ཅན་གྱི་ཆ་ལ་བཏགས༔ སངས་རྒྱས་ཀྱང་རིག་པ་བྱང་ཆུབ་ཀྱི་སེམས་སུ་སངས་རྒྱས་ལ༔ སེམས་ཅན་ཡང་རིག་པ་བྱང་ཆུབ་ཀྱི་སེམས་རྟོགས་ན་སངས་རྒྱ་བས༔ རང་གི་རིག་པས་རང་གསལ་བར་ངོ་ཤེས་ཙ་ན༔ བདེ་སྡུག་སྣ་ཚོགས་བྱུང་ཡང་ཁོ་རང་ལས་བྱུང༔ ཞི་ཡང་ཁོ་རང་ས་རུ་ཞི༔ སྣང་སྲིད་གཡོ་འགུལ་ཐམས་ཅད་རིག་པའི་རྩལ་དུ་ངོ་ཤེས༔ རང་རིག་པས་རང་ལ་དབང་ཐོབ་ཙ་ན༔ ཀུན་ཀྱང་བདག་གི་དབང་དུ་མ་གྱུར་མེད༔ སངས་རྒྱས་ལ་རེ་བ་མེད་དེ་རིག་པ་རང་སངས༔ ཡེ་ནས་གནས་པའི་དོན་རང་ཤེས༔ མ་ཁྱབ་པ་མེད་དེ་མཐར་རྒྱས༔ འཁོར་བ་ལ་དོགས་པ་མེད་དེ་རིག་པ་རང་དག༔ འཁོར་བ་རིག་པའི་རྩལ་དུ་གྲོལ༔ བཟང་ངན་རྟོག་ཚོགས་རིག་པའི་རྩལ༔ རང་དུ་དག་ཅིང་རང་དུ་གྲོལ་བ་དེ་ཉིད༔ ནངས་རྟོགས་ན་ནངས་སངས་རྒྱས་ལ༔ ནུབ་རྟོགས་ན་ནུབ་སངས་རྒྱས་པ་ཡིན་ནོ༔ དེ་ལྟར་རྟོགས་ཤིང་ཁོང་དུ་ཆུད་ན༔ རིག་པ་རྩལ་གྱི་དབང་རང་དབང་རང་གིས་ཐོབ་པ་ཡིན་ལ༔ དེ་ཙ་ན་ཅིར་སྣང་ཅིར་སྲིད་ཅིར་གྲགས་ཅི་དྲན་ཐམས་ཅད་རང་རིག་པའི་ངོ་བོའི་རྩལ་དུ་ཤར་བས༔ རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་ནོ༔ དེ་ཙ་ན་རང་བཞིན་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི༔ དབང་ཆེན་རབ་འབྱམས་ཐོབ་པ་ཡིན་ནོ༔ རང་རིག་པའི་ངང་དུ་ཀུན་ལ་དབང་བསྒྱུར༔ རང་བཞིན་ནི་ཀུན་གྱི་རང་བཞིན་རང་རིག་ཡིན༔ བདག་ཉིད་ཆེན་པོ་ནི་བདག་ལས་གཞན་པའམ་བདག་ཉིད་དབང་དུ་མ་གྱུར་པ་སྐྲའི་རྩེ་མོ་ཙམ་ཡང་མི་འདུག་པས༔ ཀུན་ཏུ་བཟང་པོར་བདག་ཉིད་སངས་རྒྱས་པ་ཡིན་པས་ན༔ དབང་ཆེན་རབ་འབྱམས་ཐོབ་པ་ཡིན་ནོ༔ ཞེས་བརྗོད་དོ།། ༈ །།གསུམ་པ་ཡང་ཏི་སྤྱི་ཏི་ཐུན་མོང་གི་རྩལ་དབང་རྒྱས་པར་བསྐུར་བ་ནི། དེས་ཡང་ཏི་ཐུན་མོང་མ་ཡིན་པའི་དབང་མདོར་བསྡུས་ཏེ་བསྐུར་བ་གྲུབ་ནས། ཡང་ཏི་དང་སྤྱི་ཏི་ཐུན་མོང་བའི་རྩལ་དབང་ཆེན་མོ་དགུ་རྩེའི་དབང་ངེས་པར་འབྱེད་པ་ཀ་དག་སྒྲོན་མ་ལྟར་བསྐུར་བ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ལའང་གསུམ་གསུམ་དགུ་རུ་བསྟན་ཏེ། སྒོ་གསུམ་འཇིག་རྟེན་གྱི་བྱ་བ་ལས་ལྡོག་སྟེ་སྣོད་ངན་གྱི་དྲི་མ་བསལ་བ། ཐེག་པ་ཐུན་མོང་གི་ལམ་ལ་རིམ་པར་ཞུགས་ནས་ལོག་པའི་དྲི་མ་བསལ་བ། རྒྱུའི་ཐེག་པ་ཆེན་པོའི་ལམ་རྫོགས་པར་བསྟན་ནས་དམན་པའི་དྲི་མ་བསལ་བ་སྟེ་སྣོད་ངན་དྲི་མ་བསལ་བའི་ཆོས་གསུམ། སྤྱིར་ཕྱི་ནང་གི་ཐེག་པའི་སྤྲོས་པ་བཅད་པ། བྱེ་བྲག་ཀྲི་ཡ་ནས་རྫོགས་ཆེན་མན་ཆད་ཀྱི་སྤྲོས་པ་བཅད་པ། ཁྱད་པར་ཨ་ཏི་སེམས་ཀློང་གི་སྨིན་གྲོལ་རྫོགས་པས་སྤྲོས་པའི་འཆིང་བ་བཅད་པས་སྣོད་དུ་རུང་བའི་དབང་དུ་བྱས་ཏེ་བླ་མེད་ཀྱི་དོན་ལ་སྦྱར་བ་ལའང་གསུམ། དང་པོ་སྣོད་རུང་གི་སློབ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་བྱས་ཏེ་ཆོས་འདས་ཀྱི་དོན་བསྟན་པའི་ཞུ་བ་འབུལ་བ་ནི་སྔོན་དུ་སོང་གྲུབ། གཉིས་པ་སྣོད་དང་ལྡན་ནམ་དྲི་བ་ནི་འདི་ལ་གསན་འཚལ། ཀྱེ༔ སྐལ་ལྡན་རྣལ་འབྱོར་ཁྱོད་ཉོན་དང༔ ཐེག་པའི་རྒྱལ་པོ་སྤྱི་ཏི་ཡང་ཏི་འདི༔ ཐ་མལ་འཁྲུལ་སྣང་འཛིན་པའི་སྤྱོད་ཡུལ་མིན༔ རྟག་ཆད་ལོག་པར་ལྟ་བའི་སྤྱོད་ཡུལ་མིན༔ ཐེག་དམན་རང་དོན་སྒྲུབ་པའི་སྤྱོད་ཡུལ་མིན༔ ས་ལམ་རིམ་པར་བགྲོད་པའི་སྤྱོད་ཡུལ་མིན༔ བློས་བཏགས་གྲུབ་མཐའ་འཛིན་པའི་སྤྱོད་ཡུལ་མིན༔ གཉིས་འཛིན་བླང་དོར་སྤྱོད་པའི་སྤྱོད་ཡུལ་མིན༔ ཡིད་གཟུགས་དམིགས་པ་སྒོམ་པའི་སྤྱོད་ཡུལ་མིན༔ བསྙེན་སྒྲུབ་གཟུང་འཛིན་སྤྱོད་པའི་སྤྱོད་ཡུལ་མིན༔ ནན་བརྟགས་ཚིག་ལ་འཆེལ་བའི་སྤྱོད་ཡུལ་མིན༔ སྨྱོན་སྤྱོད་བབ་ཅོལ་སྤྱོད་པའི་སྤྱོད་ཡུལ་མིན༔ སྐུ་གསུམ་འབྲས་བུ་འདོད་པའི་སྤྱོད་ཡུལ་མིན༔ ཤེས་རབ་སྙིང་རྗེ་ཐོད་རྒལ་བློ་ལྡན་པའི༔ ཆིག་ཆོད་སྣོད་དང་ལྡན་ན་བསྟན་པར་བྱ༔ ཞེས་དྲིས་པས་སྐྱོན་དེ་དག་ལས་ལྡོག་པའི་ཡོན་ཏན་གྱི་སྣོད་མཆོག་དང་ལྡན་པར་གྲུབ་ནས། གསུམ་པ་དོན་ལ་དགོངས་པའི་སྦྱོར་བ་ལ་བདུན་ཏེ། མཐུན་རྐྱེན་རྫས་དང་ཡོ་བྱད་གསག་པ། ཕྱོགས་རིས་སྤངས་པའི་དབེན་གནས་སུ་འགྲོ་བ། མཁའ་ཀློང་ཡངས་པའི་མཆོད་ཁང་གཟུང་བ། འགྱུར་མེད་དོན་གྱི་དཀྱིལ་འཁོར་བཞེངས་པ། མ་བསྐྱེད་ཡོངས་རྫོགས་ཀྱི་ལྷ་ཚོགས་དགོད་པ། རྒྱ་ཆད་མེད་པའི་ཚོགས་མཆོད་བཤམས་པ། ཕྱོགས་མེད་ཡོངས་རྫོགས་ཀྱི་ཚོགས་མཆོད་གསག་པ། དེ་རེ་རེ་ལའང་ཕྱི་ནང་གསང་བ་གསུམ་གསུམ་དུ་དབྱེ་བ་རྣམས་ལེགས་པར་ཚོགས་ནས།། །།སྤྱི་དོན་གཉིས་པ་དངོས་གཞི་ལ་གཉིས། འགྱུར་མེད་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་། རྩོལ་བྲལ་རང་གནས་ཀྱི་རང་ངོ་སྤྲོད་པའོ། །དང་པོ་ལ་བཅུ་བཞི་རུ་གསུངས་པའི་ཐོག་མར་སྐྱབས་སུ་འགྲོ་བ་ལ། ཁྱེད་རང་རྣམས་སྐྱེ་མེད་ཀྱི་དོན་མ་རྟོགས་ན་ཅིས་ཀྱང་དགོས་པ་མེད་སྙམ་པ་རྒྱུད་ལ་བསྟེན་མཛོད། ཀྱེ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རང་སེམས་ཡེ་ནས་ཀ་དག་སངས་རྒྱས་ཏེ༔ བློས་བཏགས་གཉིས་འཛིན་མཐའ་སྟོང་དམ་པའི་ཆོས༔ བདག་འཛིན་རང་དག་རང་གྲོལ་དགེ་འདུན་ཏེ༔ དགུ་རྩེའི་བླ་མེད་འདི་ལ་འཇུག་འདོད་ན༔ མཆོག་གི་སྐྱབས་འགྲོ་རྟག་ཏུ་ཤེས་པར་གྱིས༔ རང་གི་སེམས་ཉིད་ཀ་དག་གི་ངོ་བོ་སངས་རྒྱས། གཉིས་ཆོས་ཀྱི་སྤྲོས་པ་བྲལ་བ་དམ་ཆོས། བདག་འཛིན་རང་སར་གྲོལ་བ་དགེ་འདུན་ཏེ། དོན་དམ་པའི་དཀོན་མཆོག་གསུམ་པོ་མ་བཙལ་རང་ལ་རྫོགས་པ་ལ་ཤེས་བཞིན་གྱི་བློས་འདུད་པའི་མོས་པས་འདིའི་རྗེས་ཟློས། ཨ་ཧོཿདེང་སང་དུས་ནས་སྐལ་ལྡན་བདག༔ མཆོག་གི་སྐྱབས་འགྲོ་བླ་མེད་དཀོན་མཆོག་གསུམ༔ མ་བཙལ་རང་ལ་རྫོགས་པ་འདིར་འདུད་པས༔ དཔའ་བོ་ཆེན་པོའི་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ལན་གསུམ་གྱིས་ཁས་བླང་། དེ་ལྟར་ནམ་ཡང་འབྲལ་མེད་དུ་ཤེས་པ་ནི་སྐྱབས་སུ་འགྲོ་བའི་བསླབ་བྱའོ། །སེམས་བསྐྱེད་པ་ནི། བརྟགས་སྣང་ཞེན་གསུམ་གྱི་ཆོས་ལས་མ་གྲོལ་ན། རང་གཞན་ཐམས་ཅད་སྡུག་བསྔལ་ལས་མ་འདས་པར་འདུག་ཨང་སྙམ་པ་རྒྱུད་ལ་བསྟེན་ཅིག །ཀྱེ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སྐྱེ་མེད་མཚོན་འདས་མ་གོ་སེམས་ཅན་རྣམས༔ དངོས་པོ་མེད་ལ་དངོས་པོ་མཚན་མར་བཟུང༔ ཕྱོགས་མེད་དོན་ལ་ཀུན་བརྟགས་གྲུབ་མཐར་ཞེན༔ གཉིས་མེད་ཆོས་ལ་བླང་དོར་མཚན་མར་སྤྱོད༔ བདག་ཏུ་འཛིན་པས་འཁོར་བར་ཀུན་མནར་པས༔ མིང་མེད་མཐའ་སྟོང་དོན་འདི་རྟོགས་པར་གྱིས༔ ཚིག་རྗེས་སུ་དོན་དྲན་པས་སེམས་བསྐྱེད་པར་དམ་བཅའ་བ་འདིའི་རྗེས་ཟློས། ཨ་ཧོ༔ དེང་ནས་གཟུང་སྟེ་འཁོར་བ་མ་སྟོངས་བར༔ ཐོད་རྒལ་བླ་མེད་དོན་ལས་མ་གཡོས་ཀྱང༔ ཕྱོགས་འཛིན་མཚན་མར་བཅིངས་པའི་འགྲོ་བ་རྣམས༔ བླ་མེད་ཆོས་འདས་དོན་ལ་འགོད་པར་བྱའོ༔ ལན་གསུམ། འབྲས་བུ་ལ་སྨོན་ཞིང་ལམ་གྱི་བསླབ་པ་ལ་འཇུག་པ་དང་། དེ་ཐམས་ཅད་རང་བྱུང་མཐའ་བྲལ་གྱི་ལྟ་བས་ཟིན་པར་བྱེད་པའི་བསླབ་པ་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་དོན་བྱང་ཆུབ་ཆེན་པོའི་ཆུས་སེམས་ཀྱི་དྲི་མ་བཀྲུ་བ་ནི། བརྡའི་བུམ་པའི་ཆུས་བཀྲུ་བ་ཡིན་ཏེ། ཨེ་མ་སྐལ་ལྡན་རྣལ་འབྱོར་པ༔ སེམས་ཉིད་ཀ་དག་རྣལ་མ་ཟང་ཀ་ལ༔ སེམས་ཀྱི་སྣང་ཚུལ་གཟུང་འཛིན་བརྟགས་པ་ཡིས༔ མེད་ལས་དངོས་པོར་སྣང་བའི་འཁྲུལ་པར་ཤར༔ སྐུ་གསུམ་རང་གནས་ལྷུན་གྲུབ་ཆུ་རྒྱུན་གྱིས༔ རྣམ་རྟོག་གཉིས་འཛིན་རང་སར་དག་པར་གྱིས༔ དྷརྨ་ཀཱ་ཡ་ཨ་ཧོ་སུ་ཁ་ཤུདྡྷ་ཨ་ཨ༔ ལན་གསུམ། སེམས་ཉིད་ཀ་དག་གི་ངོ་བོ་གློ་བུར་འཁྲུལ་པའི་དྲི་མས་བསྒྲིབས་པ་ལ་སྐུ་གསུམ་རང་གནས་ལྷུན་གྲུབ་ཀྱི་ཆུས་བཀྲུས་པས་གཉིས་རྟོག་རང་སར་དག་པའི་དོན་ཡིན་ནོ། །གསུམ་པ་ཕྱོགས་འཛིན་བློས་བྱས་ཀྱི་སྡིག་པ་བཤགས་པ་ནི། ཁྱེད་རང་རྣམས་དེ་སྔ་ཕན་ཆད་ཕྱོགས་འཛིན་བློས་བརྟགས་ཀྱི་གྲུབ་མཐའ་ལ་ཞུགས་ཏེ། རྩོལ་སྒྲུབ་ཀྱི་མཚན་མ་ལ་སྤྱོད་པ་དེ་རེ་མ་ལེགས། ད་ནི་རེ་འགྱོད་ན་སྙམ་དུ་སོམས་ཤིག །ཉོན་ཅིག་ཐེག་ཆེན་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་ངེས་པ་དོན་གྱི་གནས་ལུགས་ནི༔ ཕྱོགས་མེད་ཀུན་གྲོལ་བློ་ལས་འདས་པ་ལ༔ དམན་པའི་བྱིས་པ་མཐར་འཛིན་ལམ་ལ་བཀོད༔ གཉིས་འཛིན་སྡིག་པས་སངས་རྒྱས་རྒྱང་དུ་འཕངས༔ དེ་ཡི་ཉེས་པ་དུས་འདིར་བཤགས་པར་བྱ༔ མ་རིག་འཁྲུལ་པའི་བློ་རྟོག་གི་ཉེས་པ་སྙིང་ཐག་པ་ནས་འགྱོད་པས་བཤགས་པར་མོས་ལ་འདིའི་རྗེས་ཟློས། ཨ་ཧོ་བསྐལ་པར་ལམ་ལ་ཞུགས་ནས་འབད་བཙལ་ཡང༔ ཆོས་འདས་བླ་མེད་དགོངས་པ་མ་མཐོང་བས༔ བློས་བརྟགས་ལྟ་བ་ཡིད་གཟུང་སྒོམ་པ་དང༔ ཆེད་བྱས་སྤྱོད་པ་ཡིད་སྨོན་འབྲས་བུ་ཡིས༔ ཡང་དག་དོན་ལས་གོལ་བའི་ཉེས་པ་རྣམས༔ རབ་ཏུ་གནོང་འགྱོད་གཏིང་ཡངས་ཀློང་དུ་བཤགས༔ ལན་གསུམ། དེང་ཕྱིན་ཆད་སྡོམ་པ་ཕྱོགས་མེད་ཀུན་གྲོལ་ཆེན་པོ་ལས་མི་འདའ་བར་བྱ་དགོས་སོ། །བཞི་པ་ཆགས་མེད་ཞེན་མེད་ཀྱི་ཡོན་དབུལ་བ་ནི། ཁྱེད་རང་རྣམས་ཀྱིས་རང་དང་གཞན་གྱིས་བསྡུས་པའི་ལུས་དང་ལོངས་སྤྱོད་ཐམས་ཅད་དངོས་དང་ཡིད་ཀྱིས་བླ་མ་ལ་ཕུལ་བར་མོས་པས་འདིའི་རྗེས་ཟློས། ཀྱེ་མ་དཔལ་ལྡན་འགྲོ་བའི་མགོན༔ ཐོག་མེད་དུས་ནས་ད་ལྟའི་བར༔ འཛིན་པའི་ཕུར་པ་ངོས་མེད་འདོད་པ་དང༔ དུག་དང་འདྲ་བའི་ཆགས་སྡང་གཟུང་འཛིན་གྱིས༔ ད་ལྟའི་བར་དུ་འཁོར་བའི་འདམ་དུ་མནར༔ ང་བདག་དབང་གིས་གཉིས་འཛིན་མ་ལུས་པ༔ དུས་འདིར་ཆགས་པ་མེད་པར་འབུལ་ལགས་ཀྱིས༔ ཀུན་འབྱུང་སེམས་ཉིད་ནོར་བུ་བདག་ལ་སྩོལ༔ ཅེས་དབུལ་ལོ། །ལྔ་པ་ས་ཆིག་ཆོད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་ནི། ཕྱག་དང་བསྐོར་བ་གྲངས་མེད་པར་བྱས་པར་མོས་ལ་འདིའི་རྗེས་ཟློས། ཨེ་མ་དཔལ་ལྡན་འགྲོ་བའི་གཙོ༔ ཡེ་ནས་བདེ་གཤེགས་སྙིང་པོ་ལ༔ ཉོན་མོངས་མ་རིག་ལས་དབང་གིས༔ རང་གི་དེ་ཉིད་ངོ་མ་ཤེས༔ བསྐལ་པར་བཙལ་ཡང་དེ་མ་རྙེད༔ ལྷན་ཅིག་གནས་ཀྱང་ཞལ་མ་མཇལ༔ ཉོན་མོངས་དུག་ལྔའི་དབང་གྱུར་ནས༔ ཁམས་གསུམ་འཁོར་བར་འཁྱམས་པ་འདི༔ ཐོག་མའི་སངས་རྒྱས་རྣམས་དང་སྤྲོད༔ ཆོས་ཉིད་མ་བུ་ངོ་སྤྲོད་ཕྱིར༔ མི་འགྱུར་ཆིག་ཆོད་དཀྱིལ་འཁོར་སྟོན༔ འཁོར་བའི་འདམ་ནས་འདོན་དུ་གསོལ༔ བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས༔ ཀ་དག་འོད་ཀྱི་གྲོང་མཆོག་ཏུ༔ སྐྱབས་མེད་བདག་ནི་གཞུག་པར་འཚལ༔ ལན་གསུམ། དྲུག་པ་ཡང་དག་དོན་ལ་འཇུག་པའི་བར་ཆད་འདྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་སྐལ་ལྡན་དེ་སྐད་ཞུ་བ་ལེགས༔ ཡ་ཐོག་བླ་མེད་དོན་གྱི་དཀྱིལ་འཁོར་འདིར༔ འཇུག་པའི་གང་ཟག་རབ་ཏུ་དཀའ་བ་ཡིན༔ རྟག་ཆད་གཟུང་འཛིན་སྤྱོད་པས་འདི་མི་མཐོང༔ ཐེག་དམན་བྱིས་པའི་བློ་ཡིས་འདི་མི་མཐོང༔ ཡུལ་སེམས་གཉིས་སུ་ལྟ་བས་འདི་མི་མཐོང༔ བདེན་པ་གཉིས་སུ་ལྟ་བས་འདི་མི་མཐོང༔ ལྟ་སྤྱོད་ཟུང་འབྲེལ་སྤྱོད་པས་འདི་མི་མཐོང༔ སྐྱེ་འགག་གཉིས་སུ་ལྟ་བས་འདི་མི་མཐོང༔ ཐབས་དང་ཤེས་རབ་ལྟ་བས་འདི་མི་མཐོང༔ དབྱིངས་དང་ཡེ་ཤེས་ལྟ་བས་འདི་མི་མཐོང༔ ཐམས་ཅད་ཆོས་སྐུར་འདོད་པས་འདི་མི་མཐོང༔ གཞན་ལྟ་རྒྱབ་ཀྱིས་ཕྱོགས་པས་འདི་མི་མཐོང༔ རང་ལྟ་མངོན་པར་ཞེན་པས་འདི་མི་མཐོང༔ དགག་སྒྲུབ་བླང་དོར་ཅན་གྱིས་འདི་མི་མཐོང༔ འགྱུར་མེད་དཀྱིལ་འཁོར་ཆེན་པོར་འཇུག་འདོད་ན༔ གཟུང་འཛིན་སྒྲོག་ཁྲོལ་སེམས་ཀྱི་དྲི་མ་སོལ༔ ཞེ་འདོད་རྩིས་གདབ་བླང་དོར་མ་བྱེད་པར༔ ཆགས་ཞེན་གཡོ་རྩོལ་བྲལ་བས་འཇུག་པར་གྱིས༔ ཐེག་བརྒྱད་བླང་དོར་དུ་ལྟ་བ་དང་། དགུ་པ་བསྒྲུབ་སྩོལ་ཞེ་འདོད་དང་བཅས་པའི་བློ་ཅན་ཡང་རྩེའི་དཀྱིལ་འཁོར་འདིར་འཇུག་པའི་བར་ཆད་དུ་གྱུར་པས། ཞེ་འདོད་བླང་དོར་གྱི་ཡིད་བྱེད་དང་བྲལ་བས་འགྱུར་མེད་དཀྱིལ་འཁོར་ཆེན་པོར་འཇུག་དགོས་པར་ཤེས་པར་གྱིས་ཤིག །བདུན་པ་སྒྲོག་མེད་རྣམ་གྲོལ་གྱི་ལམ་དུ་འཁྲིད་པ་ནི། མ་རིག་པས་ལྡོངས་པར་མཚོན་པའི་དར་རས་ནག་པོས་གདོང་འཆིང་བ་དང་། རིན་ཆེན་མེ་ཏོག་ཆུན་པོ་ཕྱག་ཏུ་ཐོགས་པར་ཞུ། ཞེས་མིག་དར་མེ་ཏོག་སྦྱིན་ཅིང་། དར་ལམ་དཀར་པོས་ཡོལ་བའི་ནང་དུ་དྲངས་ལ། དྲི་མེད་ཀ་དག་གི་བརྡར་དར་དཀར་པོའི་ལམ་ལ་འཇུས་ཏེ་དཀྱིལ་འཁོར་དུ་ཞུགས་པར་མོས་ཤིག །ཀྱེ་མ་འཁོར་བའི་སེམས་ཅན་ཁྱོད༔ མ་རིག་སྲིད་པའི་དྲི་མ་ཡིས༔ ཡང་དག་ལམ་སྟོར་ལོག་པར་འཁྱམས༔ སྒྲོག་མེད་རྣམ་གྲོལ་ལམ་བསྟན་གྱིས༔ ངེས་དོན་ཡང་དག་བླ་མ་ཡི༔ སྐུ་གསུང་ཐུགས་ཀྱི་རྗེས་སུ་ཤོག༔ ༔བརྒྱད་པ་རྟོག་ཚོགས་ཕུང་པོའི་བགེགས་བསྐྲད་པར་བྱ་བ་ཡིན་ཏེ། ཧཱུྃ༔ གནས་ལུགས་ཡང་དག་དགོངས་པ་ལ༔ བར་དུ་གཅོད་པའི་བདུད་དང་བགེགས༔ འདྲེ་གདོན་རྟོག་ཚོགས་ཕྱི་ཡི་བགེགས༔ ཕུང་པོ་ངར་འཛིན་ནང་གི་བགེགས༔ བདག་ལྟའི་འགོང་པོ་གསང་བའི་བགེགས༔ རང་དག་རང་སར་ཀློང་དུ་དེངས༔ ཞེས་ལན་གསུམ་བརྗོད་ལ་གུ་གུལ་གྱིས་བདུག །དེ་ལྟར་གཟུང་འཛིན་རྟོག་ཚོགས་ཀྱི་རྩ་བ་ངར་འཛིན་དང་བཅས་པ་ཀ་དག་གི་ཀློང་དུ་རང་སང་དུ་དེངས་པ་ནི་བགེགས་བསྐྲད་པའི་དོན་ཏོ། །དགུ་པ་སྙིང་པོ་ཀ་དག་དོན་གྱི་ལྷ་གསལ་གདབ་པ་ནི། གཞི་གནས་ལུགས་རྣམ་དག་ཆེན་པོའི་གཞལ་ཡས་སུ། ཡང་དག་དོན་གྱི་ལྷ་ལྔ། རང་རིག་ཡེ་ཤེས་ཀྱི་ལྷ་མོ་བཞི། མ་བསྐྱེད་བདུད་འདུལ་གྱི་སྒོ་བཞིའི་དོན་གསལ་གདབ་པ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཨ་ ཀུན་གཞི་མཁའ་དབྱིངས་ཀློང་དཀྱིལ་དུ༔ ཞེས་པ་ནས། མ་ཧཱ་སུ་ཁ་ཨ་ཨ༔ ཞེས་པའི་བར་འོག་ནས་འབྱུང་བ་ལྟར་བརྗོད་ལ་དོན་གསལ་གདབ། བཅུ་པ་བློ་དམན་གྱི་རང་རྒྱུད་སྦྱོང་བ་ནི། ཐེག་པའི་རིམ་པ་རྣམས་ཀྱི་སོ་སོའི་མཚན་ཉིད་དང་། གོང་འོག་གི་ཁྱད་པར་ཤེས་པས་འོག་མ་ལ་མངོན་ཞེན་དགྲོལ་བར་གྱིས་ཤིག །ཀྱེ་མ་ཉོན་དང་སྐལ་ལྡན་རིགས་ཀྱི་བུ༔ གནས་ལུགས་གཞི་ཡི་ངང་ལ་གཉིས་མེད་དེ༔ ང་བདག་མ་རིག་དབང་གིས་འཁྲུལ་པར་སྣང༔ རང་རྒྱུད་བཅིངས་པའི་འགྲོ་བ་དྲང་བའི་ཕྱིར༔ བློ་ཡི་རིམ་སྦྱར་ཐེག་པའི་རིམ་པ་གསུངས༔ དད་དང་བརྩོན་པས་ལམ་དེར་ལེགས་ཞུགས་ཀྱང༔ ཀུན་བརྟགས་གྲུབ་མཐར་དངོས་འཛིན་མ་ལོག་པས༔ གྲོལ་འདོད་ཆོས་ཀྱིས་རང་རྒྱུད་སླར་ལ་བཅིངས༔ དེར་འཛིན་གཉིས་འཛིན་མདུད་པ་འགྲོལ་བའི་ཕྱིར༔ ང་བདེན་རང་འདོད་ཞེན་པ་མེད་པར་གྱིས༔ ལན་གསུམ། བཅུ་གཅིག་པ་རིན་ཆེན་གྱི་ཡོན་དབུལ་བ་ནི། སྣང་ཚུལ་རྫས་ཀྱི་རིན་ཆེན་ལྔའི་བུམ་པ། རང་སྣང་དོན་གྱི་རིན་ཆེན་ལྔའི་བུམ་པ། གཉིས་མེད་རང་གྲོལ་སྐུའི་བུམ་པ་སྟེ། ཐིག་ལེ་ཉག་གཅིག་ཏུ་རྟོགས་པར་བྱས་ལ་བླ་མ་ལ་དབུལ་བར་མོས་པས་འདིའི་རྗེས་ཟློས། ཧོ་ ཕྱི་ནང་གསང་བ་དོན་གྱི་རཏྣ་ལྔ༔ གཉིས་མེད་ཐིག་ལེ་གཅིག་ཏུ་རབ་རྟོགས་པས༔ མིང་མེད་མཐའ་སྟོང་གཏིང་ཡངས་ངང་དུ་འབུལ༔ དོན་གྱི་ལྷ་ངོ་བསྟན་ཕྱིར་བཞེས་སུ་གསོལ༔ ཞེས་འབུལ་ལོ། །བཅུ་གཉིས་པ་འགྱུར་མེད་ཀྱི་དཀྱིལ་འཁོར་བསྟན་པར་ཞུ་བ་འདིའི་རྗེས་ཟློས། ཀྱེ་ཧོ་དཔལ་ལྡན་སྙིང་པོའི་བདག༔ འཁོར་བར་མནར་པའི་སེམས་ཅན་རྣམས༔ མ་རིག་ལྡོངས་པའི་མིག་ཕྱེས་ལ༔ འགྱུར་མེད་དོན་གྱི་དཀྱིལ་འཁོར་དང༔ མ་བསྐྱེད་དོན་གྱི་ལྷ་ཚོགས་རྣམས༔ སྐལ་ལྡན་བདག་ལ་དུས་འདིར་སྟོན༔ ལན་གསུམ། བཅུ་གསུམ་པ་མིག་དབྱེ་ཞིང་དོན་གྱི་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་ཀྱི་འཆར་སྒོ་དབྱེ་བའི་བརྡར་གདོང་གཡོགས་བསལ་བར་མོས་ཤིག །ཀྱེ་ ཁྱོད་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐོག་མ་མེད་པའི་དུས་ཉིད་ནས༔ གནད་དོན་མ་ཤེས་དོན་མ་མཐོང༔ མ་རིག་མུན་པས་མིག་ལོང་པ༔ དེང་འདིར་ཤེས་རབ་འོད་གསལ་གྱིས༔ མ་རིག་ལྡོངས་པའི་མིག་དབྱེ་ཡིས༔ མི་འགྱུར་ལྷ་ཚོགས་བལྟ་བར་གྱིས༔ རང་རིག་ཡེ་ཤེས་འོད་གསལ་བསྟན༔ ཐོག་མའི་སངས་རྒྱས་ངོ་སྤྲད་དོ༔ ཞེས་མིག་དར་བསལ་ལ། དྲི་མེད་ཡེ་ཤེས་ཀྱི་མཐོང་བ་ཐོབ་པ་ལ་ཡང་དག་དོན་གྱི་དཀྱིལ་འཁོར་བརྡ་སྤྲད་པ་ནི་འདི་ལ་གསན་པར་ཞུ། ཀྱེ་ སྐལ་ལྡན་བུ་ཁྱོད་ཚུར་ཉོན་ཅིག༔ སེམས་ཉིད་གནས་ལུགས་གཅིག་གི་རང་ངོ་ལ༔ དོན་གྱི་དཀྱིལ་འཁོར་རྫོགས་པར་ངས་བསྟན་གྱིས༔ བུ་ཁྱོད་རང་གིས་རང་ལ་ཅེར་རེ་ལྟོས༔ མ་དྷལ་བྱིལ་བྱིལ་ཆོས་རྣམས་མཉམ་པའི་བརྡ༔ འགྱུར་མེད་ཐིག་ལེ་འགག་མེད་ཡེ་ཤེས་མཚོན༔ དབུས་ཀྱི་ཟླུམ་པོ་ཐིག་ལེ་སྤྲོས་མེད་དེ༔ ཚོགས་བརྒྱད་སྐྱོན་མེད་རང་ཤར་པདྨ་བརྒྱད༔ བླ་མེད་ཡེ་ཤེས་ལྔ་ལྡན་ཕྱོགས་བཞི་དབུས༔ ཚད་མེད་གྲྭ་བཞི་གཏན་ཚིགས་བཞི་སྒོ་བཞི༔ རིགས་བཞིའི་རྟགས་སུ་ཟུར་བཞི་པ༔ དཀར་སེར་སྔོ་ནག་ལྗང་དང་ཁ་དོག་ལྔ༔ མི་གཡོ་རྒྱ་ཆད་མེད་དང་ཕྱོགས་ལྷུང་མེད༔ བརྟན་དང་འགྱུར་བ་མེད་པ་ལྔ་ཡི་རྟགས༔ མ་འགགས་རོལ་པའི་འདོད་ཡོན་ལྷ་མོ་ལྔ༔ ཆོས་དང་ཆིག་ཆོད་དབྱེར་མེད་དྲྭ་ཕྱེད་པར༔ སྒོ་རྒྱན་ཆིག་ཆོད་རང་གསལ་རང་སྣང་སྟེ༔ རྟ་བབས་རིམ་དགུ་མ་སྤང་རྫོགས་པའི་རྟགས༔ མཐའ་བཞིའི་སྤྲོས་པ་གཅོད་པའི་འཁོར་ལོ་བཞི༔ དགུ་རྩེའི་ཆོས་འཁོར་བསྐོར་ཕྱིར་གདུགས་ཀྱིས་སྤྲས༔ འགྱུར་མེད་ཀ་བ་མཁའ་གསལ་ཉི་ཟླས་མཚན༔ བླ་མ་དགོས་འདོད་ཀུན་འབྱུང་རིན་ཆེན་ཏོག༔ མཚན་མ་ཟིལ་གྱིས་གནོན་པ་རྡོ་རྗེའི་རྭ༔ བློས་བརྟགས་མཚན་མ་སྲེག་པས་མེ་རི་འོ༔ ཡང་དག་དོན་གྱི་དཀྱིལ་འཁོར་ལྷ་ཚོགས་ངོ་སྤྲོད་པའང་འདི་ལྟ་སྟེ། དབུས་སུ་གཟུགས་ཕུང་དག་པ་བུམ་པ་ཆིག་ཆོད་ནམ་མཁའི་རང་བཞིན་གྱི་སྟེང་དུ་གསེར་གྱི་རྡོ་རྗེ་གཏི་མུག་རྣམ་དག་ཆོས་སྐུ་སྐྱེ་བ་མེད་པ། ཤར་དུ་རྣམ་ཤེས་དག་པ་ཉི་ཟླའི་སྟེང་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་རང་བྱུང་ལོངས་སྤྱོད་རྫོགས་སྐུ། ལྷོ་རུ་ཚོར་བ་དག་པ་མཁའ་ལྡིང་གི་སྟེང་དུ་ང་རྒྱལ་རྣམ་དག་བམ་རོ་ཡིད་ལ་མི་བྱེད་པ་སྤྲུལ་སྐུ། ནུབ་ཏུ་འདུ་ཤེས་དག་པ་རྒྱ་མཚོའི་སྟེང་དུ་འདོད་ཆགས་རྣམ་དག་ཆུ་ཚྭ་འོ་མ་དབྱེར་མེད་ངོ་བོ་ཉིད་སྐུ། བྱང་དུ་འདུ་བྱེད་དག་པ་རླུང་གི་སྟེང་དུ་ཕྲག་དོག་རྣམ་དག་འཇའ་ཚོན་བྱ་བ་མཐར་ཕྱིན་མངོན་པར་བྱང་ཆུབ་པའི་སྐུ། མཚམས་བཞིར་དྲན་རིག་འགྱུ་བྱེད་རང་དག་པདྨའི་སྟེང་དུ་དྲི་དང་རེག་བྱ་སྒྲ་དང་རོའི་ཚོར་བ་རྣམ་པར་དག་པར་མཚོན་པ་དྲི་ཞིམ་གྱི་སྤོས་སོགས་གསལ་རིག་བདེ་སྟོང་གི་ལྷ་མོ་ཆེན་མོ་བཞི། སྒོ་བཞིར་སྐྱེ་རྒ་ན་འཆི་སྒྱུ་མའི་འཁྲུལ་འཁོར་བཞི་པོར་མཚོན་པའི་གདན་སྤྲིན་དང་འཇའ་ཆེན་པོ་སྨིག་རྒྱུ་ན་བུན་གྱི་སྟེང་ཞེན་ཆགས་འཁྲུལ་འཛིན་གྱི་བདུད་བཞི་ཆོམས་པའི་སྒོ་སྲུང་སྐྱེ་མེད་མཁའ་གསལ་ལ་སོགས་པ་བཞི་སྟེ། མདོར་ན་སེམས་ཉིད་འགྱུར་བ་མེད་པའི་གཙོ་ལ། རིག་རྩལ་འགག་པ་མེད་པའི་འཁོར་གྱིས་བསྐོར་བ་མ་བྲིས་ཡོངས་རྫོགས་ཀྱི་རྟེན་དང་མ་བསྐྱེད་ཡོངས་རྫོགས་ཀྱི་བརྟེན་པར་བཅས་པའི་རང་ངོ་མངོན་སུམ་དུ་མཐོང་བར་མོས་ཤིག །བཅུ་བཞི་པ་རིག་པའི་མེ་ཏོག་དོར་ཞིང་གསང་མཚན་གདགས་པ་ནི། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཨའི་རྣམ་པར་སྙིང་ག་ནས་ཕྱུང་ལ་དོན་གྱི་ལྷ་དགུ་གང་ལ་བབས་པ་དེ་ལྷ་དགུ་གང་དང་འབྲེལ་པ་དེར་བབས་པར་གྱུར་ཅིག་སྙམ་དུ་མིག་དང་རིག་པ་དུས་གཅིག་ལ་གཏད་དེ་འདིའི་རྗེས་ཟློས། ཧཱུྃ༔ གནས་ལུགས་འགྱུར་མེད་དོན་གྱི་དཀྱིལ་འཁོར་འདིར༔ མ་བསྐྱེད་ཡོངས་རྫོགས་དོན་གྱི་ལྷ་ཚོགས་ལ༔ སྣང་ཚུལ་འགག་མེད་རིག་པའི་མེ་ཏོག་འབུལ༔ གཉིས་མེད་བླང་དོར་མེད་པར་བབ་གྱུར་ཅིག༔ ཅེས་རིག་པ་རྒྱང་གིས་འཕེན་པ་དང་མཉམ་དུ་མེ་ཏོག་དོར། དབུས་སུ་བབས་ན། མཁའ་ཀློང་ཡངས་པ་སོགས་གང་ལ་བབས་པ་དེའི་རིགས་དང་མཐུན་པའི་གསང་མཚན་སྤྱི་ལྟར་གདགས་ལ། དེང་ཕྱིན་ཆད་མིང་དེའི་དོན་ཁོ་ན་ལྟར་ཤེས་པར་བྱས་ལ། ཐ་མལ་གྱི་མིང་ལ་འཛིན་པ་བོར་བ་གཅེས་སོ། །དེ་དག་གིས་འགྱུར་མེད་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ལེགས་པར་གྲུབ་པ་ཡིན་ནོ།། །།གཉིས་པ་རྩོལ་བྲལ་རང་གནས་ཀྱི་རང་ངོ་སྤྲོད་པ་དངོས་ལ་བཞི་སྟེ། ཀ་དག་རྣལ་མའི་ལྷ་ལ་འགག་མེད་ཀྱི་བསྙེན་པ་བྱ་བ། ཆ་མཐུན་ཁྱད་འཕགས་ཀྱི་བརྡ་དབང་གིས་མ་རིག་པའི་མུན་ཁང་གཏིབས་པ། རིག་པ་སྤྱི་བླུག་གི་དབང་གིས་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲད་པ། མ་བཙལ་ཡེ་རྫོགས་ཀྱི་དབང་གིས་བསྐུར་ཐོབ་མཐའ་གྲོལ་དུ་ལ་བཟླ་བའོ། །དང་པོ་ལ་གཉིས་ཏེ། ཕྱི་འགག་མེད་རྩལ་སྣང་གི་ལྷ་ལ་མཆོད་བསྟོད་བྱ་བ་ནི་གོང་དུ་ལེགས་པར་བགྱིས་པས་ཁྱབ། ནང་གཅིག་ཆོད་དོན་གྱི་ལྷ་ཚོགས་ལ་ཀ་དག་ཏུ་བསྙེན་པ་བྱ་བ་ནི། སྔགས་འོག་མ་བ་དང་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྟན་པའི་ཕྱིར་སྒོ་བསྟུན་པ་སྟེ། དེའང་མིང་ཙམ་ཆ་མཐུན་པ་ལས་དོན་གྱི་ཁྱད་པར་འཕགས་པའི་ཕྲིན་ལས་རྒྱས་བསྡུས་གཉིས་ཡོད་པ་ལས། སྐབས་འདིར་སྙིང་པོ་བསྡུས་པ་ས་བཅད་དགུ་པའི་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་དཔོན་སློབ་གཉིས་ཀས་ཉམས་སུ་བླང་བར་གསུངས་པས། རྡོ་རྗེའི་ཚིག་དོན་ལ་རྗེས་སུ་རྟོག་སྟེ་ཤེས་པ་མ་ཡེངས་པར་ཕྲིན་ལས་ལ་འཇུག་པ་ཞུ། དེ་ལ་དང་པོ་ཡང་དག་དོན་གྱི་ལྷ་ཚོགས་གནས་ལུགས་ཀྱི་དཀྱིལ་འཁོར་དུ་རང་གསལ་གདབ་པ་ནི། ཨ་ ཀུན་གཞི་མཁའ་དབྱིངས་ཀློང་དཀྱིལ་དུ༔ མ་བྲིས་རང་གསལ་དཀྱིལ་འཁོར་འདིར༔ སེམས་ཉིད་འགྱུར་མེད་གཙོ་མཆོག་ལ༔ རིག་རྩལ་འགག་མེད་འཁོར་གྱིས་བསྐོར༔ མ་བསྐྱེད་ཡོངས་རྫོགས་ལྷ་ཚོགས་ནི༔ དབུས་ཕྱོགས་ནམ་མཁའི་གདན་སྟེང་ན༔ གཏི་མུག་རྣམ་དག་བློ་ལས་འདས༔ བསམ་མེད་སྐྱེ་མེད་ཆོས་སྐུ་བཞུགས༔ ཤར་ཕྱོགས་ཉི་ཟླའི་གདན་སྟེང་ན༔ ཞེ་སྡང་རྣམ་དག་སྐྱེ་འགག་མེད༔ རང་བྱུང་ལོངས་སྤྱོད་རྫོགས་སྐུ་བཞུགས༔ ལྷོ་ཕྱོགས་ཁྱུང་གི་གདན་སྟེང་ན༔ ང་རྒྱལ་རྣམ་དག་དྲན་པ་མེད༔ ཡིད་ལ་མི་བྱེད་སྤྲུལ་སྐུ་བཞུགས༔ ནུབ་ཕྱོགས་རྒྱ་མཚོའི་གདན་སྟེང་ན༔ འདོད་ཆགས་རྣམ་དག་སྐུ་གསུང་ཐུགས༔ དབྱེར་མེད་ངོ་བོ་ཉིད་སྐུ་བཞུགས༔ བྱང་ཕྱོགས་རླུང་གི་གདན་སྟེང་ན༔ ཕྲག་དོག་རྣམ་དག་སྐུ་བཞི་རྫོགས༔ མངོན་པར་བྱང་ཆུབ་སྐུ་བཞུགས་སོ༔ བསྐྱེད་ནས་བཞུགས་པ་མ་ཡིན་ཏེ༔ རྩོལ་སྒྲུབ་ལས་འདས་རང་སར་བཞུགས༔ རིགས་ལྔའི་ཆ་མཐུན་ཁྱད་པར་འཕགས༔ མཚམས་བཞིར་མ་བསྐྱེད་ལྷ་མོ་བཞུགས༔ ཤར་ལྷོར་པདྨའི་གདན་སྟེང་ན༔ འཁྲུལ་ཡིད་བྱང་ཆུབ་སེམས་སུ་རིག༔ དྲི་ཡི་རྟག་ཞེན་རྣམ་དག་པ༔ ལྷ་མོ་ཆེན་མོ་རིག་ལྕམ་བཞུགས༔ ལྷོ་ནུབ་པདྨའི་གདན་སྟེང་ན༔ རིག་པ་འཛིན་མེད་གསལ་ལ་དྭངས༔ རེག་བྱའི་རང་བཞིན་རྣམ་དག་པའི༔ ལྷ་མོ་ཆེན་མོ་གསལ་ལྕམ་བཞུགས༔ ནུབ་བྱང་པདྨའི་གདན་སྟེང་ན༔ དྲན་པ་ཡིད་ལ་བྱར་མེད་པའི༔ སྒྲ་ཡི་རང་བཞིན་རྣམ་དག་པ༔ ལྷ་མོ་ཆེན་མོ་བདེ་ལྕམ་བཞུགས༔ བྱང་ཤར་པདྨའི་གདན་སྟེང་ན༔ ཡིད་ལ་འགྱུ་བྱེད་རང་དྭངས་པ༔ རོ་ཡི་ཚོར་བ་ཀུན་སངས་པ༔ གཉིས་མེད་ལྷ་མོ་སྟོང་ལྕམ་བཞུགས༔ ལྷ་མོ་ཆ་མཐུན་ཁྱད་པར་འཕགས༔ མ་བསྐྱེད་སྒོ་བའི་གནས་ཚུལ་ནི༔ ཤར་སྒོ་སྤྲིན་གྱི་གདན་སྟེང་ན༔ སྐྱེ་བའི་ཆོ་འཕྲུལ་རྩད་བཅད་པ༔ སྒོ་སྲུང་སྐྱེ་མེད་མཁའ་གསལ་བཞུགས༔ ཕུང་པོར་ཞེན་པའི་བདུད་རྣམས་བཏུལ༔ ལྷོ་སྒོར་འཇའ་ཚོན་གདན་སྟེང་ན༔ ན་བའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་ངང་དྭངས་ཆེན་པོ་བཞུགས༔ ཉོན་མོངས་དུག་ལྔའི་བདུད་རྣམས་བཏུལ༔ ནུབ་ཕྱོགས་སྨིག་རྒྱུའི་གདན་སྟེང་ན༔ རྒས་པའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་རང་སངས་ཆེན་པོ་བཞུགས༔ ལྷ་ཡི་བུ་ཡི་བདུད་རྣམས་བཏུལ༔ བྱང་སྒོར་ན་བུན་གདན་སྟེང་ན༔ འཆི་བའི་དུཿཁ་རྩད་བཅད་པ༔ སྒོ་སྲུང་ཆོས་ཉིད་གཏིང་གསལ་བཞུགས༔ འཆི་བདག་བདུད་རྣམས་ཀུན་བཅོམ་ནས༔ སྐྱེ་འཆི་མེད་པའི་ངང་ལ་གནས༔ ཡེ་ནས་སྒོ་སྲུང་རྣམ་བཞི་ཡིས༔ བདུད་རྣམས་བཅོམ་ནས་མཐའ་བརྒྱད་བྲལ༔ ཆགས་འཛིན་ཞེན་པའི་མཚོ་ནས་ཐོན༔ གཟུང་འཛིན་གཉིས་ཀྱི་སྒྲོག་རྣམས་ཁྲོལ༔ དགག་སྒྲུབ་སྤང་ལེན་འདམ་ནས་ཐར༔ དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཨ་ཨ༔ ཞེས་དོན་གྱི་ལྷ་དགུ་གསལ་བཏབ་ལ། སྒོ་བ་བཞིས་བདུད་བཞི་གང་བྱུང་ཡེངས་མེད་དུ་བསྲུང་ངོ་། །གཉིས་པ་རྟོག་མེད་དོན་གྱི་རང་མཚམས་གཅད་པ་ནི། ཧཱུྃ༔ མཚམས་ནི་རང་སེམས་ངང་ལ་གཅད༔ མི་རྟོག་ཡེ་ཤེས་མཚམས་རྒྱལ་གྱིས༔ རང་རྟོག་བགེགས་ཀྱི་རྒྱལ་པོ་བསལ༔ བྱ་བ་མེད་པའི་ལས་རྒྱལ་འདིས༔ གཟུང་འཛིན་ང་བདག་བགེགས་རྣམས་བསྐྲད༔ ཁྲོ་རྒྱལ་ངང་དྭངས་འགྱུར་མེད་ཀྱིས༔ འཁྲུལ་རྟོག་རྟག་ཞེན་བདུད་རྣམས་བསྐྲད༔ དབྱེར་མེད་ཡེ་གསལ་ཡེ་ཤེས་ཀྱིས༔ ཕྱོགས་རིས་བགེགས་བསལ་མཉམ་ཉིད་ཀློང༔ མ་འདྲེས་ཀུན་རྫོགས་ཡེ་ཤེས་ཀྱིས༔ རྩིས་གདབ་བགེགས་བསལ་རྩིས་མེད་གནས༔ དོན་གྲུབ་རང་གསལ་ཡེ་ཤེས་ཀྱིས༔ མཚན་རྟོག་འདོད་པའི་བགེགས་བསལ་ནས༔ འགྱུར་མེད་མཐར་ཕྱིན་དགོངས་པར་གནས༔ སཾ་མྱག་ཨ་རུ་སརྦ་མཱ་ར་ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྒོ་བའི་རྒྱབ་རྟེན་དུ་སྤྱོད་ལམ་ཐམས་ཅད་མཚམས་གཅོད་དུ་རྟོགས་པར་བྱའོ། །གསུམ་པ་རྩལ་སྣང་རོལ་པའི་སྤྱན་འདྲེན་གདབ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྙིང་པོ་དོན་དམ་ཆོས་སྐུ་ཡང༔ མི་དམིགས་དབྱིངས་ནས་གཤེགས་སུ་གསོལ༔ འོད་གསལ་རྣམ་དག་ཀློང་ཡངས་ནས༔ སྐྱེ་འགག་མེད་པའི་ལོངས་སྐུ་ཡང༔ འོག་མིན་གནས་ནས་གཤེགས་སུ་གསོལ༔ སྣང་སྲིད་མཁའ་ཀློང་བརྡལ་བ་ནས༔ ཀུན་ཁྱབ་དྲན་མེད་སྤྲུལ་སྐུ་ཡང༔ འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ རང་བྱུང་ཀ་དག་ཀུན་གཞི་ནས༔ སེམས་ཀྱི་རྟགས་སྣང་སྣ་ཚོགས་རྣམས༔ སྐྱེ་མེད་བསྟན་ཕྱིར་བཞུགས་སུ་གསོལ༔ མ་ཧཱ་ས་མེ་ཨ་ནུཏྟ་ར་ཨ་བྷི་མུ་ཁེ་མ་ཏ་ཨ༔ ཞེས་འགྲོ་འོང་གཉིས་མེད་བློ་འདས་སུ་རྟོགས་པར་བྱའོ། །བཞི་པ་རྟོགས་པ་དོན་གྱི་ཕྱག་ཆེན་དུ་འབུལ་བ། ཨོཾ་ཨོཾ་ཨོཾ༔ ཀ་དག་སྙིང་པོའི་ལྷ་ཚོགས་ལ༔ རྣམ་རྟོག་གཟུང་འཛིན་ཀུན་ཕྱག་ནས༔ དོན་དམ་འགྱུར་བ་མེད་པར་འཚལ༔ གཉིས་མེད་མཐའ་སྟོང་ཀློང་དུ་བཞེས༔ ཨན་ཏ་བི་མུག་ཏ་ཨུཏྟ་ར་ཏིཥྛ་ཡ་ན་མོ༔ ཞེས་མཐའ་སྟོང་གི་ཀློང་དུ་བསྟིམ་མོ། །ལྔ་པ་མཉམ་ཉིད་ཕྱོགས་བྲལ་དུ་བཞུགས་སུ་གསོལ་བ། ཨ་ཨ་ཨ༔ མཁའ་ཀློང་ཡངས་པའི་གཞལ་ཡས་སུ༔ མཉམ་ཉིད་ཟང་ཀའི་གདན་ཁྲི་ལ༔ ཀ་དག་སྙིང་པོའི་ལྷ་ཚོགས་རྣམས༔ མཚོན་མེད་རང་སར་བརྟན་པར་བཞུགས༔ སཏྭ་ས་མཱ་དྷི༔ བི་མུག་ཏ༔ ཏིཥྛ་ཧཱུྃ༔ ཞེས་གཡོ་རྩོལ་བསམ་བརྗོད་ལས་གྲོལ་བར་ལྷན་གྱིས་བཞག་གོ །དྲུག་པ་འཛིན་མེད་གཞི་བཞེངས་ཀྱི་རང་མཆོད་འབུལ་བ། ཧོ་ཧོ་ཧོ༔ ཡེ་གནས་དོན་གྱི་ལྷ་ཚོགས་ལ༔ སྣང་སྲིད་གཞི་བཞེངས་མཆོད་པ་ནི༔ རང་སྣང་ཡུལ་གྱི་བྱེ་བྲག་ཀུན༔ དགག་སྒྲུབ་མེད་པར་མཆོད་པར་འབུལ༔ འཛིན་པ་སེམས་ཀྱི་དྲན་རྟོག་རྣམས༔ དངོས་པོ་མེད་པར་མཆོད་པར་འབུལ༔ ཕྱི་ནང་གཉིས་སྣང་མ་ལུས་པ༔ དབྱེ་བསལ་མེད་པར་མཆོད་པར་འབུལ༔ ཡུལ་དུ་སྣང་བ་དཀར་དམར་རྣམས༔ སོར་བཞག་ཆེན་པོར་མཆོད་པར་འབུལ༔ སེམས་ལས་བྱུང་བའི་རང་རྩལ་རྣམས༔ རྩིས་གདབ་མེད་པར་མཆོད་པར་འབུལ༔ གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས༔ སྤྲོས་ཐག་ཆོད་པར་མཆོད་པར་འབུལ༔ ཕྱི་རོལ་རྟག་ཆད་ཞེན་སྣང་ཀུན༔ རང་གྲོལ་ཆེན་པོར་མཆོད་པར་འབུལ༔ ནང་ན་གསལ་བའི་སེམས་འཛིན་འདི༔ མཐོང་སྣང་མེད་པར་མཆོད་པར་འབུལ༔ སྣང་སྲིད་འཁོར་འདས་མ་ལུས་པ༔ ཆགས་འཛིན་མེད་པར་མཆོད་པར་འབུལ༔ རྒྱ་ནས་འདེགས་ཀྱིས་བཞེས་སུ་གསོལ༔ འཛིན་པ་སེམས་ཀྱི་དྲན་པ་རྣམས༔ ངང་ཡངས་ཆེན་པོར་མཆོད་པར་འབུལ༔ དམིགས་མེད་དབྱིངས་སུ་བཞེས་སུ་གསོལ༔ མ་ཧཱ་པཱུ་ཙ་མེ་ཙི་ཏ་ཨ་ས་མ་ས་དྷརྨ་དྷཱ་ཏུ་བི་ཤུདྡྷ་ཨ་ན་དྷི་པྲ་མུ་ཏི་ཏ་ཨེ་མ་ཧོ༔ སྭསྟི་མཱཾ་ནིར་ཡཱ་ཏ་ཡཱ་མི༔ ཞེས་རང་ལ་རང་གིས་དབུལ་ལོ། །བདུན་པ་བདུད་རྩི་རྣམ་དག་གི་སྨན་མཆོད་འབུལ་བ། ཧཱུྃ༔ རང་བྱུང་ངོ་བོ་སྐྱེ་འཇིག་མེད༔ གཞི་ལ་གདོད་ནས་འཁྲུལ་སྣང་དག༔ རྩ་བ་བྱང་སེམས་རྣམ་ཤེས་བརྒྱད༔ ཐེག་པ་བརྒྱད་ཁྲི་བཞི་སྟོང་རྣམས༔ མཉམ་ཉིད་ཀློང་སྦྱར་ཉོན་མོངས་སྨན༔ རྩ་བ་ཐིག་ལེ་འབུམ་ཕྲག་རྩལ༔ ཡངས་པ་རོལ་པ་བཅུད་སྙིང་པོ༔ དུག་ལྔའི་བདུད་ལ་ཡེ་ཤེས་རྩི༔ རེ་མེད་རང་གནས་འཆི་བ་མེད༔ ར་ནི་ང་བདག་ས་ཆོས་ཉིད༔ ཡཱ་ན་ཐེག་བརྒྱད་ཐམས་ཅད་རྫོགས༔ འདུས་པའི་སྙིང་པོ་སྤྱི་ཏི་ཡིན༔ ཐོག་མཐའ་གཉིས་ཀྱི་གདམས་ངག་གིས༔ འགྲོ་བའི་འཁྲུལ་གཅོད་དབྱིངས་སུ་གྲོལ༔ དུག་ལྔའི་དོན་རྟོགས་རྟག་ཞེན་སེལ༔ བདུད་ནི་རྣམ་རྟོག་ཞེན་མེད་རྩི༔ རིན་ཆེན་འོད་གསལ་ཤེས་པའི་མཆོག༔ ཅེས་ཆེ་བ་རྟོགས་པར་བྱས་ལ༔ དེ་ནས་མཆོད་པ༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ འཆི་མེད་བདུད་རྩི་ར་ས་ཡཱན༔ ཐམས་ཅད་འདུས་པའི་སྙིང་པོ་སྟེ༔ འགྲོ་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཡོངས་རྫོགས་སྙིང་པོའི་ལྷ་ཚོགས་ལ༔ དམིགས་མེད་དབྱིངས་སུ་མཆོད་པར་འབུལ༔ སྐྱེ་མེད་བདེ་ཆེན་དངོས་གྲུབ་སྩོལ༔ ཨ་ཛ་ཏ་བྷ་ཤི་ཏ་ཤུདྡྷི་མ་ཧཱ་ཨ་མྲྀཏ་སིདྡྷི་ཧྲི་སྟི་སྟ་ཧོ༔ ཞེས་གཉིས་མེད་རྣམ་དག་ཆེན་པོར་མཆོད་དོ། །བརྒྱད་པ་ཡོན་ཏན་གཞི་རྫོགས་ཀྱི་བསྟོད་པ་བྱ་བ་ནི། ཨེ་མ་ཧོ༔ ཀ་དག་ཆོས་དབྱིངས་གཞལ་ཡས་ན༔ ཐིག་ལེ་གཅིག་པུར་བཞུགས་པའི་ལྷ༔ ལྷ་རྣམས་ཀུན་གྱི་གཙོ་བོ་མཆོག༔ བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད༔ འགྱུར་མེད་ཀུན་ཁྱབ་མཁའ་འདྲའི་སྐུ༔ མ་རིག་མུན་སེལ་ཉི་ཟླའི་སྤྱན༔ འདོད་པ་ཀུན་བྲལ་ཡིད་བཞིན་ཐུགས༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད༔ དངོས་པོ་མེད་པ་ཀུན་ཁྱབ་པས༔ སྤྲོས་པ་མཐའ་དག་གཅོད་པར་བྱེད༔ ཐུགས་རྗེས་ཀུན་ཁྱབ་འགྲོ་བའི་མགོན༔ གཉིས་མེད་སྤྲུལ་པའི་སྐུ་ལ་བསྟོད༔ སྐུ་གསུམ་དབྱེར་མེད་མཐའ་ལས་གྲོལ༔ མཐའ་ཡས་བསམ་འདས་ཆོས་རྣམས་ཀུན༔ ཆོས་ཉིད་ངང་དུ་སྡུད་མཛད་པ༔ ངོ་བོ་ཉིད་ཀྱི་སྐུ་ལ་བསྟོད༔ བྱིས་པ་རྣམས་ཀྱིས་རྣམ་བརྟགས་པའི༔ རྩོལ་སྒྲུབ་བྱ་བའི་ལས་རྣམས་ཀུན༔ བྱར་མེད་སྤྲོས་བྲལ་ལྷུན་གྲུབ་པ༔ མངོན་པར་བྱང་ཆུབ་སྐུ་ལ་བསྟོད༔ ཆགས་འཛིན་སྤྲོས་པ་ཀུན་ཆོད་ནས༔ བྱམས་པ་ཆེན་པོས་ཀུན་ལ་ཁྱབ༔ དྲི་ཡི་ཚོགས་ཀུན་རང་སར་སེལ༔ རིག་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ དགག་སྒྲུབ་སྤང་ལེན་ཀུན་བྲལ་ནས༔ སྙིང་རྗེ་ཆེན་པོས་འགྲོ་བ་འདྲེན༔ རེག་བྱ་ཡུལ་ལ་དབྱེ་བ་མེད༔ གསལ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཉིས་མེད་གཅིག་ཆོད་དང༔ དགའ་བའི་ལས་རྣམས་ཡོངས་སུ་རྫོགས༔ སྒྲ་ཡི་རང་བཞིན་སྤྲོས་མཐའ་གྲོལ༔ བདེ་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ གཉིས་འཛིན་མཐའ་བརྒྱད་ཀུན་དང་བྲལ༔ རོ་ཡི་རྟག་ཞེན་རྣམ་པར་དག༔ མཉམ་ཉིད་བཏང་སྙོམས་ཡོངས་སུ་རྫོགས༔ སྟོང་ལྕམ་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱུ་རྐྱེན་སྐྱེ་འགག་སྤྲོས་དང་བྲལ༔ མཁའ་གསལ་རང་དྭངས་ངོ་བོ་ཉིད༔ འཁོར་བའི་རྟོག་ཚོགས་རང་གྲོལ་བ༔ ཤར་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ ཆོས་རྣམས་མཉམ་ཉིད་ངང་དུ་རྫོགས༔ ཚོར་རིག་འགྱུ་བ་མ་ལུས་པ༔ རང་བྱུང་ངང་ལ་དྭངས་པ་ཉིད༔ ལྷོ་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ འཁྲུལ་པའི་སྣང་བ་མ་ལུས་ཀུན༔ རང་ལས་བྱུང་ནས་རང་དུ་དག༔ མ་བསལ་རང་སར་སངས་པ་ཉིད༔ ནུབ་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ རྟག་དང་ཞེན་པའི་མཚན་མ་རྣམས༔ རང་གྲོལ་གྲོལ་བ་རང་སར་དག༔ གསལ་ལ་དྭངས་པ་ངོ་བོ་ཉིད༔ བྱང་སྒོ་སྲུང་ལ་ཕྱག་འཚལ་བསྟོད༔ ཀཱ་ཡ་ཝཱ་ཀ་མ་ནོ་བི་ཛུ་ཤེ་ཏ་ཨི་ཏི༔ དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ ཨ་ན་དི་ཨ་ཏི༔ ས་མན་ཏ་སརྦ་མ་ཧཱ༔ ཨ་ཛ་ཏ་བྷི་ཤི་ཏ་ཤུདྡྷ༔ མུ་དྷ་ཀ་ཏྲ་ཨ་ཧོ༔ ཞེས་ཆེ་བ་ཡོན་ཏན་མ་བཙལ་ཡེ་ནས་གཞི་རྫོགས་སུ་རྟོགས་པར་བྱའོ། །དགུ་པ་ཡོངས་གྲོལ་ཆོས་འདས་ཀྱི་གཏོར་ཆེན་དབུལ་བ་ནི། དང་པོ་གཏོར་མ་བཤམ་ཞིང་བྱིན་བརླབ་པ་ནི། ཨ་ཧོ་སྣོད་ཀྱི་འཇིག་རྟེན་རིན་ཆེན་སྣོད༔ བཅུད་ཀྱི་འཇིག་རྟེན་གཏོར་མའི་རྫས༔ སྐྱེ་འགྲོ་གཟུགས་སོགས་གཏོར་མའི་རྒྱན༔ རང་ལས་བྱུང་བའི་བདུད་རྩི་ལྔ༔ དུག་ལྔ་ཀ་དག་ཡེ་ཤེས་ལྔ༔ དུག་གསུམ་ཀ་དག་སྐུ་གསུང་ཐུགས༔ རྣམ་ཤེས་རྣམ་ལྔ་གཏོར་མའི་རྒྱན༔ དབང་པོ་ཡུལ་ལྔ་གཏོར་མའི་རྟེན༔ རང་དག་རྒྱལ་བའི་དགོངས་པའི་བཅུད༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས༔ ཕྱི་ནང་སྣོད་བཅུད་མ་ལུས་པ༔ མཉམ་ཉིད་བདུད་རྩིའི་རྒྱ་མཚོར་གྱུར༔ སྐྱེ་འགག་མེད་པར་བྱིན་གྱིས་བརླབས༔ ཞེས་པའི་དོན་གྱིས་བརླབས་ལ་དབུལ་བ་ནི། ཨེ་མ་ཧོ༔ སྣང་སྲིད་བསྡུས་པའི་ཆོས་རྣམས་ཀུན༔ སྐྱེ་མེད་དབྱིངས་སུ་མཆོད་པར་འབུལ༔ སྐྱེ་ཤི་རྩད་གཅོད་བྱིན་གྱིས་རློབས༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ སེམས་ཀྱི་རྟག་སྣང་མཆོད་པར་འབུལ༔ བསམ་བརྗོད་མེད་པར་བཞེས་སུ་གསོལ༔ རྟག་སྣང་གྲོལ་བར་བྱིན་གྱིས་རློབས༔ དུས་གསུམ་བདེ་གཤེགས་བསམ་འདས་ལ༔ སྣང་སྲིད་རྒྱས་འདེབས་མཆོད་པར་འབུལ༔ སྐྱེ་བ་མེད་པར་བཞེས་སུ་གསོལ༔ འགྱུར་བ་མེད་པར་བྱིན་གྱིས་རློབས༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཉོན་མོངས་བརྒྱད་ཁྲི་གཏོར་མར་འབུལ༔ རང་སར་དྭངས་པར་བཞེས་སུ་གསོལ༔ དུཿཁ་རྣམ་དག་བྱིན་གྱིས་རློབས༔ བཀའ་སྲུང་ཆོས་སྐྱོང་མཁའ་འགྲོ་ལ༔ སེམས་ཀྱི་དྲན་རྟོག་གཏོར་མར་འབུལ༔ འགྱུར་མེད་ཀློང་དུ་བཞེས་སུ་གསོལ༔ སྐྱེ་བ་མེད་པར་བྱིན་གྱིས་རློབས༔ སྙིང་པོ་དོན་གྱི་ལྷ་ཚོགས་ལ༔ བྱུང་ཚོར་ཐམས་ཅད་གཏོར་མར་འབུལ༔ སྤྲོས་ཐག་ཆོད་པར་བཞེས་སུ་གསོལ༔ རྩིས་གདབ་མེད་པར་བྱིན་གྱིས་རློབས༔ སྐུ་ལྔ་རིགས་ལྔ་ཡབ་ཡུམ་ལ༔ ཕྱི་ནང་གཉིས་གཟུང་གཏོར་མར་འབུལ༔ དབྱེ་བསལ་མེད་པར་བཞེས་སུ་གསོལ༔ བཀོལ་བ་མེད་པར་བྱིན་གྱིས་རློབས༔ བདེ་ལྕམ་ལ་སོགས་ལྷ་མོ་ལ༔ ཡིད་རིག་དྲན་སེམས་གཏོར་མར་འབུལ༔ རིག་འགྱུར་སེམས་པ་མེད་པར་བཞེས༔ གཡོ་བ་མེད་པར་བྱིན་གྱིས་རློབས༔ ཤར་གྱི་སྒོ་སྲུང་མཁའ་གསལ་ལ༔ གཟུང་འཛིན་ཞེན་ཆགས་གཏོར་མར་འབུལ༔ དབྱེ་བ་མེད་པར་བཞེས་སུ་གསོལ༔ ཤུགས་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ལྷོ་ཡི་སྒོ་སྲུང་ངང་དྭངས་ལ༔ ཡུལ་སེམས་གཉིས་མེད་མཆོད་པར་འབུལ༔ འགག་པ་མེད་པར་བཞེས་སུ་གསོལ༔ གཉིས་སུ་མེད་པར་བྱིན་གྱིས་རློབས༔ ནུབ་ཀྱི་སྒོ་སྲུང་རང་སངས་ལ༔ མ་རིག་གཉིས་འཛིན་གཏོར་མར་འབུལ༔ གསལ་བ་ཆེན་པོའི་ཀློང་དུ་བཞེས༔ ཡེ་ཤེས་རང་ཤར་བྱིན་གྱིས་རློབས༔ བྱང་གི་སྒོ་སྲུང་གཏིང་གསལ་ལ༔ ལྟ་སྒོམ་སྤྱོད་འབྲས་གཏོར་མར་འབུལ༔ ཞེ་འདོད་མེད་པར་བཞེས་སུ་གསོལ༔ ཀ་དག་ཆེན་པོར་བྱིན་གྱིས་རློབས༔ མིང་འདོགས་ཐམས་ཅད་གཏོར་མར་འབུལ༔ རྟག་སྣང་མེད་པར་བྱིན་གྱིས་རློབས༔ བྱ་བཙལ་ཐམས་ཅད་གཏོར་མར་འབུལ༔ བྱར་མེད་ཆེན་པོར་བཞེས་སུ་གསོལ༔ བཟང་ངན་ཐམས་ཅད་གཏོར་མར་འབུལ༔ སྤོང་ལེན་མེད་པར་བྱིན་གྱིས་རློབས༔ གཞི་དང་རྩལ་སྣང་གཏོར་མར་འབུལ༔ མ་བུ་དབྱེར་མེད་བྱིན་གྱིས་རློབས༔ སརྦ་དྷརྨ་སརྦ་སྭ་ད་ཏན༔ སརྦ་ཨ་ས་ཡ་གྷ་ཏེ་བྷྱོ༔ སརྦ་ཀླེ་ཤ༔ དྷ་སརྦ་ཨན་ཏ༔ དྷརྨ་ཀཱ་ཡ༔ བྷིན་དུ་མ་ཧཱ་ཨུད་དྷ་ར་མ་ཧཱ་པཱུ་ཙ་བི་མ་ལ་ཊ་ཏེ༔ ནིརྻཱ་ཏ་ཡཱ་མི་སྭཱ་ཧཱ༔ ཞེས་གཏོང་བྱ་གཏོང་བྱེད་རྩིས་གདབ་མཐའ་སྟོང་དུ་དབུལ་ལོ། །དངོས་སུ་བཤམས་པའི་གཏོར་ཆེན་ཀྱང་གཏང་། དེ་ལྟ་བུའི་ཕྲིན་ལས་ཀྱི་རིམ་པ་འདིས་ནི་གཉིས་སྣང་གི་མཚན་མ་སྣ་ཚོགས་སུ་མངའ་བ་ཞེས་བྱ་བ་འགྱུར་ཏེ། ཚོགས་བསམ་གྱིས་མི་ཁྱབ་པ་རྫོགས་ཤིང་། བླ་མེད་ཀ་དག་གི་དོན་མཐོང་བ་ལ་ཐེ་ཚོམ་མེད་དོ།། །།གཉིས་པ་ཆ་མཐུན་ཁྱད་འཕགས་ཀྱི་བརྡ་དབང་གིས་མ་རིག་པའི་མུན་ཁང་གཏིབས་པ་ལའང་། ཐུན་མོང་སྤྱིའི་དབང་གི་རྣམ་པར་གཞག་པ་ཕྱི་ནང་གསང་བ་གསུམ་དེ་ཁོ་ན་ཉིད་བཞིའམ། དབང་ཆེན་བཅོ་བརྒྱད་སོགས་འདོད་ཚུལ་མང་ཡང་། ཕལ་ཆེར་བུམ་གསང་ཤེར་ཡེ་ཚིག་དབང་བཞིར་འདུས་པར་བཞེད་ཅིང་སྤྲོས་པའི་མཚན་མ་ལ་བརྟེན་ནས་བསྐུར་པས་སྒོ་གསུམ་གྱི་དྲི་མ་དག་ཅིང་འབྲས་བུ་སྐུ་གསུམ་ཐོབ་པའི་ནུས་པ་མཐུ་ཅན་དུ་བྱེད་པ་སྟེ་བློ་དམན་དྲང་བའི་དོན་དུ་བསྟན་པའོ། །འདིར་ཁྱད་པར་གོང་ན་མེད་པའི་དབང་བསྐུར་བ་ལ། ངོ་བོ་སེམས་ཉིད་ཡེ་ནས་སྐྱེ་བ་མེད་པ། ངེས་ཚིག་སྙིང་པོ་ཀ་དག་མཐའ་སྟོང་གི་དོན་དེ་མ་བཙལ་ཡེ་རྫོགས་སུ་རང་དབང་རང་གིས་ཐོབ་པ། སྐུར་ཐབས་བསྐུར་བྱ་སྐུར་བྱེད་ཀྱི་རྩིས་གདབ་མེད་པར་བསྐུར་བ། འཇུག་ཚུལ་གནས་ལུགས་ལས་གཡོ་རྩོལ་མེད་པའི་ཚུལ་དུ་འཇུག་པ། དབྱེ་བ་ཡང་དག་དོན་གྱི་དབང་གཅིག་ངོ་སྤྲོད་པའི་ཚུལ་རྣམ་པ་བཞི་སྟེ། དང་པོ་བུམ་པའི་དབང་ཤེས་མེད་མཐའ་སྟོང་དུ་ངོ་སྤྲད་པ། གསང་བའི་དབང་མཚོན་བྱེད་བརྗོད་བསྟན་མེད་པར་ངོ་སྤྲད་པ། ཤེས་རབ་ཡེ་ཤེས་ཀྱི་དབང་ཀུན་འབྱུང་རང་གྲོལ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པ། ཚིག་དབང་རིན་པོ་ཆེ་ཞེ་འདོད་བློས་བརྟགས་ཀྱི་རྒྱ་ཆད་མེད་པར་ངོ་སྤྲད་པའོ། །དང་པོ་བུམ་དབང་ལའང་ནང་གསེས་སུ་དབྱེ་བས་བརྒྱད་དེ། དང་པོ་བུམ་པས་ཐིག་ལེ་འགག་མེད་ཕྱོགས་བྲལ་དུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་བུམ་པ་འདི༔ མགོར་བཞག་ཡེ་ཤེས་དབང་བསྐུར་པས༔ སྣང་སྲིད་མ་བཀག་ཆོས་སྐུ་རུ༔ ཕྱོགས་རིས་བྲལ་བར་རྟོགས་པར་གྱིས༔ གཉིས་པ་དབུ་རྒྱན་གྱིས་རང་གནས་བླ་མེད་ཀྱི་རིགས་ལྔ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །དབུ་རྒྱན་མགོར་བསྐོན་ལ། ཧཱུྃ༔ རྒྱལ་བ་རིགས་ལྔས་དབང་བསྐུར་པས༔ ཡེ་ཤེས་རྣམ་ལྔར་རང་གསལ་དྭངས༔ བླ་མེད་རིགས་ལྔ་རྟོགས་པར་གྱིས༔ གསུམ་པ་རྡོ་རྗེས་མ་བཅོས་འགྱུར་མེད་ཀྱི་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །རྡོ་རྗེ་གཏད་ལ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་འདི་གཏད་པས༔ མ་ནོར་མ་བཅོས་བྱར་མེད་པའི༔ མི་འགྱུར་བརྟན་པའི་རྡོ་རྗེ་ཡིས༔ འཁོར་འདས་ཆོས་ཀུན་རྒྱས་ཐོབས་ཤིག༔ བཞི་པ་དྲིལ་བུས་གྲགས་སྟོང་རང་དྭངས་སུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །དྲིལ་བུ་གཏད་ལ། ཧཱུྃ༔ སྟོང་ཉིད་དྲིལ་བུ་འདི་བྱིན་པས༔ དངོས་མེད་ཡེ་སྟོང་རང་བཞིན་ལས༔ འགག་པ་མེད་པའི་རང་སྒྲ་ཡིན༔ ཆོས་རྣམས་རང་སར་དྭངས་པར་གྱིས༔ ལྔ་པ་བདུད་རྩིས་སྐྱེ་མེད་རྣམ་དག་ཏུ་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །བདུད་རྩི་ལྕེར་བྱིན་ལ། ཧཱུྃ༔ སྙིང་པོ་གདོད་ནས་རྒྱུ་རྐྱེན་བྲལ༔ རང་བྱུང་རྣམ་གྲོལ་རང་དག་པའི༔ ཀུན་བཟང་གསུང་གི་བདུད་རྩི་འདིས༔ སྐྱེ་ཤི་རྩ་བ་དག་པར་གྱིས༔ དྲུག་པ་གཏོར་མས་འཛིན་མེད་ཡོངས་གྲོལ་དུ་གཏན་ལ་དབབ་པའི་དོན་ཤེས་པར་གྱིས་ཤིག །གཏོར་མ་ལག་ཏུ་གཏད་ལ། སྣང་སྲིད་སྣོད་བཅུད་མ་ལུས་པ༔ འཛིན་མེད་རྒྱས་འདེབས་རོལ་པ་ཡིས༔ ཡོངས་གྲོལ་དོན་གྱི་གཏོར་ཆེན་འདིས༔ འཁོར་འདས་ཆོས་འདས་ཀློང་དུ་འབུལ༔ བདུན་པ་བརྡ་དབང་གིས་དཔེ་དོན་ངོ་སྤྲད་དེ་འཁོར་འདས་ཀྱི་སྤྲོས་པ་རང་ཐོག་ཏུ་གཅོད་པ་ནི། སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ཀྱི་ལེའུ་སོ་བརྒྱད་པ་ནས་གསུངས་པའི་དོན་འདི་བཞིན་སེམས་རྣམ་པར་མི་གཡེངས་ཤིང་། བྱིང་རྨུགས་མེད་པར་རྩེ་གཅིག་ཏུ་གསན་པ་ཞུ། སྙིང་པོ་དོན་གྱི་གནས་ལུགས་དེ༔ མཚོན་པའི་ཡུལ་དུ་མ་གྱུར་ཀྱང༔ རེ་ཞིག་དཔེ་ཡི་སྒོ་ནས་མཚོན༔ དེ་ལ་རྒྱ་མཚོ་དང་བང་མཛོད་ས་གཞི་གསུམ་ནི་མཉམ་པ་ཉིད་དང་ཐམས་ཅད་འབྱུང་བ་དང་ཀུན་གྱི་གཞིར་གྱུར་པས་རྒྱུ་རྒྱུད་ཀུན་གཞི་མཚོན་པའི་དཔེར་ཤེས་པར་བྱའོ། །ཆུ་དང་འཁྱག་པ་ཏིལ་འབྲུ་གསུམ་ནི་རླན་དང་ཆུ་དང་སྣུམ་གྱིས་ཁྱབ་པས་གནས་ལུགས་ཀུན་ལ་ཁྱབ་པའི་དཔེར་ཤེས་པར་བྱའོ། །ཐོ་ཡོར་ཐག་པ་སྨིག་རྒྱུ་གསུམ་ནི་མི་དང་སྦྲུལ་དང་ཆུར་དེ་མ་ཡིན་པ་ལ་དེར་འཛིན་པས་འཁྲུལ་པ་མཚོན་པའི་དཔེར་ཤེས་པར་བྱའོ། །ཉི་ཟེར་ནི་ངོ་བོ་དང་འབྲེལ་བའི་རྩལ་སྣང་མ་འགགས་པར་འཆར་བར་མཚོན་པའི་དཔེར་ཤེས་པར་བྱའོ། །ཕུག་རོན་ཤེལ་གོང་ག་པུར་གསུམ་ནི་མདོག་མ་ངེས་པ་དང་ཅི་ཤར་འགྱུར་བ་དང་སྨན་དུག་མ་ངེས་པས་ངོ་བོ་གཅིག་ལ་སྣ་ཚོགས་སུ་ཤར་བ་སྣང་ཚུལ་མཚོན་པའི་དཔེར་ཤེས་པར་བྱའོ། །ཙནྡན་གླ་རྩི་སྒོག་པ་གསུམ་ནི་དྲི་རང་བྱུང་དུ་གནས་པས་སྙིང་པོ་ལས་ཡན་ལག་ཤུགས་འབྱུང་གནས་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །རལ་གྲི་སྤུ་གྲི་གཟོང་དང་གསུམ་ནི་གཅོད་རྣོ་འབིགས་པས་ཟབ་མྱུར་ཡངས་པའི་དཔེར་ཤེས་པར་བྱའོ། །བྱིས་པ་མཛུབ་མོ་འོ་མ་གསུམ་ནི་རིམ་གྱིས་བསྐྱེད་ཅིང་སྔར་མི་ཤེས་པ་མཚོན་ལ་བཅུད་བསྲིང་བས་གདམས་ངག་མཚོན་པའི་དཔེར་ཤེས་པར་བྱའོ། །ནམ་ལངས་མིག་དང་ཉི་མ་གསུམ་ནི་མ་མཐོང་བ་མཐོང་བས་རྟོགས་པ་མཚོན་པའི་དཔེར་ཤེས་པར་བྱའོ། །སྤྲིན་དང་ལིང་ཏོག་མུན་པ་གསུམ་ནི་རང་བཞིན་གྱིས་དག་ཀྱང་སྣང་ཚུལ་བསྒྲིབས་པས་སྒྲིབ་གཡོགས་མཚོན་པའི་དཔེར་ཤེས་པར་བྱའོ། །ལམ་ནོར་བྱ་མིག་སྟོད་འཛེར་གསུམ་ནི་དོན་མི་འགྲུབ་ཅིང་མས་ཀྱིས་འགེབས་ལ་གྲངས་མི་ཆོད་པས་ལམ་འོག་མའི་གོལ་ས་མཚོན་པའི་དཔེར་ཤེས་པར་བྱའོ། །ཚེར་མ་མདུང་རྩེ་མདེལ་རྩེ་གསུམ་ནི་ཐམས་ཅད་འབིགས་ཤིང་གཅོད་པས་སྐྱེས་སྦྱངས་ཀྱི་རིག་པ་མཚོན་པའི་དཔེར་ཤེས་པར་བྱའོ། །བྱ་རྒོད་ནམ་མཁའ་ཁྱུང་དང་གསུམ་ནི་མཐོ་ཞིང་ཀུན་ཁྱབ་རྩོལ་བ་མེད་པས་ལྟ་བ་མཚོན་པའི་དཔེར་ཤེས་པར་བྱའོ། །མེ་ལོང་འཇའ་ཚོན་སྒྲོན་མེ་གསུམ་ནི་གསལ་ལ་མ་འདྲེས་མ་མཐོང་བས་སྒོམ་པའི་དཔེར་ཤེས་པར་བྱའོ། །བུང་བ་གླང་ཆེན་སྨྱོན་པ་གསུམ་ནི་ཆགས་མེད་ཉམ་ང་གཟའ་གཏད་མེད་པས་སྤྱོད་པ་མཚོན་པའི་དཔེར་ཤེས་པར་བྱའོ། །སེང་ཆེན་གནམ་ཐོག་རྦབ་རྒོད་གསུམ་ནི་རྩལ་རྫོགས་ཐོགས་མེད་བགྲོད་རྩོལ་མེད་པས་ཕྲིན་ལས་མཚོན་པའི་དཔེར་ཤེས་པར་བྱའོ། །ན་བུན་ཆུ་བུར་གཏིང་བརྡོལ་གསུམ་ནི་ཤུགས་ལས་འབྱུང་བའི་ཉམས་མཚོན་པའི་དཔེར་ཤེས་པར་བྱའོ། །ལྷ་ཁང་གི་སྐུ་གཟུགས། བུམ་ནང་གི་མར་མེ། མེ་ལོང་གཟུགས་བརྙན་གསུམ་ནི་མ་འདྲེས་གསལ་ལ་རྟོག་པ་མེད་པས་སེམས་ཉིད་ནང་གསལ་མཚོན་པའི་དཔེར་ཤེས་པར་བྱའོ། །སྟག་ལྤགས་གཟིག་ལྤགས་རྨ་བྱའི་མདོངས་གསུམ་ནི་མ་འདྲེས་སྣ་ཚོགས་སུ་གསལ་བས་སེམས་ཉིད་ཕྱིར་གསལ་མཚོན་པའི་དཔེར་ཤེས་པར་བྱའོ། །ཤེལ་གོང་གཟི་བཀྲ་ཆུ་གཙང་གསུམ་ནི་ཕྱི་ནང་ཟང་ཐལ་ཁ་གཏིང་མེད་པས་ཡུལ་སེམས་དབྱེར་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །སོལ་ནག་དར་ནག་བལ་ནག་གསུམ་ནི་ཁ་དོག་གཞན་དུ་མི་འགྱུར་བས་ཆོས་ཉིད་འགྱུར་མེད་མཚོན་པའི་དཔེར་ཤེས་པར་བྱའོ། །རླུང་དང་སྤྲིན་དང་ཁུ་རླངས་གསུམ་ནི་ངོས་གཟུང་མེད་ལ་དབྱིངས་སུ་དྭངས་པས་རང་བྱུང་རང་དྭངས་ཀྱི་ཉམས་ལེན་མཚོན་པའི་དཔེར་ཤེས་པར་བྱའོ། །ལོ་ཏོག་མེ་ཏོག་ཟིལ་པ་གསུམ་ནི་མི་བརྟན་མི་རྟག་མི་གནས་པས་འདུས་བྱས་མི་རྟག་མཚོན་པའི་དཔེར་ཤེས་པར་བྱའོ། །ཆུ་དང་རྙོགས་མ་འདྲེས་པ་དང་ཆུ་རླབས་ཆུ་ལ་ཐིམ་པ་དང་འཇའ་ཚོན་མཁའ་ལ་ཡལ་བ་གསུམ་ནི་སྙིང་པོའི་ཆོས་ཉིད་དང་དབྱེར་མེད་པའི་རྩལ་སྣང་དབྱིངས་སུ་ཐིམ་པར་མཚོན་པའི་དཔེར་ཤེས་པར་བྱའོ། །དུག་ལ་སྔགས་ཀྱིས་ཐེབས་པ་དང་ཡུར་ཆུ་རྒྱ་མཚོར་འདྲེས་པ་དང་ལན་ཚྭ་ཆུ་ལ་ཐིམ་པ་གསུམ་ནི་ཆོས་ཉིད་མ་བུ་འཕྲད་པས་འཁྲུལ་པ་ཕྱིར་མི་ལྡོག་པ་མཚོན་པའི་དཔེར་ཤེས་པར་བྱའོ། །པདྨ་རྨ་བྱ་དུང་དཀར་གསུམ་ནི་སྐྱོན་གྱིས་མ་གོས་ཤིང་དུག་སྨན་དུ་འགྱུར་བ་དང་དྲི་མ་མེད་པས་རང་སེམས་ཀ་དག་གི་དམ་ཚིག་མཚོན་པའི་དཔེར་ཤེས་པར་བྱའོ། །ཟླ་བ་འོད་དང་སྐར་ཆེན་གསུམ་ནི་རང་བཞིན་དག་ཅིང་གསལ་བས་གློ་བུར་བསལ་གཞག་མེད་པའི་ཡེ་ཤེས་མཚོན་པའི་དཔེར་ཤེས་པར་བྱའོ། །མི་རྒྱུད་ཆུ་རྒྱུན་གཞུ་རྒྱུད་གསུམ་ནི་ཡེ་ཤེས་དེ་ཉིད་གདོད་ནས་རྒྱུན་ཆད་མེད་པ་མཚོན་པའི་དཔེར་ཤེས་པར་བྱའོ། །གློག་དང་སྐར་མདའ་མདའ་འཕང་པ་གསུམ་ནི། མྱུར་ལ་གསལ་ལམ་སྟེ་གང་འདོད་དུ་འགྲོ་བས་བར་དོའི་སྣང་བ་མཚོན་པའི་དཔེར་ཤེས་པར་བྱའོ། །གསེར་དང་རི་བོ་ནོར་བུ་གསུམ་ནི་མི་འགྱུར་བརྟན་ལ་དགོས་འདོད་འབྱུང་བས་མཐར་ཐུག་འབྲས་བུ་མཚོན་པའི་དཔེར་ཤེས་པར་བྱའོ། །བརྒྱད་པ་དབང་ཐོབ་པའི་ཚད་ནི། ཤེས་མེད་མཐའ་སྟོང་དུ་གྲོལ་བ་སྟེ། སྣང་སྲིད་ཁ་སྦྱོར་ལས། བུམ་པའི་དབང་ཡང་སེམས་ལ་རྫོགས༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་སྐུ་མ་འགགས་པ༔ དབང་ནི་སྐྱེ་མེད་དོན་ལ་དབང༔ བསྐུར་བ་གཉིས་སུ་མེད་པར་བསྐུར༔ ཐོབ་ནི་སྙིང་པོ་ཆོས་སྐུ་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།གཉིས་པ་གསང་བའི་དབང་མཚོན་བྱེད་བརྗོད་བསྟན་མེད་པར་ངོ་སྤྲད་པ་ལ་གཉིས་ལས། དང་པོ་མཚོན་བརྗོད་བསྟན་དུ་མེད་པར་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མ་ཧོ༔ རྟག་ཆད་སྣང་བྲལ་ཐབས་ཡིན་ཏེ༔ རང་བཞིན་སྔོན་མེད་ཤེས་རབ་ཡུམ༔ གཉིས་སུ་མེད་པར་རབ་སྦྱར་བས༔ དབྱེ་བསལ་མེད་པར་རྟོགས་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དེ་ཉིད་ལས། གསང་བ་བློ་ཡི་ཡུལ་མ་གྱུར༔ སྨྲ་བསམ་བརྗོད་ལས་འདས་པ་ཡིན༔ དབང་ནི་བརྗོད་མེད་དོན་ལ་དབང༔ བསྐུར་བ་མཚོན་དུ་མེད་པར་བསྐུར༔ ཐོབ་ནི་བརྗོད་དུ་མེད་པར་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཀུན་འབྱུང་རང་གྲོལ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པ་ལའང་གཉིས་ལས། དང་པོ་མིང་མེད་གཏིང་ཡངས་སུ་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མ་ཧོ༔ ཡུལ་ལ་མ་ཕྱེ་ཆོས་ཀྱི་དབྱིངས༔ སེམས་ཀྱི་མ་བསམ་ཆོས་ཀྱི་སྐུ༔ ཆོས་སྐུ་ཆོས་དབྱིངས་བརྗོད་མེད་ཀློང༔ རང་གྲོལ་མིང་མེད་རྟོགས་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དོན་རྟོགས་པས་ཏེ། ཤེས་ནི་གཞི་མའི་དོན་ལ་ཤེས༔ རབ་ནི་མ་བུ་རང་ངོ་སྤྲད༔ ཡེ་ནི་ཐོག་མ་མེད་པ་སྟེ༔ ཤེས་ནི་ཀུན་བྱུང་རང་གྲོལ་ཤེས༔ དབང་ནི་ཆོས་ཀྱི་སྐུ་ལ་དབང༔ བསྐུར་ནི་དམིགས་དང་བྲལ་བར་བསྐུར༔ ཐོབ་ནི་ཆོས་ཉིད་འགྱུར་མེད་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པའོ།། །།བཞི་པ་ཚིག་དབང་རིན་པོ་ཆེ་ཞེ་འདོད་བློས་བརྟགས་ཀྱི་རྒྱ་ཆད་མེད་པར་ངོ་སྤྲད་པ་ལའང་གཉིས་ལས། དང་པོ་ཐིག་ལེ་འགག་མེད་ཕྱོགས་བྲལ་རང་ངོ་སྤྲད་པའི་དོན་ཤེས་པར་གྱིས་ཤིག །ཀྱེ་མ་ སེམས་ཉིད་ངང་དྭངས་རིན་ཆེན་དེ༔ རྣམ་རྟོག་མཚན་མའི་ཚོགས་ལས་བྱུང༔ ཆིག་ཆོད་རང་གསལ་འགག་མེད་ལ༔ ཕྱོགས་བྲལ་རང་དབང་ཐོབ་པར་གྱིས༔ གཉིས་པ་ཐོབ་པའི་ཚད་ནི། དེ་ཉིད་ལས། རིན་ནི་སེམས་ཉིད་རིན་པོ་ཆེ༔ ཆེ་ནི་ཆེ་བ་ལྔ་ཡིས་དཔགས༔ ཚིག་ནི་བརྗོད་དུ་མེད་པའི་ཚིག༔ དབང་ནི་འོད་གསལ་ཆོས་ཀྱི་དབང༔ བསྐུར་ནི་འགྱུར་མེད་དབྱིངས་སུ་བསྐུར༔ ཐོབ་ནི་སངས་རྒྱས་ལྔ་རྣམས་ཐོབ༔ ཅེས་གསུངས་པ་ལྟར་རྟོགས་པར་བྱའོ།། །།གསུམ་པ་རིག་པ་སྤྱི་བླུག་གི་དབང་གིས་ཆོས་སྐུ་གཅེར་མཐོང་དུ་ངོ་སྤྲད་པ་ལ་གཉིས་ཏེ། དཔེ་རྟགས་དོན་དང་གསུམ་གྱིས་ངོ་སྤྲད་པ་དང་ཐོབ་པའི་ཚད། དེ་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་དཔེ་ནམ་མཁའི་མཚན་ཉིད་བསྟན་པ་ནི། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་དྲང་པོར། ལྟ་སྟངས་མིག་ནས་མཐོ་གང་དཔགས་པའི་ནམ་མཁའ་ལ་གཏོད་ཅིག །ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སེམས་ཉིད་དཔེ་ནི་ནམ་མཁའ་སྟེ༔ མཐའ་དབུས་དངོས་མེད་ཕྱོགས་དང་བྲལ༔ ཐ་སྙད་ཀུན་ལས་གྲོལ་བར་གནས༔ གཉིས་པ་རྟགས་སེམས་ཀྱིས་སེམས་ཉིད་མཚོན་པ། ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རྟགས་ནི་རང་སེམས་འགག་མེད་དེ༔ སྣ་ཚོགས་ཅིར་ཡང་རྫོགས་པ་ལ༔ མ་སྤང་མ་བསྒྲུབ་མཐོང་ཡུལ་འདས༔ གསུམ་པ་དོན་ཆོས་ཉིད་ཅིག་ཆོད་དུ་གྲོལ་བ་ནི། ཨེ་མ་ཧོ༔ དོན་ནི་ཆིག་ཆོད་སྐྱེ་བ་མེད༔ དངོས་མེད་བརྗོད་མེད་དམིགས་པ་མེད༔ སྙིང་པོ་གསལ་དག་ཀློང་དུ་ཞོག༔ ཅེས་པའི་དོན་ལ་གཡོ་འགུལ་དང་བྲལ་བར་ཅི་གནས་སུ་མཉམ་པར་འཇོག་པ་ཞུ། བཞི་པ་དབང་ཐོབ་པའི་ཚད་ལའང་བཞི་ལས། དང་པོ་སྣང་སྲིད་རང་དྭངས་སུ་རྟོགས་པ་ནི། སྣང་སྲིད་ཁ་སྦྱོར་ལས། སྣང་ཞིང་སྲིད་པས་བསྡུས་པ་རྣམས༔ དགག་སྒྲུབ་མེད་པར་དབང་བསྐུར་པས༔ ངང་དྭངས་ཆོས་ཉིད་གསལ་དག་ཐོབ༔ ཅེས་གསུངས་སོ། །གཉིས་པ་གཉིས་སྣང་རང་དྭངས་སུ་ཆོད་པ་ནི། གཟུང་འཛིན་གཉིས་སྣང་བདེན་གཉིས་རྣམས༔ འཁྲུལ་སྣང་རྩད་བཅད་དབང་བསྐུར་པས༔ རང་སངས་ཆེན་པོར་རང་དབང་ཐོབ༔ ཅེས་སོ། །གསུམ་པ་མ་བུ་དབྱེར་མེད་དུ་ཐིམ་པ་ནི། སྣང་སྲིད་རྣམ་དག་མཁའ་ཀློང་དུ༔ གཅེར་སྤྱོད་ཆིག་ཆོད་རོལ་པའི་རྒྱན༔ ཆོས་ཅན་ཆོས་ཉིད་མ་དང་འཕྲད༔ མ་བུ་དབྱེར་མེད་རང་དབང་ཐོབ༔ ཅེས་སོ། །བཞི་པ་འགྱུར་མེད་རྒྱས་འདེབས་སུ་གྲོལ་བ་ནི། སངས་རྒྱས་རང་གི་སེམས་ལ་དབང༔ སྣང་སྲིད་རྒྱས་འདེབས་འཁྲུལ་རྩད་བཅད༔ རང་དབང་རང་ཐོབ་བརྗོད་མེད་ཀློང༔ འགྱུར་མེད་ངང་གནས་དབང་གི་རྒྱལ༔ ཞེས་གསུངས་སོ། །གཉིས་པ་དེ་དག་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་གྱི་དབང་སྟེ། བྱང་ཆུབ་སེམས་ཀྱི་དབང་བསྐུར་འདི༔ རྩོལ་བའི་ཐེག་པ་གཞན་དག་ལས༔ མ་བྱུང་འབྱུང་བ་ག་ལ་སྲིད༔ སྤྱི་ཏིའི་དབང་བསྐུར་གཞན་ལས་འཕགས༔ ཞེས་འབྱུང་ངོ་།། །།བཞི་པ་མ་བཙལ་ཡེ་རྫོགས་ཀྱི་དབང་གིས་བསྐུར་ཐོབ་མཐའ་གྲོལ་དུ་ལ་བཟླ་བ་ལ་གསུམ་ལས། དང་པོ་བསྐུར་ཐོབ་ཀྱིས་མཚོན་པ་མཐའ་བཞི་རྒྱ་གྲོལ་དུ་ལ་བཟླ་བ་ནི། ལྟ་བ་ལ་ཤན་གྱི་རྒྱུད་ལས། དབང་བཞི་བསྐུར་པས་དྲི་བཞི་རྣམ་པར་དག༔ ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས་པ་དང༔ བསམ་བརྗོད་རྟོག་ཚོགས་ཞེན་པའི་མཐའ་ལས་གྲོལ༔ འབྲས་བུ་བློ་དངོས་མུ་མཐའ་རང་གྲོལ་ནས༔ གྲོལ་དང་མ་གྲོལ་ཉིད་ཀྱང་མཐའ་སྟོང་སྟེ༔ བསྐུར་ཐོབ་རང་སར་དག་པ་ངོ་མཚར་ཆེ༔ ཞེས་གསུངས་པ་ལྟར་ལ་བཟླ་བའོ། །གཉིས་པ་དཀྱིལ་འཁོར་གྱིས་མཚོན་པ་འཁོར་བ་དོང་སྤྲུགས་སུ་ལ་བཟླ་བ་ནི། ཉི་ཟླ་སྙིང་པོ་ལས། ཆོས་ཉིད་གཏིང་མཐའ་ཡངས་པའི་དཀྱིལ་འཁོར་ན༔ རང་བྱུང་འོད་གསལ་ཆེན་པོའི་ལྷ་ཚོགས་བཞུགས༔ ཆོས་ཅན་སྣང་སྲིད་འཁོར་བའི་སེམས་ཅན་ལ༔ རིག་པ་མུ་མཐའ་ཡོངས་གྲོལ་དབང་བསྐུར་པས༔ དངོས་གྲུབ་འབྲས་བུ་སྙིང་པོ་ཆོས་སྐུ་ཐོབ༔ ཅེས་གསུངས་པ་ལྟར་ལ་བཟླ་བའོ། །གསུམ་པ་དབང་གི་རྒྱལ་པོ་འདིའི་ནང་དུ་དབང་ཐམས་ཅད་ཡོངས་རྫོགས་སུ་ལ་བཟླ་བ་ནི། ད་ལ་རྣམས་ཀྱི་རྩེ་རྒྱལ་གང་ཡིན་ལྟོས༔ འཇུག་སྒོ་རྒྱལ་པོ་གང་འདུག་ཤེས་པར་གྱིས༔ དབང་རྣམས་ཀུན་གྱི་རྩེ་རྒྱལ་སྤྱི་ཕུད་ལྟོས༔ སྤྱོད་པ་དམ་ཚིག་གར་འདུས་ཤེས་པར་གྱིས༔ ལུང་རྣམས་ཀུན་གྱི་སྤྱི་རྗེ་གང་ཡིན་ལྟོས༔ དབང་བསྐུར་སྣ་ཚོགས་གར་འདུས་ཤེས་པར་གྱིས༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ།། ༈ །།སྤྱི་དོན་གསུམ་པ་མཇུག་གི་བྱ་བ་ནི། དེ་ལྟ་བུའི་དབང་ཐོབ་ནས་མཚན་མའི་དཀྱིལ་འཁོར་དུ་འཇུག་མི་དགོས་པར་སྤྲོས་པ་བཅད་དོ། །དེ་སྐད་དུ་སྤྲོས་གཅོད་རྩ་བའི་རྒྱུད་ལས། ཀུན་གྱི་སྤྱི་བསྡུས་སེམས་ཉིད་དབང༔ དབང་སེམས་གཉིས་སུ་མེད་པར་འབྲེལ༔ གཉིས་མེད་གཅིག་ཏུ་འདྲེས་ཙ་ན༔ དབང་ནི་ཆོས་སྐུ་སྐྱེ་འཇིག་མེད༔ བསྐུར་ནི་འཕོ་འགྱུར་མེད་པར་བསྐུར༔ ཐོབ་ནི་འགྱུར་མེད་སྙིང་པོ་ཐོབ༔ ཅེས་པ་དང༔ དེ་སོགས་དབང་གི་སྡེ་ཚན་རྣམས༔ ཡིད་ལ་བྱར་མེད་སྤྲོས་པ་ཆོད༔ ཅེས་གསུངས་སོ༔ གཞན་ཡང་རྒྱུད་ལས༔ རང་རིག་རྩལ་དབང་ཐོབ་པའི་ཚེ༔ ཆོས་རྣམས་སེམས་ལ་རྫོགས་པའི་ཕྱིར༔ རབ་འབྱམས་བཀའ་ཡི་དབང་ཐོབ་བོ༔ སངས་རྒྱས་རྗེ་བཙུན་དམ་པ་ནི༔ རང་རིག་རྩལ་དབང་ཐོབ་པས་ཏེ༔ རྒྱལ་ཐབས་སྤྱི་བླུག་དབང་ཐོབ་བོ༔ ཐམས་ཅད་ཆོས་ཉིད་རོལ་པར་ཤེས༔ རིག་པའི་རྩལ་དབང་ཐོབ་པ་འོ༔ ཅེས་གསུངས་པས་སྨིན་བྱེད་ཐམས་ཅད་ཀྱི་གོང་ན་མེད་པ་དབང་བསྐུར་ཐམས་ཅད་ཀྱི་སྤྱི་ཕུད། རྫོགས་ཆེན་ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་རིག་པའི་རྩལ་དབང་ཆེན་མོ་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས། མཉམ་ཉིད་ངེས་པའི་དོན་ལ་བླང་དོར་བསྲུང་མཚམས་ལས་འདས་ཀྱང་། སྤང་ཐོབ་མེད་པའི་འབྲས་བུ་མངོན་དུ་མ་གྱུར་གྱི་བར་དུ་དྲང་དོན་གནང་བཀག་གི་མཚམས་ཕྱེད་པས། ཁྱད་པར་གྱི་དམ་ཚིག་ཆེན་པོ་ལས་ཉམས་འདས་ཀྱི་དྲི་མས་མ་གོས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དེ་ལྟར་དབང་རྫོགས་པ་དང་། བླ་མ་ཉིད་ལ་བཞེད་པ་མེད་ཀྱང་། བདག་རྣམ་པར་དག་པར་བྱ་བའི་ཕྱིར་དབང་ཡོན་དབུལ་དགོས་ཏེ། སྙིང་པོའི་རྒྱུད་ལས། བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཅེས་གསུངས་པས། དེ་ཡང་བུ་ནི། གཅེས་འཛིན་བློས་གཏང་བའི་ཕྱིར་རང་གི་བུ་དབུལ། དེའི་ཡོན་ཏན་ནི་རང་གི་རྒྱུད་ལ་སངས་རྒྱས་ཀྱི་རིགས་འཛིན་འབྱུང་། སེམས་ཅན་ལ་བརྩེ་བའི་སྒོ་ནས་གཞན་གྱི་བུ་སྣོད་ལྡན་བླ་མ་ལ་དབུལ། ཡོན་ཏན་ནི། མི་མཆོག་ཕུལ་བས་དོན་མཆོག་འགྲུབ༔ ཅེས་གསུངས་སོ། །ཆུང་མ་གང་ཞེ་ན། ཆགས་སྲེད་འཛིན་བློས་གཏང་ཕྱིར་རང་གི་ཆུང་མ་དབུལ། ཡོན་ཏན་ནི། ཆོས་ཉིད་བདེ་བ་ཆེན་པོའི་དངོས་གྲུབ་འབྱུང༔ ཞེས་གསུངས། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གཞན་གྱི་ཆུང་མ་དང་བུ་མོ་རང་གི་ཡིད་དང་འཐད་པ་གསེར་གཡུས་བརྒྱན། དར་ཟབ་ཀྱིས་སྤྲས་ཏེ་བླ་མའི་ལས་རྒྱར་དབུལ། ཡོན་ཏན་ནི། གསུམ་རིག་གཙང་མ་དག་པ་སྟེ༔ ཆོས་ཉིད་བདེ་བ་ཆེན་པོ་འགྲུབ༔ ཅེས་གསུངས་སོ། །རབ་ཏུ་གཅེས་དང་ཞེས་པས། དེ་མ་ཡིན་པའི་རང་གི་གྲོགས་དང་། འཁོར་ནོར་ལ་སོགས་པ་ཡིད་ལ་འཐད་པ་ཐམས་ཅད་ནོར་གྱིས་བླུས་ཏེ་བླ་མ་ལ་དབུལ་ལོ། །དེ་ཡང་དུས་ཚོད་མཉམ་པས་འགྲུབ༔ ཅེས་པས། དབང་ཚར་བ་དང་ཡོན་དབུལ་བ་དུས་མཉམ་དུ་བྱ་བ་གཅེས་པར་གསུངས་པས། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་གི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བ་ཞུ། ཞེས་གཏང་རག་མཎྜལ་འབུལ་དུ་གཞུག །ལུས་ལོངས་སྤྱོད་འབུལ་བ་དང་། དགེ་བསྔོ་སྤྱི་ལྟར་བྱས། ཚོགས་ལ་རོལ་ཏེ་སློབ་མ་རྣམས་གྱེས་སོ། །སློབ་དཔོན་གྱིས་ལྷག་མ་གཏང་བ་ནས་བཀྲ་ཤིས་ཀྱི་བར་བླ་མའི་ཕྲིན་ལས་རྒྱས་བསྡུས་གང་ལ་བརྟེན་པའི་གཞུང་ལྟར་མཐར་ཆགས་སུ་གཏང་བར་བྱའོ། །དབང་གི་རྒྱལ་པོ་རྒྱལ་ཐབས་སྤྱི་བླུགས་ཀྱིས། །རང་རིག་རྩལ་ལ་རང་དབང་མཆོག་ཐོབ་ནས། །ལྟ་བའི་རྒྱལ་པོ་བློ་བྲལ་རྫོགས་པ་ཆེ། །རྟོགས་གྲོལ་དུས་མཉམ་སྲིད་ཞི་ཡོངས་སྒྲོལ་ཤོག །འདི་བགྱིས་རྟོག་འཁྲུལ་ནོངས་པའི་རྙོགས་མ་ཀུན། །སྤྱན་ལྡན་ཐུགས་རྗེའི་ནོར་བུས་ལེགས་བགྲུངས་ནས། །གློ་བུར་ཉེས་པའི་དག་བྱེད་སྔ་འགྱུར་གྱི། །རྒྱ་མཚོ་ཇི་སྲིད་འཁོར་ཞིང་འབབ་གྱུར་ཅིག །ཅེས་པ་འདིའང་རྩ་བའི་གཏེར་གཞུང་ལ་ཀུན་བཟང་བླ་མ་ཆོས་ཐམས་ཅད་ཀྱི་དབང་ཕྱུག་མཆོག་གི་ཞལ་ལུང་དྲི་མ་དང་བྲལ་བས་སྤྲས་ཏེ། རང་འདྲའི་དུས་ཞབས་ཀྱི་སྨིན་བྱེད་མཁན་པོའི་བཀླག་ཆོག་ཏུ་ཐེག་དགུའི་ཡང་རྩེ་ལ་མོས་པ་ལམ་དུ་བྱེད་པའི་ཛོ་ཀི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).