Terdzo-HAA-007: Difference between revisions

From Rinchen Terdzö
No edit summary
No edit summary
Line 33: Line 33:
|rectonotes=rnam thar
|rectonotes=rnam thar
|versonotes=gter mdzod 'jam mgon blo gros mtha' yas
|versonotes=gter mdzod 'jam mgon blo gros mtha' yas
|colophontib=* '''First colophon pages 766-768:’’’ །མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་གཉིས་ཀྱིས་སྔར་ནས་རྣམ་ཐར་ཞིག་བྲི་དགོས་ཚུལ་ལན་གྲངས་མང་པོར་བསྐུལ་བ་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ནས་དེ་མཚུངས་བསྐུལ་མ་དང་ཡི་གེའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་དབང་ལུང་འཆད་ཉན་སོགས་རེ་བ་མེད་ཅིང་དལ་སྡོད་སྐབས་སུ་གཉིད་བསང་བྱེད་དུ་འདི་ཙམ་མ་བྲིས་ཀ་མེད་གྱུར་པ་ལགས། སྤྱིར་ཁྱད་གཞི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། ཁྱད་ཆོས་མཐོ་རིས་ཡོན་ཏན་བདུན། འཁོར་ལོ་ཆེན་པོ་བཞི་དང་ཡང་ལྡན། དོན་གྱི་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཙམ་དུ་མ་ཟད་དུས་གསུམ་དུ་མ་བྱོན་མི་འབྱོན་འབྱོན་པར་མི་འགྱུར་བ་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་ནས། རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟར་ཇི་འདོད་རང་དབང་དུ་སྤྱོད་དུ་ཡོད་པ་འདི་ལྟ་བུ་ནི་འཁོར་བའི་གནས་སྐབས་ནམ་དུའང་རྙེད་མི་སྲིད་པར་འདུག་ཀྱང་། ལས་སྨོན་དབང་བཙན་པ་དང་རང་དབང་གཞན་ལ་ཤོར་བ་ལྟ་བུས་ཆེད་དུ་ཡིད་ལ་བརྣག་པའི་སྒྲུབ་པ་སྙིང་པོར་བྱེད་པ་ནི་ལག་ཏུ་མ་ཐེབས། ཡིད་ལ་མེད་པའི་བྱ་བ་ལས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པ་ཞིག་གིས་གཡེང་། འོན་ཀྱང་ཆུང་ངུའི་དུས་ནས་འཇིག་རྟེན་གྱི་བྱ་བཞག་ཤུགས་ཀྱིས་བོར། སྐུ་སྐྱེ་སོགས་ཀྱི་མིང་མ་ཐོགས། དགོན་པའི་ཁ་འཛིན་གྱི་དཀོར་སྡུད་པ་སོགས་ཀྱི་བྱ་བ་གང་ཡང་མ་དགོས་པས་ད་ལྟའི་བར་དུ་དགེ་བ་དང་ཆོས་ཀྱི་བྱ་བ་འབའ་ཞིག་ལ་བརྩོན་པ་འདི་དག་རྣམ་ཐར་གྱི་སྙིང་པོ་ཡིན་ཅིང་རང་ལོ་སུམ་ཅུ་སོ་བགྲང་ཕན་ལ་དད་ཟས་དང་གཤིན་སྐོར་ཡང་ཟོས་པ་མེད་ཀྱང་དེ་ཕྱིན་ནས་དཀོར་ནག་གི་ཁུར་པོ་ཇེ་ལྕི་སོང་། གསལ་སྣང་དང་ཡོན་ཏན་གྱི་རིགས་ཕྱིར་ལ་འགྲིབས། སྡིག་ལྟུང་དང་བག་ཆགས་ངན་པ་ཇེ་འཕེལ་དུ་སོང་བས། མདོ་སྡེ་ལས། སྡིག་ཅན་ཞིག་གིས་ཉིན་རེ་བཞིན་མི་སྟོང་ཕྲག་བསད་པ་ལས་ཚུལ་ཁྲིམས་འཆལ་པས་དཀོར་ལ་སྤྱོད་པ་ཉེས་པ་ཆེ་བར་གསུངས་པས། ཚུལ་ཁྲིམས་རྣམ་པ་གསུམ་ཁས་མ་བླངས་པ་རང་གཞན་སུའང་མེད་ཀྱང་། སོ་ཐར་ལ་བུད་མེད་མངོན་མཚན་དུ་མེད་ན་སྡོམ་པ་གཙང་བར་བརྩི་བ་ལས་དགོན་དཔོན་བླ་མ་རྣམས་ནས་ཀྱང་རྩ་ལྟུང་གཞན་ལ་བརྩི་འཇོག་མེད། བྱང་སྡོམ་རྩ་བ་སེམས་ཅན་བློས་སྤངས་དང་ནག་པོའི་ཆོས་བཞི་རྣམས་ཀྱང་ཉམས་ལེན་དུ་བསྟར། སྔགས་ཀྱི་དམ་ཚིག་རྩ་བ་ཡན་ལག་ཕལ་ཆེར་ཇི་མི་སྙམ་པར་སྤྱོད་ན་བླ་མེད་དབང་བཞིའི་དམ་ཚིག་འཇའ་ལྟར་ཡལ་བ་ལྟ་ཅི་སྨྲོས། དེ་དག་གི་རྒྱུ་ལྟུང་བ་འབྱུང་བའི་སྒོ་བཞིར་གསུངས་པ་མི་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་རྣམས་ཏེ། མི་ཤེས་པ་ནི་དེང་སང་གི་བླ་སྤྲུལ་དུ་མཚན་གསོལ་བ་ཕལ་མོ་ཆེས་ཀྱང་སྡོམ་པ་གསུམ་གྱི་བཅས་པ་སྲུང་མཚམས་འདས་ཉམས་ཀྱི་རྣམ་གཞག་ཕྱོགས་ཙམ་ཤེས་པ་མེད་ན་གྲྭ་རིགས་རྣམས་ཀྱིས་ལྟ་ཅི་སྨྲོས། བསླབ་པ་ལ་སྙིང་ནས་མི་གུས་པ་མེད་ཀྱང་རྒྱུ་མཚན་མི་ཤེས་པས་གུས་པའང་མེད་ཅིང་དེ་ལས་འགའ་ཞིག་ཤེས་བཞིན་ཁྱད་དུ་གསོད་པ་ནི་ཤིན་ཏུ་ནོངས་པ་ཆེ་བ་དང་། བག་ཡོད་པ་དྲན་པ་དང་ཤེས་བཞིན་བསྟེན་དགོས་ཀྱང་དེ་བསྟེན་མ་ནུས་པས་སྒོ་གསུམ་བག་མེད་དབང་དུ་ཤོར་བ་དང་། སྙིགས་དུས་སུ་སྐྱེས་པའི་མི་རྣམས་ཉོན་མོངས་པ་རིམ་བཞིན་ཇེ་ཧྲག་ཏུ་སོང་བས་དུག་གསུམ་གང་རུང་གི་དབང་དུ་ཤོར་བ་ཤས་ཆེ་བས། རང་ཉིད་ཀྱང་དེ་ལྟ་བུའི་ནོངས་པས་འགྲོ་ས་ངན་སོང་ལས་མེད་པར་དོགས་པའི་ཁོང་འཚང་ནི་རྒྱུན་དུ་འབྱུང་བར་སྣང་བ་ནི་འཕྲོས་སུ་ཐལ་ལོ།
|colophontib=* '''First colophon pages 766-768:''' །མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་གཉིས་ཀྱིས་སྔར་ནས་རྣམ་ཐར་ཞིག་བྲི་དགོས་ཚུལ་ལན་གྲངས་མང་པོར་བསྐུལ་བ་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ནས་དེ་མཚུངས་བསྐུལ་མ་དང་ཡི་གེའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་དབང་ལུང་འཆད་ཉན་སོགས་རེ་བ་མེད་ཅིང་དལ་སྡོད་སྐབས་སུ་གཉིད་བསང་བྱེད་དུ་འདི་ཙམ་མ་བྲིས་ཀ་མེད་གྱུར་པ་ལགས། སྤྱིར་ཁྱད་གཞི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། ཁྱད་ཆོས་མཐོ་རིས་ཡོན་ཏན་བདུན། འཁོར་ལོ་ཆེན་པོ་བཞི་དང་ཡང་ལྡན། དོན་གྱི་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཙམ་དུ་མ་ཟད་དུས་གསུམ་དུ་མ་བྱོན་མི་འབྱོན་འབྱོན་པར་མི་འགྱུར་བ་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་ནས། རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟར་ཇི་འདོད་རང་དབང་དུ་སྤྱོད་དུ་ཡོད་པ་འདི་ལྟ་བུ་ནི་འཁོར་བའི་གནས་སྐབས་ནམ་དུའང་རྙེད་མི་སྲིད་པར་འདུག་ཀྱང་། ལས་སྨོན་དབང་བཙན་པ་དང་རང་དབང་གཞན་ལ་ཤོར་བ་ལྟ་བུས་ཆེད་དུ་ཡིད་ལ་བརྣག་པའི་སྒྲུབ་པ་སྙིང་པོར་བྱེད་པ་ནི་ལག་ཏུ་མ་ཐེབས། ཡིད་ལ་མེད་པའི་བྱ་བ་ལས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པ་ཞིག་གིས་གཡེང་། འོན་ཀྱང་ཆུང་ངུའི་དུས་ནས་འཇིག་རྟེན་གྱི་བྱ་བཞག་ཤུགས་ཀྱིས་བོར། སྐུ་སྐྱེ་སོགས་ཀྱི་མིང་མ་ཐོགས། དགོན་པའི་ཁ་འཛིན་གྱི་དཀོར་སྡུད་པ་སོགས་ཀྱི་བྱ་བ་གང་ཡང་མ་དགོས་པས་ད་ལྟའི་བར་དུ་དགེ་བ་དང་ཆོས་ཀྱི་བྱ་བ་འབའ་ཞིག་ལ་བརྩོན་པ་འདི་དག་རྣམ་ཐར་གྱི་སྙིང་པོ་ཡིན་ཅིང་རང་ལོ་སུམ་ཅུ་སོ་བགྲང་ཕན་ལ་དད་ཟས་དང་གཤིན་སྐོར་ཡང་ཟོས་པ་མེད་ཀྱང་དེ་ཕྱིན་ནས་དཀོར་ནག་གི་ཁུར་པོ་ཇེ་ལྕི་སོང་། གསལ་སྣང་དང་ཡོན་ཏན་གྱི་རིགས་ཕྱིར་ལ་འགྲིབས། སྡིག་ལྟུང་དང་བག་ཆགས་ངན་པ་ཇེ་འཕེལ་དུ་སོང་བས། མདོ་སྡེ་ལས། སྡིག་ཅན་ཞིག་གིས་ཉིན་རེ་བཞིན་མི་སྟོང་ཕྲག་བསད་པ་ལས་ཚུལ་ཁྲིམས་འཆལ་པས་དཀོར་ལ་སྤྱོད་པ་ཉེས་པ་ཆེ་བར་གསུངས་པས། ཚུལ་ཁྲིམས་རྣམ་པ་གསུམ་ཁས་མ་བླངས་པ་རང་གཞན་སུའང་མེད་ཀྱང་། སོ་ཐར་ལ་བུད་མེད་མངོན་མཚན་དུ་མེད་ན་སྡོམ་པ་གཙང་བར་བརྩི་བ་ལས་དགོན་དཔོན་བླ་མ་རྣམས་ནས་ཀྱང་རྩ་ལྟུང་གཞན་ལ་བརྩི་འཇོག་མེད། བྱང་སྡོམ་རྩ་བ་སེམས་ཅན་བློས་སྤངས་དང་ནག་པོའི་ཆོས་བཞི་རྣམས་ཀྱང་ཉམས་ལེན་དུ་བསྟར། སྔགས་ཀྱི་དམ་ཚིག་རྩ་བ་ཡན་ལག་ཕལ་ཆེར་ཇི་མི་སྙམ་པར་སྤྱོད་ན་བླ་མེད་དབང་བཞིའི་དམ་ཚིག་འཇའ་ལྟར་ཡལ་བ་ལྟ་ཅི་སྨྲོས། དེ་དག་གི་རྒྱུ་ལྟུང་བ་འབྱུང་བའི་སྒོ་བཞིར་གསུངས་པ་མི་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་རྣམས་ཏེ། མི་ཤེས་པ་ནི་དེང་སང་གི་བླ་སྤྲུལ་དུ་མཚན་གསོལ་བ་ཕལ་མོ་ཆེས་ཀྱང་སྡོམ་པ་གསུམ་གྱི་བཅས་པ་སྲུང་མཚམས་འདས་ཉམས་ཀྱི་རྣམ་གཞག་ཕྱོགས་ཙམ་ཤེས་པ་མེད་ན་གྲྭ་རིགས་རྣམས་ཀྱིས་ལྟ་ཅི་སྨྲོས། བསླབ་པ་ལ་སྙིང་ནས་མི་གུས་པ་མེད་ཀྱང་རྒྱུ་མཚན་མི་ཤེས་པས་གུས་པའང་མེད་ཅིང་དེ་ལས་འགའ་ཞིག་ཤེས་བཞིན་ཁྱད་དུ་གསོད་པ་ནི་ཤིན་ཏུ་ནོངས་པ་ཆེ་བ་དང་། བག་ཡོད་པ་དྲན་པ་དང་ཤེས་བཞིན་བསྟེན་དགོས་ཀྱང་དེ་བསྟེན་མ་ནུས་པས་སྒོ་གསུམ་བག་མེད་དབང་དུ་ཤོར་བ་དང་། སྙིགས་དུས་སུ་སྐྱེས་པའི་མི་རྣམས་ཉོན་མོངས་པ་རིམ་བཞིན་ཇེ་ཧྲག་ཏུ་སོང་བས་དུག་གསུམ་གང་རུང་གི་དབང་དུ་ཤོར་བ་ཤས་ཆེ་བས། རང་ཉིད་ཀྱང་དེ་ལྟ་བུའི་ནོངས་པས་འགྲོ་ས་ངན་སོང་ལས་མེད་པར་དོགས་པའི་ཁོང་འཚང་ནི་རྒྱུན་དུ་འབྱུང་བར་སྣང་བ་ནི་འཕྲོས་སུ་ཐལ་ལོ།
* ‘’’Author's Closing Verses page 802:’’’ །དམ་པའི་རྣམ་ཐར་མཚན་ཉིད་པ་ནི་བརྗོད་གཞིའི་ཕོངས། །དམན་པའི་སྤྱོད་པ་དཀྱུས་ལས་ལྷག་ཙམ་བརྗོད་བྱར་བྱས། །རྗོད་བྱེད་ཚིག་ཕྲེང་ར་ཐོན་ལུག་ཐོན་སྤེལ་བ་འདིས། །མཁས་རྣམས་ཁྲེལ་ལ་བླུན་པོ་མགུ་བ་སྐྱེད་སྲིད་དམ། །འདི་བྲིས་རང་གཞན་སྡིག་པའི་ས་བོན་དུ། །ནམ་ཡང་མི་འགྱུར་དཀར་པོའི་སྟོབས་འཕེལ་བས། །འབྲེལ་ཚད་དོན་ལྡན་སྤྱོད་པ་རླབས་པོ་ཆེར། །འགྱུར་བ་དཀོན་མཆོག་བདེན་པས་བྱིན་གྱིས་རློབས། །སརྦ་ཐཱ་ཀ་ལྱཱ་ཎཾ་མངྒ་ལ་བྷ་བནྟུ།།
* '''Author's Closing Verses page 802:''' །དམ་པའི་རྣམ་ཐར་མཚན་ཉིད་པ་ནི་བརྗོད་གཞིའི་ཕོངས། །དམན་པའི་སྤྱོད་པ་དཀྱུས་ལས་ལྷག་ཙམ་བརྗོད་བྱར་བྱས། །རྗོད་བྱེད་ཚིག་ཕྲེང་ར་ཐོན་ལུག་ཐོན་སྤེལ་བ་འདིས། །མཁས་རྣམས་ཁྲེལ་ལ་བླུན་པོ་མགུ་བ་སྐྱེད་སྲིད་དམ། །འདི་བྲིས་རང་གཞན་སྡིག་པའི་ས་བོན་དུ། །ནམ་ཡང་མི་འགྱུར་དཀར་པོའི་སྟོབས་འཕེལ་བས། །འབྲེལ་ཚད་དོན་ལྡན་སྤྱོད་པ་རླབས་པོ་ཆེར། །འགྱུར་བ་དཀོན་མཆོག་བདེན་པས་བྱིན་གྱིས་རློབས། །སརྦ་ཐཱ་ཀ་ལྱཱ་ཎཾ་མངྒ་ལ་བྷ་བནྟུ།།
|colophonwylie=* '''First colophon pages 766-768:’’’ mkhan bla ma bkra shis 'od zer dang /_gser thal bla ma o rgyan lhun grub gnyis kyis sngar nas rnam thar zhig bri dgos tshul lan grangs mang por bskul ba dang /_mkhas dbang bla ma bkra shis chos 'phel nas de mtshungs bskul ma dang yi ge'i mthun rkyen sbyar ba la brten nas dbang lung 'chad nyan sogs re ba med cing dal sdod skabs su gnyid bsang byed du 'di tsam ma bris ka med gyur pa lags/_spyir khyad gzhi dal 'byor gyi mi lus rin po che thob/_khyad chos mtho ris yon tan bdun/_'khor lo chen po bzhi dang yang ldan/_don gyi 'bras bu sangs rgyas kyi bstan pa rin po che'i sgor zhugs pa tsam du ma zad dus gsum du ma byon mi 'byon 'byon par mi 'gyur ba gsang sngags rdo rje theg pa dang mjal nas/_rin po che gser gyi gling du phyin pa ltar ji 'dod rang dbang du spyod du yod pa 'di lta bu ni 'khor ba'i gnas skabs nam du'ang rnyed mi srid par 'dug kyang /_las smon dbang btsan pa dang rang dbang gzhan la shor ba lta bus ched du yid la brnag pa'i sgrub pa snying por byed pa ni lag tu ma thebs/_yid la med pa'i bya ba las kyi 'khor lo rgyun chad med pa zhig gis g.yeng /_'on kyang chung ngu'i dus nas 'jig rten gyi bya bzhag shugs kyis bor/_sku skye sogs kyi ming ma thogs/_dgon pa'i kha 'dzin gyi dkor sdud pa sogs kyi bya ba gang yang ma dgos pas da lta'i bar du dge ba dang chos kyi bya ba 'ba' zhig la brtson pa 'di dag rnam thar gyi snying po yin cing rang lo sum cu so bgrang phan la dad zas dang gshin skor yang zos pa med kyang de phyin nas dkor nag gi khur po je lci song /_gsal snang dang yon tan gyi rigs phyir la 'gribs/_sdig ltung dang bag chags ngan pa je 'phel du song bas/_mdo sde las/_sdig can zhig gis nyin re bzhin mi stong phrag bsad pa las tshul khrims 'chal pas dkor la spyod pa nyes pa che bar gsungs pas/_tshul khrims rnam pa gsum khas ma blangs pa rang gzhan su'ang med kyang /_so thar la bud med mngon mtshan du med na sdom pa gtsang bar brtsi ba las dgon dpon bla ma rnams nas kyang rtsa ltung gzhan la brtsi 'jog med/_byang sdom rtsa ba sems can blos spangs dang nag po'i chos bzhi rnams kyang nyams len du bstar/_sngags kyi dam tshig rtsa ba yan lag phal cher ji mi snyam par spyod na bla med dbang bzhi'i dam tshig 'ja' ltar yal ba lta ci smros/_de dag gi rgyu ltung ba 'byung ba'i sgo bzhir gsungs pa mi shes pa/_ma gus pa/_bag med pa/_nyon mongs pa mang ba rnams te/_mi shes pa ni deng sang gi bla sprul du mtshan gsol ba phal mo ches kyang sdom pa gsum gyi bcas pa srung mtshams 'das nyams kyi rnam gzhag phyogs tsam shes pa med na grwa rigs rnams kyis lta ci smros/_bslab pa la snying nas mi gus pa med kyang rgyu mtshan mi shes pas gus pa'ang med cing de las 'ga' zhig shes bzhin khyad du gsod pa ni shin tu nongs pa che ba dang /_bag yod pa dran pa dang shes bzhin bsten dgos kyang de bsten ma nus pas sgo gsum bag med dbang du shor ba dang /_snyigs dus su skyes pa'i mi rnams nyon mongs pa rim bzhin je hrag tu song bas dug gsum gang rung gi dbang du shor ba shas che bas/_rang nyid kyang de lta bu'i nongs pas 'gro sa ngan song las med par dogs pa'i khong 'tshang ni rgyun du 'byung bar snang ba ni 'phros su thal lo/
|colophonwylie=* '''First colophon pages 766-768:''' mkhan bla ma bkra shis 'od zer dang /_gser thal bla ma o rgyan lhun grub gnyis kyis sngar nas rnam thar zhig bri dgos tshul lan grangs mang por bskul ba dang /_mkhas dbang bla ma bkra shis chos 'phel nas de mtshungs bskul ma dang yi ge'i mthun rkyen sbyar ba la brten nas dbang lung 'chad nyan sogs re ba med cing dal sdod skabs su gnyid bsang byed du 'di tsam ma bris ka med gyur pa lags/_spyir khyad gzhi dal 'byor gyi mi lus rin po che thob/_khyad chos mtho ris yon tan bdun/_'khor lo chen po bzhi dang yang ldan/_don gyi 'bras bu sangs rgyas kyi bstan pa rin po che'i sgor zhugs pa tsam du ma zad dus gsum du ma byon mi 'byon 'byon par mi 'gyur ba gsang sngags rdo rje theg pa dang mjal nas/_rin po che gser gyi gling du phyin pa ltar ji 'dod rang dbang du spyod du yod pa 'di lta bu ni 'khor ba'i gnas skabs nam du'ang rnyed mi srid par 'dug kyang /_las smon dbang btsan pa dang rang dbang gzhan la shor ba lta bus ched du yid la brnag pa'i sgrub pa snying por byed pa ni lag tu ma thebs/_yid la med pa'i bya ba las kyi 'khor lo rgyun chad med pa zhig gis g.yeng /_'on kyang chung ngu'i dus nas 'jig rten gyi bya bzhag shugs kyis bor/_sku skye sogs kyi ming ma thogs/_dgon pa'i kha 'dzin gyi dkor sdud pa sogs kyi bya ba gang yang ma dgos pas da lta'i bar du dge ba dang chos kyi bya ba 'ba' zhig la brtson pa 'di dag rnam thar gyi snying po yin cing rang lo sum cu so bgrang phan la dad zas dang gshin skor yang zos pa med kyang de phyin nas dkor nag gi khur po je lci song /_gsal snang dang yon tan gyi rigs phyir la 'gribs/_sdig ltung dang bag chags ngan pa je 'phel du song bas/_mdo sde las/_sdig can zhig gis nyin re bzhin mi stong phrag bsad pa las tshul khrims 'chal pas dkor la spyod pa nyes pa che bar gsungs pas/_tshul khrims rnam pa gsum khas ma blangs pa rang gzhan su'ang med kyang /_so thar la bud med mngon mtshan du med na sdom pa gtsang bar brtsi ba las dgon dpon bla ma rnams nas kyang rtsa ltung gzhan la brtsi 'jog med/_byang sdom rtsa ba sems can blos spangs dang nag po'i chos bzhi rnams kyang nyams len du bstar/_sngags kyi dam tshig rtsa ba yan lag phal cher ji mi snyam par spyod na bla med dbang bzhi'i dam tshig 'ja' ltar yal ba lta ci smros/_de dag gi rgyu ltung ba 'byung ba'i sgo bzhir gsungs pa mi shes pa/_ma gus pa/_bag med pa/_nyon mongs pa mang ba rnams te/_mi shes pa ni deng sang gi bla sprul du mtshan gsol ba phal mo ches kyang sdom pa gsum gyi bcas pa srung mtshams 'das nyams kyi rnam gzhag phyogs tsam shes pa med na grwa rigs rnams kyis lta ci smros/_bslab pa la snying nas mi gus pa med kyang rgyu mtshan mi shes pas gus pa'ang med cing de las 'ga' zhig shes bzhin khyad du gsod pa ni shin tu nongs pa che ba dang /_bag yod pa dran pa dang shes bzhin bsten dgos kyang de bsten ma nus pas sgo gsum bag med dbang du shor ba dang /_snyigs dus su skyes pa'i mi rnams nyon mongs pa rim bzhin je hrag tu song bas dug gsum gang rung gi dbang du shor ba shas che bas/_rang nyid kyang de lta bu'i nongs pas 'gro sa ngan song las med par dogs pa'i khong 'tshang ni rgyun du 'byung bar snang ba ni 'phros su thal lo/
* '''Author's Closing Verses page 802:’’’ dam pa'i rnam thar mtshan nyid pa ni brjod gzhi'i phongs/_/dman pa'i spyod pa dkyus las lhag tsam brjod byar byas/_/rjod byed tshig phreng ra thon lug thon spel ba 'dis/_/mkhas rnams khrel la blun po mgu ba skyed srid dam/_/'di bris rang gzhan sdig pa'i sa bon du/_/nam yang mi 'gyur dkar po'i stobs 'phel bas/_/'brel tshad don ldan spyod pa rlabs po cher/_/'gyur ba dkon mchog bden pas byin gyis rlobs/_/sarba thA ka l+yA NaM mang+ga la b+ha ban+tu
* '''Author's Closing Verses page 802:''' dam pa'i rnam thar mtshan nyid pa ni brjod gzhi'i phongs/_/dman pa'i spyod pa dkyus las lhag tsam brjod byar byas/_/rjod byed tshig phreng ra thon lug thon spel ba 'dis/_/mkhas rnams khrel la blun po mgu ba skyed srid dam/_/'di bris rang gzhan sdig pa'i sa bon du/_/nam yang mi 'gyur dkar po'i stobs 'phel bas/_/'brel tshad don ldan spyod pa rlabs po cher/_/'gyur ba dkon mchog bden pas byin gyis rlobs/_/sarba thA ka l+yA NaM mang+ga la b+ha ban+tu
|pdflink=File:Terdzo-HAA-007.pdf
|pdflink=File:Terdzo-HAA-007.pdf
|pagestatus=Phase I Complete
|pagestatus=Phase I Complete

Revision as of 16:58, 6 November 2018

ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་

phyogs med ris med kyi bstan pa la 'dun zhing dge sbyong gi gzugs brnyan 'chang ba blo gros mtha' yas pa'i sde'i byung ba brjod pa nor bu sna tshogs mdog can
Alternate Title: འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་རང་རྣམ་ ('jam mgon kong sprul blo gros mtha' yas kyi rang rnam)

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 65 (ཧཱ་) / Pages 429-804 / Folios 1a1 to 188b5

[edit]

༄༅། །མ ཎི བི ཤྭ བ རཎྞ མཱ ནྣཱ མཱ པ ཀྵ ནི ར ནྭ ཡཱ ནཱཾ ཤཱ ས ནཾ ཙྪ ནྡ ཤྲ མ ཎ པྲ ཏི བི མྦ དྷ ར མ ཏྱ ན ནྟ སེ ནཱ བྲྀ ཏྟ ཀོ དྡི ཥྚ བི ཧ ར ཏི སྨ ། ༄༅། །ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ། ། ༈ སྡེབ་སྦྱོར་རྐང་བཞི་མཉམ་པའི་བྲྀཏྟཱ་ཡི་གེ་བཅོ་བརྒྱད་པ་བསྟན་འཛིན་ལ་རྣམ་གྲངས་སྤྱིར་༢༦༢༡༤༤ཡོད་པ་ལས་བྱེ་བྲག་ཨུདྡིཥྛ་༣༧༨༥༧ནས་ཟིན་པ་མེ་ཏོག་གཡོ་བའི་ཁྲི་ཤིང་ཞེས་བྱ་བའི་པྲསྟཱ་རས་མཛེས་པར་བྱས་པའོ།། ༄། ཨནུཔལཾབྷཀྲྀཔཱིཤྲཱིམཱཾསངྒུརུཤྩཱདྷིདེབབརཱབྷེདཱནཱཾཔཱདཽམཧཱདརཻཿནམཱམིཤརཎཾགཙྪཱམི། ། ༄། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་དམ་པ་དང་ལྷག་པའི་ལྷ་མཆོག་དབྱེར་མེད་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

   ༄། སརྦཛནྨེཥུམཧཱཀཱརུཎེནཱནུགྲཧཤྩ། ཏྲིམུཁཱནཱཾསརྦཱཾཤཡཔྲཡུཀྟབྷདྲཙརྻསམུདྲཔརིཔུརཎྞཱདྷིཥྛཱནམདྷྱེཥཎཱ།།

༄། ཚེ་རབས་ཀུན་ཏུ་ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་བ་དང་། སྒོ་གསུམ་གྱི་བསམ་སྦྱོར་ཐམས་ཅད་བཟང་པོ་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།

          ༄། བཻམུཀྟྱཱཀཱཤཱཙྪམིཏསུཏལཾཛྙཱནསཱུརྻཔྲབྲྀདྡྷཾ། ལོཀཱཤེཥེབྲྀཏྤྲཎཡབིཥམེཀཱརུཎཾརསྨིམུཀྟཾ།
   རྣམ་གྲོལ་ཞི་བ་ནམ་མཁའི་དབྱིངས་ལས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འཇིག་རྟེན་ཀུན་ཏུ་ཐུགས་རྗེའི་འོད་ཟེར་མོས་པའི་ཡུལ་དང་འཚམ་པར་འཇུག། 
        ༄། ཨཛྙཱནཱནྟདྡྷཱསམཏུབཧིཏདྭིཛྙཱདྷཱཿཔདྨཕུལླཾ། ཤྲཱིམཱཾབཛྲཾདྷྲྀགྒུརུཔདིནམཿསརྦབུདྡྷསྭབྷཱབཱཿ 
  ༄། བདག་ལྟའི་མུན་པ་ཅིག་ཅར་བསལ་ཞིང་མཁྱེན་གཉིས་བློ་ཡི་པདྨོ་ཕྱེ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མའི་ཞབས་ལ་འདུད།།

ཡང་སྲིད་ཀུན་ཏུ་ཐུགས་རྗེས་རབ་བཟུང་བ། །རྡོ་རྗེ་ཐོད་ཕྲེང་རྩལ་དངོས་རིགས་བརྒྱའི་བདག །པདྨ་དབང་ཆེན་གསང་གསུམ་བྱིན་རླབས་ཀྱིས། །བགྱི་བ་འདི་ཡང་དོན་ལྡན་ཉིད་བྱིན་རློབས། །གསོལ་བ་བཏབ་པའི་རེ་འབྲས་གང་འདོད་དུ། །ཐོགས་མེད་འཇོ་བ་རྫོགས་ལྡན་སྤྲིན་གྱི་གདུགས། །ལྷག་པ་ལྷ་ཡི་མཆོག་ལ་གསོལ་འདེབས་ཀྱི། །འདོད་དོན་མཐར་ཕྱིན་གཞན་ཕན་མཐུ་སྩོལ་ཅིག །བླ་མ་སངས་རྒྱས་གང་འདུལ་སྐུར་བཞེངས་པ། །རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱིས། །ཐུགས་རྗེའི་ཤུགས་ཀྱིས་གེགས་བྱེད་ཚར་ཆོད་ལ། །ལྷག་བསམ་མཐའ་རུ་ཕྱིན་པའི་སྡོང་གྲོགས་མཛོད། །སོ་སྐྱེ་ཉོན་མོངས་འཁྲུལ་པའི་གཞན་དབང་གིས། །འཁོར་བའི་འཁྲུལ་སྣང་བརྒྱུད་མར་སྤྱོད་པ་ལ། །དམ་པའི་རྣམ་ཐར་བཟང་པོའི་དྲི་ཙམ་དང་། །འགྲོགས་པའི་རེ་བ་ཟད་ཕྱིར་བརྗོད་བྱས་ཕོངས། །ཐོག་མེད་དུས་ནས་བག་ཆགས་འཐུག་པོ་དང་། །འདྲིས་པའི་ཡུན་རིང་གཉེན་པོའི་སྟོབས་ཞན་པས། །སྒོ་གསུམ་འཁྲུལ་པའི་དྲྭ་བར་ཆུད་པ་ལ། །ངོ་མཚར་གཏམ་གྱི་ཟློས་གར་བསྒྱུར་ནུས་མིན། །འོན་ཀྱང་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །རྩེ་གཅིག་སྒྲུབ་མ་ནུས་པའི་ལག་རྗེས་དང་། །འབྲེལ་པའི་ལོ་རྒྱུས་བཀོད་ན་ཕྱིས་འབྱོན་ལ། །དོན་དུ་འགྱུར་ཞེས་རྡོ་རྗེའི་བླ་མ་ཡིས། །རྗེས་སུ་གནང་ཞིང་མཁྱེན་བརྩེ་མོས་ལྡན་གྱི། །སློབ་མ་རྣམས་ཀྱིས་ནན་བསྐྱར་བསྐུལ་བའི་ངོར། །མཁས་རྣམས་བཞད་གད་འཇུག་པའི་སྣ་ཚོགས་མདོག །མཆིང་བུ་ནོར་བུའི་གྲངས་སུ་རློམས་འདིར་བཀོད། །དེ་ལ་སྤྱིར་རྣམ་ཐར་ཞེས་པ་ནི་བི་མོཀྵའི་སྒྲ་ལས་རྣམ་པར་ཐར་པའམ་རྣམ་པར་གྲོལ་བ་སྟེ། གང་ཟག་ཐ་མ་དད་པ་རྣམ་པར་དག་པ་དང་ལྡན་པས་ངན་འགྲོའི་སྲིད་པ་ལས་རྣམ་པར་ཐར་པ་དང་། འབྲིང་ངེས་འབྱུང་རྣམ་པར་དག་པ་དང་ལྡན་པས་འཁོར་བའི་རྒྱ་མཚོ་ལས་རྣམ་པར་ཐར་པ་དང་། རབ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པས་སྲིད་ཞིའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་ལོ་རྒྱུས་བཤད་པ་སྟེ། མདོར་ན་རང་ཉིད་སྡུག་བསྔལ་དང་དེའི་རྒྱུ་ལས་རྣམ་པར་ཐར་ཞིང་གཞན་རྒྱུད་འཆིང་བ་ལས་གྲོལ་བར་བྱེད་པའི་ལོ་རྒྱུས་རྨད་དུ་བྱུང་བ་ཞིག་ལ་བརྗོད་པ་ཡིན་ལ། དེ་ལྟར་བརྗོད་པའི་དགོས་པའང་རྒྱུ་མཚན་དེ་མཐོང་བ་དང་། ཐོས་པ་པོའི་རྒྱུད་ལ་དད་པ་རྣམ་པ་གསུམ་ཀའམ་གང་རུང་སྐྱེད་པར་བྱེད་ཅིང་། དེ་སྐྱེས་པས་རིགས་ཀྱི་ནུས་པ་སད་ཅིང་ཐར་པའི་ས་བོན་འཇོག་པར་བྱེད་པས་མདོ་ལས། དད་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བའི་སྒོར་གསུངས་པ་དང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་པ་ཡིན་ནོ། །དེའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་འཕགས་པའི་ཚོགས་རྣམས་དང་། འཕགས་བོད་དུ་བྱོན་པའི་མཁས་པ་དང་གྲུབ་པ་ཐོབ་པ་དང་དགེ་བའི་བཤེས་གཉེན་ཚད་མར་གྱུར་པ་རྣམས་ཀྱི་རྣམ་པར་ཐར་པ་ནི་སྐལ་མེད་རྣམས་ཀྱི་རྣ་ལམ་དུ་ཐོས་པར་ཡང་དཀའ་ལ། ཐོས་ན་འཕྲལ་དང་ཡུན་གྱི་ཕན་པ་དང་བདེ་བ་བླ་ན་མེད་པ་ལ་སྦྱོར་བའི་ཕྱིར་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཁྲོམ་ཆོས་ཀྱི་གཙོ་བོར་སངས་རྒྱས་ཀྱི་སྐྱེས་རབས་འཆད་པའི་ཕྱག་ལེན་མཛད་དེ། རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་སྐྱེས་བུ་དམ་པ་ཞིག་ཡིན་ན་གང་དུ་བྱོན་པའི་ཤུལ་དེར་དད་པ་དང་སྙིང་རྗེ་ཆེ་བ། ཕྱོགས་རིས་དང་ཆགས་སྡང་ཆུང་བ། སྐྱེ་བོ་རྣམས་རྒྱུད་འཇམ་ཤིགས་སེ་འགྲོ་བ་ཞིག་དགོས་པ་ཡིན། དད་མོས་སྙིང་རྗེ་ཆུང་དུ་སོང་། ཕྱོགས་རིས་ཁ་འཛིན་ཆགས་སྡང་ཇེ་འཕེལ་དུ་སོང་། དེ་ལ་བརྟེན་ནས་ཁ་མཆུ་གླེང་བརྗོད་འཐབ་རྩོད་སོགས་རྒྱུད་རྩུབ་ཟིང་དུ་སོང་ན་མི་དགེ་བའི་བཤེས་གཉེན་ཡིན་པའི་རྟགས་ཡིན་སོགས་གསུངས་པ་ལྟར། དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ཕྱོགས་རེ་ཙམ་ཡང་རང་གིས་ཡིད་ལ་བྱ་བ་དང་། སེམས་ཅན་གཞན་དག་ལ་གོ་བརྡ་འཕྲོད་པར་བཤད་ན་གནས་སྐབས་དེར་དད་གུས་ལན་གཅིག་སྐྱེས་པ་ཙམ་གྱིས་ཀྱང་དཀར་པོའི་ས་བོན་ཐེབས་པས་དོན་ཆེན་པོར་འགྱུར་བར་ངེས་ཏེ། དེ་དག་འབྲེལ་ཚད་དོན་ལྡན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཟུང་པའི་ཕྱིར་རོ། །དེ་ལྟ་བུའི་དད་པ་སྐུལ་བར་ནུས་པའི་བརྗོད་བྱ་དངོས་དེ་གང་ཟག་དེའི་ཆོས་དང་མཐུན་པའི་ཡོན་ཏན་ཡིན་ལ། ཡོན་ཏན་དེའང་། རིགས་རུས་ཀྱི་སྟོབས་འབྱོར། མངའ་ཐང་གཟི་བརྗིད། ལོངས་སྤྱོད་སྙན་གྲགས་ལ་སོགས་པ་ནི་ཐུབ་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པས། འཇིག་རྟེན་གྱི་ཆོས་ཞེས་སྤང་བྱར་གདམས་ཤིང་། མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། བསྟན་པ་དང་འགྲོ་བའི་དོན་མཛད་པའི་ཕྱག་རྗེས་ལ་སོགས་པ་རྒྱལ་བའི་རྗེས་འཇུག་རྣམས་ཀྱི་ཡོན་ཏན་མཆོག་ཡིན་མོད་ཀྱི་སྙིགས་དུས་འདིར་དཀོན་པར་སྣང་སྟེ། གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། ཁོ་བོའི་བསམ་པ་ལ་ཆོས་བྱེད་ཟེར་བ་མང་བར་འདུག་ཀྱང་། ནང་དུ་ཉམས་སུ་བླངས་པ་དང་། ཕྱི་རུ་སྤྱོད་པ་དང་། དེ་ལས་བྱུང་བའི་ཡོན་ཏན་གསུམ་སྒོ་མཚུངས་པ་ཞིག་མ་བྱུང་ན་ཅུང་ཡིད་མ་ཆེས། དེང་སང་མཁས་པ་གཏན་ཚིགས་ཁོང་ནས་རྒྱས་པ་ཡིན་ཟེར་མཁན་དང་། བཙུན་པ་འདུལ་ཁྲིམས་མཐར་ཕྱིན་པ་ཡིན་ཟེར་མཁན་དང་། བསྒོམས་ནས་ཉམ་ཆུང་རི་ལ་རྒས་པ་ཡིན་ཟེར་མཁན་ནི་སྲིད་མཐའ་མ་བཀག་ཙམ་ལས་མི་འདུག །གྲུབ་ནས་བརྟུལ་ཞུགས་སྤྱོད་པ་ཡིན་གསུངས་མཁན་ནི་མང་བར་འདུག་པས། སངས་རྒྱས་ཀྱིས་ང་དང་ང་འདྲ་བས་གང་ཟག་གི་ཚོད་གཟུང་བ་ཡིན་གསུངས་པས། དེ་ཀུན་ལ་དག་སྣང་མ་གཏོགས་སྐུར་པ་འབུལ་བར་མི་བགྱི། དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིས། །སྦྱོར་ལམ་བགྲོད་ནས་མཐོང་བར་བརྗོད། །ཅེས་གསུངས་པས་སྔགས་ཀྱི་སྦྱོར་ལམ་པ་མཐོང་ལམ་དུ་ན་སྤོར་ཕྱིར་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ་ཡིན་པས་ངེད་ནི་རེ་ཞིག་དེ་ལྟ་བུ་སྐལ་བས་གྲུབ་པ་མེད་པས་རྒྱུད་ཚོད་དང་བསྟུན་པའི་ཉམས་ལེན་ཞིག་དགོས་པ་བྱུང་། ཀུན་སྤོང་དང་། གྲུབ་ཐོབ་དང་། མངོན་ཤེས་ཅན་ལ་སོགས་པར་བརྫུས་ན་རེ་ཞིག་འཇིག་རྟེན་བླུན་པོའི་ངོར་སྐུ་བསོད་ཡོང་བ་ཙམ་སྲིད་མོད། སྐུ་བསོད་དང་ཡོན་ཏན་གཉིས་ཀ་བྱུང་ན་རབ་ཡིན་ཏེ། དེ་མ་བྱུང་ཕྱིན་ཡོན་ཏན་ལ་གདམས་དགོས། ཞེས་དཔེ་ཆོས་ལས་བྱུང་བའི་དཔེ་དོན་བཅས་གསུངས་སོ། །དེ་ལྟར་ཆོས་ནས་གསུངས་པའི་ཡོན་ཏན་ཡོད་ན་གང་ཟག་ལྟར་སྣང་བཟང་ངན་གང་དུ་འདུག་ཀྱང་གུས་ཤིང་བླ་མར་འོས་པ་ཡིན་ཏེ། སྤྱན་རས་གཟིགས་ཀྱིས། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་གང་ཟག་ལ་མི་བརྟོན་ཅིང་ཆོས་སམ་ཡོན་ཏན་ལ་བརྟོན་པ་ཉིད་རྒྱལ་བ་སྲས་དང་བཅས་པས་ཆེ་ཐང་དུ་གདམས་པར་མཛད་མོད། འདིར་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ཀྱི་བསྔགས་པར་འོས་པའི་ཡོན་ཏན་གང་དང་ཡང་འདྲིས་ཤིང་བཤེས་པར་གྱུར་པ་མེད་པས་འབྲི་བར་འོས་ཤིང་བྲིས་རིན་ཆོག་པའི་བྱུང་བ་གང་ཡང་བརྗོད་དུ་མ་མཆིས་ཀྱང་། སྙིགས་དུས་ཀྱི་ཆོས་པའི་གཟུགས་བརྙན་འགའ་ཞིག་ཆོས་དང་སྲིད་ཀྱི་འཇུག་སྒོ་དང་སྤྱོད་བཞག་སོས་དུས་ཀྱི་གནམ་ངོ་ལྟར་ཙབ་ཙུབ་མང་པོའི་མཐར། རང་གཞན་གྱི་བྱ་བའི་གྲུབ་དོན་སྟོན་མཇུག་གི་ན་བུན་ལྟར་རང་ཡལ་དུ་འགྲོ་བ་དག་ལ་དཔག་ན་བསམ་པ་གཅིག་ཐོག་ཏུ་བཞག་ཅིང་གཡོ་མེད་པའི་ལག་རྗེས་བྱས་བྱུང་བརྗོད་གཞི་པདྨའི་ས་བོན་ཙམ་མཆིས་པ་སྟེ། རྟེན་དལ་འབྱོར་སྐྱོན་མེད་པ་ཐོབ། མཐུན་པའི་རྐྱེན་འཁོར་ལོ་རྣམ་པ་བཞི་ངང་གིས་འབྱོར། ཚུལ་གནས་ཐོས་བསམ་སྒོམ་པ་ལ་ཅི་ནུས་སུ་སྦྱར་བའི་འབྲས་བུ་སྤོང་ཀློག་ལས་གསུམ་གྱི་འཁོར་ལོ་མཚོན་བྱེད་གྲུབ་པ་ལས་བརྩམ་སྟེ་ཕྱོགས་ཙམ་བརྗོད་པ་ལ། དང་པོ་ལུས་རྟེན་འདིའི་སྲིད་པ་བཟུང་བའི་ཡུལ་ནི། བོད་ཆེན་པོའི་ལྗོངས་གླིང་ཁྲི་གོང་འོག་བར་གསུམ་དུ་དབྱེ་བ་ལས་བར་མ། ཆུ་ཆེན་པོ་བཞིས་བཅད་པའི་སྒང་དྲུག་ཏུ་གྲགས་པ་ལས་འབྲི་ཀླུང་དང་ཤར་ཟླའི་ཀླུང་གཉིས་ཀྱི་བར་དུ་ཆུད་པའི་ཟལ་མོ་སྒང་། མདོ་ཁམས་གནས་ཆེན་ཉེར་ལྔར་གྲགས་པའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ཡ་གྱལ་པདྨ་རིགས་ཀྱིས་འདུལ་བའི་གནས་པདྨ་ལྷ་རྩེའི་མདུན་རོལ། སྦས་པའི་ལུང་ཆུང་ལྟ་བུ་རོང་རྒྱབ་ཅེས་བྱ་བར་ཁྱིམ་ཚང་ཕྱུག་དབུལ་སྙོམས་པ་ཞིག་ཏུ། བོན་སྔགས་པ་བསོད་ནམས་འཕེལ་བྱ་བ་བཟོ་ལ་མཁས་ཤིང་མི་གཞི་ཤིན་ཏུ་དྲང་བ། དད་པ་དང་དགེ་བློ་ཅན། སྔོན་འགྲོའི་བསགས་སྦྱོང་ཚད་ལྡན་དང་། སེམས་དོན་ཉམས་ལེན་ལེགས་པར་ཤེས་པ། ཁ་ཏོན་བཟླས་བརྗོད་ལ་ཤིན་ཏུ་བརྩོན་པ་ཞིག་ཡོད་པ་དེ་ནི་ལས་ཀྱི་ཕ་ཡིན་ལ། མ་བཀྲ་ཤིས་འཚོ་བྱ་བ་རྒྱུད་ཤིན་ཏུ་འཇམ་ཞིང་ངང་རིང་བ། དད་པ་དང་དག་སྣང་ཆེ་བ། ཅི་ཡོད་སྦྱིན་པ་ལ་དགའ་བ། ཡིག་དྲུག་དུང་ཕྱུར་ཕྱེད་དང་གཉིས་ཙམ་སོང་བ་དེ་གཉིས་ཁྱིམ་ཐབ་བྱས་ཀྱང་རིགས་རྒྱུད་ནི་གཅིག་ཀྱང་མ་བྱུང་། ངེད་ཀྱི་རུས་དངོས་ནི་ཁྱུང་པོ་ཡིན་པར་གྲགས་ཏེ། དེའི་ཁུངས་ནི་སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོའི་ཐུགས་ཀ་ནས་འགྲོ་བ་འདྲེན་པའི་དོན་དུ་ཁྱུང་ཆེན་གཅིག་སྤྲུལ་ནས་གྱིམ་ཤོད་རི་བོ་རྩེ་དྲུག་ཏུ་བབས་པ། ཡུལ་མིས་མཐོང་བས་རི་རྩེར་ཁྱུང་ཕོ་ཞིག་བབས་འདུག་ཅེས་གླེང་། ཁྱུང་དེ་འཕུར་བའི་སྦར་མོའི་འོག་ཤུལ་དུ་སྒོ་ང་དཀར་སེར་ལྗང་ནག་བཞི་ཡོད་པ་དུས་སུ་བརྡོལ་བའི་ནང་ནས་ཁྱེའུ་བཞི་བྱུང་། དེ་དག་སྤུ་བོའི་རི་རྩེ་མཐོ་བ་ཞིག་ཏུ་ཕྱིན་ནས་རང་རང་གི་འདུལ་སྐལ་གང་ཡོད་མངོན་ཤེས་ཀྱིས་བརྟགས་ནས་གསུམ་པོ་གྱིམ་ཤོད་ཕྱོགས་སུ་ཆགས་པ་ལས་ཁྱུང་པོ་དཀར་རུ། ནག་རུ། གསེར་ཚའི་སྡེ་རྣམས་བྱུང་། ཐ་ལྟག་ཁྱུང་འཕགས་ཁྲ་མོ་གཡུ་འབྲུག་ལ་འཆིབས་ནས་རྒྱལ་རོང་དུ་ཕེབས་པ་ལས་རྒྱལ་ཁྱུང་རྩ་བའི་བརྒྱུད་པ་རྣམས་བྱུང་། ཁྱུང་སྲས་སོ་སོར་གཤེགས་པའི་རི་དེ་ལའང་ཁྱུང་འཐོར་ལ་ཞེས་གྲགས། དེ་དག་གི་བརྒྱུད་པ་ལས། ལྷ་ཁྱུང་། མུ་ཁྱུང་། ཁྱུང་རྒོད་ཐོག་ལ་འབར་སོགས་མཁའ་སྤྱོད་དུ་གཤེགས་པ་མང་པོ་རིང་ཞིག་བྱུང་། གྱེར་ནམ་ཟུ་རྩེ་སོགས་གདུང་རབས་རིན་པོ་ཆེའི་ཕྲེང་བ་ལྟ་བུ་བར་མ་ཆད་པ་དང་། ཁྱུང་འཕགས་ཁྲ་མོ། དམ་པ་ཁྱུང་སྒོམ་སོགས་སར་གནས་ཀྱི་རིག་འཛིན་དུ་མ་དང་། བྱའི་རིགས་ལ་གྲུབ་ཐོབ་བརྒྱད་ཅུ་འབྱོན་པར་ལུང་བསྟན་པ་ལྟར། མི་ལ་རས་པ། ཁྱུང་པོ་རྣལ་འབྱོར་སོགས་ཡོངས་སུ་གྲགས་པ་རྣམས་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན་སོགས་ཟབ་གཏེར་གྱི་གསང་མཛོད་འཛིན་པ་རྣམས་དང་། རང་གྲོལ་བླ་མ་བློ་གྲོས་རྒྱལ་མཚན། གྲུབ་ཆེན་ཤ་བ་རང་གྲོལ་སོགས་དགོན་གནས་གྲྭ་སློབ་ཁྲི་ཁྲག་སྐྱོང་བ་པོའང་མང་དུ་བྱོན་པའི་ནང་ཚན། རྒྱལ་ཁྱུང་གི་རིགས་རྒྱུད་ནང་ཆེན་གྲགས་པ་རྒྱལ་མཚན་ཞེས་པ་ཆེན་པོ་གླིང་གི་བླ་མར་བཀུར་བའི་དབོན་རྒྱུད་རོང་རྒྱབ་ཏུ་ཆགས་པ་ལས། ཁྱུང་པོ་བླ་མ་ནམ་མཁའ་འོད་ཟེར། རིན་ཆེན་ལྷུན་གྲུབ། བསྟན་པ་རྣམ་རྒྱལ། བསྟན་པ་ལྷུན་གྲུབ། ཚུལ་ཁྲིམས་མཆོག་ལེགས། ཉི་མ་བསྟན་འཛིན་སོགས་མཁས་ཤིང་གྲུབ་པ་རིམ་པར་བྱོན་ཀྱང་ཕྱིས་དུས་དབང་གིས་གདུང་རབས་ཕལ་ཆེར་ཆད་པའི་སྐབས། ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་ཞེས་པ་དེ་བདག་གི་ལུས་ཀྱི་ཕ་ཡིན་པར་གྲགས་སོ། །བཙས་པའི་དུས་ནི། རབ་བྱུང་བཅུ་བཞི་པའི་ནང་ཚན་ཆུ་མོ་བྱའི་ལོ་ལ་མའི་རྨི་ལམ་ལེགས་པ་ཁ་ཤས་བྱུང་ཚོད་ཀྱང་ཡིད་ལ་མ་ངེས། ནུབ་བྱང་ནས་བྱ་རྒོད་ཅིག་བྱུང་ནས་རང་གི་མཆོད་ཁང་དུ་བསྡད་སོང་བ་དང་། མི་ཆེན་པོ་ཞིག་གིས་སྦ་དར་དང་དུང་ཕྲེང་བྱིན་པ་སོགས་དྲན་འདུག །སྲིད་འཁོར་བ་གཏན་ནས་མ་ཤེས་པའི་ལུས་ཡངས་ཤིང་ཟོ་མདོག་བདེ་བར་བྱུང་། ཟླ་བ་བཅུ་པའི་ཚེས་བཅུའི་ཉི་ཤར་ལ་གནོད་པ་མེད་པར་བདེ་བར་བཙས། ཞག་བདུན་ཙམ་ལ་ནུ་མ་མ་འཇིབས་པས་མར་ཞུན་གྱིས་གསོས། དེ་ལོ་ཡན་ཡུལ་དེར་སད་སེར་ལོ་ཉེས་སྟུད་མར་བྱུང་བས་འབྲུ་ཤིན་ཏུ་དཀོན་ཅིང་བཀྲེན་པར་གྱུར་པ་ལ་ལོ་འདིར་རྫ་ཁོག་ནས་འབྲུ་བཙལ་ཏེ་བཏབ་པས་ལོ་ཤིན་ཏུ་ལེགས་ཤིང་། དེ་ནས་བརྩམ་ལོ་བཅུ་གཉིས་བར་དུ་ལོ་ལེགས་སྐྱ་རྒྱལ་བྱུང་བར་འདུག །གོག་ཐུབ་ཙམ་ནས་གཙང་སྦྲ་ཤིན་ཏུ་ཆེ་བས་གཅིན་རྟུག་ཕ་ཟད་དུ་སྐྱེལ་བ་ཡིན་ཟེར། སྨྲ་ཤེས་ཙམ་ནས་ཁ་རྟགས་ལ་ཉེ་བཟང་པོ་མང་དུ་སྨྲ་བ་ཞིག་ཡོད་སྐད། འགའ་ཞིག་རང་ནས་ཀྱང་དྲན་ལམ་དུ་སྣང་། ལོ་བཞི་ཙམ་དུ་འཇམ་དཀར་སྒོམ་བཟླས་དཔེ་ལྡེབ་གཅིག་རྙེད་པ་གཞན་གྱི་རྗེས་ཟློས་ཚུལ་གྱིས་ཡིག་འབྲུ་ལ་མཛུབ་མོ་བཙུགས་ནས་འདོན་རྒྱུ་ཡོད་པ་ཞིག་བྱུང་། འགྲོ་ཐུབ་སྐབས་ནས་འབུ་གཟན་གཅིག་ཡོད་པ་ཀུན་བཟང་མཆོད་དཀྲིས་དགོས་ཟེར་རང་ལས་གཞན་གྱིས་མི་ཐོན་པའི་དཀྲིས་སྐོར་གཅིག་ཉལ་ཁ་མ་གཏོགས་འབྲལ་མེད་བྱེད། སྐབས་ཤིག་གོས་སྐྱ་ཞིག་བཟོས་པ་གཏན་ནས་གྱོན་རོགས་མ་བྱས་པས་རས་དམར་ཞིག་གིས་མུ་ཐུམ་བྱས་བྱུང་བ་དེ་ལ་བལྟས་ནས་གྱོན་པ་དང་། བྱིས་པའི་རྩེད་མོ་རྣམས་སུ་དབང་བསྐུར་བ། ལྷ་ཁང་དང་གསས་མཁར་བཞེངས་པ། ས་ལས་གཏོར་མ་བཅའ་ཞིང་གཏོར་རྒྱགས་དང་ལྷ་བསང་ཁོ་ན་བྱེད་པ། བུམ་པ་དང་རྡོར་དྲིལ་མཐོང་ན་ཆེས་དགའ་བ་སོགས་ཆོས་པའི་བག་ཆགས་ནི་ལེགས་རབ་ཡོད། ལོ་ལྔ་ལོན་པའི་དཔྱིད་སོས་གཟའ་སྐར་བཟང་པོ་ཞིག་ལ་ཕ་ཡར་དེས་ཀ་ཁ་བསླབ་བྱུང་བ་ནི་བལྟས་པ་ཙམ་གྱིས་ཤེས་ཀྱང་བྱིས་པ་བསམ་མནོ་མེད་པས་སྦྱོང་བདར་ཆེར་མ་འདོད། ལོ་དྲུག་པ་བདུན་པ་གཉིས་ལ་ཀློག་སློབ་འདུག་པས་འབྲུ་དེད་ཅུང་ཟད་དང་། སྦྱོར་ཀློག་སྦྱངས་པས་ལོ་བརྒྱད་པ་ནས་ཀློག་མཁན་རྒན་པོ་རྣམས་ཀྱང་ཟིལ་གྱིས་གནོན་ནུས་པ་བྱུང་། ལོ་གསུམ་པའི་སྐབས་གཙང་སྨན་རིའི་མཁན་པོ་བསོད་ནམས་བློ་གྲོས་ཡུལ་དེར་ཕེབས་པ་ལ་ཕ་མ་རྣམས་ཀྱིས་སྐྲ་བཅད་ཞུས་པར་མིང་བསྟན་འཛིན་གཡུང་དྲུང་དུ་བཏགས་པས་ཕྱིས་ཚོད་བར་དེ་ཉིད་བླ་དྭགས་ཀྱི་མིང་དུ་གྱུར། འདི་སྐབས་ཉི་ཤར་ཅིག་ལ་ཉེ་དུ་ཞིག་གི་པང་དུ་ཡོད་པ་ཤར་ཕྱོགས་ཀྱི་ཞིང་ཁུད་ནས་བྱ་བྲལ་ལྟ་བུ་རྒྱལ་མཚན་སྟོད་སྨད་བར་གསུམ་ལ་མེ་ཕྲེང་གིས་བསྐོར་བ་ལག་ཏུ་ཁྱེར་བ་ཞིག་བྱུང་བ་ཕ་ཀི་སུ་རེད་བྱས་ཀྱང་སུའང་མི་འདུག་ཟེར། མིང་མི་ཐོགས་པའི་སྔོན་གྱི་སྐྱེ་བ་མང་པོ་དྲན་པ་དང་། གང་ཡིན་མི་ངེས་པའི་གནས་ཚུལ་དགའ་བ་དང་སྐྱོ་བ་མང་པོ་དངོས་དང་ཉམས་ལ་དྲན་པ་མང་དུ་བྱུང་བས་གནས་ཚུལ་དེ་དག་འགའ་རེ་ནི་ཕྱིས་རང་ཉིད་ལ་དེ་ལྟར་འབྱུང་བར་སྣང་། ཕྱིས་ནས་ཟས་གོས་བཙོག་གྲིབ་ཀྱི་རིགས་ལ་འཛེམ་བྱ་རང་གཞན་གང་གིས་ཀྱང་མ་དྲན་པས་དྲན་སྣང་དེ་དག་ཀྱང་འགག །བློ་རིག་ཇེ་རྨུགས་ལ་སོང་། ཐར་བདེ་རི་ཁྲོད་ཀྱི་རྟོགས་ལྡན་གཡུང་དྲུང་ཕུན་ཚོགས་ཞེས་པ་སྐུ་ཤིན་ཏུ་བཙུན་ཅིང་རླུང་སེམས་འབྱོངས་པ། མངོན་ཤེས་མངའ་བ་དེས་འདི་བྱང་ཆུབ་སེམས་དཔའི་རིགས་ཨོ་རྒྱན་པདྨའི་འོད་ཟེར་ཕོག་པ་ཞིག་རེད། ཕྱིས་ནས་སྙན་གྲགས་ཅན་ཞིག་འབྱུང་ཡང་ལོ་སུམ་ཅུ་སྐོར་བར་ཆད་ཆེན་པོ་ཡོད་ཅེས་རང་གི་ཨ་མྱེ་སོགས་ལ་ལུང་བསྟན་གནང་། རང་ཡང་བསམ་པས་ཟིན་ནས་ཨོ་རྒྱན་པདྨ་ཁོ་ན་ལ་དད་པ་ཆེ་ཞིང་ཚིག་བདུན་གསོལ་འདེབས་ཤིག་འདོན་ཤེས་པ་དང་བཛྲ་གུ་རུ་འདོན་པ་ལ་དགའ་ཞིང་། ཨོ་རྒྱན་པདྨའི་རྣམ་འཕྲུལ་རེད་ཟེར་བའི་བླ་མ་སི་ཏུ་པདྨ་ཉིན་བྱེད། རྫོགས་ཆེན་པདྨ་རིག་འཛིན། སྨོན་རྒྱལ་པདྨ་རྒྱལ་པོ་སོགས་ནམ་ཞིག་མཇལ་ན་སྙམ་པའི་དད་པ་ཆེ་བ་ཞིག་ཡོད། རང་ཡང་ཨོ་རྒྱན་པདྨའི་རྣམ་འཕྲུལ་ཡིན་ཅེས་བྱིས་པ་རྣམས་ཀྱི་ནང་དུ་ཧམ་པས་སྒྲོག །སྐབས་རེར་ལྷོ་ནུབ་ཏུ་བལྟས་ན་ཨོ་རྒྱན་པདྨ་མཇལ་འོང་སྙམ་སྐྱོ་དུང་དུང་བའང་འོང་། དམྱལ་བ་ལ་ཤིན་ཏུ་སྐྲག་སྣང་ཆེ་བས་དེ་དག་རྣམས་ཀྱི་སེམས་རྨིས་ལྟ་བུར། ནུབ་ཅིག་ནུབ་བྱང་ནས་བྱང་ཤར་གྱི་ནམ་མཁར་བླ་མ་ཟིལ་ཅན་གཅིག་བྱོན་སོང་བ་ངེད་ཡོད་པའི་གྲོང་དེར་ས་ལ་བབས་ནས་ལུང་བསྟན་ཚིག་འགའ་རེ་གསུངས། དངོས་པོ་ཡིད་འོང་ཞིག་བྱིན་ནས་བྱོན་སོང་བ་དང་། ལན་གཅིག་མོ་མ་ཀུན་ཤེས་ཐིག་པོ་ཡིན་ཟེར་བ་ཞིག་བྱུང་ནས་ཇུ་ཐིག་ལན་གསུམ་མདུད་པའི་མོ་བཤད་ལ། མོ་ཆེ་གསུམ་བབས་པས་སེང་ཆེན་ཡིན། །སེང་དཀར་མོ་གཡུ་རལ་ཐོགས་པ་ཡིན། །ཟེར་བ་སོགས་དེ་འདྲ་འགའ་ཞིག་གི་མཐར། ཉི་མ་ཤར་གྱི་ཕྱོགས་ནས་མེ་ཏོག་དམར་པོ་ཁུར་བའི་གྲོག་ཅིག་འོང་ལེ་ཡོད་ཟེར་བ་རྨིས་པ་རང་ཡུལ་གྱི་ཤར་ཕྱོགས་ཞེ་ཆེན་དང་དཔལ་སྤུངས་སྐོར་ཡིན་པས་དེ་ལ་བལྟའམ་སྙམ། ནུབ་ཅིག་ཨ་མྱེ་ཨ་བཀྲ་ངེད་གཉིས་དམྱལ་བའི་གནས་སུ་སླེབས། སྒོ་ཞིག་ནས་བུ་ཆུང་དཀར་ནག་གིས་བསྐོར་ལམ་ལྟ་བུའི་གཡས་གཡོན་དུ་ཁྲིད་ནས་མཐར་ཁང་པ་དེར་ཆོས་རྒྱལ་ཡིན་ཟེར་བའི་བླ་མ་ཟིལ་ཅན་གཅིག་འདུག་པས་ཤགས་རལ་བྱས། ཨ་མྱེ་ཁ་ཏོན་འདོན་བརྗོད་སྨར་བས་ཐར་ལམ་དུ་འགྲོ་ཆོག་ཟེར། ཁོང་གི་ཐད་ཀའི་གསལ་མཐོངས་དེ་ནས་ཡར་སྣེ་ཤར་དུ་ཟུག་པའི་འཇའ་ལམ་དཀར་པོ་ཐིག་ཤིང་ལྟ་བུར་འདུག་པར་རྐང་པ་བཞག་མ་ཐག །འོད་གོང་དཀར་པོ་མཐེ་བོང་ཙམ་ཨས་མཚན་པ་ཞིག་ཏུ་གྱུར་ནས་ཕར་རི་ལི་ལི་ཐལ། ངེད་རང་སྐྲག་ནས་བསྡད་པ་དང་། དེ་རྗེས་ཀྱང་དམྱལ་བའི་གནས་ཚུལ་འགའ་ཞིག་རྨིས། ཡང་ལན་གཅིག་གནས་ཆེན་ཙ་རི་བསྐོར་དུ་ཕྱིན་པ་དང་པོ་བདེ་བར་བགྲོད། དེ་ནས་བཅའ་འཕྲང་མུན་པ་ཅན་དུ་ཡུན་གཅིག་མཐར་གསལ་མཐོངས་ནས་ཅི་བདེར་ཕྱིན་པ་རྨིས་པ་འབྱུང་འགྱུར་ལ་དེ་ལྟར་བྱུང་བར་སྣང་། ལོ་བཅུ་ལོན་སྐབས་ཡིག་བྲིས་བསླབས་ནས་རིམ་པར་འདོན་ཆོག་སོགས་པུསྟི་གསུམ་བཞི་ཙམ་བྲིས། འདི་སྐོར་སེམས་ངོ་ཤེས་པ་རེད་ཟེར་བ་ལ་ཤིན་ཏུ་དགའ་ཞིང་རང་ལ་སེམས་ཁྲིད་སྟོན་པའི་བླ་མ་ཞིག་མཇལ་རྒྱུ་ཨི་ཡོད་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང་ན་ཕྲ་ནུས་ཆུང་དུ་གྱུར་པས་ཕ་མ་ལ་གཏང་རོགས་སོགས་ཟེར་མ་ཕོད་ངང་ལུས། སྤྱིར་ཕ་ཡར་དེ་ཁ་བཙན་ཆེ། རང་ནས་བྲིས་ཀློག་སྦྱོང་བ་དང་འཚོགས་སྡོད་སོགས་ཀྱི་སྐབས་བྱིས་སྤྱོད་ཅུང་ཟད་ཤོར་ནའང་བརྡུང་བཏགས་བཏང་བས་ཙུག་གེ་སྡོད་པ་མ་གཏོགས་ཅི་ཡང་མི་ཕོད། ད་སོང་ཟེར་ན་མ་གཏོགས་སྒོ་རྒྱབ་ལའང་འགྲོ་དབང་མེད། མི་གཞན་སྤྱོད་པ་འཚུབས། ཟ་ཆེ། འཐུང་མང་། རྐུན་རྫུན་སོགས་ཀྱིས་མཐར་མི་གྲལ་ནས་བུད་པའི་དཔེ་མང་པོ་བགྲང་ནས་ཁྱོད་རང་ཚོ་ནར་སོན་དུས་དེ་འདྲ་བྱེད་འོང་ཟེར་ནས་མགོ་བཅའ་ཤ་སྟག་བྱེད་པ་ཞིག་ཡོད་པ་དེ་སྐབས་ནི་སེམས་ཤིན་ཏུ་གནོད། སྡུག་ཅིང་ཡི་ཡང་ཆད། ཕྱིས་བསམ་དུས་ད་ལྟ་མི་གྲལ་ཚུད་ཙམ་འདི་ཕ་རྒན་དེའི་དྲིན་ཡིན་པར་འདུག་པས་དྲིན་ཤིན་ཏུ་ཆེ་ཞིང་། དེ་འདྲའི་མི་དྲང་པོ་དང་ཤེས་པ་ཅན་ད་ལྟ་ནི་ཡོད་དཀའ་འདུག་སྙམ། ཁྱུང་པོ་བླ་མ་དེས་ངེད་ལ་ཤིན་ཏུ་བརྩེ་ཞིང་རང་ནས་ཀྱང་དགའ་སྣང་ཆེན་པོ་བྱེད་ཅིང་ཉིན་རེ་བཞིན་ལྷ་སྐུ་སོགས་ངོ་སྤྲོད་པ་ཞིག་ཡོད་ཀྱང་ངེད་རང་ལོ་བདུན་ལོན་པའི་དབྱར་ཐོག་དེར་འདས་སོང་། ཡུལ་དེར་བོན་དགོན་ཆུང་ངུ་ཞིག་ཡོད་ཅིང་ཐམས་ཅད་བོན་པོ་ཡིན་པས་བོན་འཚོགས་དང་ཀློག་འདོན་ལོ་བརྒྱད་དགུ་སྐོར་ནས་ཚར་ཁ་ཤས་བཏོན་པ་ནས་བློ་འཛིན་ཞོར་ལ་འོང་ཞིང་། ཆོ་གའི་འགྲིགས། གཏོར་བཟོ། བཤམ་བཀོད། རྔ་བརྡུང་རོལ་མོ་སོགས་མཐོང་ཐོས་ཙམ་ནས་དེ་ཀ་ལྟར་ཐོན་པ་ཞིག་ཡོད་པས་གཞན་གྱི་ཆོག་རོགས་དང་། རང་ཁོ་ནས་བཅའ་སྒྲུབ་སོགས་ལ་མང་དུ་ཕྱིན། བོན་པོའི་འདོན་བརྗོད་རིགས་ཁ་ཁྲལ་ཙམ་ལས་མོས་པ་ཆུང་ཞིང་མི་ཤིགས་རྡོ་རྗེའི་སྙན་བརྒྱུད་གུ་རུ་ཞི་དྲག་ལ་མོས་པར་བྱུང་བས་ཕལ་ཆེར་འདོན་བཟླས་བྱས་པས་ཁྱོད་བནྡེ་ཞིག་རེད་ཟེར་བ་བྱུང་། ཐར་བདེའི་རྟོགས་ལྡན་བླ་མས་ཀུན་གྲོལ་དཔལ་ལྡན་ལྷ་མོ་བསྟེན་དགོས་པའི་ལུང་གནང་བ་ལས་བྱང་རྒྱུན་འདོན་དང་གསོལ་སྐོང་འགའ་ཞིག་བྱས་པར་གཞུང་མཐུན་གྱི་རྨིས་ལྟས་དང་། བུད་མེད་ཅིག་གིས་གྲི་ཤུབས་མེད་བཞི་ལྔ་ཙམ་བྱིན་བྱུང་བ་རྨིས་པ་ཕྱིས་ཤེས་རབ་ཕྲན་བུ་ཡོད་པའི་ལྟས་སུ་སྣང་། འདི་སྐོར་རྨི་ལམ་རྣོ་བ་ཞིག་ཡོད་པས་སང་ཉིན་འགྲུལ་བ་འོང་རྒྱུ་སོགས་སྔ་ནུབ་ཤེས་པ་དང་། སྐབས་ཤིག་ཀཾ་བླ་མ་ཉི་མ་འོད་ཟེར་ནས་མནལ་ལམ་ཟིན་པ་རེད་ཟེར་ངོ་མཚར་ཆེ་ཆེ་བྱེད་འདུག་པས། ནུབ་ཅིག་ཉལ་ཁར་རྨི་ལམ་ཟིན་པར་བྱེད་སྙམ་འདུན་པ་གཏད་པས་རྨི་ལམ་ཡིན་པར་ཤེས་བྱུང་བས་དེ་ངང་སྤྲིན་དཀར་པོ་ཞིག་གི་བརྒྱུད་ནས་ཤར་ཕྱོགས་སུ་ཐོན་པའི་ངང་ཡལ། དེ་རྗེས་ཀྱང་རྨི་ལམ་འདུན་པ་གཏད་རེས་ཟིན་པ་ཞིག་བྱུང་ཡང་སྦྱངས་པ་མ་བྱས་པར་སྟེས་དབང་གིས་བྱུང་བ་འདི་རིགས་ཀྱིས་གོ་ཅི་འང་མི་ཆོད་པར་སྣང་། བླ་མ་ཞིག་གི་མདུན་མཁའ་འགྲོ་གསང་མཛོད་ཀྱི་འཕོ་ཁྲིད་ཞུ་མཁན་འགའ་རེ་འདུག་པ་མཉམ་དུ་ཞུས་ནས་ཐུན་འགའ་རེ་སྦྱངས་པས་ཉིན་གསུམ་ཙམ་ནས་སྤྱི་བོར་ཆུ་སེར་བརྡོལ་ཅིང་འཇག་མ་ཟུག་པ་བྱུང་སོང་། སྐྱིལ་ཀྲུང་བཅས་ནས་ནམ་མཁར་ཐོགས་མེད་དུ་འགྲོ་བའི་རྨི་ལམ་ཕྱིས་ཀྱི་བར་ཡང་ཡང་འོང་བ་ཞིག་ཡོད། ཕྱིས་ནས་འདིས་མཚོན་རྨི་ལམ་ལེགས་པ་དང་གསལ་སྣང་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་བ་ནི་དཀོར་ནག་གི་བྱིན་རླབས་སུ་ངེས། རོང་རྒྱབ་དཔོན་ཚང་གི་མགོན་ཁང་ཐུག་ནག་འགྱེལ་བས་མི་མང་པོ་འུར་དིར་སོང་བ་རྨིས་པས་ཕྱི་ལོ་བུ་སྤུན་ནང་མ་འཆམས་ནས་གཞིས་བགོས་ཕོག་སོང་། འདི་སྐབས་སྡེ་དགེའི་སྐུ་ཚབ་མཉམ་དུ་འདན་ཆོས་སྡེའི་དཔོན་མཆན་ཨ་མགོན་བྱུང་བ། ཕ་རྒན་དང་རྩད་འབྲེལ་ཡོད་སྟབས་ངེད་ལ་འབུ་གཟན་ཞིག་བྱིན་ནས་བླ་མ་ཡིན་ཟེར་བྱུང་བ་ལ་དགའ་བ་དཔེ་མེད་སྐྱེས། མགོ་བློན་ཚང་འདི་རུས་མཐོ། རིགས་རྒྱུད་བཟང་། བླ་དཔོན་ཆེ་གཉན་བར་མ་ཆད་དུ་བྱུང་། ཕྱིས་ཀྱི་མི་རབས་གསུམ་ཙམ་ལ་རྟེན་བཞེངས་འཚོགས་སྒོ་སོགས་གང་རྒྱས་བྱུང་བར་འདུག་ཀྱང་། དེང་སང་མི་རྒྱུད་ཆད། ཤུལ་གཞན་གྱིས་བཟུང་ནས་མིང་མ་བོར་ཙམ་རེད་སོང་བ་མ་ཚད། རྒྱལ་ཁམས་འདིར་རང་གིས་དྲན་ནས་ད་བར་དེ་དང་དེ་འདྲའི་རང་བཞིན་གྱི་དར་གུད་འགྱུར་ལྡོག་སྟོན་ཀའི་སྤྲིན་དང་མཚུངས་པ་ཤ་སྟག་སྣང་བ་འདི་དག་གིས་ཀྱང་། སྲིད་པའི་བདེ་འབྱོར་ལ་སྙིང་པོ་མེད་པ་སྒྱུ་མའི་རང་བཞིན་སྐད་ཅིག་གིས་མི་རྟག་པ་འགྱུར་བའི་ཆོས། འཁྲུལ་པའི་བྱེད་སྤྱོད་ཐམས་ཅད་འཁོར་བའི་སྡུག་བསྔལ་སྒྲུབ་པའི་རྒྱུ་འབའ་ཞིག་ཏུ་ངོ་སྤྲོད་པའི་རང་བྱུང་གི་སློབ་དཔོན་དུ་སོང་བས་སྐྱོ་ཤས་དང་ངེས་འབྱུང་གི་བློ་བཅོས་མིན་དུ་སྐྱེ་བར་སྣང་ངོ་། །རང་ལོ་བཅུ་བཞི་པའི་དཔྱིད་ཀར་ཨ་མྱེ་ཨ་བཀྲ་གྲོངས། འདི་པས་བཟླས་བརྗོད་དུང་ཕྱུར་གཉིས་ཙམ་སོང་ཞིང་སེམས་ངོ་སྐྱོང་བདེ་ཡོད། མཚམས་སྦྱོར་བཟང་བས་ཕུང་པོ་སྐྱེལ་ཉིན་ནམ་མཁའ་གཡའ་དག་པ་ལ་འཇའ་དཀར་པོ་ཤར་ནུབ་སྦྲེལ་བ་སོགས་སྔར་རང་གི་རྨི་ལམ་ལྟར་ཐར་པ་ཐོབ་ཡོད་སྙམ། འཆི་ཁར་ཁོང་ནས་ཀློང་རྒྱས་ཆོ་ག་བརྒྱ་རྩ་ཞིག་འདོན་སྙམ་པ་ལ་བརྒྱད་ཅུ་ལས་མ་ཐོན་ཅེས་སེམས་ནད་བྱེད་འདུག་པས་ཉི་ཤུ་ངེད་ནས་ཁ་སྐོང་བའི་ཁས་ལེན་བྱས་ཀྱང་མི་རིང་བར་གཞན་ཡུལ་བགྲོད་དགོས་པ་སོགས་ཀྱིས་མ་འགྲུབ། ཆུང་ནས་ལྷ་བྲིས་དང་གསོ་རིག་ཤེས་འདོད་ཆེ་ཞིང་། ལག་བདེའི་སྒོ་ནས་ཨོ་རྒྱན་རིན་པོ་ཆེ། གུ་རུ་མཚན་བརྒྱད། བཻ་རོ་ཙ་ན་རྣམས་ཀྱི་སྐུ་བྲིས། མགོན་པོ་བེར་ནག་ཅན་ཟེར་བ་ཐོས་པ་ཙམ་གྱིས་ཡིད་དགའ་བ་ཞིག་ཡོད་པས་རྣམ་གླིང་པ་འདྲ་ལ་དེའི་ཆ་ལུགས་ཅི་འདྲ་ཡོད་དྲིས་ནས་དེའང་འབྲི་བ་སོགས་བྱས། ཕྱི་མ་རྒྱུད་ཀྱི་རྩ་ཆུའི་མདོ་སོགས་རགས་རིམ་བློར་བཟུང་། ཀརྨ་ཕུན་ཚོགས་ཟེར་བའི་སྨན་པ་ཞིག་ལས་སྔོ་ལྡུམ་ངོ་སྤྲོད་ཀྱང་ཕལ་ཆེར་བསླབས། རང་ལོ་བཅོ་ལྔ་པར་ཚེས་གྲངས་གང་ཡིན་མ་ངེས་པའི་ནུབ་ཅིག་རྨི་ལམ་དུ། ནམ་མཁར་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་ཆས་ཅན་འོད་ཀྱི་དཀྱིལ་འཁོར་དམར་སེར་གྱིས་ཁྱབ་པའི་གཟི་བརྗིད་ཉི་འོད་ལྟར་འབར་བ་ལས་འོད་མེ་ལོང་ཙམ་ཞིག་བྱུང་ནས་རང་ལ་ཕོག་པས་རེ་ཞིག་ཤེས་པ་བརྒྱལ་ཐབས་སུ་སོང་། དེ་ལས་སད་ཙ་ན། བུད་མེད་འགས་ད་དུང་ནམ་མཁའ་ལ་ལྟོས་དང་སྲིད་པའི་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་བྱོན་འདུག་ཟེར། རང་ནས་ད་ཅིའི་ཟིལ་གྱིས་མི་ཕོད་ངང་ཡར་ལ་བལྟས་པས་ནམ་མཁའ་འཇའ་ཚོན་གྱིས་གང་བའི་ཁྲོད་ན་སྐུ་ཅུང་ཟད་གསལ་སྙམ་བྱེད་པ་ཙམ་ལ་སད། འདི་སྐོར་སྡེ་དགེ་ཚེ་དབང་རྡོ་རྗེ་རིག་འཛིན་ཁྲི་བཞུགས་དང་། ཆུ་མ་ཁག་གི་གཟིམས་དཔོན་རྣམས་རིམ་པར་ཚར་སྐབས་ཡིན་པས། དེ་རྣམས་ཀྱིས་མངའ་རིས་ཡུལ་འབྲོག་རྣམས་ལ་བསྙད་བརྐོ། བཙན་འཕྲོག །སྒོ་བཞག །སློང་མོ། སྤུས་བསྒྱུར། བཙན་དོམ་བཞག་ཅིང་འུ་ལག་འདེད་བསྐུལ་ཆེ་བས་རྫོང་ཁག་རྣམས་ཀྱི་སྡེ་སུམ་ཆ་ཙམ་ཡུལ་བུད་ས་འཁྱར་གྱིས་སྟོང་པའི་སྐབས་སུ་ཁེལ། ངེད་རང་གི་ཞང་པོ་དེ་རང་མགོ་ཐོན་པའི་རྒྱུ་ནོར་ཡོད་བཞིན་དུ་གཞན་ནས་རྐུ་འཕྲོག་དང་འཛིང་རྩོད་ཁོ་ན་དགོས་པ་ཞིག་ཡོད་པས། མི་གཞན་ཞིག་དང་ཐུག་སྒོའི་རྐྱེན་གྱིས་སྡེ་དགེའི་སྐུ་ཚབ་གཟིམས་དཔོན་ཚང་གི་མི་ངོ་ཞིག་རྩར་གྱོད་ཐུག །སྡེ་ཡུལ་རྣམས་ཤོར་བརླག་ཆེན་པོ་རེད། དེ་ཀའི་ཞེ་མཁོན་གྱིས་ཕྱི་ལོ་དགོན་པའི་དགུ་གཏོར་འཚོགས་སྐབས་སྐྱ་སེར་སྤྱི་གྲོས་ཀྱིས་ན་ནིང་ཧོར་འདྲ་ཕབ་མཁན་དེ་སྤྱི་བསད་བྱས། དེའི་ཤ་ཉེས་ཕྱི་ལོ་སྐུ་ཚབ་སྔ་མ་ལ་གྱོད་གཏུགས་ནས་ཧོར་འདྲ་ཕབ་པས་མི་སྟོངས་དང་ཆད་པ་ཆེ་བས་དུད་ཆེ་ཆུང་མེད་པ་ཐམས་ཅད་རྐང་བརླགས་བྱས། ཕ་རྒན་ཀྱང་བཙོན་འོག་ཆུད་པ་སོགས་སྡུག་བསྔལ་བརྒྱུད་མར་བྱུང་བ་དང་། སྤྱིར་ཁྲལ་འུ་ལག་ལྕི་བས་མ་རྒན་ནས་ཁྱོད་རང་གཞིས་ངན་འདིའི་སྟེང་ད་ཕྱིན་ཉིན་གཅིག་ཀྱང་བསྡད་དགོས་མེད། དགོན་པ་ཞིག་ཏུ་སོང་དང་མོའང་ཞར་བྱུང་མགོ་ཐོན་འགྲོ་ཟེར་ཡང་འཕྲལ་དེར་སྡོད་གནས་ཀྱི་དགོན་པ་ཡིད་ལ་འབབ་པའང་མ་བྱུང་། ལོ་བཅུ་དྲུག་པའི་དཔྱིད་སོས་ལ་ཕ་རྒན་ཆོས་སྡེ་ཕོ་བྲང་དུ་ཡོད་པའི་རྩར་བརྫངས། དེར་དཔྱིད་དབྱར་གཉིས་སུ་དཔེ་བྲིས་དང་ཀློག་འདོན་འདྲ་བྱས། ཆབ་མདོའི་དབུ་མཛད་ལྷ་མགར་ཞིག་ལས་སྐུ་བརྙན་བྲིས་འབུར་གྱི་ཐིག་རྩ་སྨན་ལུགས་དང་། རི་མོའང་རགས་བསྡུས་བསླབས། མ་རྒན་འདི་ཉིད་ལུས་སྲོག་སྐྱེད་པའི་དྲིན་ཆེ་བ་གཞིར་བཞག་འཁོར་བའི་ཁྱིམ་གྱི་བཙོན་དོང་ནས་ཕྲལ་ཏེ་ཆོས་སྒོར་ཞུགས་པའི་དགེ་བའི་བཤེས་གཉེན་དུ་སོང་བས་དྲིན་ལན་འཁོར་དཀའ་བ་ཡིན་ནོ། །རང་ཉིད་ཆུང་ངུའི་དུས་ནས་ཉམ་ཆུང་ཞིང་གཤིས་འཇམ་པ། སུ་ཞིག་གིས་ཇི་ལྟར་མངགས་ཀྱང་ཐུབ་རུང་མ་ཐུབ་རུང་ཁར་ཉན་པོ་ཞིག་ཡོད་པས་དྲག་ཞན་སུས་ཀྱང་ཡིད་ལ་འབབས་ཤིང་བྱམས་པོ་ཁོ་ན་བྱས། ཁྱད་པར་འདི་སྐབས་ཆོས་སྡེ་དཔོན་ཁང་སར་ཚེ་འཕེལ་ཡོད་པ་ཁོང་གི་ཐུགས་ལ་འཕྲོད་ནས་རེ་ཞིག་དྲུང་ཡིག་དགོས་གསུངས་པ་ལྟར་དབྱར་སྨད་ནས་འཁྲིས་སུ་ཕྱིན། འོབ་གཤིས་རུ་ཐོག་བརྒྱུད། སྡེ་དགེའི་དབྱར་སྒར་ལྷ་ལུང་ཁུད་དང་རུ་དམ་བར་ཕྱིན། དེར་ཞེ་ཆེན་ནས་བླ་མ་འཇིགས་མེད་བློ་གསལ་བྱོན་བྱུང་བ་ལ་བོན་པོའི་ལོ་རྒྱུས་བཤད་བཅོལ་བྱུང་བས་རྣ་ཐོས་བོན་གྱེར་སྣ་ཚོགས་ཡུན་རིང་ཙམ་བཤད། བླ་མ་ནས་བློ་གསལ། ཁ་མཁས་འདུག་གསུངས། དེ་སྐབས་དཔོན་རྒན་ནས་འདི་རིག་པ་རྣོ་བ་ཞིག་འདུག་པས་རིག་གནས་ཤིག་བསླབ་བཅོལ་བསམ་པས་ཅི་དྲག་དྲིས་སོང་བར་ཞེ་ཆེན་དུ་དབོན་སྤྲུལ་རྩར་བཅར་ན་ལེགས་རྒྱུའི་ཐག་ཆོད། རིག་གནས་དཔེ་སྤར་བཏབ་རྒྱུ་རྣམས་ཀྱང་ཐོ་བཀོད་པ་ལྟར་སྡེ་དགེ་དང་དཔལ་སྤུངས་སྐོར་ནས་བཏབ་སྟེ་ཕྱིས་ངེད་ལ་གནང་བྱུང་། སྡེ་དགེའི་སྒར་ཡིད་ལྷུང་ཁྱོག་སྐབས་དཔོན་འདན་ཁོག་ཏུ་བྱོན་པའི་འཁྲིས་སུ་སོང་། ཟླ་བ་དགུ་པའི་ནང་ཁང་སར་པདྨ་ཕྱིར་བྱོན་པ་དང་འགྲུལ་ནས་འོབ་གཤིས་རུ་ཐོག་ཏུ་འོང་། དཔོན་ནས་དབོན་སྤྲུལ་མདུན་ཞུ་ཡིག་རྟ་སོགས་སུམ་ཚན། ཟླ་བ་ཁ་ཤས་ཀྱི་བརྒྱགས་ཕོག །གོན་པ་སྣེ་གཉིས་ཙམ་གནང་བ་དང་རུ་ཐོག་ནས་སྐྱེལ་མ་བཅས་ཞེ་ཆེན་རི་ཁྲོད་དུ་ཕྱིན། འདི་ཉིན་ཁ་བ་ཆེ་བ་ཞིག་བབ་པ་ལམ་བཀྲ་ལེགས་པའི་མཚན་མར་འདུག །ཕྱིར་ཉིན་ནས་འཇམ་མགོན་བླ་མ་རིན་པོ་ཆེ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་ཞལ་མཇལ་དང་ཕྱག་དབང་ཐོབ། སྐྱེལ་མ་ཡར་བརྫང་། ངེད་རང་སྒྲུབ་གྲྭའི་བླ་རྒན་ཨོ་རྒྱན་དཔལ་འབྱོར་ཟེར་བ་ཞིག་གི་རྩར་བཞག་བཅོལ་མཛད་བྱུང་། དེ་ནས་ཐོག་མར་ཉམས་སད་དུ་ནག་རྩིས་ཀྱི་མ་བུ་དགྲ་གྲོགས་ཞིག་བསླབ་བྱུང་བ་ཚར་གཅིག་པོ་དེས་གོ་བས་བློ་རིག་ལེགས་འདུག་གསུངས་ནས་སྙན་དངགས་མེ་ལོང་མའི་གཞུང་ཁྲིད་ཚུགས། འདི་རིགས་ཐམས་ཅད་དེ་རིང་མང་ཉུང་འཚམ་པ་ཚར་རེ་གསུངས། དགོང་མོ་རྩ་བ་བློ་འཛིན་དང་། འགྲེལ་པ་སྦྱང་བདར་བྱས་པ་དེ་སང་ཞོག་བློ་རྒྱུགས་ཡར་ཕུལ་དགོས་པས་ཤིན་ཏུ་དཀའ་ཡང་བརྩོན་འགྲུས་གང་དྲག་བྱས་པས་ཐུགས་ལ་ཤིན་ཏུ་བཏགས་པ་བྱུང་། རྩོམ་རྒྱུགས་འབུལ་དགོས་པ་ལ་དེ་སྐབས་ཆོས་ཀྱི་རྒྱུས་སྣེ་གཅིག་ཀྱང་མེད་སྟབས་བརྗོད་བྱས་ཕོངས་པས་རྣམ་གྲངས་རྒྱ་མཚོའི་དཔེ་ཞིག་གནང་ནས་འདི་བློ་ལ་ཆུད་པར་གྱིས་གསུངས། མངོན་བརྗོད་ཀྱང་ཕྱོགས་མཚོན་མཛད། རྣམ་གྲངས་དེའང་མིང་ཙམ་ལས་དོན་མ་ཤེས་པས་མཁས་དབང་བླ་མ་འགྱུར་མེད་བསྟན་འཛིན་མདུན་ནས་སྐབས་རེ་གོ་ཁྲིད་ཞུས། རྩོམ་སྒོ་ཤིན་ཏུ་དོག་ཀྱང་ལེའུ་གསུམ་ཀའི་རྩོམ་རྒྱུགས་མཚོན་བྱེད་གྲུབ། དེ་རྗེས་སུམ་རྟགས་རྩ་བ་བློ་འཛིན་དང་། ཆོས་འབྱུང་འགྲེལ་པའི་སྟེང་ནས་བཤད་པ་གནང་། དཔེར་བརྗོད་རྣམས་ཀྱང་གཟིགས་འབུལ་ཞུས། ལྕགས་སྟག་ཟླ་བ་དང་པོ་གསར་ཚེས་སྐབས་མ་ཏི་ལུགས་ཀྱི་འཇམ་དབྱངས་དཀར་པོའི་རྗེས་གནང་དང་། མཚན་བརྗོད་ལུང་གནང་། དེ་རྗེས་སྒོམ་བཟླས་ཆགས་མེད་དང་མཚན་བརྗོད་ཚར་རེའང་བཏོན། འདི་ནུབ་ནམ་མཁའི་དབུས་དྲང་པོར་ཟླ་བ་ཉ་རྒྱས་པ་ཞིག་ཤར་བ་རྨིས། ཕྱིར་ཉིན་སྒྲ་ཙཱནྡྲ་པ་བསླབ་པའི་དབུ་ཚུགས། རྩ་བ་བློ་འཛིན་དང་། འགྲེལ་པ་རི་མོ་བཅས་ཞོག་རྒྱུགས་འབུལ་བ་ཆག་མེད་བྱས། དབྱར་ཐོག་ནད་ཀྱིས་གཙེས་སྐབས་ཀྱང་རྟ་ནག་བྱིན་རླབས། ཞི་ཁྲོའི་གནས་བརྒྱ་སོགས་བཀའ་དྲིན་བསྩལ། ལྕགས་ཡོས་དཔྱིད་ཀར་གླིང་རྗེ་དྲུང་ནས་རྫོང་མགོར་གདན་འདྲེན་ཞུས། ཟླ་བ་གཉིས་ལྷག་འགོར་བའི་སྐབས་སུ། དགོན་ནང་བླ་མ་འགྱུར་མེད་བསྟན་འཕེལ་ཞེས་པའི་ཚེ་མཚམས་པ་རྟོགས་པ་མཐར་ཕྱིན་པ་ཞིག་ཡོད་པ་དེ་ལས་སྨིན་གླིང་བདེ་གཤེགས་ཀུན་འདུས་དང་དཀོན་མཆོག་སྤྱི་འདུས་རྣམས་ཀྱི་དབང་དང་ཆོས་འབྲེལ་འགའ་ཞིག་ཞུས། བདེ་འདུས་དབང་བཞི་པའི་སྐབས་མེ་ལོང་ལ་བརྟེན་ངོ་སྤྲོད་ཞིབ་མོར་གསུངས་པས་གོ་བ་ལེགས་པར་སྐྱེས། བྱང་གཏེར་ཅོང་ཞིའི་བཅུད་ལེན་གྱི་ལུང་དང་ལག་ལེན་བསླབ་བྱ་གནང་བས་བཅུད་ལེན་ཞག་བདུན་བགྱིས། འདི་སྐབས་ཉིན་གུང་ཞིག་ཏུ་ཤིང་སྡོང་ཤིན་ཏུ་ཁྱོན་ཆེ་བས་རྩེ་མོ་དང་ཡལ་གའི་མཐའ་མི་མངོན་པ་ཞིག་ལ་རྒྱའི་ཚེ་རིང་བྱ་ལྟ་བུ་ཤིན་ཏུ་མཚར་པ་ཞིག་གྱེན་དུ་འཁྲིལ་ནས་འགྲོ་བ་མཐོང་། འདི་ལོ་སེང་གེ་གནམ་རྫོང་དུ་གནས་འདུས་ཡོད་པར་གྲགས་པས་འབུམ་འགྱུར་ནང་མགོན་བླ་གསང་སྔགས་ནས་ངེད་རང་གཉིས་གནས་བསྐོར་འགྲོ་གསུངས་པ་རྩེ་སྐོར་ཕྱིན་པས། བྱང་ངོས་ཁ་བས་འགགས་པ་སོགས་ཐར་དཀའ་ཞིང་ཉིན་གཅིག་ལ་ལྟོ་མ་མྱོང་བས་ཕྱི་དྲོ་ལུང་ཆུང་གྱེན་ལ་ཞིག་ལ་ཕྱིན་པ་ན་ཤིན་ཏུ་ངལ་བས་ཕ་ཝཾ་ཞིག་གི་འགྲམ་དུ་ངལ་གསོས་པ་ལ། མགོན་བླས་འདི་ལྟར་ལྟོག་སྐོམ་གྱིས་ངལ་ཆད་དུབ་པའི་སྐབས་སུ་ཤེས་པ་སྐད་ཅིག་མའི་ངོ་བོ་ལ་མཉམ་པར་བཞག་ན་སེམས་ཀྱི་ངོ་བོ་དེ་ལས་གཞན་མེད་གསུངས། ལུས་གནད་བཅས་མཉམ་གཞག་མཛད་འདུག་པ་ཁོ་བོས་ཀྱང་ལུས་གནད་བཅས། ཤེས་པ་ངོས་བཟུང་བས་གསལ་ལ་མི་རྟོག་པ། ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པ། ཡིན་མིན་བཤད་མི་དགོས་པའི་ཡིད་ཆེས་པ་ཞིག་བྱུང་བ། དེ་ལྟ་ན་སེམས་ངོ་ཟེར་བ་སེམས་འཛིན་དང་རྟོག་མེད་བཞག་པ་སོགས་དོན་མེད་སྟོང་སྐོར་རང་བབས་ཀྱི་ཤེས་པ་ཐད་ཀར་སྐྱོང་བས་ཆོག་པར་འདུག་སྙམ་པ་བྱུང་། ཕྱིས་ཀྱང་ངོ་བོ་ལ་ནི་དེ་ཀ་ལས་འཕོ་འགྱུར་མི་འདུག །སྔགས་རམ་པ་ཀུན་བཟང་གསང་སྔགས་དེ་ཉིད་མདུན་ནས་ཀྱང་སྨིན་གླིང་སྡོམ་གསུམ་ཁྲིད་དང་། འགྱུར་མེད་བསྟན་འཛིན་མདུན་ནས་ཀློང་ཆེན་པའི་མཛོད་བདུན་གོ་ཁྲིད་རགས་རིམ་ཞུས། འདི་སྐོར་དཀོན་མཆོག་སྤྱི་འདུས་ལ་ཡིད་ཤིན་ཏུ་མོས་པ་བྱུང་བས་སྔ་མའི་གུ་རུ་ཞི་དྲག་བཞག་ནས་དཀོན་སྤྱི་བཏོན་པས་དེའི་བྱིན་རླབས་ཡིན་ནམ། ནུབ་ཅིག་རྨི་ལམ་དུ་རང་གུར་དྲག་དཔའ་གཅིག་གཡས་རྡོ་རྗེ་དང་གཡོན་ཕུར་པ་བསྣམས་པར་གྱུར་པའི་གསལ་སྣང་དང་ང་རྒྱལ་བརྟན་པོས། བུད་མེད་རོད་ངན་གཅིག་གི་མགོ་ལ་ཕུར་བས་བསྣུན་ནས་མེད་པར་བྱས་པ་ཞིག་རྨིས། སྔར་རྒྱལ་བསེན་གཉིས་ཀྱིས་གནོད་པའི་ལྟས་ཕལ་ཆེར་དུ་འོང་བ་ཞིག་ཡོད་པ་ལ་དེ་ཕྱིན་ཆེར་མ་བྱུང་། མཁའ་འགྲོ་ཚོགས་ཁང་དུ་དཀོན་སྤྱིའི་ཚོགས་ཤིག་བཏང་བའི་ནུབ་གནས་རི་དེ་ལ་ཨོ་རྒྱན་རིན་པོ་ཆེ་སོགས་རང་བྱོན་གསར་པ་ཁ་ཤས་དང་གཏེར་རྟགས་གཏེར་སྒོ་མང་དུ་ཡོད་པ་རྨིས། འཇམ་མགོན་བླ་མ་རིན་པོ་ཆེ་ཕྱིར་ཕེབས་འཕྲལ་ནས་ཙཱནྡྲ་པའི་བསླབ་ཁྲིད་མཐར་དབྱུང་། སྡེབ་སྦྱོར་ཁྲིད་གནང་ནས་སུམ་བིད་འགའ་ཡང་བསྒྲིགས། ཀ་ལཱ་པ་དང་དབྱངས་ཅན་སྒྲ་མདོ་གཉིས་ས་རིས་ཕྱོགས་མཚོན་དང་ཁྲིད་རྒྱུན་ཙམ་ལས་སྔར་ཙཱནྡྲ་པ་བྱང་སྟབས་དཔེ་བལྟས་པ་ཙམ་གྱིས་ཤེས་པར་འདུག་པས་དཀའ་ལས་མ་དགོས། སྡེབ་སྦྱོར་ལ་མཁོ་བས་དགུ་མཐའ་བསླབ་པའང་བྱང་བར་བྱས། གྲུབ་མཐའི་རྣམ་གཞག་ཞིག་ཀྱང་བཀའ་དྲིན་བསྩལ། ལོ་འདིའི་ཟླ་བ་བརྒྱད་པར་རུ་དམ་སྡེ་དགེའི་སྒར་ཐོག་ཏུ་དབོན་རྒན་རྩར་ཁྱུགས་ཙམ་ཕྱིན་པས་ཚེས་བཅུ་ཞིག་གི་ཐོ་རངས་རྨི་ལམ་དུ། བུད་མེད་མང་པོས་ཨོ་རྒྱན་ཕེབས་ཡོད་ཟེར་ནས་བསམ་ལྷུན་གསོལ་འདེབས་བྱེད་འདུག །ཕར་བལྟས་པས་ཟིལ་ཁྲོམ་རི་ལོགས་ཐམས་ཅད་ཁེབས་པའི་འཇའ་གུར་ཞིག་ཀྱི་ལེར་འཁོར་འདུག །སླར་བུད་མེད་རྣམས་དང་མཉམ་དུ་གསོལ་བ་དྲག་ཏུ་བཏབ་པས་ཨོ་རྒྱན་ཟ་ཧོར་མའི་ཆས་ཅན་སྤྱི་བོར་རིགས་བདག་དཀར་པོ་ཡོད་པ་ཞིག་གསལ་བར་མཇལ། དེ་མ་ཐག་སྐྱིལ་ཀྲུང་ནས་གྱེན་རྫོགས་སུ་ཡལ་སོང་། ཕྱིར་ཉིན་སྒར་ཐོག་ཏུ་ལྷ་འབྲང་བླ་མ་དཔལ་ལྡན་ཆོས་རྒྱལ་བཞུགས་འདུག་པ་ལས་ཆོས་འབྲེལ་གསོལ་འདེབས་ལེའུ་བདུན་མའི་ལུང་ཞིག་ཞུས། སླར་རི་ཁྲོད་དུ་འོང་ནས་བསླབ་སྦྱོང་གི་འཕྲོས་དང་། སྨིན་གླིང་ཚེ་སྒྲུབ་འཆི་མེད་ཡང་སྙིང་བདུན་ཕྲག་གསུམ་ཙམ་བསྙེན། ངེད་རང་སྡོད་སྐབས་འདིར་རྗེ་འཇམ་མགོན་བླ་མ་ཉིད་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་སྙིང་པོ་དུང་ཕྱུར་གསུངས་པའི་སྐབས་ཡིན། གསོལ་ཁ་སོགས་འཚོགས་པ་རྣམས་ཀྱི་ཞབས་ཕྱི་ལའང་མང་ཙམ་ཕྱིན། སྨིན་ལུགས་ཀྱི་དབྱངས་གདངས་ཁ་ཤས་དང་། རྗེ་བླ་མས་ལ྅་ཝར་གྱི་འཐེན་ཆ་ཙམ་བསླབ་པ་གནང་། བླ་མ་པདྨ་སྐལ་བཟང་ཕྱག་བྲིས་ཤིན་ཏུ་ལེགས་པས་དེ་ནས་ཞིབ་བསླབ་གྱིས་གསུངས་པ་ལྟར་སྨིན་ལུགས་བྲིས་རྒྱུན་རྒྱ་གར་ཤར་ཕྱོགས་པའི་ཡིག་རིགས་ཡིན་གསུངས་པ་དེ་ཀ་བསླབ། བྱང་འདྲེན་པ་འགྱུར་མེད་ཆོས་དར་ནས་ཀྱང་བློས་བསླང་གི་ཐིག་དང་། གཟབ་བྲིས་རྙིང་མ་ཚུགས་ཆེན་གྱི་བྲིས་རྒྱུན་བསླབ་པ་སོགས་གང་ལའང་ཕུལ་དུ་ཕྱིན་པ་མ་བྱུང་ཡང་དོན་མེད་གཡེང་བས་མ་ཁྱེར་བར་སྦྱང་བརྩོན་ཅི་ནུས་བྱས། ནུབ་མོའང་མར་མེ་བལྟམ་རྒྱུ་རྙེད་དུས་དེ་མ་ཟད་བར་མཛོད་བདུན་སོགས་ལ་ལྟ་རྟོག་དང་བརྗེད་ཐོ་མང་དུ་བྲིས། ཆུ་འབྲུག་གནམ་ལོ་གསར་ཚེས་སྐབས་འཇམ་མགོན་རིན་པོ་ཆེ་དགོན་ཐོག་བླ་བྲང་དུ་ཕེབས། ད་རེས་ཁོང་ནས་བསྙེན་རྫོགས་ཤིག་བསྒྲུབ་དགོས་པས་ཁྱོད་ནས་ཀྱང་ཞུས་དང་ཕྱག་ལེན་སོགས་ལ་གནད་ཡོད། རྗེས་སོར་གཞན་ལས་བསྐྱར་སྒྲུབ་དགོས་ན་དེ་སྐབས་སྡོམ་རོ་ཡར་ཕུལ་བས་ཆོག་གསུངས་ནས་ངེད་གྲོགས་མཆེད་གསུམ་ལ་ཚིགས་གསུམ་རིམ་ནོད་ཀྱི་བསྙེན་རྫོགས་སྒྲུབ་པར་མཛད། དེ་དུས་བརྡ་འཕྲོད་པ་དང་ཐོབ་ཤེས་བསམ་པ་དུས་སུ་སྐྱེ་བ་སོགས་ཚུལ་ལྡན་ཅིག་བྱུང་། སྡོམ་རྒྱུན་སྔ་འགྱུར་ལུགས་ཡིན། དེ་རྗེས་གཞི་གསུམ་གྱི་ཕྱག་ལེན་རྗེ་ཉིད་ཀྱི་ཟིན་བྲིས་མཛད་པ་དང་བསྟུན་ནས་ཤིན་ཏུ་ཞིབ་མོ་བསླབ་ཁྲིད་གནང་། ཟླ་བ་དེ་ཀའི་ཚེས་བརྒྱད་ནས་རྒྱལ་ཚབ་སྤྲུལ་པའི་སྐུ། དེའི་སློབ་དཔོན་པདྨ་སྐལ་བཟང་། ངེད་རང་བཅས་གསུམ་ལ་རྒྱལ་བའི་བཀའ་གྱུར་རིན་པོ་ཆེའི་ལྗགས་ལུང་བསྩལ་བའི་ཐོག་མར་མདོ་སྡེ་བསྐལ་པ་བཟང་པོ་ནས་དབུ་བཙུགས་པའི་ཉིན་ཁ་བ་མེ་ཏོག་དབྱིབས་ཅན་ས་གཞི་སྐྱ་བ་ཙམ་བབས། ཞག་ལྔ་བཅུ་ཐམ་པས་བཀའ་འགྱུར་གྲུབ་ནས་བསྟན་འགྱུར་པོད་བཅུ་སྐོར་གྱི་ལྗགས་ལུང་ཡང་མཛད། སླར་རི་ཁྲོད་དུ་ཕེབས། སྤྲུལ་སྐུ་དཔོན་སློབ་ཀྱང་བྱོན་པ་ལ། རྙིང་མ་རྒྱུད་འབུམ། ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ། གསུང་ཐོར་བུ། དོལ་པོའི་རི་ཆོས་ངེས་དོན་རྒྱ་མཚོ། རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན་རང་འགྲེལ། བླ་མ་དགོངས་འདུས་པུསྟི་བཅུ་གསུམ། རྒྱལ་པོ་བཀའ་ཆེམས་པོད་གཉིས། པདྨ་བཀའ་ཐང་། ཐང་ཡིག་སྡེ་ལྔ། འཇིགས་མེད་གླིང་པའི་བཀའ་འབུམ་པོད་དགུ། སྡོམ་གསུམ་རྣམ་ངེས་འགྲེལ་པ་སོགས་ཀྱི་ལྗགས་ལུང་ཡུན་རིང་བསྩལ། བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། ཀར་གླིང་ཞི་ཁྲོ་རྣམས་ཀྱི་རྩ་དབང་ཡང་བཀའ་དྲིན་ཐོབ། སྨིན་གླིང་འདོད་འཇོ་བུམ་བཟང་གི་སྨིན་བྱེད་ཆ་ཚང་། སྒྲུབ་ཐབས་པོད་ཀྱི་བཀླག་ལུང་། ཞལ་ཤེས་རྣམས་ཞལ་ཁྲིད་མཛད་ནས་འདི་རྣམས་ཡིད་ལ་མ་བརྗེད། བསྟན་པ་ལ་ཕན་སུས་ཐོགས་ཅི་ཤེས་སོགས་གསུངས། ལར་འདི་ཉིད་ཀྱི་གསུང་སྒྲོས་ཆེད་དུ་གནང་བ་ཐམས་ཅད་ཕྱིས་ལུང་བསྟན་ཁོ་ནར་སོང་འདུག །འདིར་སྡོད་རིང་ཉང་གི་རྟ་ནག །སྨིན་གླིང་རྡོར་སེམས་དང་བདེ་གཤེགས་ཀུན་འདུས། གར་ཚེ། འོད་དཔག་མེད་ཀྱི་སྙིང་པོ་རྣམས་དུང་ཕྱུར་རེ་རེ་སོང་ཞིང་རྟོགས་པ་དང་ལྡན་པའི་བླ་མ་ཀུན་བཟང་བསོད་ནམས་ལས་རྡོར་སེམས་དང་འཆི་མེད་ཡང་སྙིང་དབང་། རྟ་ནག་གི་སྲོག་གཏད་རྣམས་ཞུས། ཡང་སྙིང་འདུས་པའི་སྒོ་ནས་ཡིག་དྲུག་དུང་ཕྱུར་བཅོ་ལྔ་གྲུབ་པའི་ཚེ་མཚམས་པ་བསམ་གཏན་ལས་ཐུགས་ཆེན་ཡང་འདུས་ཀྱི་དབང་བསྐུར་ཡང་ཞུས། འདི་སྐབས་མཁོས་འབྱོར་མེད་པས་མཎྜལ་རྟེན་ནི་མཚོན་བྱེད་ཙམ་ལས་འབུལ་རྒྱུ་མ་རྙེད། ཆུ་སྦྲུལ་ཟླ་བ་གཉིས་པའི་ནང་དཔོན་རྒན་ནས་ཁོང་དཔལ་སྤུངས་སུ་གྲྭ་ཁང་བཟོ་བ་ལ་འབྱོན་རྒྱུ་ཡིན། ཁྱོད་རང་ཡང་དཔལ་སྤུངས་སུ་འགྲོ་དགོས་པས་ཤོག་གསུངས་པ་བྱུང་བས་བླ་མ་དང་སྡོད་གནས་སོགས་ལ་ཡིད་འཕྲེང་བཞིན་པའི་ངང་ཕྱི་ཕྱག་འཚལ་ནས་འོང་ཁར། འཇམ་མགོན་བླ་མ་རིན་པོ་ཆེས་ཉིད་ཀྱིས་གསོལ་བའི་བཟང་གོས་ཀྱི་ཆོས་གོས། བུམ་པ་ཆ། ཤིས་བརྗོད་ཀྱི་ཚིག་བཀྲ་ལ་ཡོན་ཏན་རྒྱ་མཚོ་ཡོད་པ་ཞིག་གནང་ནས་བླ་མར་མངའ་གསོལ་བའི་རྟེན་འབྲེལ་ཡིན། དུས་རྒྱུན་དུ་བློ་སྣ་སྟུངས། དྲན་ཤེས་བསྟེན། ཕྱོགས་རིས་མ་བྱེད་ཅེས་པའི་བསླབ་སྟོན་བསྩལ། ཁང་སར་རུ་ཐོག་ཏུ་དཔོན་རྒན་བཞུགས་སར་ཕྱིན། དེ་འཕྲལ་དཔལ་སྤུངས་སུ་བྱོན་འདུག་པ་དགོན་ཐོག་སླེབ་ཉིན་ལམ་བར་གློ་བུར་དུ་ཁ་བ་བབས། དེ་རྗེས་དཔྱིད་ཉི་དྲོན་པོ་ཞིག་ཤར་བ་ལམ་བཀྲ་ལེགས་པའི་མཚན་མར་སྣང་། དགོན་དུ་དབོན་རྒན་སྤྲུལ་པའི་སྐུ་བཞུགས་པ་ལ་མཇལ་ཕྱག་ཞུས། དགྱེས་ཚོར་ཆེན་པོ་མཛད། གྲྭ་ཁང་བཟོ་ལས་ཀྱི་མགོ་ཚུགས། རང་ནས་མཁས་དབང་བླ་མ་བཀྲ་ཤིས་རྒྱལ་ལས་ཉེར་བུམ་ཡོངས་རྫོགས་ཀྱི་ས་རིས་ཁྲིད་ཀ་ཞུས། དེ་རྗེས་ལོ་གཅིག་གི་རྀ་ཐུའང་བྲིས། སྔ་ལོ་སྡེ་དགེ་ལྷ་ལྡན་དུ་བྱོན་པ་འདི་ལོ་ཐར་རྩེ་མཁན་རིན་པོ་ཆེ་དང་མཆོད་ཡོན་ལྷན་རྒྱས་སླར་ཕེབ་རྒྱུའི་ཆིབས་བསུ་ལ་དབྱར་སྨད་དེར་དཔོན་རྒན་འབྱོན་དགོས་འདུག་པ་ངེད་ནས་ཀྱང་ཡིག་བྲིས་ཙམ་གྱིས་ཕན་ཐོགས་རེ་བས་ཕྱིན། འདན་ཁོག་བརྒྱུད་ཙི་ཁོག་བར་བྱོན། སྒར་པ་གཞན་དབུ་ཐོན་ཡིན་འདུག་ཀྱང་ཁང་སར་པདྨ་དཔོན་གཡོག་དྲུག་ལྷ་སར་འབྲུམ་ནད་ཀྱིས་གྲོངས། རྡེལ་ཚད་ལྔ་བཅུ་ཙམ་གྱི་རྒྱུ་རྩ་གར་སོང་མེད་པའི་སྐད་ངན་འབྱོར་ཡང་དཔོན་རྒན་འདི་ཉིད་ཐུགས་ཤིན་ཏུ་དཀྱེལ་ཆེ་བས། དེར་བྱོན་བླ་ཆེན་རྣམས་གདན་འདྲེན་དང་ལམ་བར་དགོན་ཁག་རྣམས་ལ་རྒྱབ་ཆོག་སོགས་ཕྱག་ཏུ་གང་ཡོད་ཀྱིས་དགེ་སྒྲུབ་ལས་ལྷ་ལ་ཡི་ཆད་དང་། སྡུག་བསྔལ་སོགས་གཏན་ནས་མི་མཛད། ཁྲའོ་ཐང་བར་སྒར་པ་མཉམ་དུ་བྱོན། དེ་ནས་ཆོས་སྡེ་ཕོ་བྲང་དུ་ཁྱུགས་ཙམ་དང་སྡེ་དགེ་དགོན་ཆེན་དུ་བྱོན། དེར་ལྷ་འབྲང་བླ་མ་དཔལ་ལྡན་ཆོས་རྒྱལ་བཞུགས་འདུག་པ་ཕྲན་ལ་བསྟོད་པ་ཁ་ཤས་རྩོམས་གསུངས། ཁོང་ཡང་དཔལ་སྤུངས་སུ་ཕྱིན་དགོས་རྒྱུ་ཡིན་པ་ལ་ཐོག་མར་དཔལ་ཡུལ་དུ་ཕྱིན་པས་རྗེས་སོར་མ་སླེབ། ཁྱོད་ནི་ངེས་པར་དཔལ་སྤུངས་སུ་སྡོད་དང་ཤིན་ཏུ་ལེགས་པར་འོང་ཞེས་ལུང་བསྟན་འདྲ་བ་མཛད། དེ་འཕྲལ་དཔལ་སྤུངས་དགོན་དུ་ཁྱུགས་ཙམ་བྱོན་ནས་དཔོན་རྒན་ཡར་ལོག །ངེད་རང་ལ་བསླབ་སྦྱང་བྱས་པའི་དོན་གོ་དགོན་འདིར་ཕན་ཨི་ཐོགས་བསམ་པ་ཡིན་པས་ད་ཕྱིན་རིང་སྡོད་དགོས་ཚུལ་དང་། སྐྱབས་མགོན་ཕེབས་སྐབས་དགེ་སློང་སྡོམ་པ་ཞུ་གལ་ཆེ་བའི་བསླབ་བྱ་བཅས་བན་ཆས་ཆ་ཚང་གནང་། ངོས་ནས་ཞེ་ཆེན་སྡོད་སྐབས་སྡོམ་པ་ཐོབ་ཚུལ་བཤད་ཀྱང་སྨ་འབེབ་ཚིག་ངན་བཅས་སྡོམ་པ་རྒྱལ་བ་ཡབ་སྲས་ལ་ཞུ་དགོས་རྒྱུ་རེད་གསུངས། སྔ་ལོ་སྐྱབས་མགོན་སྐུ་ཞབས་རིན་པོ་ཆེ་བོད་དུ་ཕེབས་པ་འདི་ལོ་ལྷ་ལྡན་དུ་སྐུ་འཁྲུངས་པའི་དབོན་སྤྲུལ་དང་ཆབས་ཅིག་ཕྱིར་ཕེབས་རྒྱུའི་ཆིབས་བསུར་དབོན་རྒན་ཕེབས། སྐྱོ་བྲག་ནས་ཐོག་མར་ཞལ་མཇལ་སྐབས་སྔ་སོར་ངེད་ལ་སྐུ་བསྟོད་ཀུན་བཟང་འཁོར་ལོ་ཞིག་བྲིས་ཤོག་གསུངས་པ་དོན་ཉན་མ་ཐོན་ཀྱང་གསུང་མ་ལྡོག་ཙམ་བྲིས་པ་ཞིག་ཡོད་པ་དེ་གཟིགས་འབུལ་དང་ཕྲན་གྱི་ལོ་རྒྱུས་ཞུས་པས། མདང་གི་མནལ་ལམ་དུ་ཉི་མ་ཤར་བ་ཞིག་རྨིས་པས་དེ་ལ་བལྟ་འདྲ། ཁང་སར་ཚང་སྔར་ནས་གཞན་དང་མི་འདྲ་བའི་སྦྱིན་བདག་ཡིན་ཐོག་དཔོན་ཚེ་འཕེལ་ལྷག་པར་བསམ་དཀར་དད་ཞེན་ཆེ་བས་ད་རེས་འདིའང་བསྟན་པ་ལ་ཕན་ཐོགས་པ་ཞིག་འོང་གསུངས་ནས་དགྱེས་ཚོར་མཛད་ཚུལ་ཕྱིས་ཐོས། འདི་སྐབས་ཟླ་བ་བཅུ་པའི་ཚེས་གཅིག་ལ་རིན་པོ་ཆེ་སྟོན་འཁོར་དགོན་ཐོག་ཕྱག་ཕེབས། གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། དེ་གའི་ཚེས་དྲུག་ལ་བསྙེན་རྫོགས་ཞུ་མཁན་ཁ་ཤས་འདུག་པས། དབོན་རྒན་ཚང་ནས་ངེད་ལའང་ད་རེས་བསྙེན་རྫོགས་སྒྲུབ་དགོས་གསུངས་པ། སྔར་ཞེ་ཆེན་དབོན་སྤྲུལ་མདུན་ནས་ཞུས་ལུགས་དང་གསུང་ཚུལ་རྣམས་ཞུས་ཀྱང་། སྡོམ་པ་འདི་ནས་མ་ཞུས་ཐབས་མེད། སྡོམ་རོ་ཡར་འབུལ་རྒྱུ་ཁོང་གིས་གསན་པ་དེས་ཆོག་གསུངས། ཆོ་གས་འབུལ་ལེན་བྱེད་པ་ནི་མ་བྱུང་། ཕྱིས་འདིར་གྲོགས་མཆེད་ལ་གལ་པོ་ཆེ་བྱེད་པ་ཞིག་འདུག་པས་དེ་སྐབས་ཞུ་གྲོགས་བླ་སྤྲུལ་གནད་ཆེན་ཁ་ཤས་འདུག་པས། ངེད་ཀྱང་དེ་གྲལ་མ་ཆུད་ཐབས་མེད་མཛད་བྱུང་བ་ལྟར་སླར་སྟོད་འདུལ་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་ཐོབ་པའི་ཚུལ་ནི། བཀྲ་ཤིས་པའི་གཙུག་ལག་ཁང་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཚོམས་ཆེན་དུ། བྱམས་མགོན་དངོས་སྣང་དཔལ་ལྡན་བསྟན་འཛིན་ཉིན་བྱེད་ཕྲིན་ལས་རབ་རྒྱས་ཕྱོགས་ལས་རྣམ་གྲོལ་པདྨ་ཉིན་བྱེད་དབང་པོའི་སྡེས་མཁན་སློབ་སྦྲགས་མ་མཛད། གསང་སྟོན་པ་དབོན་རྒན་ཀརྨ་ཐེག་མཆོག་བསྟན་འཕེལ། དུས་གོ་བ་འཚོ་བྱེད་ཀརྨ་ཚེ་དཔལ། བརྡ་སྤྲོད་པ་དང་བྱང་འདྲེན་ཀརྨ་མཁས་བཙུན། ཁ་སྐོང་པ་རྗེ་དབོན་ཀརྨ་ཐོགས་མེད་བཅས་ལྔ་ཚོགས་ཀྱི་དབུས་སུ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་མཛད་ཅིང་། མིང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཞེས་པ་གནང་། འདི་སྐབས་སྔ་མའི་སྡོམ་རོ་དེས་རྒྱུད་བཀག་པའི་རྟོག་པས་ཐོབ་ཤེས་ཇི་བཞིན་སྐྱེ་བ་ཞིག་ནི་མ་བྱུང་། དེ་རྗེས་ཉིན་གཅིག་སྐུ་མདུན་རང་དུ་གསོལ་ཇ་དང་གསུང་འཕྲོས་གནང་། ཕ་ཀི་ལ་ལྟོས་དང་མི་ཚེ་རིང་རེད་ཅེས་རྒྱ་ཐང་ཞིག་བཀྲམ་འདུག་པ་ནན་དུ་བསྟན་པར་མཛད་པ་ནི་རྟེན་འབྲེལ་གྱིས་བྱིན་གྱིས་བརླབས་པར་སེམས། རྡོར་དྲིལ་དང་ཤམ་ཐབས་གནང་སྦྱིན་བསྩལ། དགུན་ཐོག་དེར་ཀར་ལུགས་ཀྱི་འཕྲལ་མཁོ་རྣམས་བློ་འཛིན་བྱས། དབོན་རྒན་ཚང་ནས་ངེད་ལ་ཐུགས་བརྩེ་རེ་འདུན་ཤིན་ཏུ་ཆེ་བས་གཞན་ལ་ཤོར་དོགས་ཀྱིས། སྐྱབས་རྗེ་རིན་པོ་ཆེའི་མདུན་འདི་ལ་སྡེ་དགེའི་མདུན་ནས་དྲུང་ཡིག་འདེད་པ་སོགས་ཐོག་རྒྱག་ཅི་འོང་ཚོད་མི་འདུག་པས་རང་ཚང་སྤྲུལ་སྐུ་ཞིག་གི་མིང་བཏགས་པ་གལ་ཆེ་ཚུལ་ཞུས་སྐབས། དེ་ལྟར་འོས་བབས་འདུག་པས་རྗེ་གོང་མའི་ཞལ་སློབ་ཅིག་གི་སྤྲུལ་སྐུར་མིང་བཏགས་དགོས་འདུག་ཀྱང་། ཨ་ལོ་ཀུན་མཁྱེན། ཚེ་དབང་ཀུན་ཁྱབ། རྟ་མགྲིན་མགོན་པོ་གསུམ་ནི་མཚན་བཏགས་དང་དགོན་འདིར་བདག་གཟུང་གཏན་ནས་མི་ཉན་བར་ཆད་འོང་ཞེས་དཔའ་བོ་གཙུག་ལག་དགའ་བ་དང་ཀར་འབྲུག་རྣམས་ཀྱིས་ནན་ཏན་གསུངས་ཀྱང་། ཀུན་སྤྲུལ་ཁམས་པ་ཚང་དང་རྩོད་འཐེན་སྐབས་ཁྲིམས་རར་མགྲོན་གཉེར་གྱིས་གློ་བུར་མིང་བཏགས་དགོས་བྱུང་བ་ལ་ཕྱིས་བར་ཆད་ཆེན་པོ་རེད་སོང་བས། འདི་ལ་ཅི་འོས་ཐུགས་གྲོས་མཛད་པར། རྗེ་གོང་མའི་སྐུ་ཚེའི་སྟོད་ཀྱི་ཉེ་གནས་དང་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུ་དེའི་སྐྱེ་བར་མིང་བཏགས་ན། འབྲེལ་ཆགས་པ་ཐུགས་ཐག་བཅད་ནས་དེ་ལྟར་ཡིན་ཚུལ་ནང་འཁོར་རྣམས་ལ་བཀའ་ཕེབས་པས་དེ་ཕྱིན་ཀོང་སྤྲུལ་ཟེར་བའི་མིང་འདིའང་ཐོགས་སོང་། ཤིང་རྟ་ཟླ་བ་གཉིས་པའི་ནང་འདུས་པ་བདུན་ཙམ་ལ་སྒྲུབ་ཐབས་རིན་འབྱུང་གནང་བའི་གྲལ་དུ་ཆུད་ནས་རྗེས་གནང་ཡོངས་རྫོགས་བཀའ་དྲིན་ཐོབ། དབོན་རྒན་ནས་བསླབ་གཉེར་བཟང་བ་འདི་ལ་ཚེ་རིང་བ་ཞིག་གལ་ཆེ་གསུངས་ནས་རཏྣའི་གསང་འདུས་ཀྱི་དབང་དང་། ཇོ་ལུགས་སྒྲོལ་དཀར་གྱི་རྗེས་གནང་། ཚེ་ཁྲིད་བཅས་ཞིབ་པར་བསྩལ་བས་དེ་ཕྱིན་དེ་དག་རྒྱུན་ཁྱེར་ཆག་མེད་བྱས། ཟླ་བ་གསུམ་པའི་ནང་སྐྱབས་མགོན་མཆེད་ཞལ་ལྷན་རྒྱས་ཀརྨ་དགོན་དུ་ཕེབས། དེར་ཀརྨ་ཆགས་མེད་དང་། འཛི་སྒར་མཆོག་སྤྲུལ་གཙོར་གྱུར་ཀར་དགོན་སྟོད་སྨད་ཐམས་ཅད་ཀྱི་བླ་སྤྲུལ་འདུས་པ་མང་པོ་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གནང་བ་ས་ག་ཟླ་བའི་ཚེས་བཅོ་ལྔར་མདོ་སྡེ་བསྐལ་པ་བཟང་པོའི་དབུ་ཚུགས། ཟླ་བ་བརྒྱད་པའི་མཇུག་རྒྱུད་འབུམ་མ་གཏོགས་པ་ཚང་བར་གྲུབ། དབྱར་ཐོག་དཔོན་རྒན་ཚང་ནད་ཀྱིས་ཡུན་རིང་བསྙུན་པ་དང་། ཐུགས་ལྕོགས་མིན་མང་དུ་བྱུང་བའི་སྐབས་མཚམས་རྣམས་སུ་ཆགས་མེད་མཆོག་སྤྲུལ་མདུན་ནས་རཏྣ་གླིང་པའི་ཐུགས་སྒྲུབ་ཞི་དྲག་གི་དབང་། དེ་གཉིས་དང་། རྟ་མགྲིན་གསང་འདུས་ཕུར་པ་ཡང་གསང་བླ་མེད་རྣམས་ཀྱི་གཞུང་པོད་ཀྱི་ལུང་། ཆགས་མེད་རི་ཆོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད། རཏྣའི་ཐུགས་སྒྲུབ་དང་ཕུར་པ་སོགས་ཀྱི་འདོན་ཆ། ཀིང་ཀང་དང་ཁྲོ་ཆུའི་སྐོར། གཏོ་དཔེ་ཉེར་མཁོ་པོད་གཉིས་སོགས་ཀྱི་ལུང་གནང་། འཛི་སྒར་མཆོག་སྤྲུལ་ནས་བཀའ་འདུས་རྟག་བརྟན་སྤར་མ། གསོ་རིག་རྒྱུད་བཞི་རྣམས་ཀྱི་ལུང་དང་། པད་དཀར་སྤྲུལ་པའི་སྐུས་ཇོ་ནང་ཁྲིད་བརྒྱ་སུམ་ལུང་གི་ཚུལ་དུ་བསྩལ། བར་མཚམས་ནངས་ནུབ་ཐམས་ཅད་དུ་ལྷ་ལུང་མཁས་དབང་བསྟན་འཕེལ་མདུན་ནས་རང་བྱུང་རྡོ་རྗེའི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་དང་སྙིང་པོ་བསྟན་པ། འབྲི་གུང་དགོངས་གཅིག་རྣམས་ཀྱི་ལྗགས་ཁྲིད་ཞིབ་མོ་ཞུས། བློ་གསལ་ཁ་ཤས་ལ་སྒྲ་ཙཱནྡྲ་པའི་རི་མོའང་བསླབས། ཟླ་བ་དགུ་པའི་ཚེས་འགོར་ཆགས་མེད་མཆོག་སྤྲུལ་གློ་བུར་དུ་སྐུ་གཤེགས་པའི་དགོངས་རྫོགས་པདྨ་བཛྲ་བདུན་གཅིག་ཀྱང་གནང་། དེའི་བདུན་ཚིགས་དང་པོ་ཡིན་སྙམ་ཞིག་གི་ནུབ། སྒོ་དམར་ཁང་གསེར་ཁྲིའི་མདུན་དེར་མཆོག་སྤྲུལ་སྐུ་ཉམས་རྒྱས་ཤིང་གཟི་བརྗིད་བཅས་ཕེབས་འདུག་པ་ཕྲན་གྱིས་ཐུགས་ཀར་མགོ་གཏུགས་ནས་གུས་པ་བྱས་པས། ཞལ་འཛུམ་པ་དང་བཅས་ཕྱག་གཉིས་ཕྲག་པར་བཞག་པས་དྲོད་ཚ་ལམ་ལམ་པ་བདེ་བ་ཅུང་ཟད་དང་བཅས་པས་ལུས་ཁྱབ་བྱུང་བ་རྨིས། དེ་རྗེས་ཀརྨ་ནས་སྒར་བཏེགས་ཏེ་དཔལ་སྤུངས་སུ་ཕྱག་ཕེབས། སྐྱབས་མགོན་ཉིད་བླ་བྲང་དུ་ཞག་ཤས་བཞུགས་ནས་སྒྲུབ་ཁང་དུ་ཕེབས་དབོན་རྒན་སོགས་ལ་རྒྱུད་འབུམ་ལྗགས་ལུང་གནང་། འདི་ནས་བཟུང་ཕྱིས་སྐུ་མ་གཤེགས་བར་ལོ་ཉི་ཤུ་སྐོར་ལ་སྐུ་མཚམས་རིང་བཞུགས་གནང་སོང་། འདི་ལོའི་དགུན་དང་ལོ་ཕྱི་མའི་དཔྱིད་དབྱར་སྦྲེལ་མར་འཚོ་མཛད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ་ལས་གསོ་རིག་རྩ་བཤད་དང་མན་ངག་རྒྱུད་ཀྱི་གོ་ཁྲིད་ཞུས། རྩ་རྒྱུད་དང་གཡུ་ཐོག་བླ་སྒྲུབ་རྣམས་ཀྱང་རྒྱུན་ཁྱེར་བྱས། དགུན་སྟོད་དུ་མགོན་པོའི་ཆོ་ག་བློ་འཛིན་བྱས། དགུ་གཏོར་ཚོགས་ལའང་ཕྱིན། ཤིང་ལུག་ཟླ་བ་དང་པོའི་ནང་འཇམ་དབྱངས་དཀར་པོའི་བསྙེན་པ་བྱས། རྨིས་ལྟས་སོགས་ཧ་ཅང་གསལ་བ་མ་བྱུང་ཡང་འདི་ནས་གཟུང་རྩོམ་པ་ཇེ་བཟང་དུ་འགྲོ་བ་བྱུང་། ཟླ་བ་གཉིས་པའི་ནང་དབོན་རྒན་མདུན་ནས་གསང་སྔགས་རྒྱུད་འབུམ་ལུང་དང་། རྗེ་དགུ་པའི་ཞི་ཕྲེང་དྲག་ཕྲེང་། གཡུ་ཐོག་སྙིང་ཐིག་དབང་གནང་བ་སོགས་ཞུས། འདི་སྐོར་སྤྱི་ལུགས་ལྟར་སྐྱབས་མགོན་མདུན་ཕྲན་གྱིས་ཡི་དམ་གང་དགའ་བཀའ་བརྟགས་ཞུས་པར། ལྷག་པའི་ལྷ་སྒྲོལ་མ་དཀར་མོར་བཟུང་ནས་བསྙེན་སྒྲུབ་བྱས་ན་ལེགས་ཞེས་ཕེབས་པ་ལྟར་ཇོ་ལུགས་སྒྲོལ་དཀར་བསྙེན་པ་བཏང་སྐབས་ནམ་ལངས་པ། ལོ་ལེགས་པ། སཱཙྪ་གྲངས་མེད་པས་གང་བའི་ལྷ་ཁང་ལྔ་དྲུག་ཙམ་གྱི་སྟེང་ནས་འཕུར་ཅིང་སོང་བས་ཚེ་ཚད་ཀྱི་སྒྲ་ཞིག་གྲགས་པ་རྨིས། ཚེ་ཚད་དེ་ནི་བརྗེད། ཡང་ལན་གཅིག་བསྐྱར་སྐབས། མཆོད་རྟེན་རི་ཆེན་པོ་ཙམ་གསུམ་འདུག །དང་པོ་དེ་རི་འདྲ་བར་གྱུར་ནས་ཆུ་དཀར་པོ་ཧ་ཅང་མི་ཆེ་བ་ཞིག་བབས་འདུག་པ་ལ་གྲོགས་འགའ་དང་མཉམ་དུ་མགོ་ལུས་བཀྲུ་བ་དང་འཐུང་བ་སོགས་བྱས། ཕར་བལྟས་པས་མཆོད་རྟེན་གསུམ་པ་དེའི་ཕྱེད་བཻ་ཌཱུརྻའམ་མཐིང་ལྟར་གྱུར་པའི་ཕ་མཐའ་ནམ་མཁའ་ལྟར་སོང་བས་མིག་གིས་མི་བཟོད་པ་རྨིས། ཡང་ལན་གཅིག་ཤག་ཆུང་ཞིག་གི་སྦུག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་བཞུགས་ཁུལ་ལ། ཁྱམས་སུ་ཁྲིའུའི་ཁར་རྗེ་ཉིད་ཀྱི་གསང་ཡུམ་ཡིན་རྒྱུའི་བུད་མེད་གཟི་བརྗིད་ཅན་གཅིག་བྱམས་བཞུགས་མཛད་འདུག་པ་ལ་ཤིན་ཏུ་གུས་པས་རྐང་པ་ལ་མགོས་གཏུགས་ཏེ། མ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་པ་སོགས་མང་དུ་སྨྲས་པ་རྨིས། ཡང་རེས་གཅིག་རང་གནས་སུ་ཉིན་མོའི་སྣང་བ་ཇི་བཞིན་སྡོད་འདུག་པ་ལ། དབོན་རྒན་ཚང་ནས་ཁྱོད་ལ་སྤྲོད་རྒྱུ་བསྐུར་བ་ཡིན་ཟེར། མི་ཞིག་གིས་རྟེན་སྒམ་ཞིག་སྤྲད་བྱུང་བ་ཁ་ཕྱེས་པས་རིང་བསྲེལ་དུ་མས་གང་བའི་རྟེན་གཙོ་ལྟ་བུར་དར་དམར་གྱིས་ཐུམ་བྱས་པའི་ཐོད་པ་གསུམ་འདུག་པ། གཅིག་རྒྱ་གར་པཎ་ཆེན་ཨ་བྷ་ཡཱཀ་རའི་དབུ་ཐོད་ཡིན་ཟེར། གཅིག་དེའང་པཎ་གྲུབ་ཆེན་པོ་ཞིག་རེད་ཟེར་ཡང་ཕྱིར་ནངས་གསལ་བར་མ་དྲན། གཅིག་དེ་སོག་དབོན་རིག་རལ་གྱི་དབུ་ཐོད་རེད་ཟེར་བ་ནང་དུ་བལྟས་པས་རྗེ་བཙུན་མའི་སྐུ་རང་བྱོན་ལ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་ངར་ཅུང་མི་གསལ་བ་ཞིག་འདུག་པ་རང་གི་ཡིན་སྙམ་ཚགས་བྱས་པ་ཞིག་རྨིས། དབྱར་སྟོན་རྣམས་སུ་རང་ལ་འབུལ་བྱའི་དངོས་པོས་དབེན་ཀྱང་སྐྱབས་མགོན་རྗེས་བཀས་བསྐུལ་ཅིང་དབོན་རྒན་མཆོག་སྤྲུལ་རིན་པོ་ཆེས་བརྩེ་གཟིགས་ཆེན་པོས་དབོན་སྤྲུལ་གསར་ཕེབས་དང་ཕྲན་གཉིས་ལ། ཕག་མོ་དང་བདེ་མཆོག་ལྷ་ལྔ། རྒྱལ་རྒྱམ་ལྷ་དགུ། ཀུན་རིག །མི་འཁྲུགས་པ། ཚེ་དཔག་ལྷ་དགུ། པྒྴིའི་བླ་སྒྲུབ་སོགས་ཀྱི་དབང་། ཀར་ལུགས་དཀྱིལ་འཁོར་ཆེ་ཕྲ། ཆོས་སྤྱོད། མགོན་པོ་སོགས་སྤར་མ་གང་ཡོད་ཀྱི་ལུང་། ཟུར་གཅོད་ཀྱི་དབང་ཁྲིད་རྣམས་གནང་། རང་ལ་སྒེར་དུ་དེ་དག་གི་བསྙེན་ཁྲིད། ཕྱག་ཆེན་རྒྱས་འབྲིང་བསྡུས་གསུམ། ཆོས་དྲུག་རྣམས་ཀྱི་ཁྲིད་ལུང་ཞིབ་པར་བཀའ་དྲིན་དུ་བསྩལ། ཟླ་བ་དགུ་པ་ལྷ་བབས་དུས་ཆེན་ལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཞིག་བྱས་པའི་དངོས་གཞིའི་ནུབ། ཀུན་དགའ་ར་བ་ཆེ་ལེགས་ཀྱི་ནང་སྟོན་པ་ཐུབ་པའི་དབང་པོ་གསེར་མདོག་འོད་དུ་འབར་ཅིང་དབུ་སྐྲ་ཐོན་མཐིང་ཤིན་ཏུ་སྔོ་བ། སྐུ་སྨད་ཀུན་དགའ་ར་བའི་ཕག་ནས་ཧ་ཅང་མི་མངོན་པ་ཐོག་ཚད་གཉིས་ཙམ་པ་ཞིག་ལ་བདག་སོགས་མི་མང་པོས་མཇལ་ཞིང་དད་ཕྱག་གིས་བཏུད་པ་རྨིས། དེ་རྗེས་ནུབ་ཅིག་ཁང་ཆེན་མཐའ་ཡས་པ་ཞིག་གི་གཡོན་སྐོར་དུ་ཕྱིན་པས་གསེར་ཟངས་མཆོད་རྟེན་ཤིན་ཏུ་ཆེ་བ་ཞིག་འདུག་པའི་བང་རིམ་སྟེང་ནས་གཡས་སྐོར་དུ་མཇལ་བས་བུམ་སྒོར་གསང་བའི་བདག་པོའི་སྐུ་རས་ཆུང་པས་དབུ་རྒྱན་བྱས་པ་ཞིག་སྣང་། དེའི་གཡོན་ངོས་སུ་འཁོར་དུས་མཆོད་རྟེན་དེ་ས་ལས་གྲུབ་པ་ལྟ་བུར་སོང་བའི་བུམ་ལྟོར་བུག་པ་ཞིག་འདུག་པ་ལ་ལག་པ་བཅུག་པ་ཡེ་ཤེས་གསང་བ་སོགས་ཤོག་སེར་ཤོག་དྲིལ་མང་པོ་དོན། དེ་ནས་རི་ངོས་ཤིག་ཏུ་ཕྱིན་པས་སྦྲ་ནག་ལྟ་བུ་ཆེ་ཆུང་མང་པོ་འདུག་པ་ལ། འདི་རྨི་ལམ་ཡིན་པས་བྱད་ངོ་རེད་སྨྲས། ང་རང་ཞེ་གཏིང་ནས་ཡོན་དགེ་གཏེར་སྨྱོན་ཡིན་པར་དྲན་འདུག་པས་དེ་རྣམས་ཀྱི་སྟེང་དུ་འཁྲབ་ཅིང་མཆོངས་པས་གྲོ་ལོད་དངོས་སུ་གྱུར་པ་འདྲ་ཞིག་འདུག །ཕུར་པ་གདེངས་ནས་གར་བྱས་པས་ནག་གུར་དེ་རྣམས་སར་ནུབ་སོང་། དེ་ནས་བཅའ་འཕྲང་ཞིག་ཏུ་ཕྱིན་པས་གནོད་བྱེད་ཅིག་གིས་གྲི་མཚོན་ཚད་འདུག་པས་དང་པོ་ཅུང་སྐྲག་སྣང་སྐྱེས། དེ་མ་ཐག་མི་འགྱུར་རྡོ་རྗེ་ཡིན་པའི་ང་རྒྱལ་སྐྱེས་ནས་གནོད་བྱེད་དེའི་མཚོན་ཆ་འཕྲོག་ནས་བཅག །ཁོ་རང་ལམ་འོག་ཏུ་བསྒྲིལ། རྡོ་མང་ཞིག་འཕངས་པས་རོ་ཕྱེད་ཙམ་ལས་མི་མཐོང་བ་སོང་། ཡང་ཕྱིན་པས་དབུ་ཆེ་ལྟེམས་ལྟ་བུར་སླེབས་ནས་རང་གི་གནས་ཁང་མཐོང་བ་དང་གཉིད་སད། ཕྱིར་ནངས་དམ་ལྡན་རྡོ་རྗེའི་སློབ་མ་ཧོར་ཀརྨ་ཉི་འོད་ཀྱིས་གྲོ་ལོད་པུསྟི་ཞིག་བྱིན་བྱུང་བ་དང་། རིང་མིན་དབོན་རྒན་མདུན་ནས་དབང་ལུང་ཆ་ཚང་ཐོབ་པས་རྟེན་འབྲེལ་ལེགས་ཤིང་སྐལ་པ་བཟང་སྙམ་བགྱིད། ཟླ་བ་བཅུ་པའི་ནང་ནས་སྒྲུབ་ཁང་ཆེན་མོར་ཕྱིན། ཕྱག་ཆེན་སྔོན་འགྲོ་འབུམ་བཞི་བསགས། ཁམས་དྭངས་ཤིང་རྨིས་ལྟས་ལེགས་པ་མང་དུ་བྱུང་། བླ་མའི་རྣལ་འབྱོར་གསོག་སྐབས་སྔ་དྲོ་ཞིག་ཅུང་ཟད་འཐིབས་པ་ལ་སྔར་མཐོང་མ་མྱོང་བའི་ཡུལ་ཡིད་དུ་འོང་བ་མེ་ཏོག་གིས་གང་ཞིང་། ཕལ་ཆེར་དམར་སེར་གུར་གུམ་གྱི་མདངས། ལོ་མ་ལྗང་གུ་དཔེས་མཚོན་དུ་མེད་པ་ཞིག་མཐོང་འོང་བདོ་ལ་སད། མེ་སྤྲེལ་ཟླ་བ་གསུམ་པའི་ནང་བདེ་མཆོག་ལྷ་ལྔའི་བསྙེན་པ་བཏང་། ས་ག་ཟླ་བར་སྒྲུབ་མཆོད་མཛད་སོང་བའི་ནུབ་ཅིག་དཔལ་འབྱོར་སྒང་གི་གཟིམས་ཆུང་རེད་ཟེར་བའི་ཁང་པ་སྤུས་ལེགས་ཤིག་ཏུ་ཕྱིན་པར་དབོན་སྤྲུལ་ཕྱག་དཔེ་ཡིན་རྒྱུའི་ཤོག་སེར་གོས་ཅན་དྲིལ་ཚས་ཅན་ག་པུར་ལྟ་བུའི་དྲི་ཞིམ་བྲོ་བ་འགའ་ཞིག་ཁ་ཕྱེས་པའི་ཁྲོད་ཚེམ་ཁ་ཤས་ཁུར། དེར་རྨི་ལམ་ཡིན་པ་དྲན་ཏེ་རྒྱབ་ཏུ་ཕྱིན་ནས་བལྟས་པས་ར་བ་ལྟ་བུའི་ནང་དུ་ལཱུ་ནག་དྲིལ་གསུམ་གཙོས་པའི་རྒྱ་གར་གྲུབ་ཆེན་རྣམས་ཡིན་ཟེར། དབྱིབས་བྱིས་པ་ལ་ཆེ་ཆུང་དང་ཆ་བྱད་སྣ་ཚོགས་པ་བཞུགས་འདུག །རེ་ཞིག་ནས་ཡལ་སོང་བས་ངོ་བོ་སྐྱོང་ནས་བསྡད་པར་རྨིས། སྤྲེལ་ཟླའི་ཚེས་བཅུར་གཏུགས་ནས་སྤྱི་འདུས་བསྙེན་པ་བདུན་གཅིག་དང་ཚོགས་བརྒྱ། གསོལ་འདེབས་གསར་བྲི་སོགས་བགྱིས་པའི་དང་པོ་ནུབ། གུ་རུའི་གསེར་སྐུ་མཐོ་གང་ཙམ་པ་ཞིག་ཐོགས་ནས་འགའ་ཞིག་ལ་བྱིན་རླབས་བྱས་པ་མི་གཞོན་གསུམ་བཞི་ཙམ་མ་དད། བུད་མེད་འགའ་ཞིག་ནས་དད་ཚུལ་བྱེད་པ་རྨིས། ཡང་རི་ཆེན་པོ་ཞིག་གི་རྩེར་ཕྱིན་པས་རྨི་ལམ་ཡིན་པར་ཤེས་ཏེ་རྔ་ཡབ་གླིང་དུ་འགྲོ་སྙམ་འཕུར་ནས་ཕྱིན་པས་རི་མང་པོས་ལྕགས་རི་ལྟར་བསྐོར་བའི་རྒྱབ་ཕྱོགས་ནས་ཕྱེད་ཙམ་མངོན་པའི་རི་སྨུག་པོ་མཆོང་ལྟ་བུ་ཞིག་གི་རྐེད་པ་ཅུང་མངོན། རྩེ་མོ་སྨུག་པས་བཏུམ་འདུག །གསོལ་བ་བཏབ་བཞིན་འགྲོ་སྙམ་ཙ་ན། ཚུར་ནང་དེ་ནས་ཆུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་བབས་འདུག་པ་ད་ཅིའི་རྨི་ལམ་བཟུང་བ་དེ་བརྗེད་ནས་སྐྲག་སྔངས་སྐྱེས་པ་དང་སད། བར་སྐབས་དེར་བཀའ་བརྒྱུད་པ་ཡིན་ཁུལ་གྱིས་རྙིང་ཕྱོགས་ལ་མོས་པ་ཅུང་ཟད་ལྷོད་ཤོར་བས་དེའི་ལས་སྒྲིབ་ཡིན་པར་ངེས་པས་ཕྱིས་སུ་འགྱོད་བཤགས་ཙམ་ནི་བྱས། དབྱར་སྟོན་རྣམས་སུ་ཕྱག་ཆེན་དང་ཆོས་དྲུག་ཅུང་ཟད་རེ་སྦྱང་། རྡོ་རྗེ་འཆང་པདྨའི་ཞལ་སྔ་ནས་སྒྲུབ་མཆོད་ཞར་བྱུང་ཡོན་དགེའི་པདྨ་བཛྲ་དང་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་དབང་བཀའ་དྲིན་བསྩལ། དབོན་རྒན་ནས་མ་འོངས་པར་སྒྲུབ་མཆོད་ཚུགས་དགོས་པས་དེའི་ཆེད་ཡིན་གསུངས་མི་ཏྲ་བརྒྱ་རྩའི་ནང་གི་དགྱེས་རྡོར་ལྷ་དགུ་མཚོ་སྐྱེས་ལུགས་ཀྱི་དབང་གསན་སོང་བའང་ཐོབ། སྔར་ཞེ་ཆེན་རབ་འབྱམས་ནས་གནང་བའི་སྨིན་གླིང་ནང་རྟེན་གཏེར་ཆེན་འདྲ་སྐུ་ཕྱག་ནས་མ་དང་། སྨན་ཚེ་ཡུག་གཅིག་ཡོད་པ་ཕུལ་ནས་རྒྱལ་རྒྱམ་ལྷ་དགུའི་དབང་ཞུས་པའང་ཆེད་དུ་བཀའ་དྲིན་བསྩལ། ཟླ་སྤྲུལ་ནས་ཞུས་ངོར་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་དང་གསང་མཚན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཞེས་པ་གནང་། འདོན་ཆ་རྣམས་ལྗགས་ལུང་ཐོབ། དེའི་རྗེས་འབྲེལ་དུ་ཀཾ་བླ་མ་ཚེ་དབང་པདྨ་ནོར་བུ་བཀྲ་ཤིས་མདུན་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཁྲིད་ཞིབ་པར་གནང་སོང་བས་སྔོན་འགྲོ་རྣམས་ཁྱུགས་ཙམ་དང་བསྙེན་སྒྲུབ་སོགས་ལའང་འབྲེལ་འཇོག་ཙམ་བྱས། འདི་སྐོར་ནུབ་ཅིག་འཆི་སོང་བའི་རྣམ་རྟོག་དང་འབྲེལ་བར་བདེ་བ་ཅན་དུ་འགྲོ་དགོས་སྙམ་འཕུར་ཏེ་ཕྱིན་པས་ལྷ་ཁང་ཆེན་པོ་ཞིག་ཏུ་འདགས་དང་ཤིང་བརྐོས་ལྟ་བུའི་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་འགའ་ཞིག་འདུག་པའི་པདྨ་ཞིག་གི་ནང་ཡིབ་པར་བརྩམ་པ་དང་། དེ་རྗེས་ཤིག་རྨི་ལམ་ཟིན་ནས་ནུབ་ཕྱོགས་སུ་འཕུར་བས་རི་རྩེ་ཁད་མཉམ་ཞིག་ཏུ་ཕྱིན། བདེ་ཅན་ཞིང་རྒྱང་མཇལ་བྱས་པས་བྱང་ཆུབ་ཤིང་ལམ་ཙམ་གསལ་བ་ལ་མུན་པས་སྒྲིབ། གསོལ་བ་འདེབས་ཤིང་དེ་ནང་ཕྱིན་པས་འོད་དཔག་མེད་པའི་བཞུགས་ཁྲི་ཡིན་རྩིས་རྡོ་བ་དཀར་པོ་ལ་མུ་ནི། ཏཱ་རེ། མ་ཎི། ཝཱཀྱེ་སོགས་རྒྱ་ཡིག་གི་རྣམ་པ་མགོ་གྱེན་བསྟན་མཐུར་བསྟན་མང་པོས་གང་བ་ཞིག་འདུག་པ་ལ་གསོལ་བ་བཏབ། སྤྱན་རས་གཟིགས་མཇལ་དགོས་སྙམ་ཕྱིན་པས་ཁང་བཟང་ཞིག་ཏུ་འགྲོ་འདུལ་ཞལ་གཅིག་ཕྱག་བཞི་པ་ཞིག་འདུག་པ་བླ་མ་ཞིག་ཏུ་གནས་འགྱུར་སོང་། དེར་ཀརྨ་པ་རེད་ཟེར་བ་ལ་བྱིན་རླབས་ཞུས་པས་རང་ཡུལ་དུ་ལོག་དགོས་གསུངས་པ་ལྟར་སླར་ཕྱིན་པའི་ལམ་དུ་བརྡ་དོན་འགའ་རེ་མཐོང་བ་རྨིས། རྩ་གསུམ་དྲིལ་སྒྲུབ་སྐབས་ཡིན་སྙམ་ནུབ་ཅིག་དྭགས་ཀོང་ཉང་གསུམ་གང་ཡིན་ཞིག་གི་ས་ཆ་ནི་རེད། དམིགས་བསལ་ངོ་མ་འཚལ། རྒྱབ་རི་ཤུགས་ནག་ཁ་ནུབ་ཏུ་གྱུས་པ་ལ་གཤམ་དེར་དར་རྒྱངས་མང་པོ་ཡོད་པ། རི་གདོང་གི་འཁྱིལ་ཞིག་ཏུ་ཁང་པ་ཞིག་འདུག །དུད་ཕྱུག་དབུལ་སྙོམས་པ་ཞིག་ལ་རང་བཅས་སྤུན་གཉིས། སྲིང་མོ་ཞིག་དང་གསུམ་ཡོད་པ་ཤིན་ཏུ་གསལ་ཞིང་། རྗེས་ནས་ཀྱང་མངོན་སུམ་ལྟ་བུ་དྲན་པ་ཞིག་བྱུང་བ་ནི་སྔར་སྐྱེས་པའམ་སྐྱེ་འགྱུར་གྱི་བག་ཆགས་གང་ཡིན་མ་ངེས། དེ་འགགས་ནས་སྨིན་གླིང་ཡིན་ཟེར་བའི་ཆོས་གྲྭ་ལེགས་པོ་ཞིག་ཏུ་ཕྱིན་འདུག །ཡར་བལྟས་པས་ལྷ་ཁང་གསེར་འཕྲུ་ཅན་ཞིག་འདུག །དེར་གཏེར་བདག་གླིང་པའི་གདུང་འབུམ་བཞུགས་ཟེར་ཕྱིན་པས་མཆོད་རྟེན་ཆེ་ལེགས་ཤིག་ཕྱོགས་མཚམས་བརྒྱད་དུ་སྲད་བུ་སྦོམ་པོས་སྦྲེལ་བའི་འོག་ནས་བསྐོར་བ་ཞིག་བྱས། དེར་སྔོན་གྱི་གནས་ཚུལ་ཕྲན་བུ་དྲན་པ་ཞིག་རྨིས། ཡང་གངས་རི་ཤིན་ཏུ་མཐོན་པོ་ཞིག་གི་རྩེར་འཕུར་ཏེ་ཕྱིན་ནས་མཐུར་དུ་བལྟས་པས་ཤར་ཕྱོགས་ནས་ཉི་མ་དང་པོ་འཆར་བའི་འོད་མདངས་ཀྱིས་ཤིན་ཏུ་མཛེས་པ་དང་། ལན་གཅིག་རྒྱལ་སྲས་ཞི་བ་ལྷ་གསལ་བར་མཇལ་བ་དང་། ལན་གཅིག་བཾ་སྟེང་སྤྲུལ་སྐུ་རེད་ཟེར་བའི་བླ་མ་ཟིལ་ཅན་མཛོད་ཐག་དངུལ་མདོག་མའི་གཟན་མནན་པ་ཞིག་གིས་ཁྱོད་ག་གེ་མོ་ཞིག་གི་སྐྱེ་སྤྲུལ་ཡིན་གསུངས་ཀྱང་ཕྱིར་ནངས་མཚན་དེ་བརྗེད། ཡང་ལན་གཅིག་འོག་མིན་ཀརྨའི་མཚན་བརྒྱད་ཁང་དེར་ཁྲི་མཐོན་པོ་ཞིག་གི་སྟེང་རྗེ་པདྨ་ཉིན་བྱེད་ཡིན་ཁུལ་ལ། དེ་མ་ཐག་ཞྭ་དམར་ཡེ་ཤེས་སྙིང་པོ་ཡིན་ཟེར་བའི་བླ་མ་ཞལ་ངོ་འབར་འབུར་མང་ཞིང་ཤངས་ཆེ་བ། སྐུ་ཆས་སྨུག་ཙ་རེ་བ། དགུང་ཚོད་ལྔ་བཅུ་ནང་འགྲོ་བ་ཞིག་གིས་བྱིན་རླབས་དང་གསུང་གསང་འགའ་རེ་བསྩལ་བ་རྨིས། འདི་སྐོར་ནས་སྒབ་འདྲེས་གནོད་པའི་ལྟས་དང་། ལྷ་མོ་ཉེ་བའི་རྟགས། གཏེར་གྱི་ལྟས་སོགས་ཀྱང་འགའ་ཞིག་བྱུང་། འདི་སྐབས་བླ་མ་ནོར་བུའི་མདུན་ནས་ཀློང་གསལ། གནམ་ཆོས། རོལ་རྡོར་ཆོས་སྐོར་འགའ་ཞིག་གི་དབང་ལུང་དང་། ཉེར་མཁོའི་ལུང་མང་དུ་མཛད་སོང་ཞིང་། སྒྲུབ་སྤྱི་ལ་སེམས་ཁྲིད་ཀྱང་གནང་། ཐམས་ཅད་ནས་རེ་རེ་བཞིན་རྟོགས་འབུལ་བྱེད་འདུག་པ་རང་ལ་རྟོགས་པ་ཕུལ་རྒྱུ་མི་འདུག་ཀྱང་གནས་ཚུལ་མདོར་བསྡུས་ཞུས་པར་སེམས་ངོ་སྐྱོང་ལུགས་ལེགས་པར་ཤེས་འདུག་གསུངས། ནུབ་ཅིག་ཁ་ནུབ་ཏུ་གཏད་ནས་ཕྱིན་པས་བལ་ཡུལ་ཡིན་ཟེར་བའི་གྲོང་ཁྱེར་ཆེན་པོ་ཞིག་གི་རྒྱ་སྲང་ནས་ལྷ་ཁང་ཆེན་པོ་པོ་ཏི་གསེར་གདོང་ཅན་དུ་མ་བརྩིགས་པར་སླེབས། དེ་ནང་པོ་ཏི་གཅིག་གདོང་ཡིག་བལྟས་པས་གསང་འདུས་རྒྱུད་སྔར་མ་གྲགས་པ་ཞིག་གི་མཚན་ཐོ་འདུག །དེ་ནས་ཕྱིན་པས་དཔྱིད་སོས་ལྟ་བུའི་ས་ཕྱོགས་ཉམས་དགའ་ཞིང་། ཁ་བ་ལྟ་བུའི་མེ་ཏོག་ཆར་ཐར་ཐོར་འབབས་པ་ཞིག་ཏུ་ན་ལེནྡྲ་ཡིན་ཟེར་བའི་གཙུག་ལག་ཁང་ཆེན་པོ་ཞིག་གི་གཡོན་ཟུར་དུ་ཁང་པ་དཀར་པོ་ཐོག་ལྔ་བརྩེགས་ཙམ་བཀོད་མཛེས་ཤིག་འདུག །སྔར་པཎ་ཆེན་ཞིག་བཞུགས་སྐད་ཀྱང་མིང་བརྗེད། ཕྱིས་ནས་ལྔ་པ་རིན་པོ་ཆེའང་བཞུགས་ཟེར་བ་རྨིས། ཆགས་མེད་རིན་པོ་ཆེའི་རྣམ་ཐར་བཀའ་འབུམ་སོགས་ཁ་ཤས་མཇལ་བས་དད་པ་ཐུན་མིན་སྐྱེས་པའི་ནུབ་ཅིག་གནས་མདོ་ཡིན་རྒྱུའི་གཙུག་ལག་ཁང་ཅུང་ཟད་རྙིང་པ་གོས་ཆེན་སེར་པོའི་ཀ་འཕེན་ཚལ་ཚལ་ཡོད་པར་ཁྲི་གོང་མ་ལ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དང་ཅིག་ཤོས་ལ་ཀརྨ་ཆགས་མེད་བཞུགས་ཡོད་སྙམ་བྱེད་ཅིང་། རང་ཡང་ཆགས་མེད་ཞལ་སློབ་ཅིག་ཡིན་པར་དྲན། ལོ་འདིར་རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་བཞུགས་སྒར་ཁམས་ཕྱོགས་སུ་བཏེགས་ནས་ཀརྨ་དགོན་དུ་ཞབས་བཀོད། སྒྲ་གསན་བཞེས་མཛད་ཆེད་ཕྲན་མངགས་བཏང་དགོས་པའི་གསུང་བྲིས་སྐྱབས་རྗེའི་མདུན་དུ་འབྱོར་བས་མ་སོང་ཐབས་མེད་ཀྱི་བཀའ་བསྩལ་ནས་སྒྲུབ་པ་གྲོལ། འགྲོ་ཁར་བཀའ་བསླབ་གནང་ཞོར་ལེའུ་བདུན་མའི་ལྗགས་ལུང་ཞིག་ཞུས་པར། འདི་ལྟར་མིག་གི་ཡུལ་དུ་སོགས་ནན་གསུང་མཛད་ནས། འདི་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་སེམས་ཁྲིད་བརྒྱ་སྟོང་གི་དོན་རྩ་འདུས་པས་སྔར་རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱལ་དབང་བདུད་འདུལ་རྡོ་རྗེ་ལ་འདི་གས་ངོ་སྤྲོད་ཕུལ་ནས་བསྟན་པ་གཏད། རྗེ་བཅུ་གསུམ་པས་ཁོང་ལའང་ངོ་སྤྲོད་འདི་ག་བསྩལ་ནས་བསྟན་པ་གཏད་པ་ཡིན་པའི་གསུང་འཕྲོས་ཕེབས་པའང་དགོས་པ་ཅན་དུ་མངོན། དེ་ནས་གྲོགས་གཉིས་དང་བཅས་ལྷོ་ཁོག་ཏུ་ཕྱིན། གཏེར་སྟོན་སྒར་དུ་རྒྱལ་དབང་རིན་པོ་ཆེའི་ཞལ་རས་ཐོག་མར་མཇལ། དེར་རྫོགས་ཆེན་རྣལ་འབྱོར་ཀརྨ་རྣམ་རྒྱལ་ལ་ཆོས་འབྲེལ་ཞུས། ཉམས་གོང་འཕེལ་མཐར་ཕྱིན་པ་ཅན་དུ་སྣང་། སྔར་རང་ཉིད་ཞེ་ཆེན་ཡོད་སྐབས་ནས་ཐོད་རྒལ་ཡུག་རེ་སྦྱངས་ཀྱང་འཆར་སྒོ་མཐོ་དམན་སྣ་ཚོགས་བྱུང་། སྐྱབས་ཆེ་སྒར་དུ་བཞུགས་སྐབས་ཆོས་ཉིད་མངོན་སུམ་བརྟན་པོ་ཞིག་བྱུང་། དེ་ནས་ཀར་དགོན་རྣམས་ཀྱིས་གདན་འདྲེན་རིམ་ཞུ་དང་ཁྱད་པར་ཟུང་མང་དགོན་ཁག་གསུམ་ནས་བདེ་མཆོག་ཚོགས་གར་ཆེན་མོ་གཟིགས་འབུལ་ཞུས་སོང་བ་ལེགས་པར་མཇལ། ཀརྨ་དགོན་དུ་ཕེབས་ལམ་དམ་ཅན་འགག་གི་བྲག་ཡར་ཟུར་དུ་རྗེ་དུས་གསུམ་མཁྱེན་པའི་སྐུ་ཞལ་རས་དཀར་ཞིག་ཞྭ་ནག་ཅོད་པན་བཅས་རྒྱང་རིང་པོ་ནས་ཤིན་ཏུ་གསལ་བར་མཇལ་བ་རང་བྱོན་ཡིན་འདྲ་སྙམ་ཡང་དྲུང་དུ་སླེབས་ཙ་ན་མི་འདུག །གདན་སར་ཕེབས་ནས་ངོས་ཀྱང་མཚན་བརྒྱད་ཁང་དེར་སྡོད་གནས་བྱས། མེ་བྱ་ཟླ་བ་དང་པོ་ནས་ཀ་ལཱ་པའི་གོ་ཁྲིད་དང་ས་རིས་ཕུལ། རྩ་བ་ལ་མཆན་བུ་དགོས་གསུངས་པའང་བྲིས། ཟླ་བ་བཞི་པར་ཟླ་ནང་ཡབ་གཞིས་སུ་ཕེབས་སྐབས་དབྱངས་ཅན་སྒྲ་གཞུང་དང་། སྡེབ་སྦྱོར་རིན་འབྱུང་ཡང་ཕུལ་ནས་སུམ་བིད་འགའ་ཞིག་ཀྱང་གནང་སོང་། ཟླ་བ་ལྔ་པར་སྒ་སྟོད་ཕྱོགས་སུ་གདུལ་བྱར་ཕེབས་ལམ་ནང་ཆེན་སྒར་ནས་ཚེས་བཅུའི་འཆམ་གཟིགས་མཛད། སྐུ་རིམ་དང་ཞྭ་མཇལ་སོགས་གྲུབ་ནས་སྐྱོ་བྲག་བརྒྱུད་རོང་པོ་འབྱོར་སྣར་ཕེབས་སྐབས་སྒར་གྱི་མགྲོན་གཉེར་ལ་དགོངས་ཚོམ་ཕོག་པས་དེ་ཕྱིན་ངེད་ནས་དབུ་ཞྭའི་བཤད་པ་གཙོས་མགྲོན་གཉེར་གྱི་ཁུར་ལེན་དགོས་པ་བྱུང་། སྒ་སྟོད་ཇོ་བོ་རིའང་བསྐོར་ནས་ཕེབས་ལམ་དབང་། དབུ་ཞྭ་ཞུ་བ་དང་མཇལ་མཁན་ཟད་པ་མེད་པའི་རེ་སྐོང་གནང་། ཁྲ་བན་སོགས་དགོན་ཁག་རྣམས་དང་། བུ་ཆེན་སོགས་སྦྱིན་བདག་ཆེ་ཕྲའི་བཞེད་སྐོང་གྲུབ་ནས་གླའོ་དགོན་དུ་ཕེབས་ལམ་བུད་མེད་ཅིག་གིས་བུ་ཆུང་ཤི་བའི་རོ་ཁུར་ནས་ཐུགས་གཏད་ཞུས། སྨྲེ་སྔགས་མང་དུ་འདོན་འདུག་པ་ལ་སྙིང་རྗེ་བ་ཞིག་བྱུང་ནས་འཕོ་དམིགས་ནན་དུ་བྱས་ནུབ་སྐྱེ་བ་གསུམ་བཞི་ཞིག་བྱུང་བ་ལ་གཏད་པ་ཅི་ཡོད་ཀྱང་ཉམས་མཚར་དུ་བྲིས། ཟུར་མང་བདུད་རྩི་ཐིལ་ནས་དྲུང་སྤྲུལ་ཁྲི་འདོན་གནང་། རང་ནས་གཏེར་སྤྲུལ་པདྨ་བསྟན་འཕེལ་ལས་རོལ་རྡོར་དབང་ལུང་ཁ་ཤས་ཞུས། རིམ་གྱིས་ཀརྨ་དགོན་དུ་ཕེབས། ས་ཁྱིའི་ལོ་གསར་སོགས་མཛད་ནས་རིན་ཆེན་རིལ་ནག་ཆེན་མོའི་བསྡུ་སྦྱོར་གྱི་བཅའ་གཞི་བསྒྲིགས། དཔལ་སྤུངས་ནས་སྨན་མགྲོན་ཀརྨ་ཚེ་དཔལ་འབྱོར་བསྟུན། ལྕགས་བརྒྱད་ཁམས་བརྒྱད་ཀྱི་ཐལ་སྨན་རྣམས་བཟོས། དངུལ་ཆུ་བཙོ་བཀྲུ་ཆེན་མོ་མཛད་པ་ཤིན་ཏུ་ལམ་ལེགས་གྱུར། སྨན་བླ་ལོངས་སྐུའི་ཚོགས་མཆོད་དང་སྨན་ཛཔ྄་ཀྱི་རྒྱུན་བཙུགས་ནས་རིན་ཆེན་རིལ་ནག་ཆེན་མོ་བསྡུ་སྦྱོར་མཛད། ཟླ་བ་བཞི་པར་དཔལ་སྤུངས་སུ་ཆིབས་བསྐྱོད་གནང་རྩིས་ཀྱང་རྗེ་དབོན་ཆེན་མོ་བསྙུན་པས་རེ་ཞིག་འགོར། ཕྲན་ལ་དབྱངས་ཅན་རྒྱ་འགྲེལ་ལ་མཆན་བུ་དགོས་ཕེབས་པ་ལྟར་ཞུས། ཟླ་བ་ལྔ་པར་སྒར་བཏེགས་ནས་དཔལ་སྤུངས་ཀྱི་གདན་སར་ཕེབས། ཡབ་སྲས་ཞལ་རྒྱས་ཤིང་ཕན་ཚུན་བརྟན་བཞུགས་བཀའ་དབང་གསན་རེས་མཛད། ཚེས་བཅུའི་འཆམ་གཟིགས་དང་སྐུ་འཆམ་ལའང་ཕེབས། ཕྲན་ནས་བརྡ་སྤྲོད་ཀྱི་མཚན་གསོལ་དང་འབྲེལ་བའི་ཞབས་བརྟན། སྐུ་གསུང་ཐུགས་རྟེན་བཅས་ཕུལ། ཚུར་ལའང་དྲིན་བཟོའི་གནང་སྦྱིན་མཛད་བྱུང་། ཟླ་བ་བདུན་པའི་ནང་རྫ་རྒྱུད་དུ་སྒར་བཏེགས་པའི་ཕེབས་སྐྱེལ་ལ་ངེད་རང་ཞེ་ཆེན་བར་ཕྱིན། རི་ཁྲོད་དུ་འཇམ་མགོན་དབོན་སྤྲུལ་རིན་པོ་ཆེ་མཇལ་དགྱེས་ཚོར་ཆེན་པོ་མཛད། གཏང་རག་གསོལ་བརྒྱ་འཚོགས། གར་ཚེའི་དབང་ཞུས། ཕྲན་ལའང་བདེ་མཆོག་ལྷ་ལྔའི་དབང་དགོས་གསུངས་པ་ལྟར་ཕུལ། ཞར་བྱུང་བླ་རྒན་འགྱུར་མེད་བསྟན་འཛིན་མཇལ་བར་ཕྱིན་པས། ཁོང་གིས་ད་ནངས་ནམ་ལངས་སྐབས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཕྱག་རྒྱབ་མ་རྣམས་ཅུང་ཟད་ཉམས་པ་ཞིག་མཇལ་བྱུང་བ་དེ་རིང་ཁྱོད་དང་འཕྲད་པའི་ལྟས་སུ་འདུག །ཁྱོད་ལ་ཚེའི་བར་ཆད་ཅིག་ཡོད་པ་འདྲ་གསུངས། བླ་མ་འདི་རིག་པ་ཚད་ཕེབས་མཐར་ཕྱིན་པའི་སྣང་བ་ལ་དུས་རྒྱུན་སྤྱོད་པ་ཞིག་བཞུགས། དེ་ནས་རང་ཡུལ་དུ་མ་རྒན་ལ་འཕྲད་པར་ཕྱིན། དཔལ་ཆེན་མའི་གཡང་སྐྱབས་བྱས་པའི་ནུབ་ཅིག་རང་ཡུལ་རྒྱ་ཆེ་བའི་ཤར་དང་ལྷོའི་ཕྱོགས་ངོས་སུ་མེ་ཏོག་སེར་པོ་ཁང་རྩག་ཙམ་སླེབ་པའི་ཚལ་ཆེན་རྒྱས་པ་རྨིས། འདི་རང་ནས་གཡང་སྐྱབས་འདོན་པའི་ཐོག་མ་ཡིན་པས་དེ་ཕྱིན་བཅའ་སྒྲུབ་ཤིན་ཏུ་མང་པོ་རེད་སོང་བས་ཅུང་ཟད་ཕན་ཐོགས་པར་བལྟ་སྙམ། ཡང་ནུབ་ཅིག་ཁང་བཟང་ཞིག་ཏུ་ཡོད་པ་ལ། མདུན་དེར་སྲིད་པའི་རྒྱལ་མོ་ཡེ་ཤེས་དཔལ་མོ་ཕེབས་ཡོད་ཟེར། བལྟས་པས་སྐུ་སྟོད་ནམ་མཁའི་དབྱིངས་སུ་སོང་བ་ལ་སྐུ་སྨད་ཕྱོགས་ཀུན་ཏུ་རྨ་བྱའི་སྒྲོ་ཐུལ་གྱིས་ཁྲ་ཤིག་ཤིག་བྱེད་པ་རྨིས་པ། སྔ་རྗེས་འདི་རྣམས་མཆོད་བསྟོད་གང་ཡང་མ་ཐོན་ཀྱང་ཁྱུང་པོའི་བརྒྱུད་ལྷ་ཡིན་པའི་རྟགས་ཡིན་འདྲ། ཐར་བདེའི་རྟོགས་ལྡན་བླ་མས་འབོད་མི་བཏང་བ་ལྟར་ཕྱིན། ཞི་ཁྲོའི་དབང་ཞིག་གསན་སོང་། སྐྱབས་རྗེའི་བཀའ་ལྟར་དྲན་ཐང་དང་ཚེ་བྷྲཱུྃ་གཉིས་སུ་ཁྱུགས་ཙམ་བྱིན། འདི་སྐོར་ཡོད་པའི་ནུབ་ཅིག །ཕུགས་ལོགས་སུ་ཁང་བཟང་ཞིག་གི་ནང་དོ་ར་ཡངས་པ་ཞིག་འདུག་པར་ཁང་པ་ནས་ཨ་ཕྱི་མཆེད་ལྔ་རིམ་གྱིས་དོན་ཏེ་གར་འཆམ་འཁྲབ་པའི་ཆོས་དང་ཡེ་ཤེས་དམ་ཚིག་ལྷ་མོ་གསུམ་མོ་བཙུན་བཟང་མོའི་ཆས། དབང་གི་ལྷ་མོ་སུ་དང་ཡང་མི་འདྲ་བའི་ཆས། ཤ་ཟ་མཁའ་འགྲོ་རྒན་མོ་མི་སྡུག་པའི་གཟུགས་ཅན་བཅས་རྐང་ཐང་འཁྲབ་ནས་རིམ་གྱིས་ཁང་པ་གཞན་ཞིག་ཏུ་བསྡུས་སོང་། ཤ་ཟ་ཌཱ་ཀི་འཇིགས་ཟིལ་ཆེན་པོ་བཅས་རྗེས་ནས་འཁྲབས་པས་རང་ཡང་ཡིད་ཚོམས་ཏེ་མཐོ་ས་ཞིག་ནས་དྲག་པོའི་ཏིང་འཛིན་བྱས་པ་རྨིས། སྔོན་སྒ་སྟོད་ཡོད་སྐོར་ཞིག་ཏུའང་། ཨ་ཕྱི་མཆེད་ལྔ་སོ་སོའི་ཞོན་པ་དང་གར་འཆམ་དང་ཆ་ལུགས་ཡ་མཚན་ཅན་རྨིས། འཆམ་སྣ་ལྔ་ལའང་མིང་རེ་རེ་སྣང་། འདི་སྐབས་རང་ནས་སྐོང་གསོ་བཏང་བ་ནི་མེད་ཀྱང་གདན་ས་དེ་དག་ཏུ་འཁོར་བའི་ལྟས་ཡིན་ནམ་སྙམ། སླར་འཁོར་ནས་དགུན་ཀ་དགོན་ཐོག་ཏུ་དགེ་སྦྱོར་འཕེལ་བས་རྨི་ལམ་ཡང་འབད་མེད་དུ་ཟིན་ཅིང་། ལྟས་ལེགས་པ་མང་དུ་བྱུང་། ས་ཕག་ཆོ་འཕྲུལ་ཟླ་བར་དགེ་སྦྱོར་གང་དྲག་བྱས། རྒྱལ་དབང་ཞབས་ཕྱིར་བགྲོད་སྐབས་གསེར་སྲང་གང་རྙེད་པ་སོགས་རྗེ་པདྨའི་སྤྱན་སྔར་ཕུལ་ཏེ་བྱང་ཆུབ་སེམས་བསྐྱེད་ཞུས་པས་བྱང་སྡོམ་རྒྱས་པར་གནང་། མིང་བྱང་ཆུབ་སེམས་དཔའ་བློ་གྲོས་མཐའ་ཡས་ཞེས་པ་བསྩལ། འདི་སྐབས་ནུབ་ཅིག་རང་ཉིད་འཆི་ནས་ཕུང་པོ་མེར་བསྲེགས་སོང་བ་ཡུད་ཀྱིས་འཚིག་སྟེ་རུས་པ་ཐུམ་བུ་བྱས་པའི་ནང་དུ་རང་བྱོན་འགའ་ཞིག་དང་ཕྱི་རོལ་ཤ་རཱི་རཾ་གཉིས་དོན་པ་སོགས་རྨིས། ཡེ་འབར་རྩ་རྒྱུད་རྒྱུན་འདོན་བྱས་པར་རྒྱུད་ནས་གསུངས་པའི་རྨི་ལམ་དེ་རིགས་བྱུང་། ཆགས་མེད་ཕྱག་བཞི་པའི་སྤར་གཞི་ཞུ་དག་བྱས་སྐབས་མགོན་པོའི་བླ་རྟགས་ཁྱད་པར་ཅན་རྨིས་པ་བྱིན་རླབས་ཡོད་པའི་ལྟས་སུ་ངེས། ས་ག་ཟླ་བར་སྨྱུང་གནས་དཀར་པོ་ཆ་བརྒྱད་སྡོད་པར་རྩོམ་པའི་ནུབ་ཅིག་སྒྲིབ་པ་རྣམ་སེལ་ཡིན་ཟེར་བའི་དགེ་སློང་གཟི་བརྗིད་ཅན། སྨ་ར་ཅུང་ཟད་ཡོད་པ་སྤྱན་རྩ་ཤ་མདངས་དམར་བ་ཞིག་མཇལ་བ། ཞལ་ནས་ཅིའང་མ་གསུངས་ཀྱང་། ཕྱག་གཉིས་ཀྱིས་ས་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཁྲི་གདན་གྱི་རི་མོར་སྦྲེལ་མར་སོང་བ་ཞིག་བྲིས་སོང་བ་རྨིས། འདི་སྐབས་ཤིག་ཏུ་ཁང་པ་ཞིག་གི་ནང་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་བཞུགས་འདུག་པ་མཇལ་བ་རྒྱུད་གསུམ་ཙམ་གྱི་རྒྱ་དཔེ་གཏད་ནས་རྗེས་སུ་གནང་བ་སོགས་ཟ་ཟི་མང་དུ་བྱུང་། དབོན་རྒན་མདུན་ནས་འཇའ་ཚོན་ཆོས་སྐོར་ཚང་མའི་དབང་ལུང་ཞུས་སྐབས་རྨི་ལམ་བཟང་པོ་མང་། ཁྱད་པར་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་གནང་ནུབ་ཉི་ཟླ་གཉིས་དུས་གཅིག་ལ་ཤར་བྱུང་བའི་ཟེར་ལ་ལྟ་སྟངས་གཏད་པས་ཐོད་རྒལ་གྱི་སྣང་བ་རྒྱ་ཆེར་འཆར་བ་རྨིས། འདི་ཕན་ཕྱག་ཆེན་སྔོན་འགྲོ། བདེ་ཕག །མགོན་གསོལ། ཆབ་གཏོར་ཙམ་ལས་འདོན་བྱ་མང་པོ་མེད་པ་འདི་ནས་བརྩམ། འཇའ་ཚོན་པོད་དྲུག་དལ་དུས་ལས་བྱང་ཚང་མ་བྲེལ་དུས་ཞི་དྲག་སེང་གསུམ་དང་རྒྱུན་ཁྱེར་ཆགས་མེད་ཀྱི་བསྒྲིགས་མའི་དབུ་ཚུགས། ཕྱིས་ནས་དབང་ལུང་དང་བསྙེན་སྒྲུབ་ཇེ་མང་སོང་བའི་སྐབས་འདོན་བྱའང་གསར་རྙིང་གཉིས་ཀ་རིམ་མང་དུ་སོང་བས་དེང་སང་བགྲང་བྱ་མཐོ་བའི་སྐབས་སུ་ཕལ་ཆེར་མོས་པ་ཡིད་བྱེད་ཙམ་ལས་མི་ལྕོགས་པར་སྣང་། འདི་སྐབས་རྣམས་སུ་བསྐྱེད་བཟླས་གསལ་སྣང་བརྟན་པོར་བྱུང་བའི་རྐྱེན་གྱིས་རྨི་ལམ་དུ་འང་། རང་ཉིད་གྲོ་ལོད་སྟག་ལ་ཞོན་པར་གྱུར་ནས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། གུ་རུ་དྲག་པོར་གྱུར་ནས་སྡིག་པས་རྒྱལ་གདོན་འབྱངས་པ་དང་། སེང་གེ་སྒྲ་སྒྲོག་ཏུ་བྱས་ནས་གཡོན་པའི་སྡིགས་མཛུབ་རྩེ་ལས་མེ་འབར་བས་གདོན་ཕྲན་འདེད་པ་དང་། རྟ་མགྲིན་ནག་པོར་གྱུར་ནས་ཀླུ་གདོན་བཏུལ་བ་དང་། མཚོ་ཆེན་པོ་ཞིག་གི་སྟོད་ཀྱི་ཐང་དུ་མར་པ་ལོ་ཙཱ་སོགས་གྲུབ་ཐོབ་གསུམ་བཞུགས་འདུག་པ་ལ་བྱིན་རླབས་ཞུས་ནས་སྨད་དེར་གདོན་མ་རུངས་པ་ཞིག་འདུག་པ་ལ་གུ་རུ་དྲག་པོའི་ཏིང་ངེ་འཛིན་གྱིས་ཕྱག་གཡས་རྡོ་རྗེའི་རྩེ་ལས་མེ་འབར་བས་གནོད་བྱེད་རྒྱང་རིང་དུ་བསྐྲད་པ་དང་། གཞན་ཡང་དགེ་བའི་རྨི་ལྟས་མང་པོ་བརྒྱུད་མར་བྱུང་། ལར་འདི་སྐོར་ནས་དབང་ལུང་གསར་ཐོབ་དང་འདོན་བྱ་ཆེ་ཆུང་གང་བྱས་ཀྱང་དེའི་ལྟས་མཚན་རེ་རྒྱུན་དུ་འོང་བ་ཞིག་ཡོད། ལོ་འདིའི་དབྱར་སོས་སྐོར་སྨན་མགྲོན་ཚེ་དཔལ་དང་། འཚོ་བྱེད་ཀརྨ་ཚེ་དབང་རབ་བརྟན་གཉིས་ཀ་ལས་གསོ་རིག་ཕྱི་རྒྱུད་ཞིབ་ཁྲིད་དང་། སྡུད་ཀ་དང་སྨན་གཏང་ལུགས་སོགས་ཉམས་ཁྲིད། སྔོ་ལྡུམ་ཕལ་མོ་ཆེའི་ངོ་སྤྲད་སོགས་བསླབ། འདི་ལོ་ནས་བརྩམ་ལོ་གསུམ་ཙམ་གྱི་ཁོངས་སུ་སྐྱབས་རྗེ་རིན་པོ་ཆེའི་བཀའ་ལྟར་དབོན་རྒན་སྤྲུལ་པའི་སྐུ། འགུ་ལོག་ཀརྨ་ཆོས་དབང་། འཚོ་བྱེད་རབ་བརྟན། མགྲོན་བཀྲ་ཆོས། དགོན་པའི་གྲྭ་རིགས་ཁ་ཤས་སོགས་ལ་ཀུན་མཁྱེན་དྷརྨཱ་ཀ་རའི་སྒྲ་ཊཱིཀ་སྟེང་ནས་ཙཱནྡྲ་པ་ཡོངས་རྫོགས། ས་བཟང་སྒྲ་ཊཱིཀ་ལས་ཀ་ལཱ་པ་ཚང་བ། སྡེབ་སྦྱོར་རིན་འབྱུང་བཅས་དང་། དབོན་འཆི་མེད་སྤྲུལ་སྐུ་སོགས་ལ་ཉེར་བུམ་གྱི་རྩིས་རིག །འགའ་ཞིག་ལ་སུམ་རྟགས་དང་སྙན་དངགས། མང་པོ་ལ་ཡིག་བྲིས་སོགས་བསླབ་སྦྱང་རྒྱུན་མི་ཆད་དུ་བྱས་ཀྱང་གྲུབ་དོན་ནི་ཆེར་མ་བྱུང་། དབོན་རྒན་ཚང་གོ་བའི་རླབས་ཆེ་ཞིང་གསུང་རྩོམ་སོགས་རྣམ་དཔྱོད་བཟང་ཡང་དེ་རྗེས་ཞལ་བཞུགས་མ་ཐུབ། ཧོར་ཀརྨ་ཉི་འོད། ཉག་རོང་ཤེར་རྒྱན་གཉིས་ལ་ཟབ་མོ་ནང་དོན་དང་། གཞུང་ཆུང་གཉིས་བསླབ་པའི་ཐོག་མ་ཡིན་ཅིང་། དེ་ནས་བརྩམ་ཕྱིས་ཀྱི་བར་འདི་དག་ནི་རྒྱུན་མི་ཆད་པར་བསླབ་པ་ལས་ལི་ཐང་སྤང་ཕུག་བླ་མ་ཀརྨ་ངེས་དོན་དེ་གོ་ཆོད་ངེས་པ་ཅན་དུ་བྱུང་། འདི་སྐོར་ནུབ་ཅིག་རང་འཆི་འདུག་པས། ད་ནི་བདེ་བ་ཅན་དུ་འགྲོ་དགོས་སྙམ་ཕྱིན་པས་ལྷ་ཁང་ཞིག་ཏུ་སླེབ། དེར་འོད་དཔག་མེད་ཤིན་ཏུ་གསལ། འཁོར་གཞན་ཡོད་སྙམ་བྱེད་པའི་མདུན་དེར་པདྨ་ཞིག་གི་ཕག་ཏུ་ཡིབས་པས་དབོན་རྒན་ཉིད་གློ་བུར་དུ་བྱོན་ནས། ད་རུང་ཁྱོད་འདིར་འཚང་མ་རན། སྐྱེ་བ་འདིའི་འོག་བླ་མ་གསུམ། དེ་རྗེས་ངོམ་དུ་རད་གླིང་གིས་ལུང་བསྟན་པའི་རྡོ་རྗེའི་མིང་ཅན་དུ་གྱུར་ནས་གཏེར་སྒོ་འབྱེད་དགོས་གསུངས། བླ་མ་རྣམས་ཀྱི་མིང་བརྗེད། ཡང་གཏེར་སྟོན་རོལ་པའི་རྡོ་རྗེ་སྐུ་ཧ་ཅང་མི་གསལ་ཙམ་ཞིག་གིས། ཁྱོད་འཇའ་ཚོན་སྙིང་པོའི་བསྟན་པ་རྒྱ་ཆེར་སྤེལ་བར་ལུང་བསྟན་པའི་ཆོས་བདག་ཨའི་མིང་ཅན་དེ་ཡིན་གསུངས་པ་དང་། བུད་མེད་ལྗང་གུ་འོད་འབར་བ་ན་བཟའ་ཡང་ལྗང་གུ་ཅན་ཞིག་གིས་བརྡ་སྟོན་པ་དང་། སྔ་རྗེས་གཏེར་སྒོ་དང་གཏེར་རྟགས་མཐོང་བ། གཏེར་རྙེད་པ་སོགས་གྲངས་མང་དུ་བྱུང་། ཟླ་བ་དགུ་པའི་ཚེས་བརྒྱད་ནུབ་དངོས་སུ་འཆི་བ་འདྲ་ཞིག་བྱུང་། དེར་ཡིད་ཤིན་ཏུ་སྐྱོ་སྟེ། དུས་བདེ་དུས་འདོན་སྒོམ་བྱས་ཁུལ་རྣམས་རྡོ་རུས་མ་འཕྲོད་པས་ད་རེས་ཤི་བ་ལ་བསླེབས། བར་དོ་དང་པོར་མ་གྲོལ་ཀྱང་གཉིས་པ་ལའང་གྲོལ་མ་ཐུབ། ད་ནི་སྲིད་པ་བར་དོའི་སྣང་བ་ཡིན་པས་ཡེངས་མི་ཉན་སྙམ། ས་ལ་རྐང་རྗེས་བཏབ་པས་ཀྱང་དོད་རྒྱུ་མི་འདུག་པས་བར་དོར་ཐག་ཆོད་མཚམས་རྔ་ཡབ་གླིང་ཡིན་ཟེར་བ་ཞིག་ཏུ་སླེབ་འདུག །དེར་ཡང་ཡེངས་མི་ཉན་སྙམ་པདྨ་ཉིན་བྱེད་ལ་གསོལ་བ་རྩེ་གཅིག་བཏབ་པས་སྐུའི་རྣམ་པ་གསལ་ཙམ་ནས་ཡལ་བ་ལན་གསུམ་མཐར། ཞལ་འཛུམ་པ་དང་བཅས་གདན་ལ་སྐྱིལ་ཀྲུང་གིས་བཞུགས་འདུག་པའི་ཐུགས་ཀར་རིག་པ་གཏད་དེ་ལན་གཉིས་འཕོས་ཀྱང་ལུས་སེམས་ཡལ་རྒྱུ་མི་འདུག །བསྐྱེད་རིམ་མ་བྱས་པས་ཡིན་སྙམ་གནམ་ཆོས་འཕོ་བའི་དམིགས་པ་དེ་བྱས་ནས་ཐུགས་ཀར་སྤར་བས་འཕོ་ཐུབ་མིན་མ་ངེས་པ་ཞིག་ལ་ཕྱག་སྤྱི་བོར་བཞག་ནས་དེས་ཆོག་ཐལ་གསུངས་རྗེ་ཉིད་ཡལ་སོང་། དེར་ལོ་བཅོ་ལྔ་སྐོར་འགྲོ་བའི་མི་ཤ་རྩ་སྔོ་བ་ཞིག་བྱུང་བ་ལ་ངོ་ཤེས་ལྟ་བུའི་ལག་པ་ལ་འཇུས། ཁྱོད་ཅི་ཡིན་བྱས་པས། ཁོའང་ཨོ་རྒྱན་ཆེན་པོའི་བཀའ་བཞིན་མ་འགྲུབ་པས་འདིར་ཕྱིན། ད་རུང་སྐྱེ་བ་གཅིག་སོག་ཟམ་ཁར་ལེན་དགོས། རང་རེ་གཉིས་ལོ་དྲུག་བདུན་རེ་ལོན་རྒྱབ་མཉམ་དུ་འཕྲད་འོང་། དེ་བར་ཕལ་པའི་ཚུལ་གྱིས་བླ་སྤྲུལ་གྱི་མིང་མི་ཐོགས་པ་ཞིག །ཕན་ཚུན་འཕྲད་མ་ཐག་སྐྱེ་བ་དྲན་ཅིང་འགྲོ་དོན་ནུས་པའི་སྨོན་ལམ་འདེབས་པ་ཡིན་ཟེར་བ་ལ་རང་ནས་ཀྱང་མཐུན་འགྱུར་བྱས། དེར་མཚོ་རྒྱལ་ཡིན་རྒྱུའི་བུད་མེད་ཅིག་གིས་ཁྱོད་རང་ད་ལྟ་ནས་ལྷོ་ཁོག་ཏུ་སྐྱེ་བ་ལེན་དགོས་རྒྱུ་ཨོ་རྒྱན་ཆེན་པོས་བཀས་བཅད་ཟིན་ཚུལ་སོགས་བཤད་བྱུང་བས་སེམས་ཤིན་ཏུ་ཕམ་སྟེ། དེ་སྔ་བསླབས་སྦྱངས་བྱས་པ་དང་ལོ་ཉི་ཤུ་ནང་ཡོད་པ་སོགས་དྲན། དེར་ད་ཅིའི་གྲོགས་པོ་དེ་སྐྱེལ་མཁན་ཡིན་ཟེར་བ་འགའ་བྱུང་བས་མཉམ་དུ་འགྲོ་བ་ལེགས་སྙམ། ཅུང་ཟད་སྒུགས་དང་བདག་གིས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་བ་ཞིག་ཡོད། དེ་མཚམས་འགྲུལ་ནས་འགྲོ་བྱས་ཕྱིན་པས་པདྨ་འོད་ཡིན་རྒྱུའི་ཕོ་བྲང་ཞིག་ཏུ་སླེབས། སྦུག་ཏུ་སྔགས་པའི་ཆས་ཅན་ཟིལ་ཅན་གཅིག་བཞུགས། བུད་མེད་དེའང་དེར་འདུག །དེར་ཕྱག་གསུམ་འཚལ་ནས་ཡིད་ཤིན་ཏུ་ཡུས་པའི་ཚུལ་གྱིས། དང་པོར་རོང་རྒྱབ་ཏུ་སྐྱེས་པ་ནས་བརྩམ། ད་ལྟའི་བར་བྱས་ལུགས་དེང་སང་ལོ་ཚོད་དར་ལ་བབས། གཞན་ཕན་ཅུང་ཟད་ཨི་འོང་སྙམ་དུས་ཚེའི་བར་ཆད་བཏང་བ་མ་གཏོགས། དེ་བར་ཐུགས་རྗེས་གཟིགས་པའི་ལུང་བསྟན་མ་མཛད་ཚུལ་སོགས་པུས་མོ་བཙུགས་ཏེ་ཞུས་མཚམས་དེ་འགགས་ནས། བུད་མེད་ཆས་ཅན་བཟང་མོ་ཅན་གཅིག་གིས། ཁྱོད་རང་སྐྱེ་བ་ལོངས་དང་ད་རེས་སྐྱེ་བ་འདིས་ནི་དོན་ཆེན་འགྲུབ། ལོ་བདུན་བརྒྱད་ལ་ལུང་བསྟན་འོང་། བཅུ་གསུམ་ལ་ཁ་བྱང་བབས། ཉི་ཤུ་ནས་གཏེར་ཐོན། རིམ་གྱིས་གཏེར་ཁ་ཉེར་ལྔ་འདོན་ཚུལ་སོགས་ལུང་བསྟན་འདྲ་བ་མང་ཞིག་བཤད་མཚམས་ཚུར་འོང་བའི་རྟོག་པ་ཤར་བ་དང་སད་འདུག་པ་ཐོ་རངས་རེད་སྣང་། དེར་ཁ་ཏོན་བྱས་ཀྱང་འཆི་ཡོད་པ་ཡིན་སྙམ་པའི་རྟོག་པ་རྒྱུན་ཆགས་སུ་བྱུང་། ཉིན་མོའང་ཅུང་ཟད་ཡེངས་ན་བར་དོ་ཡིན་སྙམ་པའི་རྟོག་པ་ཁོ་ན་བྱུང་། ལོ་མཇུག་དགུ་གཏོར་འཚོགས་ལ་ཕྱིན་སྐབས་རེས་ཤིག་བན་གཞོན་ཧོར་ཆས་ཅན་རྒྱབ་ཏུ་མདའ་གཞུ་ཁུར་བ་ཞིག་བྱུང་ནས་ཡལ་སོང་བ་དང་། ཚེ་རིང་མ་བཏོན་སྐབས་གཞི་མདུན་དེར་བུད་མེད་གཡུ་རྒྱན་ཁོ་ནས་རྒྱབ་གང་བ་ཞིག་ཁ་ཕར་གྱུས་ནས་སྡོད་པ་མཐོང་བ་ནི་སྲུང་མའི་ལྟས་ཡིན་ནམ་སྙམ། ལྕགས་བྱི་གསར་ཚེས་ཆོ་འཕྲུལ་ཟླ་བར་དགེ་སྦྱོར་ལ་བརྩོན་འགྲུས་བྱས་པར་རྨིས་ལྟས་བཟང་པོ་དང་རྟགས་ཡོད་མང་དུ་བྱུང་། དབོན་རྒན་ཚང་ཅུང་ཟད་བསྙུན་པར་ཞབས་བརྟན་ཚེ་སྒྲུབ་སྐབས། ཤར་ཕྱོགས་སུ་ཟླ་བ་འཛིན་འདུག་པ་ཕྱེད་ཙམ་གྲོལ་སོང་བའི་འོད་ཟེར་ཤིན་ཏུ་གསལ་བ་འདུག །ཕྱེད་ཀ་གྲོལ་བའི་འོད་སུས་ཀྱང་མི་མཚོན་པ་འདི་ལྟ་བུ་ལ་ཐམས་ཅད་གྲོལ་ན་ཅི་འདྲ་བྱས་པར། བུད་མེད་འགས་ཐམས་ཅད་གྲོལ་ན་རིག་རྒྱུ་ཡོད་པ་འདི་རེད་དེ་ད་ནི་གྲོལ་ཐུབ་དཀའ་ཟེར་བ་ཞིག་རྨིས་པ་ཕྱིས་ཡུན་རིང་མི་བཞུགས་པ་ལ་བལྟས། ཡང་ལན་གཅིག་མགོ་བོར་གསེར་ལས་བྱས་པའི་རིགས་ལྔ་ཤིན་ཏུ་མཛེས་པ་ཞིག་གྱོན། ལག་ཏུའང་གསེར་གྱི་རྡོ་རྗེ་འདྲ་ཞིག་ཐོགས། སྒྲོམ་སྐས་གཟར་པོ་ཞིག་ལ་གར་སྟབས་རྣམ་འགྱུར་མང་པོ་བཅས་བབ་པས་གཤམ་དེར་ཀཾ་ནོར་བུ་སྔར་ལས་སྐུ་མདངས་སོགས་ལེགས་ཙམ་མཛད་ནས། སེམས་ཀྱི་ངོ་བོ་མཐོང་ཡང་དེ་ཙམ་གྱིས་འཁྲུལ་པ་མི་ལྡོག་པས། འགྲོ་དུས་དྲན་ཤེས་བསྟེན། འདུག་དུས་དྲན་ཤེས་བསྟེན། ཟ་འཐུང་སོགས་སྤྱོད་ལམ་རྣམ་བཞི་ལ་དྲན་པ་ཡང་ཡང་གསལ་འདེབས་བྱས་ན་གཉིད་དང་འཆི་བ་གཉིས་ལའང་སླེབས་འོང་བ་ཡིན་སོགས་གསུངས་པ་རྨིས། བླ་རྒན་ནོར་བུ་ཞི་བར་གཤེགས་པའི་ནངས་གཉིས་ཀྱི་ཐོ་རངས་སུ། ལྷ་ཁང་ཞིག་གི་ནང་མེ་ཏོག་དམར་ལྗང་སྤེལ་བའི་གདན་ཞིག་བཏིང་། མདུན་ཅོག་ཁར་རྡོ་རྗེ་སེར་པོ་ཁྲུ་གང་ཙམ་གོས་ཆེན་དམར་པོས་དྲིལ་བའི་ཡིག་པོད་ཅིག་བཞག་འདུག །དབོན་རྒན་ཕེབས་བྱུང་བ་ལ་འདི་སུའི་རེད་ཞུས་པ། གྲུབ་ཐོབ་ཀླུའི་བྱང་ཆུབ་རེད་གསུངས། དད་པ་མགོས་གཏུགས་ཏེ་བྱིན་རླབས་ཞུས་པ་རྨིས། སྐུ་གདུང་བསྲེག་རྒྱུའི་ཐོ་རངས་སུ། སྐུ་གདུང་གི་དབུ་ལ་རིགས་ལྔ་དཀར་པོ་དང་སྐུ་ལ་རུས་རྒྱན་དཀར་པོ་གསོལ་ནས་དྲེའུ་དཀར་པོའི་སྟེང་དུ་སྐྱིལ་ཀྲུང་བཞུགས། བུད་མེད་སྟོད་གཡོགས་སྨད་ཤམ་གོས་ཆེན་དཀར་པོ་ལས་བྱས་པ་མང་པོས་རྒྱ་གླིང་གི་བསུས་ནས་ཡར་དྲང་སོང་བ་རྨིས། ཡང་ནུབ་ཅིག །གཅན་གཟན་མི་ཟན་ཞིག་གིས་དེད་བྱུང་བར་རྒྱལ་དབང་ཀརྨ་པ་བཞུགས་པའི་ལྷ་ཁང་ཞིག་ཏུ་བྲོས་པས་དེར་ཡང་སླེབས་བྱུང་བ། ཧ་ཅང་སྐྲག་ནས་གསེང་ཞིག་ཏུ་གབ་པར། རྒྱལ་དབང་རིན་པོ་ཆེའི་ཞལ་ནས། ཁྱོད་རིག་པའི་གནས་ལྔ་ལ་མཁས་གྲུབ་ཀྱི་དབང་ཕྱུག་ཏུ་རེ་བ་ལ་འདི་ག་ཙམ་ལ་སྐྲག་པས་ཅི་ཡོང་། ངོས་སྔར་གདན་ས་མཐིལ་དུ་ཡོད་སྐབས་ཆོ་འཕྲུལ་འདི་ལན་གཅིག་བྱུང་བར་སྐུ་ཞབས་རིན་པོ་ཆེ་ཉིད་དུ་བསྒོམས་པས་ཞི་སོང་གསུངས། དེར་ཐུགས་ཤིན་ཏུ་མད་སྙམ་པ་དང་རང་སྔོན་དུ་ཕྱིན་འདུག་པས་པདྨ་ཉིན་བྱེད་དུ་བསྒོམས་ཤིང་གསོལ་བ་འདེབས་པའི་འཕྲོར་སད། ནག་ཟླའི་ཉེར་དགུར་དབོན་རྒན་རིན་པོ་ཆེའི་མདུན་ནས་ཁྲོ་ཆུ་དུག་གདོང་གི་སྲོག་དབང་གནང་། གཤིན་རྗེ་བཏོན་ན་མཐུ་ཁ་ཕོག །འགྲོ་དོན་ཕྲིན་ལས་འགྲིབ་འགྲོ་ཟེར་བའི་མནལ་ལྟས་བྱུང་གསུང་། དེ་སྐོར་མིག་ནད་ཅིག་བྱུང་བ་དེ་དྭངས་སོང་། འདི་སྐབས་ཤིག་ཏུ། དཔལ་ལྡན་རྨོག་ལྕོག་པའི་རྣམ་འཕྲུལ་སྦས་པའི་རྣལ་འབྱོར་ཀརྨ་ནོར་བུ་ཐོག་མར་མཇལ། ནི་གུ་ཆོས་དྲུག་ཁྲིད་གནང་བར་ཞུས་པས་མདོར་བསྡུས་ཤིག་གནང་ནས། ཉམས་ལེན་གལ་ཆེ། བཤད་པ་དང་ཁྲིད་ཡིག་མང་པོས་དགོས་པ་མེད། ཉམས་ལེན་བྱས་ན་རིམ་གྱིས་རྒྱས་པར་བྱེད་ཆོག་གསུངས། དེ་རྗེས་ལན་གཅིག་མཇལ་བར་སྔར་ལས་ཅུང་རྒྱས་པ་ཞིག་གནང་། ས་ག་ཟླ་བར་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་བདུན་སྒྲུབ་བྱས་པར་ཚེ་ཀེག་ཡོད་པའི་འཚུབ་སློང་དང་། གྲུབ་ཐོབ་འགའ་ཞིག་མཇལ་བ་སོགས་བྱིན་རླབས་ཀྱི་ལྟས་མཚན་ཆེ་ཞིང་། དངོས་གྲུབ་ལེན་ཆོག་ནུབ། གྲུབ་ཆེན་ལཱུ་ཧི་པ་ཡིན་ཟེར་བའི་ཨཱ་ཙ་ར་སྐྲའི་ལྭ་བ་ཅན་གཅིག་གིས་མཆོད་རྟེན་བཤིགས་གསོ་སོགས་བརྟུལ་ཞུགས་ཆོ་རོལ་གྱི་སྤྱོད་པ་མང་པོའི་མཐར། ཁོང་གིས་སྤྱན་དྲངས་པའི་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ཡིན་གསུངས་པོ་ཏི་སྒྲིལ་ཚས་ཅན་ཞིག་གི་བྱིན་རླབས་ཐོབ་པར་རྨིས། འདི་སྐབས་དྲན་ཐང་དགོན་པའི་ཆོས་ཁྲིམས་ཤིག་བྱུང་བ་དང་བགྲོས་ནས་དྲན་ཐང་དུ་ཚེ་སྒྲུབ་ཉིན་འཚོགས་གཅིག་གཞག་རྒྱུ་བྱས་པ། རྗེ་པདྨའི་ཞབས་ཀྱང་ཐུགས་དགྱེས་པས་ཉིན་འཚོགས་གཅིག་དང་དཀྱིལ་ཐང་། ཙཀ་གདུགས་སོགས་གནང་། དཔོན་རྒན་ཚེ་འཕེལ་ནས་ཉིན་འཚོགས་གཅིག་དང་བརྒྱ་མཆོད་སོགས་བཞག །དེ་རྗེས་རྟེན་གཞག་མཁན་འགའ་རེ་བྱུང་བས་དེང་སང་ཉིན་འཚོགས་བདུན་ཙམ་ལོ་བསྟར་ཆག་མེད་རེད་འདུག །ཡང་ནུབ་ཅིག་བྲག་ཕུག་བསམ་ལས་འདས་པ་སྤྱོད་ཡུལ་ལྷ་ཁང་ལྟར་བཅོས་པ་གཉིས་ཀྱི་ནང་དུ་བཻ་རོ་ཙ་ནའི་སྐྱེ་བ་རྡོ་རྗེའི་མིང་ཅན་གཅིག་གི་སྐྱེ་བ་ལྔ་དྲུག་ཙམ་བརྒྱུད་པ་ཡིན་སྙམ་པའི་བླ་མ་ཞིག་ལན་རེ་རང་དང་དབྱེར་མེད་ཡིན་པ་ལྟ་བུ། ལན་རེ་ལོགས་སུ་ཡོད་པ་ལྟ་བུ་བྱུང་། ལོ་འདིར་དཔའ་བོ་བརྒྱད་པ་གཙུག་ལག་ཆོས་རྒྱལ་དགོན་དུ་ཞབས་བཀོད་པའི་མདུན་ནས་ཕྱག་ཆེན་རྒྱ་གཞུང་པོད་གཉིས་ཀྱི་ལུང་། སྨིན་གླིང་། ཆོས་གླིང་། ར་སྟོན། འཛི་སྒར་དགོངས་གཏེར་རྣམས་སྣེ་རེ་ཟུང་སོགས་དབང་ལུང་ཐོར་བུ་མང་དུ་ནོས། རེ་རེ་བཞིན་རྨིས་ལྟས་རེའང་བྱུང་། ཁྱད་པར་ཕྱག་ཆེན་རྒྱ་གཞུང་སྐབས་དཔའ་བོ་རིན་པོ་ཆེ་ཉིད་ཁྲི་མཐོན་པོ་ཞིག་ཏུ་བཞུགས་པའི་མདུན་དུ་ཚེ་རིལ་དང་ཤིང་ཏོག་སོགས་བསྲེས་པ་མང་དུ་བཞག་འདུག་པ་རྗེ་ཉིད་ཀྱི་སྙིམ་པས་གཅུས་ཏེ། རང་སོགས་བླ་མ་གསུམ་ལ་གནང་། རང་ལ་ལྷག་པར་མང་དུ་གནང་ཞིང་དར་དཀར་ཞིག་ཀྱང་བསྩལ་བ་རྨིས། ཞབས་ཕྱིར་བཞུགས་པའི་ཆོས་བདག་བསྟན་པ་དར་རྒྱས་ཀྱི་དབོན་བརྒྱུད་བླ་མ་ངག་དབང་བློ་གྲོས་ལས་འཇའ་ཚོན་ཆོས་སྐོར་དང་རྣམ་ཐར་སོགས་གང་ཡོད་ཀྱི་ལུང་ཚར་གཅིག་ཞུས། ཟླ་བ་དྲུག་པའི་ཚེས་ནང་ནུབ་ཅིག །ཁང་བཟང་བཀོད་ལེགས་རིམ་པ་མང་པོ་ཡོད་པ་ཞིག་གི་ནང་གནས་བརྟན་བཅུ་དྲུག་བཞུགས་འདུག་པ་ལ་གུང་ཚིགས་རེས་མོས་ཕུལ་དགོས་པར་འདུག །དེའང་ཉིན་རེ་བཞིན་འདྲ་མིན་རེ་འབུལ་དགོས་རྒྱུའི་རེས་པ་གསུམ་བཞིས་འབྲས་ཆན་སོགས་ཕུལ་སོང་། བདག་གི་རེས་མོས་ཉིན་འབྲས་ཆང་ཕུལ་དགོས་འདུག་པས། དངུལ་རྟིབ་ཤིན་ཏུ་ཆེ་བ་ཞིག་དྲི་བཟང་གིས་སྦགས་པའི་འབྲས་ཆང་གིས་བཀང་སྟེ་གྲལ་མགོར་གནས་བརྟན་ཡན་ལག་འབྱུང་བཞུགས་པ་ནས་རིམ་པར་དྲངས། ཕྱིར་ཉིན་རེས་པ་དེས་མེ་ཏོག་ཁུ་བ་དྲང་དགོས་ཟེར། ཞག་ཀྱང་གསུམ་བཞི་ཞིག་སོང་བའི་སྣང་བ་བྱུང་། ཡང་ནུབ་ཅིག་རྨི་ལམ་ཞིག་གི་རྐྱེན་བྱས་བར་སྣང་ལ་འགྲོ་བཞིན་པར། ཐོག་མེད་དུས་ནས་ད་ལྟའི་བར། །རང་སེམས་རང་ངོ་མ་ཤེས་པས། །སོགས་ནས། གཉིས་འཛིན་རྩད་ནས་ཆོད་པར་ཤོག །ཅེས་བྱ་བའི་བར་ཤྭ་ལོ་ཀ་ཕྱེད་ཉེར་བཞི་ཙམ་ཡོད་པའི་གཅོད་ཅིག་ཡིད་ལ་ཐོགས་མེད་དུ་ཤར་བ་འདོན་ཅིང་ས་ལ་བབ་པ་ན་གཞན་ཞིག་གིས་ཡི་གེར་ཡང་བཏབ་ནས་སྐྱབས་རྗེར་གཟིགས་འབུལ་ཞུས་སོང་བ། ལེགས་སོ་དང་གཞན་ལ་སྤེལ་འོས་པའི་བཀའ་གནང་བ་རྨིས། ཟླ་བ་བདུན་པར་དབོན་རྒན་རིན་པོ་ཆེ་སྒྲུབ་ཁང་དུ་ཕེབས། ཟླ་སྤྲུལ་གཙོས་པའི་བདག་ཅག་དད་འདུས་བདུན་ཙམ་ལ་མི་ཏྲ་བརྒྱ་རྩའི་དབང་རྣམས་བཀའ་དྲིན་དུ་བསྩལ་བ་ནོས། ཟླ་བ་དགུ་པའི་ནང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་དུས་མིན་འཆི་ཟློག་གསོལ་འདེབས་དེ་ལ་ཕྱིས་ཀྱི་ཁ་སྐོང་འབྲེལ་ཆགས་མིན་མང་དུ་འདུག་པ་རྣམས་བསལ། བླ་མ་གྲུབ་ཐོབ་གནད་ཆེན་འགའ་རེ་གསར་འཛུད་བགྱིས་ནུབ། རྡོ་རྗེ་འཆང་པདྨ་ཉིན་བྱེད་ཐུགས་ཤིན་ཏུ་དགྱེས་པས་འཇམ་དཔལ་གཤིན་རྗེ་སྔར་མ་གྲགས་པ་ཞིག་གི་དབང་བསྐུར་རྫོགས་པར་མཛད། ཉིད་ཀྱི་ཐུགས་དམ་རྟེན་དང་པོ་སྐུ་བརྙན་ལ་སླར་སྐུ་དངོས་སུ་གྱུར་པའི་གཤིན་རྗེ་གཤེད་སྐུ་མདོག་མཐིང་ག །ཞལ་ལྔའི་གཡས་གཡོན་ལྗང་། སྟེང་ཞལ་དམར། དེ་སྟེང་ཞལ་དཀར། ཕྱག་བརྒྱད་མཚོན་ཆ་བསྣམས་ཤིང་སྐུ་ལ་སོའི་ཕྲེང་བས་བརྒྱན་པ་ཞིག་མཇལ། བྱད་མ་འགའ་ཞིག་འདུག་པ་རང་ཉིད་ཁྲོ་ཆུ་དུག་གདོང་དུ་གྱུར་ནས་ཕྱག་གི་སྟྭ་རེས་དེ་དག་བཅོམ། རིག་འཛིན་རྟ་མགྲིན་མགོན་པོ་འཛུམ་ཞིང་བརྗིད་ཆགས་པ་ཞིག་བྱོན་འདུག་པ་དང་ལྷན་ཅིག་སྣང་སྲིད་ལྷ་འདྲེ་བྲན་དུ་ཁོལ་བ་ཡིན་སྙམ་པ་དང་། ཁྱད་པར་མདོ་རྒྱལ་དངོས་སུ་ཡོད་པས་ཅི་བཅོལ་བཀའ་ལ་ཉན་ཅིང་། ཉི་མ་ཤར་ཅིང་སྤྲིན་དཀར་ལང་ལིང་དུ་འཁྲིགས་པ་ལས་ཁ་ཆར་སྣུམ་པར་འབབ་པ་སོགས་གསོལ་འདེབས་མཁན་བར་ཆད་ལས་རྒྱལ་བའི་རྟགས་ཡིན་ནམ་སྙམ་པ་བྱུང་། མཐོང་གྲོལ་ལྷ་ཁང་དུ་བཞུགས་པའི་ཕྱག་དཔེ་རྣམས་གསར་རྙིང་གི་དབྱེ་བ་དང་གོ་རིམ་ཆེར་མེད་འདུག་པས། དབོན་རྒན་རིན་པོ་ཆེ་ནས་འཁྲུགས་པ་བསལ་ནས་གསར་རྙིང་སྡེ་ཚན་དབྱེ་ཞིང་གོ་རིམ་བསྡེབས་པ་སོགས་དགོས་གསུངས་པ་ལྟར་ཉིན་གྲངས་མང་དུ་བགྱིས་པའི་སྐབས་ཁང་བཟང་བཀོད་ལེགས་ཀྱི་ཁྱམས་སུ་གདན་གྱི་ཁར་མཚུར་ཕུ་འཇམ་དབྱངས་ཆེན་པོ་བགྲེས་ཚུལ་ཅན་བཞུགས། དེ་མདུན་གདིང་བ་གྲུ་བཞིའི་སྟེང་ལོ་ཆེན་བསོད་ནམས་རྒྱ་མཚོ་བཞུགས་ནས་ཆོས་ཀྱི་འབེལ་གཏམ་མང་པོ་དང་། གསུང་རབ་འཁྲུགས་པ་བསལ་ལུགས་ཀྱི་རྒྱུ་མཚན་མང་ཞིག་གསུངས་པ་རྨིས། འདི་སྐོར་དབོན་རྒན་མདུན་ནས་ཀར་གླིང་ཞི་ཁྲོའི་དབང་ལུང་ཡོངས་རྫོགས། གནམ་ཆོས་དང་ཆགས་མེད་གསུང་སྐོར་ཉེར་མཁོ་འགའ་ཞིག །གཡུ་ཐོག་སྙིང་ཐིག་སོགས་དབང་ལུང་མང་དུ་ཞུས། ནུབ་ཅིག་རྗེ་ཀརྨ་ཆགས་མེད་དགེ་སློང་བག་དྲོ་བ་བགྲེས་ཚུལ་ཅན་གཅིག་མཇལ་བས་སྐྱེས་རབས་ཀྱི་ལུང་བསྟན་མང་ཙམ་གནང་བའང་རྨིས། ལོ་སྔ་རྗེས་འདི་སྐོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལན་གཉིས་ཙམ་ཕྲན་ལ་འཕྲད་པར་ཕེབས། སྒྲ་ཙཱནྡྲ་པའི་རི་མོ་ཐོར་བུ་སོགས་གསན། གུས་འདུད་ཆེན་པོ་གནང་འདུག །ཞལ་རས་མཇལ་བའི་ཐོག་མ་ཡིན། སྐབས་ཤིག་གནམ་ས་འབྲེལ་བའི་ཀུན་དགའ་ར་བ་བྲག་རིའི་རྣམ་པར་སོང་བ་ལྟ་བུའི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དངོས་འདྲ་བ་སྐར་མ་ཙམ་བཞུགས་འདུག་པའི་གཙོ་བོ་ཐུབ་པའི་དབང་པོས་ཕྱག་བརྐྱང་བ་ལ་དད་པས་སྤྱི་བོས་རེག་པ་རྨིས། ཡང་ནུབ་ཅིག །གཙུག་ཏོར་གདུགས་དཀར་གཙོ་མོ་དང་འཁོར་གྱི་ཁྲོ་མོ་འགའ་ཞིག་ཆེས་གསལ་ཞིང་། གཞན་རྣམས་ལམ་ཙམ་སྣང་བའི་ཞབས་མནན་ཕལ་ཆེར་གླང་པོ་ཆེ་མང་བ་ཞིག་མཇལ་བར་རྨིས་པའི་ཕྱིར་ནངས་བསྟོད་གསོལ་ཞིག་ཀྱང་བྲིས། ཟླ་བ་དགུ་པར་ཟླ་སྤྲུལ་མདུན་ནས་བླ་མ་དགོངས་འདུས་མཐོང་གྲོལ་སྒྲུབ་བཞེད་ཀྱིས་ཕྲན་ལ་གསུང་ནན་བསྩལ་པ་ལྟར། སྒ་རྗེ་བླ་མ་གསང་སྔགས་བསྟན་འཛིན་མདུན་ནས་དགོངས་འདུས་སྒྲུབ་ཆེན་དང་སྐོང་ཆོག་སོགས་ཀྱི་ཕྱག་ལེན་ཞིབ་ཁྲིད་ཞུས། སྒྲུབ་ཟིན་ཞིག་བྲི་དགོས་འདུག་པ་ཚེས་བཅུའི་ཉིན་ཚོགས་གཏོར་ཕུལ་ནས་གསོལ་བ་བཏབ་པའི་ནུབ། གནས་ཁང་ཡིད་དུ་འོང་བ་ཞིག་གི་གཡས་གཡོན་གྲལ་མགོར་རིག་འཛིན་རྒོད་ལྡེམ་དང་གནམ་ཆོས་མི་འགྱུར་རྡོ་རྗེ་གཉིས་དཀར་ཆས། དེ་འོག་ཡོན་དགེ་དང་རོལ་རྡོར་སྤྲུལ་སྐུ་ཡིན་ཟེར་བ་དགེ་སློང་ཆས་ཅན་གཉིས་བཞུགས་ནས་ཆོས་ཀྱི་བགྲོ་བ་མཛད་འདུག་པས་ངེས་ཤེས་ཆེན་པོ་སྐྱེས་པ་དང་། གསེར་གདུང་ལྷ་ཁང་སྟེང་དར་དཀར་པོ་གསུམ་ཕྱར། ལྷ་བསང་བཏང་བ་རྨིས། ལྷ་བབས་དུས་ཆེན་ལ་དགོངས་འདུས་སྒྲུབ་ཕྲན་དང་འབྲེལ་བའི་མཐོང་གྲོལ་སྒྲུབ་པ་ངེད་རང་དཔོན་སློབ་ལྔ་ཙམ་གྱིས་སྒྲུབ་པའི་ནུབ་ཅིག །མཁས་གྲུབ་ཀརྨ་ཆགས་མེད་བགྲེས་ཉམས་དགེ་སློང་གི་ཆ་ལུགས་ཅན་ཞིག་མཇལ་ནས་དགོངས་པ་འདུས་པའི་གནད་དོན་མང་དུ་བཀྲོལ་བ་རྨིས། དེ་རྗེས་ཉི་ཟླ་དང་དབེན་གནས་མཐོང་གྲོལ་བགྱིས་པའི་སྐབས་རྣམས་སུ་འགྲོ་ཕན་འབྱུང་བའི་ལྟས་མང་དུ་བྱུང་། དགུན་ཀ་མ་མགོན་ཞལ་སྦྱོར་གྱི་བསྙེན་མཚམས་བྱས་པར་ཐོག་མར་འཚུབས་ཆེ་ཙམ་ལ་ཕྱིས་སུ་གཞུང་མཐུན་གྱི་རྟགས་ཀྱང་ཁ་ཤས་བྱུང་། ལོ་མཇུག་དགུ་གཏོར་ལ་ཕྱིན། གསང་སྔགས་ནང་གཏོར་ཞིག་གི་སྐབས་སྣང་བ་འགྱུར་ནས་བསམ་ཡས་བར་ཁང་དུ་སླེབས་འདུག །དེར་མཁན་སློབ་ཆོས་གསུམ་དང་ལོ་པཎ་འགའ་ཞིག་བཅས་ཆོས་ཀྱི་བགྲོ་བ་མཛད་པའི་གྲལ་དུ་བདག་ཀྱང་འདུག་སྟེ་པཎ་གྲུབ་ཞིག་ཡིན་སྙམ་བགྱིད་པའི་ངང་ཡལ། བསྟོད་པའི་སྐབས་ཤིག་སྲས་མཆོག་ནག་པོ་མངོན་སུམ་ལྟ་བུ་ལམ་ཙམ་ཤར་བ་དང་། ལྷ་མོའི་བསྟོད་དབྱངས་སྐབས་ཅུང་ཟད་ཡེངས་པའི་མིག་ལམ་དུ། བུད་མེད་ཤིན་ཏུ་འཕྱོར་ཆས་ཅན་ཞིག་གིས་བདག་སོགས་ལ་འཛུམ་གྱིས་བལྟ་བའང་མཐོང་། ལྕགས་གླང་གསར་ཚེས་ནང་དགེ་སྦྱོར་གྱི་རྒྱུན་བསྐྱང་། ནུབ་ཅིག་བག་ཆགས་ཆེར་མེད་པ་ལ། རང་ཁྲོས་མ་ནག་མོ་སྐུ་རི་ཕྲན་ཙམ་གཡས་ཞིང་ལྤགས། གཡོན་ཐོད་པ་བསྣམས་པ་ཞིག་ཏུ་གྱུར་འདུག་པས་ཁམས་གསུམ་ཐམས་ཅད་ཞིང་ལྤགས་ཀྱིས་བརྡབས་ནས་ཟིལ་གྱིས་མནན་པ་དང་། གཞན་ཡང་འདི་སྐོར་ལྟས་བཟང་ཡ་མཚན་པ་མང་དུ་བྱུང་། ཚེས་བཅུའི་དུས་མཆོད་ནུབ། ཞིང་ཆེན་ལོ་ཏོག་ཤིན་ཏུ་ལེགས་པའི་ཕྱོགས་མཚམས་ཀུན་ནས་ཆུ་བཀྲམ་འདུག་པ་ཞིག་ནས་ཡར་བལྟས་པས་ལྷོ་ནུབ་ཀྱི་ནམ་མཁར་སྤྲིན་དཀར་གྲུ་བཞི་འཁྲིགས་པའི་དབུས་སུ་གུ་རུ་རིན་པོ་ཆེ་པདྨ་སཾ་བྷའི་ཆ་ལུགས་ཅན་བཞུགས་པ་གསལ་བར་མཇལ་བ་རྨིས། ཚེས་བཅོ་ལྔར་མོས་ལྡན་བཅུ་བདུན་ཙམ་ལ་བྱང་སྡོམ་ཞིག་ཕོག་པའི་ནུབ། ངེད་ཅག་རྣམས་ཀྱིས་དར་པོ་ཆེ་རྒྱལ་མཚན་གྱི་ཏོག་ཡོད་པ་ཞིག་བཙུགས་པར་རྨིས་པ། ཕྱིས་ནས་བྱང་སྡོམ་ལུགས་གཉིས་ལན་གྲངས་མང་པོ་རེད་སོང་བ་དགེ་བའི་ལྟས་སུ་མངོན། དཔྱིད་ཀ་སྦྱིན་བདག་ཇ་སྦྲ་ཚང་ནས་འབོད་པར་ཕྱིན། རིམ་གྲོ་འགའ་ཞིག་བསྒྲུབ། བྱད་ལྟས་དང་རྒྱལ་ལྟས་སོགས་འཚུབས་སེ་བ་ཞིག་འདུག །གཡང་སྐྱབས་བཅའ་སྐབས་ལྟས་བཟང་ཞིང་ཁྱད་པར་གཡང་སྒོ་བསྡམ་སྐབས་རྟེན་སྒམ་བཞག་པའི་སྒམ་ནང་དེར་ནས་བྲེ་ཆེན་གང་ཙམ་གློ་བུར་དུ་བབས། ཕྱིས་ནས་ལོངས་སྤྱོད་ཀྱང་ཇེ་འཕེལ་དུ་སོང་། ས་ག་ཟླ་བར་དབོན་རྒན་རིན་པོ་ཆེའི་བཀའ་བཞིན་བདག་ཅག་འདུས་པ་བཞི་ཙམ་གྱིས་གནམ་ཆོས་དགེ་འདུན་འདུ་བའི་ཙཀྲ་སྒྲུབ་པའི་ནུབ་ཅིག །ལྷ་ལྡན་ཡིན་ཅེས་པའི་གཙུག་ལག་ཁང་ཆེན་པོ་བསམ་ལས་འདས་པ་ཞིག་གི་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་གྱིས་གང་བའི་མདུན་དང་སྤྲོ་བའི་དགེ་འདུན་གྲངས་མེད་པས་སོ་ཐར་གྱི་ལས་ཆོག་མཛད་པ་ལ་བདག་སོགས་མང་པོས་ཕྱག་འགྱེད་ཞུ་བའི་གྲབ་ཤོམ་བྱེད་པ་རྨིས། དབོན་རྒན་མདུན་ནས་སྟག་ཤམ་བདུད་འདུལ་དྲག་མོའི་དབང་བསྐུར་ཞུས་ནུབ་ཀྱང་རྨིས་ལྟས་ཤིན་ཏུ་ལེགས་པ་བྱུང་། ཁོང་ལ་དབང་སྡུད་ཤོག་དྲིལ་གྱིས་བཀང་བའི་ཟངས་གྭ་ཞིག་འདུག་པ་ཕྲན་ལ་བྱིན་པ་རྨིས་གསུངས། ཕྱིས་སུ་བསྙེན་པ་བྱེད་པ་ནི་མ་བྱུང་། ངེད་ནས་གསོལ་བ་ཆེད་དུ་བཏབ་པ་ལྟར་ཟླ་བ་དྲུག་པའི་ནང་སྒྲུབ་ཁང་དུ་ཕེབས་ནས་བདག་སོགས་འདུས་པ་བདུན་ལ་བླ་མ་དགོངས་པ་འདུས་པའི་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་བསྩལ། འདི་སྐབས་ཁྲི་མཐོན་པོར་རྡོ་རྗེ་འཆང་པདྨ་ཉིན་བྱེད་སྣམ་སྦྱར་གསར་པ་ཞིག་མནབས་ནས་བཞུགས། བདག་ལ་ཆོས་གོས་གསེར་གྱི་ཧ་རིས་ཅན་ཅུང་ཟད་རྙིང་པ་ཞིག་བཀོན་ནས་མངའ་གསོལ་གནང་བ་རྨིས། ཟླ་སྤྲུལ་ནས་དབང་ལུང་དེ་ལྟར་ཐོབ་ཕྱིན་སྨན་སྒྲུབ་ཅིག་མ་ཐོན་ཐབས་མེད་གསུངས་ནས་ཁོང་ལ་དེ་སྐབས་ཕྱག་རྫས་ཆེ་བ་མེད་ཀྱང་མ་གཞི་མཛད། ཕྲན་ཅག་ཁ་ཤས་ཀྱིས་གང་འབྱོར་བསྡུས། སྨན་མགྲོན་ནས་སྨན་ཆས་བཏང་། སྐྱབས་མགོན་རིན་པོ་ཆེའི་མདུན་ནས་གནང་སྦྱིན་བསྩལ་བ་བཅས་གྲ་ལམ་ཙམ་འགྲིགས་ནས་ཐ་སྐར་ཟླ་བར་དབོན་རྒན་རིན་པོ་ཆེས་རྡོར་སློབ་མཛད། བླ་མ་བཟང་བཏུས་གཙོར་བཞུགས། དཔོན་སློབ་ཉེར་ལྔ་ཙམ་གྱིས་བླ་མ་དགོངས་འདུས་ཀྱི་སྨན་སྒྲུབ་ཚུགས་པའི་ཕྱི་མཚམས་རྒྱན་བཀོད་སོགས་ཀྱི་ནུབ་འཚུབས་སློང་ཁ་ཤས་དང་། དབོན་རྒན་ནས་རལ་གྲི་ཞིག་གིས་བདག་གི་མགོ་བོ་རྒྱ་གྲམ་དུ་གཤགས་ཏེ་ཁྲག་དང་ཆུ་སེར་མང་པོ་བཏོན་སོང་བ་རྨིས། དངོས་གཞིའི་ནུབ་ཅིག་རིན་པོ་ཆེའི་རྒྱན་ལྡན་གྱི་ཕྲེང་བ་གཉིས་རྙེད། དེའི་རྐྱེན་གྱིས་རྨི་ལམ་ཡིན་པར་དྲན་ཏེ་པདྨ་བཛྲ་མཇལ་དུ་འགྲོ་ཞེས་འཕུར་ནས་ཕྱིན་པས། བར་སྣང་ནས་སྒྲ་སྙན་པོ་ཞིག་གིས་ཁྱོད་འགྲོ་མི་དགོས། པདྨ་བཛྲ་པཎ་ཞུ་མནབས་ཤིང་ཀ་པཱ་ལ་བསྣམས་པ་དེ་འདིར་མངོན་སུམ་དུ་བཞུགས་ཡོད་དོ་ཞེས་གྲགས་པ་དང་སད། ཡང་ལན་གཅིག །རྗེ་དགུ་པ་དབང་ཕྱུག་རྡོ་རྗེ་ཤིན་ཏུ་གསལ་བ་མཇལ་བ་ལ་གུས་པས་བཏུད་པ་ན་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྐང་མང་དུ་གསུང་བྱུང་བས་ཡིད་ལ་དགའ་བ་ཚད་མེད་པ་སྐྱེས་པ་དང་། ལན་གཅིག་སྨན་གྱི་ལྗང་བུ་མང་དུ་འཁྲུངས་པའི་ས་ཕྱོགས་ཞིག་ཏུ་རྗེ་དབོན་འཚོ་བྱེད་བསམ་གཏན་ཡིན་ཅེས་པའི་བགྲེས་ཉམས་སྐུ་ཟིལ་ཅན་ཞིག་གིས་སྨན་གྱི་བགྲོ་གླེང་ཡ་མཚན་ཅན་མང་དུ་མཛད་པ་དང་། དངོས་གྲུབ་ལེན་ཆོག་ནུབ་མོར་བུད་མེད་གཞོན་ནུ་མ་གཅེར་བུ་གསུམ་བྷ་ག་ལ་མཛུབ་མོས་བཀབ་ནས་མདུན་དུ་འདུག་པ་དང་། གཏེར་ཆེན་ཆོས་རྗེ་གླིང་པ་བྱིན་རླབས་ཀྱི་ཟིལ་དང་འཛུམ་བག་ཅན་གྱིས་སྨན་སྒྲུབ་ཀྱི་བགྲོ་གླེང་མང་དུ་གནང་བ་དང་། བཟའ་བཏུང་གྱ་ནོམ་པ་བཤམ་པ་སོགས་བྱིན་རླབས་ཀྱི་མཚན་ལྟས་ཡིད་ཆེས་པ་བྱུང་། ལར་སྔོན་གྱི་ལས་འབྲེལ་ཅུང་ཟད་ཡོད་པའམ་གང་ལྟར་གཏེར་ཆོས་གང་དང་ཡང་མི་མཉམ་པ་བླ་མ་དགོངས་འདུས་འདི་ལ་སྔ་རྗེས་ནམ་དུའང་བྱིན་རླབས་ཀྱི་མཚན་མ་རེ་ངེས་པར་འབྱུང་བ་ཞིག་བཞུགས་པར་སྣང་། དེ་རྗེས་ཤིག་སློབ་མ་འགའ་ཞིག་ལ་དམ་པའི་འཇམ་དབྱངས་ཀྱི་རྗེས་གནང་ཞིག་བྱས་པའི་ནུབ་རྗེ་བཙུན་ཀརྨ་ཆགས་མེད་དགེ་སློང་བགྲེས་ཉམས་ཅན་ཞིག་གི་ཞལ་ནས། ཡི་དམ་རེ་ལྟོས་ཐུགས་རྗེ་ཆེན་པོ་ལ་བྱེད་པ་ལེགས། འཆི་ཀར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྙིང་རྗེས་ལེན། འཇིག་རྟེན་ལ་བློ་ཚུར་མི་ལྡོག་པའི་ནུས་པ་ཡོད། འཇམ་དབྱངས་སྒྲུབ་ན་དེ་འདྲའི་ནུས་པ་འོང་ཟིན་མེད། འོན་ཀྱང་ས་འོག་ཏུ་སྤྱོད་པ་གསུམ་ཡོད་གསུང་མ་ཐག་ས་སྤྱོད་དེ་རྣམས་མཐོང་བ་འདྲ་ཞིག་ལ། ཕ་དམ་པ། ཛམ་ལྷ། ནོར་རྒྱུན་མ་གསུམ་ཀའི་སྐུ་མདོག་དམར་སེར། རྒྱན་ཆ་ལུགས་རྫོགས་པ་ཅན་མཇལ་བས་དད་པ་སྐྱེས་པ་ཞིག་རྨིས། ཟླ་བ་བཅུ་པའི་ཚེས་བཅུ་དགུ་རྒྱལ་ཕུར་འགྲུབ་སྦྱོར་ཉིན་རྡོ་རྗེ་ཕུར་པའི་གཞི་བསྙེན་ཚུགས་པའི་སྐབས་ཤིག །རི་ངོགས་ཉམས་དགའ་བ་ཞིག་ཏུ་མེ་ཏོག་སྔོན་པོས་གང་འདུག་པ་ཡུན་ཞིག་ནས་དཀར་པོ་དྲིལ་ཆུང་ལྟ་བུར་གྱུར་སོང་བའི་དབུས་སུ་རྗེ་པདྨ་ཉིན་བྱེད་བཞུགས་འདུག་པ་ལ། རང་གི་ཐུ་བར་མེ་ཏོག་མང་དུ་བཏུས་ནས་མཆོད་པ་རྨིས། ལན་གཅིག་རྒྱལ་དབང་ཐེག་མཆོག་རྡོ་རྗེས་ཁོང་གིས་ཆུ་བོ་ཞིག་གིས་གཏེར་བཏོན་པའི་ཡིད་བཞིན་ནོར་བུའི་རིགས་ཡིན་ཅེས་སྨུག་རིལ་མཐེ་བོང་ཙམ་ཞིག་བསྩལ་བ་དང་། ཐོ་རངས་སྐབས་ཤིག་ཉི་མ་སྐྱིད་པོ་ཞིག་འཆར་འདུག་པ་ལ་རྨི་ལམ་བཟུང་ནས་སྐྱབས་རྗེ་པདྨའི་ཞབས་ཀྱི་བཞུགས་གནས་ལ་བསྐོར་བ་ཞིག་བྱས་ནས་འོངས་པའི་ལམ་དུ། ཌཱ་ཀི་མི་མོའི་གཟུགས་ཅན་ཞིག་གིས་དགའ་བའི་རོལ་རྩེད་སྟོན་དུ་བྱུང་བ་ལ་ཡི་དམ་ཡབ་ཡུམ་གྱི་གསལ་སྣང་གིས་དགའ་བཞི་བརྟན་པོར་འཆར་བ་བྱུང་། མགོ་ཟླའི་ཚེས་བརྒྱད་ལ་བདག་ཁང་བཟང་ཞིག་གི་སྟེང་དུ་འདུག་པ་ནས་ཕར་བལྟས་པས་བྱང་ཤར་མཚམས་ཀྱི་རི་ལྟོང་སྤྲིན་དུད་འཁྲིགས་པའི་དབུས་སུ་སྲིན་མགོན་ཐོད་ཕྲེང་ཅན། དེ་འོག་ཞིང་སྐྱོང་དབང་པོ་གཉིས་ཀ་ཡབ་རྐྱང་མཐིང་ག །དེ་འོག་རྡོ་རྗེ་བྲག་བཙན་གཅེར་བུ་ཁྲོ་ཆས་ཅན་སྙིང་ཞགས་ཐོགས་པ་ཞིག་མཐོང་། མཐར་དུ་མུན་ལྟ་བུས་བསྒྲིབས་ནས་མི་མངོན་པར་ཡལ་བ་རྨིས། ཕུར་བསྙེན་གྲོལ་ཉེར་འཆི་ལྟས་ཁ་ཅིག་ཀྱང་བྱུང་། རྒྱལ་ཟླའི་ཉེར་ལྔ་སྐོར་ནས་དཔོན་རྒན་བསྙུན་གྱིས་ཟིན། ཆུ་སྟག་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ་གཤེགས་སོང་བ་སྔ་སོར་ནས་བར་དོའི་ངོ་སྤྲོད་དང་། འདས་སྐབས་བཏགས་གྲོལ་སོགས་ནུས་པ་གང་ཡོད་ཐབས་དྲགས་བགྱིས། ཤུལ་ཡོད་ནས་ཀྱང་སྐུ་ཆས་བྱ་སྐྱེས་སྨྱུག་སྒྲོན་གྱིས་དགོངས་རྫོགས་ལེགས་པར་གྲུབ་སོང་། དཔོན་རྒན་འདི་ཉིད་འབྲུག་ཐམས་ཅད་མཁྱེན་པའི་དགེ་སློང་སྡོམ་པ་གཙང་། རྗེ་པདྨ་ཉིན་བྱེད་སོགས་ལ་དད་གུས་བློས་ཁེལ་ཞིང་། ཁ་ཏོན་བཟླས་བརྗོད་ལ་ནམ་ཡང་ཆག་འཕྲི་མེད་པ་བསྙེན་སྒྲུབ་འགའ་ཞིག་ཀྱང་གྲུབ། རྟེན་བཞེངས་ཚོགས་གསོག་ཤིན་ཏུ་རྒྱ་ཆེ་ཞིང་ཅི་ཡོད་ཆོས་ཕྱོགས་སུ་བཏང་། སྲོག་གཅོད་སོགས་སྡིག་པ་ཆེན་པོ་དང་ནམ་ཡང་མ་འདྲེས། འཆི་ཁར་མཚམས་སྦྱོར་བཟང་བས་སྐྱེ་གནས་བཟང་པོ་མི་འགྱུར་ཐབས་མེད་སྙམ། རང་ལ་ནི་ཕ་མ་ལས་ཀྱང་དྲིན་ཆེ་བ་ཡིན། ཞག་བརྒྱ་ཚང་དུས་ཕུར་བསྙེན་གྲུབ་ནས་གྲོལ། བདུན་ཚིགས་བཞི་པར་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་དང་སྒྲིབ་སྦྱོང་ཡེ་ཤེས་འོད་འཕྲོ་བགྱིས་པའི་སྐབས་གཤིན་པོའང་བདེར་གནས་འཁོད་པའི་ལྟས་དང་། ནུབ་ཅིག་བུད་མེད་དཔྲལ་བ་ན་མིག་གཅིག་ཡོད་པ། དེ་ནང་གཟུགས་བརྙན་སྣ་ཚོགས་མེ་ལོང་ལྟར་འཆར་བ་ཞིག་བྱུང་། ཕན་ཚུན་བརྡ་ཚིག་མང་དུ་བརྗོད་པའི་རྗེས་སུ་བུད་མེད་བཟང་མོར་གནས་འགྱུར། ཁང་བཟང་སྒོ་བཞི་ཡོད་པའི་དབུས་སུ་སྙོམས་པར་ཞུགས་ནས་སྒོ་བཞིར་སྐུ་བཞིར་སྤྲུལ་ནས་ལས་བཞི་སྒྲུབ་རྩིས་ལ་ཞི་རྒྱས་ཀྱི་སྐུ་གཉིས་སྤྲུལ་ཟིན་ནས་འཁྲུལ་སྣང་དེངས་ལ། ཟླ་བ་གསུམ་པའི་ཚེས་གཅིག་ནས་སྟོད་འཚང་ལྟ་བུའི་ནད་ངོས་གཟུང་དཀའ་བ་ཞིག་གིས་ཐེབས་ནས་ཉིན་རེ་ད་རེས་འཆི་ངེས་རེད་སྙམ་པ་རེའང་བྱུང་། ཟླ་བ་བཞི་པ་ནས་ཅུང་དྭངས་པས་གནམ་ཆོས་ལོ་མ་ཅན་གཏོར་སྒྲུབ་དང་། ཚེ་གསང་ཕྱི་སྒྲུབ་ཀྱི་བསྙེན་པ་རེ་བགྱིས་པར་ལྟས་ལེགས་པ་མང་དུ་བྱུང་། ནུབ་ཅིག་བླ་མ་ཞིག་གི་གསུང་བརྟགས་ཡིན་ཟེར་བའི་ཤོག་དྲིལ་གཅིག་གི་ནང་དུ་བར་ཆད་འཕྲང་གསུམ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་པའི་ཐུགས་རྗེས་སྒྲོལ་ན་ཚེ་ལོ་བདུན་ཅུ་ཡར་བརྒལ་ཐུབ་ངེས་ཟེར་བ་འདུག །དགོང་རེ་བཞིན་བར་ཆད་ལམ་སེལ་གྱི་གསོལ་འདེབས་དང་མོས་གུས་བྱས་པས་རེས་ཤིག་ཨོ་རྒྱན་བར་ཆད་ལམ་སེལ་གྱི་ལྷ་ཚོགས་རྣམས་ཡིན་སྙམ་པ་དང་རིག་འཛིན་མཁའ་འགྲོ་ནམ་མཁའ་གང་བ་བཞུགས་སྙམ་བྱེད་པས། ཁོ་བོ་ལ་གསོལ་བ་འདེབས་ནུས་ན་ཐབས་གཞན་མི་དགོས། རྣམ་པ་ཀུན་ཏུ་ཐུགས་རྗེས་འཛིན་པ་ཡིན་སོགས་གསུངས་པ་རྨིས། ལན་གཅིག་རྡོ་རྗེ་རྩེ་དགུ་དང་ཕུར་པ་ཁྲུ་གང་ཙམ་རྙེད་པ་རྐེད་དུ་བཙུགས་ནས་ཁང་པ་ཞིག་ཏུ་ཕྱིན་པ་ན། མཁན་ཆེན་བོ་དྷི་སཏྭ་དང་། ཁ་ཆེ་པཎ་ཆེན་གཉིས་དར་དཀར་རེའི་སྟེང་དུ་བཞུགས་པ་གྲོགས་ཞིག་དང་ངེད་གཉིས་ལ་གདམས་ཀ་བཅོལ་འདུག་པ། རང་ནས་མཁན་ཆེན་གདམས་ཏེ་ཕྲག་པར་ཁུར། ཕྱི་རོལ་ཏུ་མི་མང་པོ་ལ་སྟོན་ཅིང་། སངས་རྒྱས་ཀྱིས་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ་ཞེས་པ་འདི་ཡིན་ནོ་སྨྲ་བ་རྨིས། བླ་མ་གསང་སྔགས་མདུན་ནས་རད་གླིང་གི་རྟ་ནག་སྲོག་གཏད་ནོད། གླིང་སྟོད་གྲྭ་ཁང་ཞིག་ཏུ་སྤོས་ནས་རྟ་ནག་བསྙེན་སྐབས་རྨི་ལམ་དུ་བསྐྱེད་པའི་གསལ་སྣང་བརྟན་པོས་གདོན་ཐུལ་རྟགས་ཀྱང་བྱུང་། ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཐོ་རངས་སུ། ལྗོངས་ཤིག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་བཞུགས་པའི་འཁོར་དུ་ཆུ་ཀླུང་འོད་སྲུང་སོགས་དགྲ་བཅོམ་པ་མང་པོས་བསྐོར་བའི་གྲལ་དུ་བསྡད། སྟོན་པས་ཆོས་ཤིག་གསུང་རྒྱུ་ཡོད་ཤོམས་ཀྱིས་མཆོག་ཟུང་གཉིས་ཀྱང་ཉེ་བར་ཕེབས་མཚམས། བདག་ཡིད་ཤིན་ཏུ་གུས་པས་སྟོན་པའི་མདུན་དུ་པུས་བཙུགས་ཐལ་སྦྱར་གྱིས་དཀོན་མཆོག་རྗེས་དྲན་ཚར་གཅིག་བཏོན་པ་རྨིས། ཨ་ལོ་དིལ་མགོ་ཚང་གིས་འབོད་པར་ཕྱིན། ཞི་ཁྲོའི་ཆོ་ག་ཚུགས་སྐབས་ཕྱིས་འབྱུང་གི་ལྟས་ནུབ་རེ་བཞིན་རྨིས་བྱུང་། ནུབ་ཅིག་ཆུ་ཆེན་སྔོ་དྭངས་ཤིག་བརྒལ་ནས་བྲག་དཀར་ཞིག་གི་གནས་སྒོ་ཕྱེས་པར་ཞིང་སྐྱོང་ཡབ་ཡུམ་མི་ནག་སེང་གེའི་དབྱིབས་ཅན་གཉིས་ཀྱིས་གཡས་སྐོར་བྱས་ནས་བྲག་ལ་ཐིམ། གནས་དེའི་ནུབ་ནས་ལྷ་ཆེན་ལྕམ་དྲལ་མི་དམར་ལྕགས་ཀྱུ་ཐོགས་པ་རེ་བྱུང་བ་ལ་བཀའ་བསྒོ་བྱས་པ་དང་། ཡང་ནུབ་ཅིག་རྒྱ་གར་ཡུལ་དུ་ཕྱིན་འདུག་པ་ཚེ་ལམ་དཔལ་རི་ཡིན་ཟེར་བ་ཞིག་ནས་གྲོགས་འགའ་དང་བཅས་རྡོ་རྗེ་ཕག་མོའི་ཚོགས་འཁོར་ཞིག་བྱས། སཾསྐྲྀཏའི་སྐད་སྨྲ་བའི་ངོ་ཤེས་གཉིས་འདུག་པ་ལ་རྡོ་རྗེ་གདན་དང་བྱ་རྒོད་སྤུངས་རིར་འགྲོ་ས་ཨི་ཡོད་བྱས་པས་བྱ་རྒོད་སྤུངས་རིར་ནད་ཡམས་ཡོད། རྡོ་རྗེ་གདན་དུ་ཡུལ་གྱི་རྒྱལ་པོས་ཁྲིམས་སྡོམ་པས་འགྲོ་ས་མེད། པདྨ་བཀོད་སོགས་འགྲོ་ས་འདི་ཡིན་ཅེས་མང་དུ་སྨྲ་ཞིང་མཛུབ་མོའི་བརྡས་མཚོན་པའང་རྨིས། ཟླ་བ་དྲུག་པའི་ཚེས་བཞིའི་ཐོ་རངས་སུ། ལྷ་ཁང་ཞིག་གི་ནང་ཁྲི་ལྔའི་དབུས་མར་རྒྱལ་དབང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཁྲི་སྙན་ས་ལེའི་པགས་པ་གསོལ་བ། ཆས་གཞན་སྤྱི་མཚུངས། དེ་གཡས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་གཞོན་ཚུལ་སྐུ་ཤ་དཀར་ཞིང་སྤྱན་རྩ་དམར་བ་དབུ་ཞྭ་དམར་སེར། དེ་གཡས་ཞྭ་དམར་ཆོས་ཀྱི་དབང་ཕྱུག་སྐུ་ལྷུན་ཆགས་ཤིང་མཐོང་གྲོལ་དབུར་བཞེས་པ། རྒྱལ་བའི་དབང་པོའི་གཡོན་དུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་སྐུ་དབྱིབས་སོགས་དཀྱུས་དང་མི་འདྲ་བ། དབུ་ཞྭའང་དམར་ནག་ཁ་དོག་འགྱུར་འགྲོ་བ། དེ་འོག་དཔའ་བོ་བཞུགས་རྩིས་ལས་སྐུ་དངོས་མ་གསལ། དེ་ཐམས་ཅད་བག་དྲོ་ལྷུན་ཆགས་དང་བ་འདྲེན་པ་མཇལ་བ་རྨིས། འདི་སྐོར་སྐྱབས་མགོན་རྗེ་ནས་ཅུང་ཟད་འཚུབས་གསུང་རྗེ་ཉིད་དབུར་བཞུགས་ཀྱིས་བླ་བླུ་ཞིག་ཀྱང་བཀའ་དྲིན་བསྩལ་འདུག །ཚེས་བརྒྱད་ནས་ཆམས་རིམ་ཞིག་གིས་གསར་དུ་ཐེབས་ཏེ་ཐུ་ཚབས་ཆེ་བ་བྱུང་ཡང་ཕུགས་སྐྱོན་མ་བྱས། སྐྱབས་རྗེའི་མདུན་རི་ཁྲོད་གོང་མར་སྡོད་ནས་རེ་ཞིག་མཚམས་སྒྲུབ་བྱེད་ཆོག་པའི་དགོངས་ཁྲོལ་ཞུས་པ་ཐོག་མར་དཀའ་ཙམ་ལ་མཐར་ལོ་གསུམ་སྡོད་ཆོག་པའི་ཞལ་བཞེས་ཐོབ། བཅའ་ལག་ཆེ་ཕྲ་གང་ཡོད་སྤང་དག་བྱས་ནས། སྐུ་རྟེན་བླ་མ་དགོངས་འདུས་བཀའ་སྲུང་དང་བཅས་པའི་ཞལ་ཐང་གྲ་ཚར་ཆེ་ལེགས་བཅུ་གཅིག །གསུང་རྟེན་བརྒྱད་སྟོང་གསེར་བྲིས་པོད་གཅིག །ཐུགས་རྟེན་སཱཙྪ་འབུམ་ཐེར་བཅས་བཞེངས་རྒྱུའི་གྲབ་ཤོམ་བྱས། ཡང་ཁྲོད་དུ་རྗེ་ཆོས་ཀྱི་འབྱུང་གནས་སྐབས་སྒྲུབ་ཁང་དང་སྒྲུབ་གྲ་ཡོད་པར་སྣང་ཡང་ཕྱིས་དབོན་སྤྲུལ་དབང་གི་རྡོ་རྗེས་སྒྲུབ་ཁང་འོག་མ་ཚུགས་ཕྱིན་གོང་མ་བདག་མེད་ལྟ་བུས་འཐོར་ཞིག་སོང་ནས་ཁང་པའང་ཧྲལ་ཧྲུལ་ཙམ་ལས་མི་འདུག་པས་སྟོན་རྒྱབ་ཉིན་གཅིག་ལྟ་རྟོག་དང་ལྷ་བསང་གཏང་བར་ཕྱིན། དེ་སྐབས་བགྲོད་ལམ་གསལ་བ་མེད་ཀྱང་སྒྲུབ་ཁང་ལྟག་ཏུ་ཕྱིན་དུས་བྱ་རྒོད་ཅིག་འདུག་པ་གྱེན་དུ་སོང་བའི་རྗེས་སྙེགས་ནས་ཕྱིན་པས་ལྟོང་ཁ་ཞིག་ནས་ཤར་དུ་ཁ་གཏད་འཕུར་སོང་བ་དེ་ནས་ཕྱིར་བལྟས་པས་རི་ཁྲོད་ཡོད་ས་མཐོང་། དེར་ཕྱིན་ནས་བསང་བརྔན་བཏང་བས་རྟགས་དང་རྟེན་འབྲེལ་བཟང་པོ་བྱུང་། དེ་རྗེས་བྱེས་གྲྭ་ཡིད་མཐུན་རེ་ཟུང་གིས་གྲོགས་བྱས་ནས་སྔོན་གྱི་བླ་བྲང་ཁང་ཤུལ་དེར་ཁང་ཆུང་མཚོན་བྱེད་ཙམ་བཟོ་ལས་བགྱིས་པའི་ནུབ་ཅིག །གཟན་ཤམ་གཟབ་སྤྲོད་བཅས་ཁྲོམ་ཚོགས་ཤིན་ཏུ་མང་པོ་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཆེན་བགྱིས། གཏོར་དབང་རྫས་རྟགས་རྣམས་ཉི་མ་ཕྱི་བས་སང་ཉིན་བསྐུར་བྱས་དེ་མཚམས་ལུས་པ་རྨིས་པ་ཕྱིས་འབྱུང་བྱེད་ལས་ལ་བལྟའམ་སྙམ། ནུབ་ཅིག་ལྷ་ཁང་བག་དྲོ་ཞིག་ཏུ་རྒྱལ་དབང་བཅུ་བཞི་པ་བཞུགས་པའི་སྐུའི་གཡས་ཕྱོགས་སུ་སྐྱེས་རབས་ལྟ་བུའི་ཐང་སྐུ་འགའ་ཞིག་བཀྲམ་འདུག །སྐུའམ་རྗེ་ཉིད་ཀྱི་གསུང་གང་ཡིན་མ་འབྱེད་པར། སེམས་ནི་དམ་པའི་སྐྱེས་བུས་ལུང་བསྟན་པ། །ཞེས་པའི་སྒྲ་ཤིན་ཏུ་གསལ་བ་ཞིག་གྲགས་པ་འདི་ལའང་གོ་རྒྱུ་ཞིག་ཡོད་པར་སྣང་། དེ་རྗེས་བླ་བྲང་མཐར་བྲིས་པ་རེ་ཟུང་དང་བཅས་དཔེ་དེབ་སྒྲིག་སྐབས་ཧོར་ཁོག་ནས་རུ་དམ་དང་གླིང་ཚང་གི་བར་ས་གཡོས་མི་བཟད་པ་བྱུང་བས་ཆག་སྒོ་ཆེན་པོ་བྱུང་སོང་ཡང་འདི་སྐོར་ཉེས་སྐྱོན་མ་བྱུང་། འདི་སྐབས་ཚིགས་བཅད་དུ་བྲིས་པ་ཞིག་རྣམ་ཐར་དོན་བསྡུས་ལྟ་བུར་སྣང་བས་འདིར་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པར་བཀོད་པ་ནི། བླ་མ་པད་འབྱུང་ཛམ་གླིང་གྲགས། །ཡི་དམ་རྗེ་བཙུན་སྒྲོལ་མའི་ཞབས། །མཁའ་འགྲོ་ཆོས་སྐྱོང་མ་ལུས་པ། །གཅིག་བསྡུས་པདྨ་ཉིན་བྱེད་ཞབས། །སྙིང་དབུས་བྱང་ཆུབ་བར་དུ་བཞུགས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། །མཁའ་མཉམ་འགྲོ་བ་འདྲེན་བྱིན་རློབས། །ལས་དཀར་རྣམ་སྨིན་དཀར་བ་ཡིས། །མི་ལུས་ཐོབ་ཅིང་ཆོས་དང་མཇལ། །འོན་ཀྱང་སྨོན་ལམ་ཁྱད་པར་གྱིས། །མཐའ་འཁོབ་བོན་གྱི་ཡུལ་དུ་སྐྱེས། །རིག་གནས་བསླབ་སྦྱང་མང་བྱས་ཀྱང་། །མཁས་པའི་རྩེར་སོན་བློ་མཐུ་མེད། །འཆད་རྩོད་མོས་ཀྱང་རྣམ་དཔྱོད་ཆུང་། །སྡོམ་གསུམ་ཡོངས་རྫོགས་ཞུས་ན་ཡང་། །ཕྲ་རགས་ཉེས་ལྟུང་ཆར་ལྟར་བབ། །བཤགས་སྡོམ་དག་ཀྱང་ཚད་མ་ཕྱིན། །སྒྲུབ་ལོ་སྒོམ་ལོ་མང་ན་ཡང་། །རྟགས་ཚད་མཐའ་རུ་མ་ཕྱིན་པས། །གདིང་ཁེལ་མྱོང་བ་མོ་གཤམ་བུ། །ཐོག་མེད་དུས་ནས་གོམས་གོམས་པའི། །ངན་རྟོག་དབྱར་ཁའི་ཆར་ལྟར་བརྡོལ། །ལག་ལེན་འབད་མེད་ངང་གིས་ཐེབས། །མི་དགེ་བཅུ་པོ་ཞར་ལ་འགྲུབ། །ཡོན་ཏན་རི་བོང་རྭ་ལས་དཀོན། །དམ་པ་མིན་པའི་སྤྱོད་ཡུལ་ཅན། །ཆོས་མིན་ཆོས་ལྟར་བཅོས་པའི་གསོབ། །སོ་སྐྱེ་བདག་འདྲའི་རྣམ་ཐར་ཡིན། །དེ་ལྟ་ན་ཡང་རྩ་གསུམ་མཐུས། །ཆུང་ནས་བློ་ཁ་དགེ་ལ་ཕྱོགས། །བོན་པོ་བསྐྱུར་ནས་ཆོས་སྒོར་ཞུགས། །དེང་སང་དགེ་སྦྱོང་ལྟ་སྤྱོད་ཀྱིས། །མ་ཚིམས་གནའ་བོའི་རྗེས་སུ་སྨོན། །རིས་མེད་བསྟན་བཅོས་དུ་མ་བལྟས། །མཁས་གྲུབ་རྣམ་ཐར་མང་པོ་མཇལ། །གྲགས་རྗེས་རྒྱུག་པའི་ཕྱོགས་ཞེན་གྱིས། །དཔེ་ཆ་མཐོང་ཡང་མི་བཟོད་པར། །བཟང་ངན་སྨྲ་བ་བླུན་པོའི་ལུགས། །ཤེས་ནས་གསར་རྙིང་ཕྱོགས་མེད་ཀྱི། །དགོངས་པའི་ཕུགས་ལ་བྲོ་བ་མྱོང་། །རྒྱལ་བསྟན་ཀུན་ལ་དག་སྣང་སྦྱངས། །ཆོས་སྤངས་ཁུར་དུ་ལྕི་སྙམ་མེད། །གྲོང་ཆོག་དབང་བསྐུར་སྒྲིག་འདོན་སོགས། །ཆོས་བརྒྱད་ཅན་གྱི་ཆོས་ལུགས་ལས། །སྤོང་ཀློག་ཁོ་ན་གཅེས་པར་གོ །རིག་གནས་བསླབ་བྱ་ཐམས་ཅད་ལས། །ནང་དོན་མདོ་རྒྱུད་ཁོ་ནར་དད། །བསྟན་བཅོས་ལས་ཀྱང་བཀའ་ལ་མོས། །ཟབ་མོའི་གདམས་ངག་དུ་མ་ཡང་། །བཀའ་ལ་མ་ཚང་མེད་པར་གོ །དྲང་དོན་ལས་ཀྱང་ངེས་དོན་དང་། །དེ་ལས་མཐར་ཐུག་དབུ་མར་མོས། །སྤྱོད་པ་ལས་ཀྱང་ལྟ་བར་དད། །རང་ལས་གཞན་དོན་གཅེས་པར་གོ །ཀློག་པ་ལས་ཀྱང་སྤོང་བར་དད། །ལུང་རིགས་ཤིན་ཏུ་མཁས་ལས་ཀྱང་། །སེམས་རྒྱུད་ཅུང་ཟད་ཐུལ་ན་དགའ། །མདོ་ལས་གསང་སྔགས་ཚུལ་ལ་དད། །དེ་ཡང་བླ་མེད་ལྟ་སྤྱོད་ནི། །ཐོས་མཐོང་ཙམ་གྱིས་བ་སྤུ་གཟིང་། །ཆོས་འགལ་གོ་འཕང་མཐོན་པོ་ལས། །ཉམ་ཆུང་ཁྱི་ལྟར་ཤི་ལ་སྨོན། །རྟག་ཏུ་ཕུག་སྟོང་གྲོག་སྟོང་དུ། །མཉམ་པར་བཞག་བཞིན་འཆི་ན་བསམ། །མདོ་སྔགས་ལྟ་སྤྱོད་ཟབ་མོ་རྣམས། །ཉམས་སུ་ལོན་པའི་སྐལ་མེད་ཀྱང་། །ཐེ་ཚོམ་འཁུ་འཕྲིག་སྤུ་ཙམ་མེད། །ཟབ་རྒྱས་ཆོས་ཚུལ་སྣ་ཚོགས་པ། །རང་གིས་ལག་ཏུ་མ་ཐེབས་ཀྱང་། །མི་དགོས་སྙམ་པའི་བློ་ངན་མེད། །རྒྱུད་ལུང་མན་ངག་རྒྱ་ཆེའི་དོན། །ཅིག་ཅར་སྒྲུབ་པར་ནུས་མིན་ཀྱང་། །མི་ནུས་བསྐྱུར་སྙམ་ཞུམ་པ་མེད། །དོན་རྣམས་ཅིག་ཅར་མ་གོ་ཡང་། །རིམ་གྱིས་གོ་རྟོགས་སྐྱེ་རུང་བའི། །བློ་གྲོས་ཡོད་ཕྱིར་སྤོང་བློ་མེད། །རྒྱལ་བའི་ཐབས་མཁས་གནད་རིག་པས། །འདི་བདེན་གཞན་ནི་གཏི་མུག་ཅེས། །རང་འདོད་སྤྱི་བརྟོལ་སྤོབས་པ་མེད། །རང་བློ་ལྐོག་ཏུ་མ་གྱུར་པས། །འཕགས་པ་མིན་པར་རང་ཡིད་ཆེས། །དེས་ན་སོ་སྐྱེའི་དབང་བྱས་ཚེ། །དེ་ཙམ་ཆོས་དང་མཐུན་པར་རློམས། །ཆོས་མཐུན་བྱ་བཏང་རི་ཁྲོད་དུ། །འགྲིམས་ནས་འཆི་ཁར་མི་འགྱོད་ཅིག །གཞན་གྱིས་མ་བསྐུལ་ཟློག་མེད་བློ། །ཆུང་ངུའི་དུས་ནས་ལྷན་སྐྱེས་ཡོད། །ཆོས་མིན་རྣམ་གཡེང་ཁོ་ནའི་ངང་། །ཉིན་མཚན་ཚེ་ཡི་གསེག་བདར་གྱིས། །ཚེ་སྲོག་མྱུར་དུ་བསྟུངས་པ་དང་། །མཐུན་གྲོགས་འཁོར་སློབ་སྐྱ་སེར་ཀུན། །ང་སྐྱོན་ཁྱོད་ལ་ཁྱོད་སྐྱོན་ང་། །སྙིགས་མའི་ཚུལ་གྱིས་ཞེ་ལྡོག་ཅིང་། །རང་ལ་ཆོས་ཀྱི་གོ་རྟོགས་སམ། །ཆོས་མཐུན་སྤྱོད་པ་ཟོལ་མེད་ནི། །སྣེ་གཅིག་ཙམ་མམ་ཉམས་རྟོགས་གདིང་། །ཅུང་ཟད་མེད་ཀྱང་གཤིན་གསོན་གྱི། །དཀོར་ནག་ཁོ་ན་ཟ་གྱོན་བྱེད། །ད་དུང་དབང་ལུང་ཁྲིད་ཀ་སོགས། །དམ་ཆོས་བཙོང་ནས་ཟང་ཟིང་སྒྲུབ། །གཞན་ཡང་རྒྱལ་བས་བདུད་ཀྱི་ལས། །རྣམ་པ་དུ་མར་གསུངས་པ་རྣམས། །ལག་ཏུ་འབད་མེད་ཐེབས་འདུག་པས། །རི་དྭགས་གལ་ལ་ཚུད་པ་ལྟར། །སྔངས་སྐྲག་འགྱོད་པས་གདུང་བའི་ཡིད། ཁྱོ་བོ་ཤི་བའི་ཡུགས་ས་ལྟར། །ཅི་བྱ་གང་དྲགས་སྙམ་པའི་ཚེ། །སྔོན་ལས་འཕྲལ་རྐྱེན་གྱིས་བསླངས་པའི། །བརྟག་དཀའི་བྲོ་ནད་ཚབ་པོ་ཆེས། །དོ་ནུབ་འཆི་འམ་ནངས་སྔ་ཞེས། །དབང་མེད་དང་ནི་མི་རྟག་དང་། །བག་ཡོད་སྐུལ་བའི་སློབ་དཔོན་བྱུང་། །གང་ཞིག་འཕུར་ལ་ཉེ་བའི་བྱ། །རླུང་གིས་མྱུར་དུ་བསྐྱོད་པ་ལྟར། །དབེན་ལ་འཕྲལ་དུ་སྦྱོར་བའི་ནད། །ཡི་དམ་བསྒྲུབས་པའི་མཆོག་མིན་ནམ། །ཞེས་སོ། །རང་གི་བསམ་པའི་ཞེ་ཕུགས་འདི་ལྟར་ཡིན་ཀྱང་ཕྱིས་ནས་གཞན་གྱི་རྐྱེན་དབང་ཁོ་ནར་ཤོར་ནས་རྣམ་གཡེང་ཇེ་འཕེལ་དུ་སོང་བས་བགྲང་བྱ་མཐོ་བཞིན་བློ་མི་བདེ་བར་གྱུར་པས་ད་ནི་མི་ཚེ་ཕྱི་མར་དེ་ལྟར་འགྱུར་བའི་སྨོན་ལམ་ཙམ་དུ་ཟད་དོ། །དཀོན་སྤྱིའི་དབང་སྔར་ནས་ལན་གྲངས་མང་དུ་ནོས་ཀྱང་བརྒྱུད་པའི་ཁྱད་པར་ལ་བསམ་ནས་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་དཀོན་སྤྱིའི་དབང་བསྐུར་ཞུས། ཡང་ཁྲོད་ཀྱི་མིང་ཡང་ཀུན་བཟང་བདེ་ཆེན་འོད་གསལ་གླིང་ཞེས་པ་གནང་། ཡང་ཁྲོད་དུ་ཕྱིན་སྐབས་གོས་ཧྲུལ་ཆ་ཚང་། ཇ་རྡུམ། ནས་ཞོ་ལྔ་ཙམ་ལས་ཅིའང་མེད་ཀྱང་གྲོགས་དན་ཞིག་དང་བཅས་ལྷ་བབས་དུས་ཆེན་གྱི་ཚེས་བཅོ་ལྔར་སྒྲུབ་པའི་དབུ་བརྩམ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་རིག་འཛིན་ཆེན་པོའི་ཁྲིད་ཡིག་ལྟར་རིམ་པར་བསགས། ཕྱག་དང་སྐྱབས་འགྲོ་སྦྲེལ་མར་འབུམ་ཐེར་གསོག་སྐབས་ནུབ་ཅིག་ཁ་བའི་གཡང་ས་ཤིན་ཏུ་གཟར་པོ་ཞིག་ནས་བྲུལ་ལ་ཉེ་བར་འདུག་པས་ཡ་ང་བའི་སྐབས་སྟེང་ཐོག་དེར་རིག་འཛིན་ཚེ་དབང་ནོར་བུ་བག་དྲོ་ཞིང་འཛུམ་མདངས་ལྡན་པ་ཞིག་བཞུགས་འདུག་པས་ཕྱག་གིས་འཐེན་ནས་ཤིན་ཏུ་བདེ་བའི་ཐང་དུ་ཕྱིན་པ་དང་། ནུབ་ཅིག་དམྱལ་བ་མནར་མེད་དུ་ཕྱིན་ནས་ཤིན་ཏུ་ཡ་ང་བ། གཞན་ལ་སྙིང་ནས་བརྩེ་བས་བཏང་ལེན་དམིགས་པ་བྱེད་བཞིན་རྨི་ལམ་ཡིན་པར་ཤེས་མ་ཐག་ཁང་བཟང་ཞིག་ཏུ་སླེབས་པ་དང་། ཡང་ཅིག་དབོན་རྒན་ཚང་ནས་ཕྱིན་དྲུག་གི་ཁྲུས་མཛད་པའི་ཚིག་མཇུག །ཚེ་འདས་བདག་གིས་ཁྲུས་གསོལ་ལོ་གསུངས་པས་ཚིག་དེ་མ་དག །སྐལ་ལྡན་བུ་ལ་ཁྲུས་བགྱི་འོ། །གསུང་དགོས་ཞུས་པས་ངོ་གནོང་བ་འདྲ་མོས་གཞན་ཞིག་ཏུ་ཕེབས་སོང་བ་རྗེས་བསྙེགས་པས་སླར་ཡང་ཟངས་གཞོང་ཞིག་ཏུ་ཁྲུས་ལེགས་པར་གནང་བ་རྨིས། དེ་ནས་མི་རིང་བར་རྗེ་ཉིད་ཞིང་ཁམས་ཕེབས་སོང་བས་ཁྲུས་ཚིག་དེའི་ལྟས་སུ་སྣང་། ནུབ་ཅིག་ཆུ་ཆེན་ཟམ་པ་ཅན་གྱི་ཕ་རི་ནས་མི་མང་པོ་ངན་འགྲོར་འགྲོ་བ་རེད་ཟེར་མཐུར་དུ་འགྲོ་འདུག །དེ་རྣམས་རང་གིས་འདྲེན་དགོས་པ་རེད་ཟེར་བས་ཚུ་རིའི་རི་རྩེ་ནས་རྡིལ་བུ་མང་པོ་ལ་མ་ཎི་དང་སིདྡྷི་སོགས་བཏབ་ནས་གཏོར་བས། མང་པོ་ཞིག་རང་གི་རྗེས་སུ་སླེབས་བྱུང་བ་ཁྲིད་ནས་ལུང་པ་ཕུའི་གནས་རི་ཞིག་ལ་འཛེགས་པས་བྲག་ཕུག་གོང་འོག་གཉིས་འདུག་པར་ཨོ་རྒྱན་ཡབ་ཡུམ་བཞུགས་སྐད། འོག་མའི་བུག་སྒོ་ནས་མཚོ་རྒྱལ་གྱི་ཞལ་རས་མཇལ་འདུག་པ་ལ་གུས་པས་བཏུད་ནས་དབང་ཞུས་པས་བྱིན་རླབས་ཁྱད་པར་ཅན་བསྩལ་བ་སོགས་རྨིས། ཉི་ལྡོག་སྐབས་ལོ་བསྟར་ཕུར་བསྙེན་ཞག་བདུན་དང་གཏོར་ཟློག་བྱས་པའི་ནུབ་མོ་གཅིག་ལྷ་ཁང་ཆེ་ལེགས་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དུ་མུན་ལྟ་བུས་ཅུང་ཟད་སྒྲིབ་པ། གཡས་གཡོན་རྣམས་སུ་ཁྲོ་བཅུ་ཤེལ་ལ་ཉི་ཟེར་ཕོག་པ་ལྟ་བུ་ཐོག་ཚད་གཉིས་གསུམ་ཙམ་པ་མཇལ་བའི་སྐབས་དེར། རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་ཤ་ཅུང་ཟད་རིད་པའི་ཉམས་ཅན་ཞིག་ཕེབས། ཕུར་པ་ཞིག་བདག་གི་མགོར་བཞག་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། ས་མ་ཡ་ཨཱ་ཝེ་ཤ་ཡ་སྟྭཾ། ཞེས་གསུངས། ཁྱོད་ནས་ཀྱང་སྔགས་ཤམ་འདི་བཏགས་ན་བྱིན་རླབས་མྱུར་བ་ཡིན་གསུངས་པ་རྨིས། རྗེ་བཙུན་མའི་བསྙེན་པ་ཞག་བདུན་ཁ་གསོ་བགྱིས་སྐབས། ཀློང་ཐང་སྒྲོལ་མར་སྲོང་བཙན་སྒམ་པོས་བཞེངས་པ་ཡིན་ཟེར་སྒྲོལ་དཀར་གསེར་སྐུ་མི་ཚད་ཙམ་མཇལ་བ་ལ་ཤིན་ཏུ་དད་པས་བཏུད་པར། དེ་ཉིད་རྗེ་བཙུན་མ་གཟི་མདངས་འབར་བ་མངོན་སུམ་དུ་གྱུར། མུན་ནང་ཞིག་ཏུ་ཁྲི་གདན་ཅུང་ཡོ་བ་ལ་བཞུགས་པ་རྨིས། སྔར་ནས་འཆི་ལྟས་མང་ཞིང་འདི་སྐོར་འཆི་ལྟས་མང་། བུད་མེད་མང་པོ་དང་ཚོགས་ཀྱི་འདུ་བ་ལ་སྤྱོད་པ་ཡང་ཡང་རྨིས་པ་ཕལ་ཆེར་སུན་མའི་ལྟས་སུའང་མངོན་པས་འཆི་བླུ་ཞིག་ཀྱང་བྱས། རྒྱལ་ཟླའི་ཉེར་དགུར་དབོན་རྒན་གློ་བུར་དུ་ཞི་བར་གཤེགས་འདུག་པས། ཆུ་ཡོས་ཟླ་བ་དང་པོའི་ནང་དགོངས་རྫོགས་སུ་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་ཞག་བདུན་བཏང་། འདི་སྐབས་མཆོད་འབུལ་སོགས་ནི་བརྡ་མཚོན་ལས་འབྱོར་པས་དབེན། སླར་སྐྱབས་རྗེའི་མདུན་ནས་བདུན་གཅིག་འདོན་རྟེན་གནང་བའང་བསྒྲུབས། སེམས་བསྐྱེད། རྡོར་སེམས། མཎྜལ་སོགས་ཀྱི་སྐབས་སུའང་གཞུང་མཐུན་གྱི་རྨི་ལམ་ཡང་ནས་ཡང་དུ་བྱུང་། བླ་མའི་རྣལ་འབྱོར་དང་ཚིག་བདུན་གསོལ་འདེབས་སྐབས་སུ་སེམས་དོན་བོགས་སྐྱེད་ཅུང་ཟད་ཐོན། འདི་སྐོར་སྔར་དབྱར་ངོ་གཉིས་ཙམ་དུ་ཐབས་ཤེས་ཁ་སྦྱོར་དང་གྲོ་ལོད་ཀྱི་སྤར་གྱི་མ་དཔེ་སོགས་ཞུ་དག་མང་པོ་ཞབས་ཕྱི་ཞུས་པའི་གཏང་རག་ཡིན་གསུང་སྐྱབས་རྗེའི་མདུན་ནས་མར་ཁལ་ལྔ་ཙམ་གནང་བ་དང་། འདི་སྐོར་ནས་ལོ་ཤས་བར་ཇ་སྦྲ་ཚང་ནས་ཆས་སྣའི་མཐུན་སྦྱོར་བགྱིས་པ་ལ་བརྟེན་འཚོ་བས་མ་ཕོངས་ཙམ་བྱུང་། བླ་བྲང་ཕོག་དང་གྲྭ་མང་དཀོར་སྐལ་སོགས་གནང་བར་འདུག་མོད་གཅིག་ཀྱང་མ་ཞུས་པས་འདི་ཕན་དཀོར་སྒྲིབ་ཆུང་བ་ཡོད། རང་ཡུལ་དུ་ས་གཡོས་སྐྱོན་གྱིས་ཁང་ནོར་ཐམས་ཅད་ཤུལ་མེད་བཏང་འདུག་པས་མ་རྒན་ཀྱང་ཕྱིར་སླེབས་བྱུང་བས་ཡིག་དྲུག་བཏོན་ནས་མཉམ་དུ་བསྡད། བླ་མའི་རྣལ་འབྱོར་སྐབས་ཡིན་སྙམ་ནུབ་ཅིག་ཆགས་མེད་མཆོག་སྤྲུལ་བསྟན་འཛིན་ཕྲིན་ལས་དེས་བཀའ་བརྒྱད་ཀྱི་དབང་ལུང་ཚང་བ་ཞིག་ཡུད་ཀྱིས་གནང་བའི་རྗེས། སྒྲུབ་ཁང་ལིང་རྩེ་དགུ་པ་ཞིག་ཏུ་ཕྱིན་པར་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་གཙོ་འཁོར་རྣམས་མངོན་སུམ་ལྟ་བུར་བཞུགས་པ་དང་། ཁྱད་པར་པདྨ་གསུང་གི་ལྷ་ཚོགས་བཀའ་སྲུང་དང་བཅས་པ་ཤིན་ཏུ་གསལ་བ་མཇལ་བར་རྨིས། ལོ་འདིའི་དབྱར་ཐོག་བླ་མ་ཀརྨ་ནོར་བུ་ཕེབས། ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་། ཉིད་ཀྱི་ཡིག་སྟེང་ནས་ཆོས་དྲུག་གི་བྱིན་རླབས་སོ་སོ། མགོན་པོ་བར་ཆད་ཀུན་སེལ་གྱི་བཀའ་རྣམས་དང་། ཆོས་དྲུག་ཁྲིད་རྒྱས་འབྲིང་བསྡུས་པ་ཁ་སྐོང་བཅས། ཕྱག་ཆེན་གྭའུ་མ་དང་། སྐྱེས་བུ་གསུམ་གྱི་ལམ་རིམ། བློ་སྦྱོང་དོན་བདུན་མའི་ཁྲིད་རྣམས་རྗེ་བཙུན་རིན་པོ་ཆེའི་ཡིག་སྟེང་ནས་ཞིབ་ཁྲིད་དུ་བསྩལ་བ་ཐོབ། ཉིད་ཀྱི་ཉམས་མྱོང་ཡང་ཐར་ཐོར་གསུངས། ཕྱིས་སུ་བླ་བྲང་དུ་ཞལ་མཇལ་བྱུང་བས་ཐུགས་དགྱེས་ཚོར་ཆེན་པོ་མཛད། ཉིད་ཀྱི་ཉམས་རྟོགས་འཁྲུངས་ཚུལ་རྒྱས་པར་གསུངས། ཉམས་ལེན་མ་འཆུགས་དང་ངེད་རང་རྣམས་མཁའ་སྤྱོད་ཞིང་དུ་ལྷན་ཅིག་འཚོགས་འོང་གསུངས། དེ་རྒྱབ་སྐུ་གཤེགས་པས་མཇལ་མ་ཐུབ་པ་ལ་དགོངས་འདུག །ཟླ་བ་བརྒྱད་པའི་ནང་རྗེ་བཙུན་བླ་མ་དམ་པ་ཀརྨ་འོད་གསལ་འགྱུར་མེད་ཞལ་སྔ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་སྐོར་གྱི་དབང་ལུང་གནང་རྒྱུ་མཛད་འདུག་པར་གླིང་སྟོད་དུ་ཕྱིན། ཟླ་སྤྲུལ་རིན་པོ་ཆེ་སོགས་འདུས་པ་བཅུ་སྐོར་ལ་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཀའ་འབུམ་དུ་གང་བཞུགས་ཕལ་མོ་ཆེའི་དབང་དང་ལུང་པོ་ཏི་ལྔ་དྲུག་བཅས་ཟླ་བ་གསུམ་ཙམ་ལ་གནང་། འདི་སྐབས་རྨི་ལམ་ཡ་མཚན་འགའ་ཞིག་དང་བྱིན་རླབས་ཀྱི་བབ་ཆེན་པོ་བྱུང་། དེ་མཚམས་ཡང་ཁྲོད་དུ་སླར་ཕྱིན་ནས་ཉི་ལྡོག་སྐབས་ཕུར་བསྙེན་བགྱིས་པའི་ནུབ་ཅིག་ལྷ་ཁང་རྒྱ་གར་ལུགས་ཁྱམས་ལ་སོ་ཕག་གི་གཅལ་བཀྲམ་པའི་ལོགས་སུ་ཁ་ཆེ་པཎ་ཆེན་གྱི་ཤངས་མཚལ་ལས་པཎ་ཆེན་ཉིད་ཀྱིས་ཕྱག་བྲིས་མཛད་པ་རེད་ཟེར་བའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་བརྙན་བལ་བྲིས་ལྟ་བུ། གཡས་གཡོན་སྙིང་པོས་བཀང་བ་ལ་མཇལ་བས་གཟི་བརྗིད་ཇེ་ཆེར་སོང་ནས་མཐར་བལྟ་བར་མི་བཟོད་པ་ཞིག་རྨིས། གཏོར་ཟློག་སོགས་གྲུབ་པའི་ཕྱིར་ནངས་ཐོ་རངས་ཉམས་ཀྱི་སྣང་བར། བྲག་ཕུག་ཡངས་པ་ཞིག་གི་སྒོ་ནས་ནམ་མཁར་བལྟས་པས་སྤྲིན་ལས་གྲུབ་པ་ལྟ་བུའི་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་མདུན་དུ་ཕུར་སྲུང་རེ་ཏི་དྲེལ་ཞོན་མ་ཆེས་གསལ་བ་ཞིག་མཇལ་ནས་སད། དེའི་ཕྱིར་ཉིན་རྗེ་པདྨའི་ཞབས་ཀྱི་ཕྱག་བྲིས་བསྩལ་བར། ཀུན་བདེ་གླིང་གི་ནགས་ཁྲོད་ན། །ཀུན་མཁྱེན་གྲུབ་དབང་དབེན་གསུམ་ལ། །མངའ་བརྙེས་གང་ཁྱོད་བདུད་བཞི་ཡི། །གཡུལ་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་སོགས་ཟོལ་བསྟོད་འགའ་ཞིག་ཀྱང་ཕེབས་པས་བྱིན་རླབས་ཀྱི་བབ་ཆེན་པོ་དང་ལྡན་པར་སྣང་། དེ་མཚམས་དཀོན་མཆོག་སྤྱི་འདུས་ཀྱི་ཕྱི་སྒྲུབ་ཚུགས་སྐབས་ནུབ་ཅིག་ཀུན་མཁྱེན་དོལ་པོ་སངས་རྒྱས་མཇལ་བ་ལ་དད་པས་བཏུད་དེ་བྱིན་རླབས་བསྩལ་བ་དང་། སྡིག་པ་དག་ལྟས་སོགས་མང་དུ་བྱུང་། ཤིང་འབྲུག་གསར་ཚེས་ནས་ཟླ་བ་དྲུག་པའི་བར་ནང་སྒྲུབ་ལ་རྩེ་གཅིག་ཏུ་བརྩོན་སྐབས་སྔ་རྗེས་རྨིས་ལྟས་བྱུང་བ་ནི། ཐོ་རངས་ཉི་ཟླ་གཉིས་དུས་གཅིག་ཏུ་ཤར་བྱུང་བས་པད་ཞྭ་དང་གོས་བཟང་ཞིག་གྱོན། ཁང་སྟེང་ནས་གྱེན་དུ་ཕྱིན་པ་རྡོ་རྗེ་འཆང་པདྨ་ཉིན་བྱེད་འཚོགས་དབུས་ཤིག་ཏུ་བཞུགས་འདུག་པ་ལ་ཕྱག་བྱས་ནས་སྐུའི་གཡོན་དུ་བསྡད་པས་ཉིད་ཀྱི་ཕྱག་ཕྲེང་རཀྴའི་ཕྲེང་བ་བསྩལ། བརྡའི་ལུང་བསྟན་འགའ་དང་ལེགས་སོའི་དབུགས་དབྱུང་བསྩལ་བ་རྨིས། ནུབ་ཅིག་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་ཤ་རྒྱས་ཤིང་སྐུ་མདངས་དམར་བ་བོངས་ཐུང་ལ་གཟི་བརྗིད་ཆེ་བ་ཞིག་ཕེབ་བྱུང་བར། འདི་ནི་གྲུབ་པ་བརྙེས་པ་ཡིན་པས་ཡེ་ཤེས་འཕོ་བའི་དབང་བསྐུར་ཞུ་དགོས་སྙམ་ནས་ཞུས་པས་ཕྱག་གཉིས་མགོ་ལ་བཞག་ནས་བྱིན་རླབས་ཤིག་གནང་། ད་དུང་ཁོང་གཙང་ལ་བཞུགས་ཡོད་པས་རིམ་པར་འགྲུལ་བྱེད་ཆོག་གསུངས་ནས་ཕེབས་སོང་བ་དང་། ལན་གཅིག་ཀཿཐོག་པ་བྱམས་པ་འབུམ་པ་སྐུ་བོངས་ཐུང་ལ་སྐུ་ཤ་རྒྱས་པ་ཞིག་ཕེབས་བྱུང་བ་རང་ལ་ཐུབ་སྐུ་ལོངས་སྤྱོད་རྫོགས་པ་ཞིག་འདུག་པ་དང་སྲུང་བ་སོགས་ལ་རབ་གནས་ཞུས་པ་དང་། ནུབ་ཅིག་སྡོད་གནས་ཀྱི་ཁང་སྟེང་དེ་ནས་བལྟས་པས་ཤར་གྱི་རི་ལྟོང་གི་དབུས་སུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་ཕྱག་ས་གནོན། གཡས་སུ་སྤྱན་སྔ་ཆོས་གྲགས་ཕྱག་མཉམ་གཞག །གཡོན་དུ་བསྟན་པའི་ཉིན་བྱེད་ཕྱག་ཆོས་འཆད་ཅན། སྐུ་ཆས་དབུ་ཞྭ་སོགས་དཀྱུས་ལྟར་ལ་སྐུ་ཚད་རི་བོ་ཆུང་ངུ་ཙམ་རེ་ཡོད་པ་མཇལ་བ་དང་། ལན་གཅིག་བཱ་སུ་མི་ཏྲ་དང་ཙཱནྡྲ་གོ་མཱི་སོགས་ཡིན་ཟེར་རྒྱ་གར་གྱི་པཎ་ཆེན་མང་པོ་ཚོགས་པ་ཞིག་མཇལ་བ་དང་། ལན་གཅིག་ཁང་ཆུང་ཞིག་གི་ནང་དམ་པ་རྒྱ་གར་བལ་ཐུལ་གསོལ་ནས་བཞུགས་འདུག་པ་ལ་གུས་པས་བཏུད་དེ་མཎྜལ་གྲངས་མང་བ་ཞིག་ཕུལ་བ་དང་། ལན་གཅིག་ཏཱ་ར་ནཱ་ཐའི་རྟེན་གཏོར་རྙིང་པ་བརྗེ་བ་རེད་ཟེར་འབྲུག་སྐད་ཤིན་ཏུ་ཆེན་པོ་ལྡིར་འདུག་པས་ཕྱི་རོལ་གྱི་ནམ་མཁར་བལྟས་པ་ན། སྤྲིན་དཀར་གྱི་དབུས་ན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་གསལ་བར་བཞུགས་འདུག་པ་དང་། ལན་གཅིག་ལྷ་ཁང་ཞིག་ཏུ་གྲུབ་ཆེན་ཀརྨ་པཀྴི་བཞུགས་འདུག་པ་ལ་བྱིན་རླབས་ཞུས་པ་དང་། རེས་ཤིག་ལུང་རོང་དོག་པོ་ཞིག་ཏུ་མ་མགོན་གཉིས་བྱ་རོག་གདོང་དང་གསུམ་པོ་མི་ནག་བེར་ནག་གྱོན་ཅིང་རྟ་ནག་འཆིབས་པ་གསུམ་དང་པོ་གཟུགས་བརྙན་ལ་ཕྱིས་ནས་མངོན་སུམ་གྱུར་ཏེ་རྒྱུག་ཅིང་རྣམ་འགྱུར་སྟོན་པ་དང་། ལན་གཅིག་འཕུར་ཏེ་ཕྱིན་པས་བྲག་རི་ཤིན་ཏུ་ཆེ་བ་ཞིག་གི་ངོས་སུ་སྐུ་བརྙན་མང་པོ་རང་བྱོན་ལྟར་འདུག་པའི་དབུས་སུ་འཇའ་ཚོན་སྙིང་པོའི་སྐུ་བརྙན་དངོས་ལྟ་བུ་ཞིག་འདུག་པ་ལ་ཡན་ལག་བདུན་པ་ཞིག་ཕུལ་བ་དང་། ཐོ་རངས་ཤིག་གི་གསལ་སྣང་དུ་རང་སྡོད་པའི་གྲ་མལ་དེ་ནས་ཡར་བལྟས་པས་རྒྱབ་རི་དེ་རྩེ་མོ་གསུམ་དུ་གྱུར་པའི་དབུས་མ་དེར་བླ་མ་མཚོ་སྐྱེས་རྡོ་རྗེ་ཡུམ་དཀར་མོ་ལ་འཁྱུད་པ། གཡས་ཀྱི་རི་རྩེར་རྟ་ཕག་ཡབ་ཡུམ། གཡོན་གྱི་རི་རྩེར་ཛཾ་བྷ་ལ་སེར་པོ་འདྲ་བ་ཞིག །མདུན་ངོས་དེར་ལྷའི་ནོར་བུ་ཆ་བརྒྱད་བཅས་ཤིན་ཏུ་གསལ་བ་ཡུན་ཞིག་མཐོང་ནས་སད། ལན་གཅིག་ལྷ་ཁང་ཞིག་གི་ཁྲི་དབུས་མར་རྒྱལ་དབང་ཡེ་ཤེས་རྡོ་རྗེ་ཞལ་རས་ཟླུམ་ལ་སྤྱན་རྩ་དམར་ཞིང་སྐུ་བོངས་ཆུང་པ་ཞྭ་ནག་བཞེས་པ་དང་། གཡོན་དུ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་དམར་སེར་མཐོང་གྲོལ་གསོལ་བ་དང་། གཡས་སུ་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་ཁྲིའུ་ཞིག་ལ་བྱམས་བཞུགས་མཛད་པའི་ཉེ་སྐོར་དུ་ཤོག་སེར་གྱི་གླེགས་བམ་མང་པོ་འདུག་པ་ནས་བདག་ལའང་རྒྱུད་ཀྱི་རྒྱ་དཔེ་ཞིག་བསྩལ་བ་དང་། ལན་གཅིག་ལྗོངས་ཀྱི་ངོས་ལྟ་བུ་ཞིག་གི་གཡས་ངོས་སུ་སངས་རྒྱས་མཉན་པ་གྲུབ་ཆེན་དེས་བམ་རོ་ཞིག་གི་ཁོག་པ་ཁ་ཕྱེས་ནས་ཙིཏྟ་ཕྱུངས་ཏེ་ཕྱག་ཏུ་བསྣམས། གཡོན་དུ་རྒྱལ་ཚབ་གྲགས་པ་དོན་གྲུབ་མཉམ་གཞག་གིས་བཞུགས། དབུས་སུ་རྒྱལ་དབང་ཆོས་དབྱིངས་རྡོ་རྗེས་ལྟ་སྟངས་ནམ་མཁར་གཏད་ནས་ཕྱག་གི་སྡིགས་མཛུབ་ཀུན་ཏུ་གཏད་དེ་ཕོ་ཉའི་འདུ་བ་ཞིག་ཡོད་ཤོམས། བྱིན་རླབས་ཀྱི་ཟིལ་དང་བཅས་པ་ཞིག་རྨིས། འདི་སྐོར་བླ་མ་དགོངས་འདུས་ཁྲིད་ཆེན་བཞི་པོ་དེའི་ཁྲིད་རྒྱུན་ཚད་མ་ཞིག་རེ་བ་ཆེ་བའི་སེམས་རྨིས་ལྟ་བུར། རྗེ་པདྨ་ཉིན་བྱེད་ཤིན་ཏུ་དགྱེས་པས་ཁྲིད་རྒྱུན་ཡོད་ཚུལ་གྱི་དབུགས་དབྱུང་བསྩལ། ཁྲིར་བཞུགས་པའི་རྡོ་རྗེ་མཁའ་འགྲོ་དང་། སིཾ་ཧ་མུ་ཁ་ཞལ་གསུམ་ཕྱག་དྲུག་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་བྱིན་རླབས་རྩོལ་མེད་དུ་བསྩལ་བ་དང་། ལན་གཅིག་ནམ་མཁའི་སྐས་ལ་འཛེགས་ནས་འདི་ས་ཐོབ་པའི་རྟགས་ཡིན་སྨྲས་པ་སོགས་རྨིས། ཟླ་བ་བདུན་པའི་ཚེས་བཅུའི་ཚོགས་མཆོད་སྐབས་སུ་གུ་རུ་རིན་པོ་ཆེའི་ཞལ་རབ་རིབ་མཇལ་བར་བྱེད་པ་སྙམ། ཁྱད་པར་ནང་སྒྲུབ་ཕྱེད་ཙམ་གྲུབ་སྐབས་ཤིག་རྩེ་ལེ་རིན་པོ་ཆེའི་གསུང་ཞིག་གིས་རྐྱེན་བྱས་ནས། ཐ་མལ་གྱི་ཤེས་པ་བློ་འདས་ལ་བློ་ཡིས་བཟོ་བཅོས་དགག་སྒྲུབ་གང་ཡང་མ་དགོས་པར་མ་བཅོས་རང་གར་བཞག་པ་ཉིད་གནས་ལུགས་སུ་ངོ་འཕྲོད་པ། གོ་བ་ཙམ་མིན་པའི་གཏིང་ནས་ངེས་པ་རྙེད་པ་དང་། སྔར་སྒོམ་ལོ་བྱས་པ་དང་མི་རྟོག་པའི་ངང་དུ་བཞག་པ་ཐམས་ཅད་བློས་བྱས་ལས་མ་འདས་པས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ལྟ་བ་ལ་ཕྱོགས་ཙམ་ཡིད་ཆེས་པ་དང་། སེམས་ངོ་བསྐྱང་དུས་བསྐྱེད་རིམ་མི་གསལ། བསྐྱེད་རིམ་གསལ་དུས་སེམས་ངོ་མེད་འགྲོ་བ་ཞིག་ཡོད་པ་དེའང་ལྷར་སྣང་སེམས། སེམས་སྟོང་པ། སྣང་སྟོང་ཟུང་འཇུག་ཏུ་ཡིད་ཆེས་ནས་གསལ་སྣང་གི་དྲན་འཛིན་དེ་ཀ་ཆོས་ཉིད་དུ་ཤར་བས་ལོགས་སུ་ཚོལ་མི་དགོས་པ་བྱུང་ཡང་། ད་རུང་འདུ་བྱེད་ཀྱི་དྲན་པ་ཆོས་ཉིད་ཀྱི་དྲན་པར་གནས་འགྱུར་མ་ཐུབ་པས་རིམ་པར་གཡེང་བ་ཆེ་སྐབས་ཡེངས་འཁྲུལ་གྱི་དབང་དུ་ཤོར་ནས་ཞེ་བློ་མི་བདེ་བ་བྱུང་། ནང་སྒྲུབ་ཁ་སྐོང་བཅས་གྲུབ་སྐབས་སྐྱབས་རྗེའི་མདུན་ནས་བསྟན་པ་སྤྱིའི་རིམ་གྲོར་ཕུར་ཁང་དུ་དབལ་མདོས་བཅའ་སྒྲུབ་ཀྱི་ཆེད་དུ་ཕྱིན་ནས་ཟླ་བ་བརྒྱད་པའི་སྟོད་ལ་བཅའ་གཞི་བསྒྲིགས། སྨད་ལ་ཟླ་བཟང་སྤྲུལ་པའི་སྐུ་སོགས་བསྙེན་སོང་རྣམས་ཀྱིས་གཙོར་བྱས། འདུས་པ་བཅོ་ལྔ་སྐོར་གྱིས་བསྙེན་སྒྲུབ་ཞག་བདུན། དབལ་མདོས་ཞག་བདུན་བཅས་ལེགས་པར་གྲུབ་ནས་ཡར་ཕྱིན། སྔ་འཕྲོས་དཀོན་སྤྱི་གསང་སྒྲུབ་དྲག་པོ། ཡང་གསང་མཁའ་འགྲོ། ཚེ་སྒྲུབ་རྣམས་རིམ་པར་བྱས། མཐར་ལས་བཞིའི་སྦྱིན་སྲེག་ཉིན་བཞི་བཅས་ལོ་བསྟར་ཕུར་ཟློག་སོགས་བགྱིས། ཤིང་སྦྲུལ་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་སྐབས་རྒྱལ་བའི་རིང་བསྲེལ་འོད་འབར་དུ་མ་རྙེད་པ་སོགས་ལྟས་རབ་ཏུ་དགེ། ཟླ་བ་གཉིས་པའི་ནང་ཟུར་མང་གར་དབང་སྤྲུལ་པའི་སྐུ་ལས་ཟླ་བཟང་སྤྲུལ་པའི་སྐུས་བཀའ་བརྒྱད་བདེ་འདུས་དབང་ལུང་གསན་པ་ལ་ཕྲན་ཡང་ཤོག་གསུངས་པ་ལྟར་ཕྱིན་ནས་དབང་ལུང་ཡོངས་རྫོགས་ནོས། མགྲོན་གཉེར་བཀྲ་ཤིས་ཆོས་འཕེལ་དང་དགོན་གྲྭ་རིག་འཛིན་གཉིས་ནས་དངུལ་རྡིལ་ཚད་རེ་རེའི་རྒྱུ་རྩ་ཕྱུང་ནས་སྒྲུབ་ཆེན་སྨན་སྒྲུབ་བཅས་འཛུགས་རྒྱུའི་ཀླད་གཟིགས་ཟླ་སྤྲུལ་ནས་མཛད། ངེད་རང་དབང་ལུང་གྲུབ་འཕྲལ་ཡར་ཕྱིན་ནས་བདེར་འདུས་ཞི་དྲག་གཉིས་ཀྱི་བསྙེན་པ་ཟླ་གཅིག་ལྷག་ཙམ་བཏང་། ཟླ་བ་གསུམ་པའི་ནང་སྒྲུབ་ཁང་དུ་རྡོར་སློབ་ཟླ་བཟང་རིན་པོ་ཆེ་སོགས་དབོན་སློབ་སུམ་ཅུ་སོ་བགྲང་གིས་སྒྲུབ་ཆེན་སྨན་སྒྲུབ་བཅས་ཞག་བཅུ་དྲུག་གི་ཁོངས་སུ་གྲུབ་པར་བགྱིས། དེ་གྲུབ་ནས་རང་གནས་སུ་འཁོད་ནས་རྒྱལ་རྒྱམ་ལྷ་དགུའི་ཕྱི་སྒྲུབ་ཀྱི་དབུ་བཟུང་། ས་ག་ཟླ་བའི་ཚེས་བརྒྱད་ལ་སྨྱུང་གནས་ཆ་གཅིག་བྱས་པའི་སྔ་ནུབ་སྤྱན་རས་གཟིགས་ཁ་སཱརྤཱ་ཎི་ཆེ་ཆུང་གསུམ་ཡད་ཡུད་དུ་མཇལ་བ་དང་། དངོས་གཞིའི་ནུབ་ཁ་སཱརྤཱ་ཎིའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བར་སྣང་ཁམས་སུ་སླེབས་པ་ཞིག་མཇལ་བ་རྨིས། ཟླ་བ་ལྔ་པའི་ནང་དབོན་སྤྲུལ་ཐུགས་བཞེད་ལྟར་བླ་བྲང་དུ་ཕྱིན་ནས་གསོ་རིག་བཤད་རྒྱུད་ཞིབ་ཁྲིད་དང་། གནད་ཆེན་འགའ་ཞིག་འཐོར་ཁྲིད་ཞུས། ཞར་བྱུང་ཟླ་བ་དྲུག་པའི་ནང་ཚེས་བཅུའི་འཚོགས་ལ་ཕྱིན་པའི་ཉིན་ཅིག་ཉམས་ཀྱི་སྣང་བར་དང་པོ་ཐང་ཀའི་རི་མོ་ལྟ་བུ་སླར་མངོན་སུམ་དུ་གྱུར་པའི་ཨོ་རྒྱན་རིན་པོ་ཆེ་སྐུ་ཆས་བེར་ཕོད་སོགས་ལྗང་གུ། ཕྱག་གཡས་ཕུར་པ་དང་རྡོ་རྗེ་གདེངས་པ། གཡོན་པ་སོགས་སྤྱི་འགྲེ་ཅན་ཞིག་ཆེས་གསལ་བར་མཇལ། འཚོགས་འདོན་འདི་རིགས་ལ་བྱིན་རླབས་ཀྱི་བབས་ཆེ་བ་རེ་སྣང་ཡང་ཕྱིས་ནས་རྙིང་མའི་སྒྲུབ་ཆེན་མང་པོ་ཚུགས་ནས་བཟུང་དམ་སེལ་གྱི་གྲིབ་ཀྱང་ཇེ་ཆེར་སོང་འདུག །དེ་མཚམས་ཡང་ཁྲོད་དུ་ཕྱིན་ནས་སྔ་འཕྲོས་རྒྱལ་རྒྱམ་ཕྱི་སྒྲུབ་བྱས། ཟླ་བ་བདུན་པའི་གནམ་སྟོང་ནུབ་ཁང་བཟང་རྒྱ་ཁྱོན་བསམ་ལས་འདས་པའི་ནང་དུ་མཎྜལ་ལྟ་བུའི་ཐེམ་མཐོ་བ་མང་པོ་བསྒྲིགས་པའི་ཁོར་ཡུག་རྣམས་སུ་ངན་སོང་གི་མཚོ་ཡིན་ཟེར་བའི་ཁྲག་མཚོ་འཁྲུགས་པའི་འགྲམ་ན་དམྱལ་སྲུང་སྟག་མགོ་ཅན་ལ་སོགས་པས་སྲུང་འདུག །ཕུག་ལོགས་སུ་འོད་དཔག་མེད་དམ་བྱམས་མགོན་གང་ཡིན་མི་འབྱེད་པའི་དེ་བཞིན་གཤེགས་པ་འཁོར་དུ་མ་དང་བཅས་ཏེ་བཞུགས་འདུག །སྒོ་མདུན་ནས་མི་མང་པོ་ཐེམ་པ་དེ་རྣམས་བགྲོད་ནས་སངས་རྒྱས་ཀྱི་མདུན་དུ་འགྲོ་དགོས་འདུག་ཀྱང་མི་ཐར་བ་ལ། བླ་མ་ཞིག་གིས་བརྡ་སྤྲད་ནས་དེ་བཞིན་གཤེགས་པ་སྨན་གྱི་བླ་ལ་ཕྱག་འཚལ་བཞིན་ཕྱིན་ན་སངས་རྒྱས་ཀྱི་མདུན་དུ་ཕྱིན་པར་འགྱུར་ཅེས་གསུང་འདུག་ཀྱང་། མི་དེ་རྣམས་ལ་ལས་ནི་མཚན་བརྗོད་མི་ཤེས། ལ་ལས་ཤེས་ཀྱང་གུས་པ་གཏིང་ནས་མ་སྐྱེས་པས་རེད་ཟེར། ཕལ་ཆེ་བ་ཐེམ་གཅིག་ནས་གཅིག་ཏུ་བགྲོད་མ་ཐུབ་བར་བར་ལམ་དེར་མགོ་བརྙན་ཅན་རྣམས་ཀྱིས་མཚོ་ནང་དེར་དྲངས་སོང་། བདག་ནི་ཅི་བྱས་རང་དབང་ཆེ་བ་འདྲ་ཞིག་འདུག་པས་འཕུར་ནས་ཕྱིན་ནའང་ཆོག་འདུག་ཀྱང་སངས་རྒྱས་ཀྱི་ཆེ་བ་ཡིན་སྙམ་སྨན་བླ་མཆེད་བརྒྱད་ཀྱི་མཚན་དང་ཕྱག་རེ་རེ་བྱས་ནས་རྡོ་ཐེམ་བརྒྱད་བགྲོད་པ་དང་། དེ་བཞིན་གཤེགས་པ་དེའི་ཕྱག་གཡས་པ་མགོ་ལ་བཞག་ནས། ཁྱོད་མ་འོངས་པའི་བསྐལ་པ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་རྫོགས་པར་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པའི་མཐར་གཉིད་ལས་སད། དེ་རྗེས་ནུབ་ཅིག་སྤང་ལྗོངས་མེ་ཏོག་བཀྲ་བའི་རིའི་སྒང་ཞིག་ལ་ས་ལམ་གྱི་རྣམ་གཞག་ཐམས་ཅད་གྱེན་དུ་བརྩི་ཆོག་པ་ཞིག་འདུག་པ། མི་ཞིག་གིས་བརྡ་སྤྲད་དེ་འཇིག་རྟེན་ཕལ་པ་ལས་ལྷ་རྣམས་ཀྱི་དབང་པོ་རྣམས་དང་། དེ་ལས་རབ་བྱུང་། དེ་ལས་ཀྱང་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་འཕགས་པ་རྣམས་ཇེ་དྲག །ཐམས་ཅད་ལས་མཽའུ་འགལ་བུ། དེ་ལས་ཤཱ་རིའི་བུ་རྣམ་པ་དུ་མས་འཕགས་ཚུལ་དེའང་བདེན་བཞིའི་དོན་རྟོགས་ལུགས་རགས་པ་དང་ཕྲ་ཞིབ་ཀྱི་ཁྱད་པར་ལས་བྱུང་ཚུལ་སོགས་མང་དུ་བཤད་པར་རྨིས། ནུབ་ཅིག་འཆི་རན་པའི་རྣམ་རྟོག་འདུག་པས་ལྷོ་ནུབ་ལ་ཁ་གཏད་ཟངས་མདོག་དཔལ་རིར་འགྲོ་སྙམ་འཕུར་ནས་ཕྱིན་པའི་ལམ་ཕྱེད་ཙམ་བརྒལ་ཡོད་སྙམ་པ་ན། རི་ཤིན་ཏུ་མཐོ་བའི་སྤང་ལྗོངས་ཤིག་གི་ངོས་སུ་ཨོ་རྒྱན་ཡབ་ཡུམ་གཉིས། བི་མ་ལ་བཅས་གསུམ་གཟི་བརྗིད་དང་ལྡན་པར་བཞུགས་འདུག་པ་མཐོང་ནས་ས་ལ་བབས་ཏེ་བསྐོར་བ་དང་། ཕྱག་བྱས། མགོ་བོས་བཏུད་ནས་ད་རུང་དོན་འགའ་ཞིག་བསྒྲུབ་རྒྱུ་ཡོད་པས་རེ་ཞིག་རྔ་ཡབ་གླིང་དུ་འོང་མི་དགོས་པའི་དགོངས་ཁྲོལ་འདྲ་ཞིག་ཞུ་འདུག་པ། བསླབ་བྱ་འདྲ་བ་མང་དུ་གསུངས་ཀྱང་ཡིད་ལ་མ་ཟིན། རེ་ཞིག་རང་མལ་དུ་སོང་། འཕྲལ་མགྱོགས་མ་འོང་ན་མི་འཐུས་ཚུལ་གྱི་བཀའ་གནང་མཚམས་སླར་ལྡོག་སྟེ་འཕུར་ནས་འོངས་པས་བླ་མའི་གདན་ས་ཁྲ་ལམ་གྱི་མཇལ་སྙམ་བྱེད་པ་ན་གཉིད་སད། ལན་གཅིག་ཁང་བཟང་བཀོད་ལེགས་པའི་ཁྱམས་ཀྱི་དབུས་སུ་གཏེར་བདག་གླིང་པ་ཞལ་དང་སྐུ་ཆས་སོགས་འདྲ་ཞལ་ཇི་ལྟ་བ། སྐུ་བོངས་ཆེ་ཞིང་བརྗིད་ཆགས་པར་བཞུགས་འདུག་པ་ལ་ཤིན་ཏུ་དད་པས་སྐུ་ལས་ཏིང་ངེ་འཛིན་གྱི་དབང་བཞི་བླང་། དབང་ལུང་འགའ་ཞིག་གནང་ཐུབ་ཞུས་པར། ཁྱོད་རང་སྨིན་གྲོལ་གླིང་དུ་ཤོག་དང་ང་རང་ཡང་དེར་སྡོད་ཡོད་པས་དབང་ལུང་སོགས་གང་དགོས་ཐམས་ཅད་ཞིབ་ཆ་བྱེད་དོ་གསུངས། རང་ཡང་ཁོང་གི་གདུང་རྒྱུད་ཡིན་སྙམ་བྱེད་པའི་ངང་དུ་སད། ཡང་ལན་གཅིག་ཁང་པ་ཞིག་གི་ནང་། གྲལ་མགོར་རྗེ་བླ་མ་ཀརྨ་འོད་གསལ་འགྱུར་མེད་ཆོས་གོས་རྣམ་གསུམ་གསོལ་ནས་བཞུགས། དེ་འོག་མི་མང་པོ་གྲལ་དུ་འཁོད་པ་ལ། བདག་གིས་ཤིན་ཏུ་གུས་པས་ཞལ་ལ་བལྟ་ཞིང་ཏིང་ངེ་འཛིན་གྱི་དབང་བཞི་བླངས། མི་ཆེན་ཞིག་གིས་ལྷ་བླ་མས་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་པའི་ལོ་རྒྱུས་གནད་དོན་ངོ་མཚར་ཞིང་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་བཤད་ནས་མཆོད་པ་མང་དུ་ཕུལ་སོང་བས། བླ་མ་ཉིད་དཔལ་ལྡན་ཨ་ཏི་ཤར་མངོན་སུམ་དུ་གྱུར་པ་རྨིས། ཚེས་བཅོ་ལྔ་ཞིག་ལ་ངོ་བོ་ཡེ་ཤེས་ཀྱི་ཌཱ་ཀི །རྣམ་པ་ཤ་ཟ་མཁའ་འགྲོ་མི་མོའི་གཟུགས་ཅན་ཞིག་གིས་འཕོ་མེད་ཀྱི་བདེ་ཆེན་སྟེར་བའང་བྱུང་། ཟླ་བ་དགུ་པའི་ནང་ཟླ་སྤྲུལ་ནས་དགོངས་འདུས་རྒྱུད་དགུ་སྒྲུབ་པར་མཛད་པའི་ཆོག་གྲོགས་སུ་ཕྱིན་ནས་ཞག་མང་དུ་སྒྲུབ་པའི་ནུབ་ཅིག །ཟླ་བ་འོད་ཟེར་ཆུང་ངུ་ཞིག་ལྷོ་རུ་ཐལ་བ་རྨིས་པ་དང་རྨི་ལམ་ཡིན་པར་ཤེས་ནས་ཁྱུང་དུ་སྤྲུལ་ཏེ་ཤར་ཕྱོགས་སུ་འཕུར་བ་ན། ནམ་མཁའ་ནས་མངོན་དགའི་ཞིང་དུ་སོང་དང་ནད་སེལ་འཆི་མེད་ཀྱི་སྨན་ཆུ་བཏུང་རྒྱུ་ཡོད། ཅེས་པའི་སྒྲ་ཞིག་གྲགས་པས་འཕུར་ནས་ཕྱིན། ལ་མཐོན་པོ་ཞིག་གི་བརྒལ་མཚམས་མངོན་དགའི་ཞིང་ཡིན་ཟེར་བའི་ཡུལ་ཡིད་དུ་འོང་བ་ཁང་བཟང་ཁྲ་ཆོབ་བེ་བ་ཞིག་མཐོང་། སྨད་ཆ་དེར་བདག་བབས་ནས་རྫིང་བུ་ཞིག་འདུག་པ་སྔར་གྱི་སྨན་ཆུ་ཡིན་རྩིས་ཀྱིས་ཧུབ་ཅིག་འཐུང་། ཁང་བཟང་ཞིག་གི་ནང་དུ་ཕྱིན་པས་སངས་རྒྱས་སྔོན་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞིག་བཞུགས་འདུག་པ་མི་འཁྲུགས་པ་ཡིན་སྙམ་ནས་གུས་པས་བཏུད་དེ་བདག་དང་སེམས་ཅན་ཐམས་ཅད་ངན་སོང་དུ་མི་འགྲོ་ཞིང་ལས་ཀྱི་སྒྲིབ་པ་སྦྱོང་བའི་ཐབས་ཤིག་བསྩལ་དུ་གསོལ་ཅེས་ཞུས་པས། ཞལ་རས་འཛུམ་པ་མཛད་ནས། སྨན་གཟུངས་ཤིག་དང་དེའི་གཤམ། ཨོཾ་པུཎྱེ་པུཎྱེ་སོགས་ཚེ་གཟུངས་འདྲ་བའི་སྔགས་སཾསྐྲྀཏའི་སྐད་མང་དུ་གསུངས། ད་ནི་འཕགས་པ་མཇལ་དུ་འགྲོ་སྙམ་ངང་སད། རྡོར་སློབ་བསྟན་འཛིན་མདུན་ནས་ཐུགས་རྗེ་གསང་འདུས་དབང་བསྐུར་སོགས་ནོས་ནས་རང་གནས་སུ་སྔར་བཞིན་དགེ་སྦྱོར་དང་། བསྟན་དགོན་དོན་རྒྱལ་རོང་དུ་མ་སོང་ཐབས་མེད་བཀའ་ཕེབས་པས་ཕན་དུ་རེ་བས། ཆགས་མེད་ལུགས་ཀྱི་རིགས་བྱེད་མ་ཟླ་གཅིག་ཙམ་བསྙེན་པས་ལྟས་ལེགས་པ་འགའ་ཞིག་བྱུང་། ཉམས་ལེན་སྐྱོང་ཞིང་མཉམ་མེད་དྭགས་པོ་རིན་པོ་ཆེར་གསོལ་བ་རྩེ་གཅིག་བཏབ་པས་སྒམ་པོ་པ་དང་ཀློང་ཆེན་པའི་སྐུ་ཤ་རེ་རྙེད་པ་ཅུང་ཟད་ཟོས་ནས་འཕྲོས་ཚགས་བྱས་པ་རྨིས། མེ་རྟ་གསར་ཚེས་སྐབས་རྒྱལ་རྒྱམ་ནང་སྒྲུབ་བྱས། འདིའི་མཇུག་ཏུ་བེ་གེའི་རིམས་ནད་ཀྱིས་ཐེབས། ཅུང་ཟད་དྭངས་པ་ན་གསང་སྒྲུབ་བགྱིས་པ་གྲུབ་པར་ཉེ་བ་ན་སྐྱ་བཤལ་གྱིས་ཐེབས་ནས་འཆི་ལ་ཉེ་བ་བྱུང་། དེའང་དྭངས་ནས་ཡང་གསང་དྲིལ་སྒྲུབ་རྣམས་མཆོད་ཚོགས་འབྱོར་འཁོས་དང་བསྟུན་པའི་རྒྱས་པར་བྱས། གཞན་གྱི་རིམ་གྲོ་ཕྲན་བུ་སྒྲུབ་དགོས་བྱུང་བ་ལ་བརྟེན་སྐེ་ནད་ཅིག་ཀྱང་བྱུང་། རྒྱལ་རྒྱམ་འདི་མཁའ་འགྲོའི་སྲོག་སྙིང་ཡིན་པས་ཤིན་ཏུ་གཉན་གསུངས་པ་ལྟར་གཞན་ལའང་གཉན་ཆ་བྱུང་བའི་ལོ་རྒྱུས་མང་དུ་འདུག །རང་ལའང་བསྙེན་སྒྲུབ་ཅིག་ལ་དེ་ལས་འཚུབས་ཆེ་འོང་མ་མྱོང་བ་ཙམ་ཡིན། འདི་སྐབས་ནུབ་ཅིག་ལྷ་ཁང་མཛེས་ལེགས་ཤིག་གི་དབུས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་མདོག་དུང་ལྟར་དཀར་བ། མདུན་དུ་འགྲོ་འདུལ་ཡི་གེ་དྲུག་མ། གཡས་གཡོན་དུ་ནོར་འཛིན་གསང་འཛིན་རྣམས་ཀྱང་དཀར་པོ་འོད་ཟེར་འཕྲོ་བ། ཐོག་མར་སྐུ་བརྙན་གྱི་རྣམ་པ་ལ་ཕྱིས་མངོན་སུམ་དུ་གྱུར་པར་སྒོ་གསུམ་གུས་པ་ཆེན་པོས་བཏུད་པ་དང་། ལན་གཅིག་ནམ་མཁར་གཡས་སྐོར་དུ་འཕུར་ནས་སངས་རྒྱས་ཞིང་ཁམས་ཀྱི་ཆེ་བ་མང་དུ་བརྗོད་མཐར་བདེ་བ་ཅན་དུ་ཕྱིན་ནས་འོད་དཔག་མེད་གཙོ་འཁོར་གསུམ་རིབ་ཙམ་མཇལ་བ་དང་སད། ལན་གཅིག་འབྲོམ་སྟོན་དངོས་བྱོན་རྫོགས་ཆེན་པ་བསོད་ནམས་བཟང་པོ་སྐྱོ་བྲག་ཏུ་ཕེབས་ཡོད། ཉམས་ལེན་རྫོགས་ཆེན། ཡི་དམ་ཐུགས་རྗེ་ཆེན་པོ་རེད། གཞན་ལའང་དེ་གཉིས་འཆད་འདུག་ཟེར་བ་ལ་དགའ་བ་ཚད་མེད་པ་སྐྱེས་མ་ཐག་བླ་མ་བགྲེས་པོ་སྐུ་ཤ་ཆེ་ཞིང་ཤ་མདངས་སྨུག་པ་ཞིག་གིས་ཆོས་ཀྱི་འཁོར་ལོ་དང་སྤྲོ་བ་བསྐོར་ཞིང་འདུག་པ་རྨིས། ཟླ་བ་གསུམ་པའི་ནང་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཕྱི་ནང་གསང་སྒྲུབ་བདུན་ཕྲག་གསུམ། འཇའ་ཚོན་ངན་སོང་རང་གྲོལ་རིལ་བུ། གནམ་ལྕགས་རྡོ་རྗེའི་ཚེ་འཁོར། ངེས་དོན་སྙིང་པོའི་བཏགས་གྲོལ་སྒྲུབ་པ་རྣམས་ཀྱང་དཔོན་སློབ་ཁ་ཤས་ཀྱིས་བགྱིས། དགོན་པ་སྤྱི་རིམ་དང་ལྷ་གསར་ཁང་བཟོའི་ཆེད་སྐྱབས་རྗེའི་བཀའ་ལྟར་བླ་བྲང་དུ་ས་བདག་ཉེས་པ་ཀུན་སེལ་དཔོན་སློབ་བདུན་གྱིས་བསྒྲུབས། རྒྱལ་རོང་དུ་འགྲོ་བའི་ཆས་རང་ལ་ནི་ཅིའང་མེད་པས་སྒར་བ་སྤྱི་ཁོག་བླ་བྲང་ནས་གྲ་བསྒྲིགས་དང་། མཆོད་ཆ་སོགས་ཉེར་མཁོའི་རིགས་གཡར་པོ་མཛད། སྐྱབས་རྗེའི་མདུན་ནས་གྱོན་པ་སྣེ་རེ་ཟུང་གནང་སྦྱིན་བསྩལ། ཇ་སྦྲ་ནས་ཀྱང་གོས་སྣེ་རེ་ཟུང་བྱུང་། སྐྱབས་མགོན་མདུན་ནས་བེར་ཅན་གྱི་དབང་བཀའ་གཏད། ཞལ་ཏ་རྒྱས་པར་གནང་། ཧོར་ཟླ་ལྔ་པའི་ཉེར་བདུན་ལ་སྒར་བཏེགས། སྒར་ཐོན་སྐབས་གནས་སྒོ་སྐྱ་བཀྲ་སྤྲུལ་སྐུ་འབྱོན་གདོང་སྤང་ཕུག་ནས་དམ་ལྡན་སློབ་མ་ཀརྨ་ངེས་དོན་གྱིས་ཡི་གེ་དང་། རྟེན་རྗེ་བཙུན་སྒྲོལ་མ་དཀར་མོའི་སྣང་བརྙན་བཀའ་གདམས་རྙིང་མ་ཤིན་ཏུ་སྒྲོས་ལེགས་ཅན་བསྐུར་འདུག་པ་ལག་ཏུ་འབྱོར་བས་རྟེན་འབྱུང་དགེ་བའི་མཚན་མར་ཐག་ཆོད། ལམ་ཞོར་ཞེ་ཆེན་དུ་དབོན་སྤྲུལ་རིན་པོ་ཆེ་ཡང་མཇལ་ཕྱག་དང་བྱིན་རླབས་ཞུས། རྫ་ཆུའི་གྲུ་བརྒལ་ནས་ཕར་ཀར་སླེབས་པ་ན་ཆུ་མདོག་གློ་བུར་དུ་འགྱུར་ནས་མཚལ་ཁུ་ལྟ་བུ། ཡུལ་མི་རྣམས་ཀྱིས་ཀྱང་དེ་འདྲ་མཐོང་མ་མྱོང་ཟེར་བ་ཞིག་བྱུང་སོང་བ། ལྟས་གང་ཡིན་མ་ངེས། ཟླ་ཐལ་ནང་འགུ་ལོག་ནས་གྱི་ལིང་དཔོན་ཚང་བསུ་བ་འབྱོར་བ་དང་ལྷན་ཅིག་སྙི་ཁོག་བརྒྱུད་འགུ་ལོག་རུ་བའི་ནང་དུ་སླེབས། གྱི་ལིང་དཔོན་ཚང་གཙོས་པའི་འབོད་མི་རྣམས་ལ་ཕྱིན་ནས་སོ་སོའི་རེ་སྐོང་བྱས། འདི་ནས་གཟུང་སྟེ་དཀོར་ངོ་གྲིབ་ངོ་སོགས་རྨི་ལམ་ངན་པ་མང་པོའི་མགོ་ཚུགས། དེ་ནས་ཕྱིན་པས་རྡོའི་རུ་ལག་ཅེས་པར་སྡོད་པའི་ཐོ་རངས་ཉམས་རྨིས་འདྲེས་པར་མི་གཞོན་རྒྱ་བོ་མགར་ཆས་ཐོགས་པ་ཞིག་ཁྱོད་ལ་བསུ་བ་འོང་བ་ཡིན། ཁྱེད་རང་རྗེས་ལ་བྱོན་དང་། ཁོ་སྔོན་ལ་འགྲོ་ཟེར། ཞེས་བྱས་ནས་ཐལ་བ་རྨིས། ཕྱིར་ཉིན་རྡོ་སྟོད་ཀྱི་ཡུལ་མགོར་སླེབས་པ་དང་ཐང་ཡག་མགར་བ་ཟེར་བའི་དམ་ཅན་གྱི་བླ་རི་དེ་མཐོང་འདུག །རྡོ་སྟོད་རྣམ་རྒྱལ་དགོན་པས་བསུ་བ་སེར་སྦྲེང་བཅས། ཆོས་རྗེ་བླ་མ་བསྟན་འཕེལ་འདོད་ངོར་བླ་གྲྭ་རྣམས་ལ་འཇའ་ཚོན་པོད་དྲུག་གི་དབང་ལུང་ཚང་མ་དང་སྦྱིན་བདག་སོ་སོའི་རེ་སྐོང་བྱས། ནུབ་ཅིག་གནས་དེ་གར་སྒྲོམ་ཞིག་གི་ནང་དུ་རྡོ་རྗེ་བེར་ཅན་གསེར་མདོག་འཛུམ་ཞིང་བརྗིད་ཆགས་པ། ཞལ་གཡོན་དྲི་མས་ཅུང་གོས་ཤིང་གཡས་སུ་ཡོ་བ་ཞིག་མཇལ་བ་རྨིས། དེ་ནས་འཛིར་ཁ་བརྒྱུད་ཛཾ་ཐང་དུ་ཕྱིན། བླ་བྲང་གྲྭ་ཚང་ཁག་སོ་སོའི་བསུ་བ་སེར་སྦྲེང་སྣེ་ལེན་གཟབ་རྒྱས་མཛད། ཆོས་རྗེ་གྲྭ་ཚང་དང་གཙང་ཆུང་ལ་ཇོ་ལུགས་ཐམས་ཅད་རིག་པ་དང་། གཙང་ཆེན་བླ་གྲྭ་སྒྲུབ་སྡེ་བཅས་ལ་གསང་འདུས་འཇམ་པའི་རྡོ་རྗེའི་དབང་བསྐུར་བྱས། སྦྱིན་བདག་མང་པོའི་རེ་སྐོང་གྲུབ་ནས་རྒྱལ་རོང་གི་ས་སྣེར་སླེབས། རྫོང་འགག་རྒྱལ་པོས་ཆིབས་བསུ་དང་ལམ་བར་གྲ་སྒྲིག་སོགས་ལེགས་པར་མཛད་ནས་རྣམ་རྒྱལ་གླིང་གི་དགོན་པར་ཕྱིན། རྒྱལ་སར་ཞི་ཁྲོའི་ཆོ་ག །ཚེ་སྒྲུབ་ཚེ་དབང་། བྱད་བཀྲོལ་སོགས་བཞེད་སྐོང་བསྒྲུབས། ལམ་བར་ལྕོགས་རྩེ་རྒྱལ་ས་ནས་ཀྱང་སྣེ་ལེན་ལེགས་པར་བྱུང་། སོག་མོ་རྒྱལ་པོའི་བསུ་བ་རིང་ཐུང་བཅས་མཁར་ཤོད་ཕོ་བྲང་དུ་སྡོད་མལ་བྱས། དེར་ཁྲོ་སྐྱབས་རྒྱལ་པོའི་སྤར་མ་བོན་དཔེ་གླེགས་བམ་བརྒྱ་སྐོར་འདུག་པ་འགའ་ཞིག་ཉམས་མཚར་བལྟས་པས་སྲུང་མ་འཁོར་བའི་རྟགས་གསལ་བར་བྱུང་། དེ་ནས་ཁྲོ་ཆུར་བགྲོད་ལམ་པོ་ཚོ་ལོ་ཟེར་བ་བརྒལ་ཉིན་ཁ་བ་ཆེ། རླུང་ལྷགས་ལྡངས་པས་བླ་གྲྭ་ཐམས་ཅད་དཀའ་ལས་ཆེན་པོ་བྱུང་། འོ་ཏོ་དཱ་རོ་ཁག་རྣམས་ཀྱི་བསུ་བ་དང་གཞི་ལེན་གཟབ། ཁྲོ་ཆུ་ཤུ་བྷ་དགོན་གྱི་བསུ་བ་དང་སེར་སྦྲེང་ཤིན་ཏུ་རྒྱས་པ་བཅས་ཕྱིན་ནས་བླ་བྲང་དུ་ཆོས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་གཤགས་ལ་བསྡད། བླ་གྲྭ་རྣམས་ཀྱི་ལེགས་ཉེས་བདེ་སྡུག་དྲིས། ཞུ་དོན་རྣམས་ཀྱི་ཐད་མགྲོན་གཉེར་སོག་མོའི་རྒྱལ་སར་བརྫང་། ཁྲོམ་དབང་བྱས་པར་ནས་འབུལ་མང་ཙམ་བྱུང་ཡང་སྒར་པའི་ཆེད་བླ་མཆན་ལྡོམ་བུ་གཏང་། གྲྭ་པ་ཁ་ཤས་གླང་ཆེན་འགྱིང་རི་དང་། ཨ་མདོ་དུང་རི་བསྐོར་བར་སོང་། ངེད་རང་ཕྱི་ནང་གི་ལྟས་རྩུབས་པས་ལོ་བསྟར་གྱི་ཕུར་བསྙེན་དང་ཕུར་ཟློག་གྲུབ་འཕྲལ་རྗེ་བཙུན་འཕགས་མའི་བསྙེན་མཚམས་ཟླ་བ་གཅིག་ཏུ་བྱས་པས་རྨིས་ལྟས་ངན་པ་རྣམས་ཅུང་ཟད་འགྱུར། ཁྱད་པར་ནུབ་ཅིག་མཆོད་རྟེན་ཞིག་ལ་བསྐོར་བ་བརྒྱབས་ནས་ཁང་པ་ཞིག་ཏུ་ཕྱིན་པས་མུན་པ་འཁྲིགས་པ་ལ་བུད་མེད་བགྲེས་མོ་ཞིག་གིས་ལམ་སྣ་བྱས། ལོ་གསར་རྙིང་མཚམས་སུ་ཕྱི་ནང་བར་ནས་ཤི་བའི་འདྲེས་གནོད་པས་གཟབ་པར་གྱིས་དང་དེ་ནས་ལེགས་པར་འོང་ཞེས་ཟེར། ཐེམ་སྐས་ཤིག་བསྟན་བྱུང་བ་དེ་ལ་འཛེགས་ཏེ་རྩེ་ནས་ཕར་བལྟས་པས་གསེར་གྱི་མཆོད་རྟེན་མི་ཚད་ཙམ་ཞིག་མཇལ་བ་དང་། ཡང་ལན་གཅིག་མུན་ཁང་ཞིག་གི་ནང་དུ་ཉི་ཟེར་གྱིས་གསལ་བའི་རྗེ་བཙུན་མའི་སྐུ་གསེར་གྱི་མདོག་ཅན་ཐོག་ཚད་ཙམ་ཕྱག་གཡས་ན་ཤིང་ཏོག་ཆེན་པོ་ཞིག་བསྣམས་པ་མཇལ་བ་དང་། གྲོལ་ནུབ་ཀྱང་ཟངས་གསེར་གྱི་མཆོད་རྟེན་ཆེ་ལེགས་མཇལ་བ་རྨིས་པ་སོགས་ལྟས་བཟང་མང་དུ་བྱུང་། བསྟན་པ་ལ་ཕན་རེས་རིགས་བྱེད་མའི་བསྙེན་པ་བདུན་གཅིག་བཏང་བ་ལ་འཚུབས་ལྟས་ཆེ། མེ་ལུག་གསར་ཚེས་ནས་བཟུང་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒྲུབ་པ་ལ་ཞུགས། གཟུངས་རིང་འབུམ་ཕྲག་གཅིག་འགྲུབ་པར་བྱས། འདི་རྣམས་ཀྱི་ཐུན་བར་ཕྱག་དང་མཎྜལ་སོགས་ཚོགས་གསོག་རིགས་ཤིན་ཏུ་འགྲུས་པར་བྱས་པས་ནུབ་ཀྱི་བག་ཆགས་ཕལ་ཆེར་ཡང་སྙིང་རྗེ་དང་སྟོང་པའི་ངང་དུ་གནས་པ། གསུང་རབ་ལ་གོ་རྟོགས་སྐྱེས་པ། རྨི་ལམ་དུ་སྡིག་སྒྲིབ་དག་པའི་རྟགས་མང་པོ་སོགས་བྱིན་རླབས་ཀྱི་བབས་ཆེན་པོ་བྱུང་། ཉེ་སྲས་བརྒྱད་ཀྱི་བསྟོད་པ་སྤྲིན་ཆེན་རྣམ་བརྒྱད་ཀྱང་འདི་སྐབས་ནས་བྲི་རྒྱུ་རེད་སོང་བ་རང་རྩོམ་མིང་ཡོད་རྣམས་ཀྱི་ཐོག་མ་ལྟ་བུ་ཡིན། འདི་སྐབས་དམྱལ་བར་ཕྱིན་ནས་གྲོགས་བཅས་བདེ་བླག་ཏུ་ཐར་བ་ལན་གཉིས་དང་། རི་གཟར་པོ་ཞིག་གི་ངོས་སུ་སྐྱེ་བ་སྔ་མའི་གནས་ཁང་མཐོང་ཞིང་དེའི་ཚུལ་རྣམས་ཡིད་ལ་གསལ་བ་དང་། རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་རིག་འཛིན་ཚེ་དབང་ནོར་བུ་མཇལ་བ་དང་། སྤྱན་རས་གཟིགས་དང་། བྱང་ཆུབ་ཤིང་གི་དྲུང་དུ་ཐུབ་པའི་དབང་པོ་བཞུགས། གཡས་གཡོན་སྐྱེད་ཚལ་མང་པོའི་ཁྲོད་ན་ཨཱ་ཙ་རའི་རྣམ་པ་ཅན་གཟི་བརྗིད་ལྡན་པ་ཞིག་འཆགས་འདུག་པ་འཕགས་པ་བྱམས་པ་རེད་ཟེར། དེ་དག་ལ་དད་པ་དཔག་མེད་སྐྱེས་ཏེ་གུས་པས་བཏུད། མ་འོངས་རྒྱལ་བ་ཉིད་འཚང་རྒྱ་བའི་སྐབས་བྱང་ཆུབ་པའི་ཀླུ་ཤིང་འདི་ཡིན་ནམ་ཞུས་ལྗོན་ཤིང་ཞིག་ལ་མཛུབ་མོ་བཙུགས་པས། འདི་མ་ཡིན་དེང་སང་འོམ་བུ་འདི་དེ་སྐབས་དཔག་བསམ་ཤིང་དུ་གྱུར་ནས་དེ་ལ་སྐུ་རྒྱབ་བརྟེན་པ་ཡིན་ནོ་གསུངས་པ་དང་། ཡང་ལན་གཅིག་འཕགས་མཆོག་ཉིད་བགྲེས་པོ་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་གསང་བའི་དབང་བསྐུར་ཞིག་མཛད་པར་རྩོམ་པའི་མོད་ལ་སྤྱན་རས་གཟིགས་ཕྱུགས་ཀྱི་བདག་པོ་ཡིན་ཅེས་ལོ་བརྒྱད་བྱིས་པའི་རྣམ་པ་ཅན་ཞིག་ཏུ་གནས་འགྱུར་ནས་ལུང་བསྟན་མང་དུ་གསུངས། སྔོན་གྱི་ཚེ་ཀེག་སྐབས་དཀོན་སྤྱི་སྒྲུབ་པས་གྲོལ་བ་རེད། ད་རེས་ཀྱང་བཟླས་བརྗོད་སོགས་གཟབ་དགོས་གསུངས་པ་རྨིས། བསྙེན་པ་གྲུབ་སྐབས་བྱད་ལྟས་སྟུད་མར་བྱུང་བས་ཟློག་པའི་སྔགས་དམིགས་བྱས། དགྲ་ངོ་རྨིས་ཤིང་ཇུ་ཐིག་མཁན་པོ་རྣམས་ནས་ཀྱང་རང་དང་མཉམ་པ་ཞིག་གི་དགྲ་ངོ་འདུག་ཟེར་བས་མགོན་ཁང་དུ་གསོལ་ཁ་དང་དགྲ་ཆོས་བགྱིས་པས་གཏོར་རྒྱག་སྐབས་མེ་ལྕེ་ཆེན་པོ་འུར་སྒྲ་བཅས་ནུབ་ཏུ་ཆད་པ་སོགས་ལྟས་ལེགས། སྦྱིན་བདག་འགའ་ཞིག་གི་རེ་སྐོང་དང་འདུ་ཁང་དུ་རབ་གནས་བླ་གྲྭ་སྤྱིར་རྗེས་གནང་བྱས། འབུལ་བ་དང་བསྙེན་བཀུར་བསྟབས་པ་དང་དུ་བླངས། ལྷ་བསང་བཏང་ནས་ཟླ་བ་བཞི་པའི་ནང་རང་ཡུལ་ལོག་པའི་སྒར་བཏེགས། ཚ་ཁོ་ཞེས་པའི་དགོན་ཆུང་དུ་བསྡད་པའི་ནུབ་མོ་དཔལ་སྤུངས་སྒྲུབ་ཁང་དུ་འདུས་པ་བག་དྲོ་ཞིག་འཚོགས་འདུག་པ་ལ་ཕྱག་བྱས་པས་ལྷ་ཁང་ཕུག་ལོགས་སུ་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ནམ་མཁའི་མདངས་ཅན་ཐོག་ཚད་ཙམ། གཡོན་དུ་སྒྲོལ་དཀར་གསེར་མདོག་ཅན། དེ་མདུན་རྡོ་རྗེ་བེར་ཅན་བརྗིད་ཆགས་པ། གསུམ་ཀ་བྲིས་འབུར་སོགས་མིན་པའི་འཇའ་ཚོན་ལྟ་བུ་འོད་ཟེར་འབར་བ་ཞིག་མཇལ་བ་རྨིས། རྡོ་ཁར་སྡོད་སྐབས་རང་ལ་མནན་གཏད་ཡོད་པ་དེ་བཀྲོལ་ཐུབ་པའི་ལྟས་བྱུང་། རྒྱ་ཐུབ་ཐང་ཞེས་པར་སྒར་ནུབ་སྐྱབས་མགོན་རིན་པོ་ཆེས་བཀོད་པ་ཡིན་ཅེས་ཕྱག་བཞི་པས་དབུ་བརྩམ། འཁོར་ལྔ་སོགས་གྲལ་བྱས་ནས་བཞུགས་པ་ཞིག་རྨིས། ཤིང་མགོར་སྡོད་ནུབ། ནམ་མཁའི་སྙིང་པོ་དང་སྒྲིབ་པ་རྣམ་སེལ་གཉིས་མངོན་རྟོགས་ལྟར་མཇལ་བ་ལ་དད་པས་བཏུད་པའི་ཚེ་གཞན་འགའ་ལ་གསུངས་པའི་ཚུལ་གྱིས། བུ་འདི་དོན་ཆུང་ངུ་ཞིག་གི་ཆེད་རྩ་བའི་ལྟུང་བ་བྱུང་སོང་ཡང་ཁོང་རྣམ་པ་གཉིས་དང་སའི་སྙིང་པོས་ལེགས་པར་ལྡང་བར་མཛད་པ་ཡིན་ནོ་གསུངས་པས་རང་ཡང་དེ་བཞིན་ཡིན་ནོ་སྙམ་དུ་ཤིན་ཏུ་དགའ་སྤྲོ་ཆེན་པོས་གཞན་ལ་ངོམ་པ་དང་། ས་སྙིང་ཅིས་ཀྱང་མཇལ་བ་ཞིག་དགོས་སྙམ་ལོགས་སུ་ལྷ་ཁང་ཞིག་ཏུ་ཕྱིན་པས་དེར་དགེ་སློང་བག་དྲོ་བ་ཞིག་ཕེབས། ཁོང་དཔལ་སྤུངས་སྒྲུབ་ཁང་དུ་ཚོགས་འཁོར་བཏང་བ་ལ་ཕེབས་པ་ཡིན་གསུངས། འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་མ་གཏང་ཞུས་ནས་བཏུད་པས་ཕྱག་གཉིས་ཀྱིས་ཆང་བེམ་འདྲ་བ་ཞིག་སྤྱི་བོར་བཞག་ནས་བྱིན་རླབས་གནང་། བཅུད་རོ་ལྡན་ཞིག་ལག་ཏུ་བསྩལ་བ་འཐུང་བ་ཞིག་རྨིས། དེ་སྐབས་ནམ་ཟླ་དབྱར་ཀར་པོ་ཚོ་ལོར་བགྲོད་བདེ་བར་སྣང་བས་ཞག་གཅིག་སྒར་ནུབ་ཁང་པ་ཞིག་ཏུ་ཕྱིན་པར་བན་ཧོར་ན་ཁྲེབ་སྤུན་གཉིས་བསྡད་འདུག །དེར་རཏྣའི་རྟ་མགྲིན་ནག་པོར་བསྐྱེད་ནས་ཕྱག་གཡས་རལ་གྲི་མགོ་ལ་བཞག་པས་གུས་པ་ཆེན་པོས་བཏུད་འདུག །ཁྱོད་གཉིས་སྔོན་ཨོ་རྒྱན་ཆེན་པོ་དང་ཀརྨ་པཀྴིའི་སྤྱན་སྔར་དགེ་བསྙེན་གྱི་སྡོམ་པ་ཐོབ་ན་དེ་བཞིན་དུ་བསྲུང་བ་གལ་ཆེ་སྨྲས་པས། སྡོམ་པ་ཐོབ་ཅིང་དེ་བཞིན་དུ་བསྲུང་ལགས་ཟེར། སྤྲུལ་པ་ཅི་འདྲ་ཡོད་དྲིས་པས། མི་དཀར་རྟ་དཀར། མི་སེར་རྟ་སེར། མི་དམར་རྟ་དམར། མི་ནག་རྟ་ནག་སོགས་མང་དུ་ཡོད་ཟེར། འདིའང་ཁང་སར་བའི་ཕ་ལྷ་ཞིག་རེད་སྙམ་ངང་དུ་སད། སོག་མོའི་རྒྱལ་སར་ཕྱིན། དགོན་པའི་གྱོད་དོན་ཐད་འཁྲུན་ཆོད་རྣམ་པ་དང་གཏན་ཚིགས་ཡི་གེའང་གོ་ཆོད་ངེས་བྱིན་བྱུང་ཡང་། ཤུ་བྷའི་ཆོས་རྗེ་ཅུང་ཟད་རང་འདོད་ཆེ་བ་དང་རྒྱུ་རྩ་ནི་མི་གཏོང་འདུག་པས་ཆོས་རྗེའི་གྱོད་ཡ་དང་། འདི་གའི་ནང་བློན་ཤུགས་ཆེ་ཤོས་དཱ་རོ་སྟག་སྐྱབས་ཟེར་བ་ཉེ་འབྲེལ་སྟབས་ཆོས་རྗེའི་བསམ་པ་རྫོགས་པའི་དགྲ་ཕམ་བདག་རྒྱལ་ནི་ཐོན་ཐབས་མ་བྱུང་། ལྷ་ཁང་ལ་རབ་གནས་ཞིག་དང་རྒྱལ་པོ་ཡབ་ཡུམ་ལ་དབང་ཀ་ཟེར་བ་ལྟར་བགྱིས། འབུལ་བསྙེན་བླངས་ནས་རྫོང་འགག་རྣམ་རྒྱལ་སྟེང་དུ་ཕྱིན། འདོན་བྱ་མང་དུ་བྱས་ནས་རིང་ཞིག་སྡོད་སྐབས་ནུབ་ཅིག་དཱ་རོ་ལྷ་རྒྱལ་ཟེར་བ་དེས་ཡར་ལམ་བྷཱུའི་རྒྱལ་སའི་ཉེ་སྐོར་ཞིག་ཏུ་ཀུན་སྤྲུལ་གྱི་ཆོ་འཕྲུལ་སྐྲག་སྔངས་འབྱུང་ཟེར་རི་ལའང་མཛུབ་མོ་བཙུགས་པ་རྨིས། ཉེར་ལྔའི་དུས་མཆོད་དགོངས་འདུས་ཚོགས་སྐོང་བཏང་བའི་ཞར་བྱུང་དགོངས་འདུས་སྒྲུབ་པ་དང་གསུང་རྟེན་བརྟགས་པ་བྱས་པས། ནམ་མཁར་སྤྲིན་དཀར་པོ་གྲུ་བཞིའི་ནང་དུ་གུ་རུ་རིན་པོ་ཆེ་བཞུགས་པ་དེ་ཉིད་ཐུབ་པའི་དབང་པོར་གནས་གྱུར་པ་ཞིག་མཇལ་བ་དང་། གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་ཁང་ཡིན་ཅེས་ཁང་ཆུང་དཀར་རྩི་གསོལ་བའི་མཐའ་སྐོར་དུ་འཁོར་ལོ་མང་ཞིག་བཙུགས་པ་རྨིས། དེ་ནས་སྒར་བཏེགས་ཏེ་བྷུའི་རྒྱལ་ས་དང་ཉེ་བར་ཤུ་མི་དྷུར་ཟེར་བར་སླེབས་སྐབས་ཀུན་སྤྲུལ་ནས་ཡིག་ངན་སླེབས། ངེད་རང་དང་ཁོང་གཉིས་འཕྲད་ཀྱང་མ་མྱོང་བས་བཟང་ངན་གཉིས་ཀའི་འབྲེལ་གང་ཡང་མེད་ཀྱང་། ཁོང་སྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་བས་ཐུགས་ཚོམ་བཀའ་བཀྱོན་ཆེན་པོས་ས་ཡུལ་བུད་ནས་གསེར་ཐར་ཁོག་ཏུ་སོང་ནས་དཔོན་ཁག་རྣམས་ལ་མགོ་བཏགས་བྱས། རིམ་གྱིས་ཡོན་མཆོད་འབྲེལ་སྟབས་སྐབས་འདིར་ངེད་རང་དཔལ་སྤུངས་པའི་སྒར་པ་ཡིན་སྟབས་སྔ་མའི་ངན་ལན་སྤྲད་པར་འདོད་ནས་དཔོན་ཁག་རྣམས་ལ་དམག་སློང་དང་། ཁྲམ་པ་འགའ་ལ་རྒྱུ་བརྔན་ཆེན་པོ་བྱས་ནས་ངེད་རང་བསད། སྒར་པ་ལེན་རྩིས་ཀྱི་གྲ་བསྒྲིགས་ཡོད་པར་འདུག་པས་བགྲོད་ལམ་མ་བདེ་བར་རིང་ཞིག་དེར་ལུས། གསོལ་ཁ་བཏང་སྐབས་གུ་གུལ་དྲི་ཡིས་ཕྱི་ནང་ཀུན་ཏུ་ཁྱབ་པ་དང་ལུས་དངོས་ལ་མེ་སྟགས་འཕྲོ་བ་ཡང་ཡང་བྱུང་། མགོན་པོའི་གིང་སྒྲུབ་ཅིག་བགྱིས་པར་མངོན་རྟགས་ཀུན་ལ་གསལ་བ་དང་། རྗེ་བཙུན་སྒྲོལ་མའི་སྲུང་འཁོར་བསྒོམས་ནས་རིང་ཞིག་གསོལ་བ་བཏབ་སྐབས། གསེར་ཟངས་ལས་གྲུབ་པའི་སྒྲོལ་མ་དཀར་མོའི་སྐུ་བརྙན་ཁྲི་གདན་རྒྱབ་ཡོལ་དང་བཅས་པ་གྲངས་མང་མངོན་སུམ་བཞུགས་པ་རྣམས་ཀྱི་ཕྱག་གཡས་སྐྱབས་སྦྱིན་མཛད་པ་ལ་མགོས་བཏུད་པར་རྨིས་པས་བློ་བདེ་བར་བྱུང་། དེ་ཕྱོགས་དགོན་པ་ཆུང་ངུ་མང་ཙམ་འདུག་པ་ཇོ་ནང་པའི་རིང་ལུགས་ཡིན་འདུག་པས་བླ་གྲྭ་མང་པོ་འདུས་བྱུང་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཡོངས་རྫོགས། སྦྱོར་དྲུག་གི་སྔོན་འགྲོའི་ཁྲིད། འཇིགས་བྱེད་དབང་སོགས་བགྱིས། དེ་ཕྱོགས་གཞི་བདག་དྲག་རྩལ་ཅན་འགའ་ཞིག་ཡོད་འདུག་པས་ཡིན་ནམ་ལན་གཅིག་ཉིན་རིལ་པོར་ཕྱོགས་ཀུན་ནས་སེར་བ་བབས། ཐོག་མང་དུ་ལྷུང་། འབྲུག་སྒྲ་དང་གློག་དམར་མི་བཟད་པ་རྒྱུན་མ་ཆད་ཀྱང་སྲུང་དམིགས་གང་ཤེས་བྱས་པས་སྒར་པའི་སྟེང་ལ་ཉེར་འཚེ་གང་ཡང་མ་བྱུང་། ངེད་རང་གསོད་པ་ཁས་ལེན་གྱི་མི་སྡིག་ཅན་གཅིག་དང་རྒྱབ་རྟེན་དཔོན་རིགས་དྲག་པ་གཅིག་བཅས་ཀུན་སྤྲུལ་མཚོན་སྲུང་གིས་ཀྱང་མ་ཐུབ་པར་ཡིད་ལ་མེད་པར་བློ་བུར་དུ་རྐྱེན་ལམ་སོང་། ལྟས་ངན་ཆེན་པོ་རེའང་བྱུང་། དཔལ་སྤུངས་སྒར་པ་འཕྲོག་པའི་ལྐོག་གྲོས་དཔོན་རིགས་བསམ་གནས་རྣམས་ཀྱི་དམག་ཕལ་ཆེར་ཤོལ་འདུག །ཛཾ་ཐང་སྐོར་ལ་ཡིག་འགྲུལ་བྱས་པས་ཆོས་རྗེའི་སྐུ་རྒྱབ་སོགས་རྒྱུས་ཡོད་ཀྱི་བསུ་མ་ཁ་ཤས་འབྱོར་བས་སྒར་མང་ཤུལ་དུ་བསྡད། ངེད་རང་དཔོན་སློབ་ལྔ་དྲུག་སྔོན་དུ་ཐབས་མཁས་ཀྱིས་ཕྱིན་པས་ཛཾ་ཐང་དགོན་ཆོས་རྗེའི་བླ་བྲང་དུ་འབྱོར། དེར་ཀུན་སྤྲུལ་རང་གཙོས་སྒུག་མི་ཁ་ཤས་ཡོད་འདུག་པ་རྣམས་ནས་ཀྱང་ཅི་བྱེད་མ་བྱུང་ནས་ལོག །སླར་བླ་བྲང་ཁག་རྣམས་ཀྱི་བསུ་མ་བཅས་སྒར་པའང་མགོ་ཐོན་གྱིས་སླེབས། གཙང་པ་ཚང་སྒྲུབ་ཆེན་རྡོ་རྗེའི་རྣལ་འབྱོར་སོར་བསམ་མཐར་ཕྱིན་པར་གྲུབ་པའི་བླ་མ་ངག་དབང་ཆོས་འཕེལ་ལས་སྦྱོར་དྲུག་ཕྱག་ལེན་བཅས་ཞིབ་ཁྲིད་ཞུས། འཇིགས་བྱེད་སྙན་བརྒྱུད་འབྲུ་འགྲེལ་ལུགས་ཀྱི་བསྙེན་ལུགས་སོགས་ཀྱང་བླ་མ་གཞན་ལས་ཞུས། དེར་ཆོས་རྗེ་དཔལ་འབྱོར་བཟང་པོས་བཏབ་པའི་མགོན་ཁང་ཤིན་ཏུ་གཉན་པ་ཞིག་བཞུགས་འདུག་པས་གསོལ་ཁ་ཉིན་གསུམ་ཙམ་བཏང་བའི་སྐབས་ནུབ་ཅིག་ཐོག་མར་སྐུ་བརྙན་ལ་ཕྱིས་ནས་མངོན་སུམ་གྱུར་པའི་རྡོ་རྗེ་གུར་གྱི་མགོན་པོ་ཐོག་ཚད་ཙམ་དང་། ལྷ་མོ་རང་བྱུང་རྒྱལ་མོ་ཕྱག་བཞི་པ་དྲེའུ་དམར་མོ་ལ་ཞོན་ཅིང་མི་རོའི་ཕྱི་ཤད་བྱས་པ། འོད་དམར་པོ་འཕྲོ་བ་ཐོག་ཚད་གསུམ་ཙམ་ཞིག་མཇལ་བ་རྨིས་པ་བྱིན་རླབས་མ་ཉམས་པའི་ལྟས་སུ་གོ །དེ་དག་གི་སྐྱེལ་མ་དང་རྡོ་སྟོད་སྨད་ཀྱི་བསུ་མ་དམག་མི་ཤིན་ཏུ་མང་པོ་བཅས་གཡུ་ཐོག་རྣམ་རྒྱལ་དགོན་དུ་སླེབས། དེར་སྡོད་རིང་བླ་གྲྭ་ཁ་ཤས་ལ་ཟབ་མོ་ནང་དོན། གཞུང་ཆུང་གཉིས་སོགས་ཀྱི་བཤད་པ་དང་། ཕྱག་ཆེན་སྔོན་འགྲོའི་ཁྲིད་སོགས་བྱས། གྱི་ལིང་བཀྲ་ཤིས་རྒྱ་མཚོ་མིག་མཐོང་མཁན་ཡིན་པས་འབྲི་གཉན་ལྡོང་ཤར་གྱི་སྒོ་སྲུང་དཔོན་གཡོག་མང་པོ་ངེད་ལ་བསུ་མར་འགྲོ་འདུག་པ་ལ་རིམ་གྲོ་ཅི་དགའ་དྲིས་པར། ངེད་ཀྱིས་མགོ་བྱས་ནས་གཡུ་ཐོག་དགོན་དུ་མགོན་པོའི་དགྲ་ཆོས་ཤིག་བྱས་ན་ལེགས་ཚུལ་ཟེར་འདུག་ཟེར་བའི་ཡི་གེ་འབྱོར་བས་རང་དང་བསྙེན་སོང་བཞིས་བསྙེན་པ་ཁ་གསོས་ཞག་བདུན་བྱས། ལོ་མཇུག་དགོན་པའི་དུས་རིམ་དགུ་གཏོར་འཚོགས་འདུག་པ་ལ་ཕྱིན། གཏོར་རྒྱག་སྦྱིན་སྲེག་གཏང་རག་སོགས་མཐའ་རྒྱས་གྲུབ། ས་སྤྲེལ་གསར་ཚེས་ཀྱི་ཟླ་བ་དང་པོའི་ནང་སྔར་གྱི་བཤད་ཁྲིད་འཕྲོས་སོགས་བགྱིས། འདི་སྐབས་ཐུན་བཞིའི་གསོལ་འདེབས་དང་ལུས་སྦྱིན་ཆག་མེད་བགྱིས་པའི་ལྟས་ཡིན་ནམ། ནུབ་ཅིག་ལྷ་ཁང་ཞིག་གི་ཁྱམས་སུ་རྒྱལ་དབང་མི་བསྐྱོད་རྡོ་རྗེ་དང་འབྲུག་པ་པདྨ་དཀར་པོ་བཞུགས་འདུག །རྒྱལ་བའི་དབང་པོར་ཆེས་གུས་པས་བཏུད་ནས་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས་ཤིག་ཅེས་ཞུས་པར། ན་མོ་གུ་རུ་སོགས་ཐུན་བཞི་གསུངས་པའི། གུ་རུ་རཏྣ་བྱོན་པའི་ཚེ། ཞེས་པའི་སྐབས་ཉེ་གནས་འདྲ་བ་གཉིས་ཀྱིས་དབྱུག་པའི་རྩེར་ཐུབ་སྐུ་དང་མཆོད་རྟེན་ཆེན་པོས་མཚན་པ་ཐོགས། གཡས་སྐོར་གཡོན་སྐོར་མང་པོས་ཡིད་གཡོ་བ་ཞིག་བྱས། འབྲུག་པ་རྒྱལ་བའི་དབང་པོར་ཐིམ། ཡེ་ཤེས་མཁའ་འགྲོ་རྫོགས་པའི་མཐར་ཐམས་ཅད་ལྷ་ཁང་ཞིག་ཏུ་སླེབས། དེ་ཉིད་རྗེ་པདྨ་ཉིན་བྱེད་དབང་པོར་གནས་འགྱུར་ནས་ཕྱག་གཉིས་སྤྱི་བོར་བཞག་སྟེ། ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་སོགས་རྫོགས་པར་ཚངས་པའི་དབྱངས་ཀྱིས་ལྷང་ལྷང་གསུངས་པ་དང་། དམ་པ་རྒྱ་གར་དང་མ་གཅིག་ལབ་སྒྲོན་སྤྲུལ་པའི་ཚོགས་ནམ་མཁའ་གང་བར་བཞུགས་པའི་དམ་པའི་སྐུ་ལས་བདུད་རྩི་འོ་རྒྱུན་ལྟ་བུ་བབས་པ་འཐུང་བས་རོ་མངར་པོས་ཡིད་ལ་དགའ་བདེ་སྐྱེས་པ་རྨིས། ཀུན་སྤྲུལ་ནས་གྱོད་གཏམ་དགོས་པའི་ཆ་ཕྲིན་ནན་ཏན་སླེབས་པས་རྡོ་གསེར་གྱི་དཔོན་ཁག་རྣམས་བཅས་རྡོའི་ལུང་ལག་ཅིག་ཏུ་འཛོམ། ཉིན་རེ་ཟུང་བཤད་གཏམ་མཐར་རྒན་པོ་རྣམས་ཀྱི་བར་ཁྲ་བྱས་ནས་ཀུན་སྤྲུལ་ཡིད་བདེ་བའི་རྟ་བོག་སོགས་སྦྱིན་སྒོ་ཕྲན་བུས་སོར་ཆོད་བྱས་ནས་གྱེས། རྡོ་སྟོད་སྐྱེལ་མ་བཅས་འགུ་ལོག་གྱི་ལིང་རུ་སྐོར་དུ་ཕྱིན། ཞག་ཤས་བསྡད་ནས་སོ་སོར་རེ་སྐོང་བྱས། དེ་གའི་སྐྱེལ་མས་སྙི་སྟོད་ནས་ཚབ་ཚ་བར་བསྐྱལ། དེ་ནས་ཞེ་ཆེན་དབོན་སྤྲུལ་འཇམ་པའི་རྡོ་རྗེ་ཞལ་མཇལ་ནས་འབུལ་ཚན་ཕུལ། ཆོས་དབང་གསང་འདུས་དང་ཕུར་པ་སོགས་ལུང་ཚན་ཁ་ཤས་ཞུས་ནས་རིམ་པར་བཏེགས་ཏེ་ཟླ་བ་གཉིས་པའི་ནང་དུ་དཔལ་སྤུངས་དགོན་ཐོག་ཏུ་སླེབས། སྐྱབས་མགོན་རྡོ་རྗེ་འཆང་གི་གསེར་ཞལ་མཇལ་བས་མགོ་ཐོན་བྱུང་བ་ལ་དགྱེས་ཚོར་ཆེན་པོ་གནང་། ཟང་ཟིང་དངོས་པོ་བྱུང་ཚད་བླ་བྲང་གཞུང་ལ་ཕུལ། སྔར་རྒྱལ་རོང་དུ་བླ་མ་སྔ་རྗེས་བྱོན་པ་རྣམས་གྲྭ་པ་མང་པོ་ཤི་ཁ་སྨྲ་ཅི་རིགས་བྱུང་ཡོད་འདུག་ཀྱང་འདི་རེས་བླ་གྲྭ་ཚང་མ་ལ་ན་ཚ་ཤི་ཆད་མ་བྱུང་། རྟ་དྲེལ་རྣམས་རྔོ་ནད་ཀྱིས་འཆི་བ་སོགས་གྱོང་སྒོ་ཆེ། འདི་སྐོར་ཤར་ཕྱོགས་སྤུངས་རིའི་དགོན་ནང་དུ་འབའ་ཆོས་སྡེ་དགོན་པས་དགྲ་བརྒྱབས། ལྕགས་མདུད་སྤྲུལ་སྐུ་བཀྲོང་སྐབས་ཡིན་འདུག་པས་བླ་གྲྭ་ཕལ་མོ་ཆེ་སུས་ཀྱང་མ་ཐུབ་པ་དེ་རང་དགོན་ནས་དེ་ལྟར་བྱུང་དུས་ཁྱེད་རང་དཔོན་སློབ་རྣམས་དགྲ་ལག་ནས་ཐར་པ་ངོ་མཚར་ཆེ་ཞེས་ཚིག་གི་གཏང་རག་གཏོང་མཁན་མང་པོ་འདུག །རང་ལ་ཏེསྩ་བླ་མས་ཟུར་དུ་བྱིན་པའི་གསེར་སྲང་གང་ཡོད་པ་ཕུལ་ནས་སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་དུས་འཁོར་མཆོག་དབང་དང་སྦྱོར་དྲུག་གི་ཁྲིད་ཆ་ཚང་ཞུས། ཡང་ཁྲོད་དུ་མ་རྒན་ཀྱང་བདེ་བར་འཚོ་བ་དང་འཕྲད། རེ་ཞིག་ངལ་གསོ་དང་རྗེ་བཙུན་མའི་བསྙེན་པ་ཞིག་གཏོང་། སྔར་ཆུང་དུས་རྨི་ལམ་བཟང་ངན་ཙམ་ལའང་བདེན་འཛིན་ཆེ་བ་དང་ལག་དལ་བས་རྡོ་སྟོད་ཡོད་སྐབས་ཡན་ཆད་ཐོ་ཡིག་ཤིན་ཏུ་མང་པོ་བྲིས་འདུག་པ་ལས་བསྙེན་སྒྲུབ་ཀྱི་རྟགས་སོགས་དགོས་པ་ཡོད་པ་འགའ་རེ་འདིར་ཡང་བཀོད། འདི་མན་ཆད་ལ་ནི་རྨི་ལམ་སོགས་ཐོ་ཡིག་གཏན་ནས་མ་བཀོད་པས་བསྙེན་སྒྲུབ་རིགས་ལ་གྲུབ་པའི་རྟགས་འོང་བའི་ནུས་པ་ག་ལ་ཡོད་ཀྱང་བྱིན་རླབས་ཀྱི་ལྟས་རེ་བྱུང་ཡོད་ནའང་དེང་སང་ཡིད་ལ་གང་ཡང་མ་གསལ་བས་འབྲི་རྒྱུས་ཕོངས། ལར་གཡེང་བ་ཇི་ཙམ་ཆེ་བཞིན་དེ་ཙམ་དུ་བཟང་པོའི་བག་ཆགས་འགྲིབས། འཁྲུལ་སྣང་གི་བག་ཆགས་ཇེ་འཕེལ་དུ་འགྲོ་བ་དང་། དད་རྫས་དཀོར་གྱི་རིགས་དང་ཁྱད་པར་གཤིན་དཀོར་ལ་སྤྱོད་དགོས་པ་དེ་ཕྱིན་ཆད་ནས་སྔར་གསལ་སྣང་ཡོད་པ་རྣམས་འགྲིབས། རྨིས་ལྟས་བཟང་པོ་འགགས། ངན་ལྟས་སྣ་ཚོགས་རྨིས། ཉམས་རྟོགས་ཀྱི་རྩལ་ལའང་དེ་ཙམ་གནོད་པ་ཞིག་འདུག་པས་དཀོར་ནག་ལ་བག་མེད་དུ་སྤྱོད་དགོས་པ་འདི་ཡ་ང་ལ་ཡི་མུག་པ་ཞིག་སྣང་ངོ་། །བླ་མ་དགོངས་འདུས་ཀྱི་གླེགས་བམ་འབྲི་གཞི་རྒྱལ་རོང་འགྲོ་སྐབས་ཚག་རྩ་ཐོན་པས་ཤོག་ལས་བགྱིས་ཏེ། ས་ག་ཟླ་བའི་ཚེས་ཉེར་ལྔ་ནས་བྲིས་པ་གཉིས་ཀྱིས་འབྲི་དབུ་ཚུགས། སློབ་གཉེར་མཁན་འགའ་རེ་འདི་ནས་བཟུང་རིམ་གྱིས་འདུས་པ་ལ་སོ་སོའི་མོས་པ་དང་མཐུན་པར་སྒྲ། སྙན་དངགས། དག་ཡིག །རྩིས་རིག །གསོ་དཔྱད་སོགས་བསླབས་པ་ཡིན་ཀྱང་གཞུང་ཡན་ལག་མཐའ་བུད་མཁན་ཡང་དཀོན། མཐའ་འཁྱོལ་ཀྱང་གོ་ཆོད་པ་ནི་རེ་རེ་ཙམ་ལས་འབྱུང་དཀའ་བར་སྣང་། འདི་སྐབས་རྫོང་སར་དུ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་བརྩེ་བཞུགས་ཡོད་པས་ཕྱག་བྲིས་སུ། ཁོང་གི་ཕུ་བོ་འགྱུར་མེད་དོན་གྲུབ་དེ་བསྟན་པ་ལ་ཕན་ངེས་པ་ཞིག་ཡོད་ཀྱང་བོད་ནས་གཤེགས་སོང་བ་ལ་ཐུགས་ངལ་བློས་མི་འཁྱུད་པ་ཡོད་ཀྱང་། ད་རེས་ཁྱེད་རང་དབུ་ཐོན་གྱིས་ཡར་སླེབས་པས་སྔར་གྱི་ཐུགས་ངལ་དེ་བརྗེད་སོང་བ་ལྟ་བུའི་ཐུགས་སྤྲོ་བྱུང་། ད་རེས་ཇོ་ལུགས་རྒྱུད་སྡེ་དེ་རྣམས་ཀྱི་དབང་ཚང་མ་ཞིག་གསན་མ་གྲུབ་ཀ་མེད་ཡིན་གསུངས་བྱུང་བ་ལྟར་ལེགས་སོ་ཞུས་པས་དགོན་དུ་ཕེབས། རང་ཡང་དགོན་ཐོག་ཁང་སར་གྲྭ་ཁང་དུ་ཕྱིན། རྗེ་ཉིད་གཙོས་བླ་སྤྲུལ་གྲྭ་རིགས་མང་ཙམ་ལ་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་དཔལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་པའི་རྒྱུད་སྡེ་རྣམས་ཀྱི་དབང་ཀ་དེ་སྔ་རང་ལ་གང་ཐོབ་རྣམས་དང་། སྒྲུབ་དཀྱིལ་རྣམས་ཀྱི་ལུང་། སྦྱོར་དྲུག་ཁྲིད། རྔོག་དཀྱིལ་བདུན་པོ་ཆགས་མེད་ཡིག་ཆ་ལྟར། ནི་གུ་ཆོས་དྲུག་ཇོ་ནང་ལུགས་ཀྱི་བྱིན་རླབས་དང་ཁྲིད་སོགས་བགྱིས། རྗེ་ཉིད་བོད་དུ་ཕེབས། དེ་སྐབས་བཀའ་ལས་རྔོག་པའི་རྒྱུད་སྡེ་འདི་རྣམས་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་འདུག་ཀྱང་། ཆགས་མེད་ཡིག་ཆ་འདིས་སྒྲུབ་མཆོད་སོགས་ལ་ཅིའང་གོ་མི་ཆོད་པས། ཁྱོད་ནས་འདི་དག་ལ་ཡིག་ཆ་གོ་ཆོད་ངེས་རེའི་ཆོག་སྒྲིག་མཛད་དགོས་ཞེས་གསུངས། རང་ཡང་ཁྲོད་དུ་ཕྱིན་ཏེ་བླ་མ་དགོངས་འདུས་ཀྱི་ཚོགས་བརྒྱ་ཁ་ཤས་བཏང་། གསལ་བྱེད་ཐུགས་ཀྱི་ནོར་བུའི་བསྙེན་པ་ཟླ་བ་གསུམ་ཙམ་བགྱིས། སྒྲུབ་ཁང་དུ་ཟླ་སྤྲུལ་དང་ལྷན་ཅིག་བླ་མ་གསང་སྔགས་མདུན་ནས་དགོངས་འདུས་དབང་ཡོངས་རྫོགས་ཚར་གཅིག་ཞུས། འདི་སྐོར་ཆས་ཀ་དཀོན་པས་སློབ་མ་འགས་འདི་ལྟར་བྱས་པས་དགོངས་འདུས་པོད་བཅུ་གསུམ་བྲི་རྒྱུ་ཕར་ཞོག །ཁྱེད་རང་མ་བུ་རྣམས་ཀྱང་སྡོད་ལོ་བ་མི་འདུག་པས་ཤར་ཁ་ཕྱོགས་ལ་བསོད་སྙོམས་ཕྱིན་པས་དྲགས་ཟེར་བ་ལྟར་རྟ་ཁལ་སོགས་ཇ་སྦྲ་ནས་གཡར། ཟླ་བ་བཅུ་གཅིག་པར་འབྲུ་ལྡོམ་ལ་ཕྱིན། དེ་སྐབས་རྨེ་ཤོད་དཔོན་སྡེ་ཚང་མ་དར་རྒྱས་ཆེ་སྐབས་ཡིན་པས་ཐམས་ཅད་ནས་བསྙེན་བཀུར་དང་། རྫོང་སར་དགོན་པ་དང་རྫོང་དཔོན་སོགས་ནས་དབང་རྗེས་གནང་གི་ཡོན་བསྟབ། གཏེར་ལྷུང་དང་། སྦྲ་མཐོ་དགོན་དུའང་ཁྱུགས་ཙམ་ཕྱིན། འབྲུ་བསོད་རྙེད་པ་ལེགས་རབ་བྱུང་། ཟླ་བ་བཅུ་གཉིས་པའི་མཇུག་ཏུ་ཚུར་འཁོར་འཕྲལ་ཕུར་ཟློག་བཅས། ས་བྱ་ལོ་གསར་འཕྲལ་སྔ་མའི་བསྙེན་པ་ཁ་གསོ་ཞག་བདུན་བྱས་ནས་གསལ་བྱེད་ཐུགས་ནོར་གྱི་སྒྲུབ་པ་ཚུགས། དེ་གྲུབ་ནས་སྐོང་ཆོག་ཆེན་མོ་ཉིན་བདུན། ལས་བཞིའི་སྦྱིན་སྲེག་ཉིན་བཞི་སོགས་རིང་སྦྲེལ་བྱས། འདི་ལོ་རང་ལོ་སོ་བདུན་ཚེ་ཀེག་ཤིན་ཏུ་ཆེ་བས་དེ་འཕྲོས་ཚེ་སྒྲུབ་གསང་འདུས་ཕྱི་སྒྲུབ་ཟབ་པ་ཕུལ་ཕྱིན་སྒྲོལ་དཀར་རྣམས་ཀྱི་སྒྲུབ་པ་ཟླ་བ་རེ་རེ་བགྱིས། འདི་སྐབས་སྔ་ཕྱི་ནམ་ཡིན་མ་ངེས་པར་ནུབ་ཅིག་སྤང་ལྗོངས་ལེགས་པ་ཞིག་ཏུ་བཞུགས་ཁྲི་རྡོ་དཀར་གྱི་ཕ་བོང་ལྟ་བུ་རྒྱ་ཡིག་བོད་ཡིག་མང་པོའི་རང་བྱོན་ཡོད་པའི་སྟེང་དུ་གུ་རུ་པདྨ་སཾ་བྷ་ཝ་བཞུགས་པ་ལ་གུས་པས་བཏུད་དེ་བདག་གི་ཚེའི་བར་ཆད་བསལ་བར་གསོལ་བ་བཏབ་པས་བྱིན་རླབས་ཤིག་མཛད་ནས། ད་ནས་ལོ་བཞི་བཅུ་ཞེ་བཞིའི་བར་ད་རེས་བྱིན་གྱིས་བརླབས་པ་ཡིན་པས་སྐྱོན་མེད། དེ་ནས་ང་རང་དངོས་དང་འཕྲད་འོང་གསུངས་པ་རྨིས། འདི་ནི་ཕྱིས་སུ་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གནང་བ་ལ་བལྟས་འདུག །དབྱར་ཐོག་ཏུ་བྲིས་པ་ཁ་ཤས་འཚོགས་ནས་དགོངས་འདུས་བྲིས། སྦྲ་མཐོ་བླ་མ་བྱོན་པ་ལ་སྒྲ་བསླབ། སྟོན་མཇུག་ཏུ་རྗེ་རིན་པོ་ཆེས་བཞེངས་པའི་ལྷ་གསར་དུ་མཆོད་སྡོང་རིན་པོ་ཆེར་གཟུངས་གཞུག་འབུལ་བ་ལ་ཕྱིན། དེའི་གྲབ་ཡུལ་ཉིན་ཁ་ཤས་བགྱིས། ཟླ་སྤྲུལ། ཞེ་སྤྲུལ་རྣམས་བཅས་ནས་གཟུངས་གཞུག་ལེགས་པར་གྲུབ་མཚམས་སྐྱབས་མགོན་ཉིད་ཀྱང་ཕེབས་ནས་དཔོན་སློབ་བཅོ་ལྔ་སྐོར་གྱིས་འཁོར་ལོ་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས་མཛད། སླར་གླིང་སྟོད་ཟླ་སྤྲུལ་བཞུགས་གནས་སུ་ཞབས་བཀོད། བདག་ཅག་རྣམས་ནས་གསོལ་བ་བཏབ་པ་ལྟར་ཇོ་ལུགས་གྲུབ་བརྒྱའི་བྱིན་རླབས་ཞྭ་དམར་ནག་གི་གསུང་སྐོར་ཉེར་མཁོ་མང་དུ་བསྩལ། ཕྲན་ཅག་རྣམས་ཀྱིས་དངོས་པོ་གང་འབྱོར་གྱི་མཎྜལ་དང་། ཞབས་བརྟན་ཕུལ་ནས་སྒྲུབ་ཁང་དུ་ཕེབས། ངོས་ལ་བླ་བྲང་གཉེར་པས་འབྲུ་ལྡོམ་ཞིག་འགྲོ་རོགས་མ་བྱས་ཐབས་མེད་བྱས་བྱུང་བས་དགུན་དེར་དམེ་རྟིང་འཛིང་ཁོག་ཚུན་ལ་སྒར་པ་བརྒྱབས་ནས་འབྲུ་བསོད་ཕྱིན། ཟླ་བ་བཅུ་གཉིས་པའི་ནང་ཚུར་འཁོར་འཕྲལ་སྔར་རྒྱུན་ཕུར་ཟློག་དང་རྗེ་བཙུན་མའི་བསྙེན་སྒྲུབ་བགྱིས། ལྕགས་ཁྱི་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་ཆེན་མོ་དང་། སྦྱིན་བདག་གལ་ཆེན་འགའ་ཡིས་བསྐུལ་མ་ལྟར་རང་གཞན་གཉིས་དོན་དུ་ཚེ་སྒྲུབ་གསང་འདུས་བསྙེན་པ་བདུན་གསུམ་ཙམ་བགྱིས། ཟླ་བ་གཉིས་པ་ཚེས་འཕྲལ་བླ་བྲང་དུ་ཕྱིན། ཟུར་མང་བསྟན་འཛིན་སྤྲུལ་སྐུའི་མདུན་ནས་དབོན་སྤྲུལ་ཚང་གིས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་དབང་བརྒྱ་གསན་འདུག་པ་ལྟར་མཉམ་དུ་ཞུས། དེ་ནས་རིམ་པར་བདེ་མཆོག་སྙན་བརྒྱུད་འཁོར་ལོ་ལྔ་པའི་དབང་བཀའ་ཆེ་ཆུང་། མ་མགོན་སོགས་ཚང་བར། པུསྟི་ལྔ་དང་ཟིན་པོད་རྣམས་ཀྱི་ལུང་། ངག་འཛིན་བཅས། རོལ་རྡོར་གཏེར་ཆོས་མཚོ་བྲག་དབང་ལུང་ཆ་ཚང་ཞུས། ཕར་ལའང་བྱམས་ཆོས་སོགས་ཀྱི་ལུང་ཕུལ། ཟླ་བ་གསུམ་པ་ནས་ལྔ་པའི་བར་སྐྱབས་ཆེ་བསོད་སྤྲུལ་གཙོར་བྱས་མང་ཙམ་ལ་སྒྲ་ཙཱནྡྲ་པ། ཟབ་མོ་ནང་དོན། གཞུང་ཆུང་གཉིས། སྡོམ་གསུམ་སོགས་ཀྱི་བཤད་པ་སྣེ་གྲངས་མང་བཞིན་བྱས་ནས་རང་གནས་སུ་ཐེག །དགོངས་འདུས་པོད་བཅུ་གསུམ་ཞུས་དག་བཅས་གྲུབ་ནས་གླེགས་ཤིང་གླེགས་ཐག་གདོང་དར་དྲིལ་ཚས་བཅས་ཤིན་ཏུ་སྤུས་ལེགས་གྲུབ། དཔལ་ཡུལ་ནས་རྒྱ་སྤྲུལ་བྱོན་པ་ལ་སྒྲ་ཙཱནྡྲ་པ་བསླབ་པའི་དབུ་ཚུགས། པདྨ་ལེགས་གྲུབ་ཀྱང་འབྱོར་པར་སྙན་ངག་སྨན་རྩིས་སོགས་རིམ་པར་བསླབས། ལོ་སྔ་རྗེས་འདི་དག་ཏུ་དགོངས་འདུས་དབང་ཟིན་གྱིས་མཚོན། ཉེར་མཁོའི་རྩོམ་པ་ཐར་ཐོར་མང་པོ་དང་། ཁྱད་པར་སྟོན་མཇུག་ཏུ་སྐྱབས་རྗེའི་བཀའ་ལྟར་གུ་རུ་རིན་པོ་ཆེའི་བསྟོད་པ་ཀུན་འཁོར་རྟགས་བརྒྱད་མའང་བྲིས། ཉི་རྫོང་ཁྲི་པ་བྱོན་པ་ལ་འབྲི་གུང་དགོངས་གཅིག་ཁྲིད། ཉི་ཟློག་སྐབས་ཕུར་བསྙེན་ཕུར་ཟློག་དང་། དེ་རྗེས་ཧཱུྃ་ནག་སྙིང་ཐིག་བླ་སྒྲུབ། མྱུར་མཛད་མགོན་པོ་མཐིང་དཀར་རྣམས་ཀྱི་བསྙེན་པ་རིམ་བཞིན་བཏང་། མགོན་དཀར་བསྙེན་པའི་ཐོ་རངས་ཤིག་ཏུ་བླ་མ་ཀརྨ་ནོར་བུ་སྐུ་ཤ་དཀར་ལ་འོད་ཟེར་འཕྲོ་བ་ཞིག་མདུན་མཁར་བཞུགས་པ་དངོས་སུ་མཇལ་བ་མགོན་པོའི་ལྟས་སུ་མངོན། ཟླ་བ་བཅུ་གཉིས་པའི་ནང་རྒྱ་སྤྲུལ་ནས་ཙཱནྡྲ་པ་པོད་གསུམ་རྫོགས་སོང་བས་སུམ་རྟགས་བསླབ་དབུ་ཚུགས། ལྕགས་ཕག་ཟླ་བ་དང་པོའི་ནང་ནམ་མཁའི་སྙིང་པོའི་བསྙེན་པ་བཏང་། བཤགས་ཆོག་དང་རྨི་ལམ་བཤགས་པ་རྣམས་བགྱིས། སྔོན་རེས་ཤིག་ཏུ་བཤགས་ཆོག་སྐབས། སྐུ་མི་གསལ་ཙམ་ཞིག་གིས་འཇམ་དཔལ། སྤྱན་རས་གཟིགས། ནམ་སྙིང་གསུམ་གྱི་མདོ་ཐོན་དང་སྡིག་ལྟུང་རྩད་ནས་དག་པར་འགྱུར་རོ། །ཞེས་དང་། འདི་རེས་ནམ་མཁའི་སྙིང་པོ་ཡིན་སྙམ་བྱེད་པའི་གཟུགས་མེད་པ་ནམ་མཁའ་ལྟ་བུ་མཐིང་སྔོན་མཚོན་དུ་མེད་པ་ཞིག་མཐོང་བ་རྨིས། སྡེ་དགེ་སྲས་གཅུང་ནས་བཅའ་སྒྲུབ་རྒྱུ་མང་ཙམ་བསྐུར་བ་རིམ་བསྒྲུབ་དང་། ལོ་སྔ་རྗེས་འདི་རྣམས་སུ་ཇ་སྦྲ་གཙོས་སྦྱིན་བདག་གལ་ཆེན་མང་པོས་འབོད་ནན་ལྟར་གཡང་སྐྱབས་གཙོར་གྱུར་པའི་འདོན་བྱ་འགའ་ཞིག་དང་། ཞི་ཁྲོ་སོགས་གཤིན་ཆོས་མང་དུ་དགོས་པ་བྱུང་། སོས་ཀ་རྒྱ་སྤྲུལ་བསླབ་སྦྱོང་གྲུབ། བརྡ་སྤྲོད་མཚན་བཏགས་ཕུལ། སྐྱབས་རྗེའི་མདུན་ནས་བསྙེན་རྫོགས་བསྒྲུབས་ཏེ་ཕྱིར་ཕེབས་སོང་། འདི་སྐོར་ཕལ་ཆེར་རྒྱལ་རྒྱམ་དང་རྒྱུན་གྱི་ཉམས་ལེན་གྱི་ཐུན་བཟུང་། ཟླ་བ་ལྔ་པའི་ནང་ལི་ཐང་ནས་བླ་མ་ངེས་དོན་སླེབས། སྡེ་སྲས་གསར་འཁྲུངས་ཀྱི་ཚེ་རྩིས་ཞིབ་མོ་དགོས་གསུངས་པ་ལྟར། བཻ་དཀར་དབྱངས་འཆར། རྒྱ་རྩིས་གསར་འགྱུར་ལུགས་བཅས་རྩིས་ནས་ཐོ་ཡིག་ཕུལ། དེ་རྗེས་སྐུ་རིམ་བཅའ་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་ལྷུན་གྲུབ་སྟེང་དུ་ཕྱིན་ནས། ས་བདག་ཉེས་སེལ། དབང་ཆེན་སོགས་དང་། སྲས་གཅུང་རྩར་གཡང་སྐྱབས་བཅས་གྲུབ་ནས་ཚུར་འཁོར། སྟོན་ཀའི་སྐོར་དུ་བླ་མ་གསང་སྔགས་མདུན་ནས་སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ། འཇམ་དཔལ་དཀར་དམར་ནག་གསུམ་གྱི་དབང་ལུང་། བཀའ་བརྒྱད་ཐེམ་མེད་པོད་གཉིས་ཀྱི་ལུང་སོགས་ཞུས། གླིང་སྟོད་དུ་ཕྱིན་ནས་ཟླ་སྤྲུལ་དཔོན་སློབ་རྣམས་ལ་ཀློང་ཆེན་མཛོད་བདུན་ལུང་བཀླགས། ཟླ་སྤྲུལ་མདུན་ནས་སྨིན་གླིང་འདོད་བུམ་གནང་། མགོན་པོ་སྤྲུལ་སྐུའི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་ཚང་བ་ཟླ་བཟང་དང་ལྷན་ཅིག་ཞུས། སྟག་ཤམ་རྡོར་སེམས་ཀྱི་དབང་། ཕྱག་དྲུག་པའི་བེ་བུམ་རྙིང་མའི་ལུང་རྣམས་ཀྱང་ཐོབ། ཁོང་ལ་ནི་གུ་ཆོས་དྲུག་དང་སྦྱོར་དྲུག་རྣམས་ཀྱི་ཁྲིད་དགོས་གསུངས་པ་ལྟར་བྱས། སྒྲུབ་ཁང་དུ་ཟླ་བཟང་མདུན་ནས་ཆོས་གླིང་ཕུར་པ་དང་། གནམ་ཆོས་དབང་བསྒྲིགས་ཚང་མའི་དབང་ལུང་ཞུས། ལོ་བསྟར་ཕུར་བསྙེན་ཕུར་ཟློག །ཨཱརྱ་ཏཱ་རེའི་བསྙེན་པ་རྣམས་རྒྱས་པར་གྲུབ་ནས། ཆགས་མེད་ཀྱི་ཟིན་བྲིས་དཀྱིལ་འཁོར་ཞེ་གཉིས་སུ་འགྱུར་ཚུལ་ལྟར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པ་བཏང་། ཆུ་བྱི་གསར་ཚེས་ཟླ་བ་གཉིས་པའི་ནང་ཞི་ཁྲོའི་བསྙེན་པ་གྲུབ་ནས་མཚམས་གྲོལ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་བོད་ནས་ཕྱིར་ཕེབས་པ་ལ་མཇལ་དར་དང་གྲུབ་བརྒྱའི་ཞལ་ཐང་སོགས་འབུལ་མཁན་བཏང་། ཀུན་སྐྱོང་གླིང་པའི་གཏེར་བྱོན་ལི་སེར་ལས་གྲུབ་པའི་རྡོ་རྗེ་གཞོན་ནུའི་སྐུ་ཁྱད་པར་ཅན་གཅིག་གནང་ནས། འདི་རང་ཅག་རྣམས་ཀྱིས་དམ་པའི་ཆོས་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་སེལ་བའི་རྟེན་འབྲེལ་ཡིན་གསུང་བ་འདུག །རྨེ་ཤོད་སོག་མོ་ཚང་གིས་བསུ་བ་ཆེད་བཏང་ལྟར་ཕྱིན་ནས་གཤིན་པོ་སྔ་རྗེས་དགེ་རྩར་ཞི་ཁྲོའི་ཆོ་ག་བདུན་ཕྲག་གཉིས་བགྱིད་དགོས་པ་བྱུང་། མཁྱེན་བརྩེ་རིན་པོ་ཆེ་ཆེད་གཏད་ཕེབས་བྱུང་བ་དང་། མདོ་སྨྱོན་སྤྲུལ་སྐུ་སོགས་བླ་སྤྲུལ་ཉི་ཤུ་སྐོར་ལ་ཇོ་ནང་སྒྲུབ་ཐབས་རིན་འབྱུང་གི་དབང་ལུང་ཚང་བར་བགྱིས། རྡོར་གླིང་གཏེར་བྱོན་སྐུ་ཚབ་རིན་པོ་ཆེ་དང་། ཇོ་ནང་རྗེ་བཙུན་བཀའ་འབུམ་སྤར་མ་ཡོངས་རྫོགས་སོགས་གནང་སྦྱིན་ནོམ་ཆེན་མཛད། ཚུར་ལའང་ཆོས་དབང་འཁོར་བ་དོང་སྤྲུགས་དབང་ལུང་དང་། མཁྱེན་བརྩེའི་ཛཱ་བིར་གྱི་ཁྲིད་ཞུས། སྡེ་དགེ་སྲས་གཅུང་ནས་སྒྲུབ་ཁང་བཞེངས་པའི་རིམ་གྲོ་ལ་མ་འོང་ཐབས་མེད་ནན་ཏན་གསུངས་པ་ལྟར་དགོན་ཆེན་དུ་ཕྱིན་ནས་ཉེས་སེལ། ཚེ་གཡང་སྒྲུབ་པ། སླར་ནང་གཞུག་ཆས་དགོངས་འདུས་བཏགས་གྲོལ་མཐོང་གྲོལ་བསྒྲུབ་པ་སོགས་བགྱིས་ནས་སླར་འཁོར། ཟླ་སྤྲུལ་གྱིས་གླིང་སྟོད་གྲྭ་ཁང་གསར་བཟོས་ལ་ས་བདག་དབང་ཆེན་ཞིག་དགོས་གསུངས་པ་ལྟར་བསྒྲུབས། སྟག་ཤམ་འོད་དཔག་མེད་ཀྱི་ཚེ་དབང་སོགས་ཞུས། ཚེས་བཅུའི་འཆམ་གཟིགས་ལ་སྡེ་དགེ་མཆེད་ཞལ་རྣམས་བྱོན་པར་ལྷ་གསར་དུ་ཉིན་གསུམ་ལ་ཞི་ཁྲོའི་དབང་བརྒྱ། སྲས་བླ་མར་ཀུན་རིག་དང་ཚེ་དཔག་ལྷ་དགུའི་འཚོགས་དབང་། སྲས་གཅུང་ལ་རྗེས་གནང་ཁ་ཤས་བགྱིས་ནས་ཕེབས་སོང་། སྒྲུབ་ཁང་དུ་སྐྱབས་རྗེའི་ཞལ་མཇལ། སྒྲུབ་པ་རྣམས་ལ་ནི་གུ་ཆོས་དྲུག་གི་བྱིན་རླབས་རྣམས་དང་ཁྲིད་ཉིན་ཁ་ཤས་བྱས། རྒྱལ་རོང་ཁྲོ་སྐྱབས་བླ་མ་ཁ་ཤས་དང་བླ་མ་བསོད་ཁོ་སོགས་ལ་རྗེའི་བཀའ་བཞིན་བླ་བྲང་དུ་ཕྱིན་ནས་གྲུབ་བརྒྱའི་བྱིན་རླབས་ཉིན་ཁ་ཤས་བྱས། ཟླ་བ་བདུན་པའི་ནང་ཟླ་སྤྲུལ་དང་ཕྲན་དཔོན་སློབ་རྣམས་ནས་སྙན་འབུལ་ཞུས་པ་ལྟར་མཁྱེན་བརྩེ་རིན་པོ་ཆེ་གླིང་སྟོད་དུ་ཕེབས་ནས། ཉིད་ཀྱིས་གསར་བསྒྲིགས་གནང་བའི་སྒྲུབ་ཐབས་ཀུན་བཏུས་ཀྱི་ཚར་ལུགས་དཀར་པོ་རྣམ་གསུམ་གྱིས་དབུ་བརྩམས། ཚེ་རིང་མའི་བཀའ་གཏད་ཀྱིས་མཐའ་རྒྱས་བར་དབང་ལུང་ཁྲིད་གསུམ་ཚང་མ། བླ་མ་ཡང་ཏིག་གི་དབང་ལུང་ཁྲིད་བཅས། སྨིན་གླིང་གཏེར་ཆོས་ཚང་མའི་དབང་ལུང་ཁྲིད། ཕུར་པ་སྤུ་གྲི། བླ་མ་གསང་འདུས། ཉང་གཏེར་ཁྲོས་ནག་དབང་ལུང་ཁྲིད། ཨོ་རྒྱན་ཀཻ་རི་བརྒྱད་བསྐོར། བདུད་རྩི་བུམ་ཆེན་དབང་ལུང་། གཏེར་རྙིང་ཕྲན་ཚེགས་མང་པོའི་ལུང་། རིགས་གསུམ་སྤྱི་དབང་། རྣམ་སྣང་མངོན་བྱང་། རྡོར་དབྱིངས་རྣམས་ཀྱི་དབང་ལུང་། ལམ་སྤྱིའི་བཤད་ཁྲིད། བཀའ་གདམས་ཐིག་ལེ་བཅུ་དྲུག་དབང་དང་ཁྲིད། བཀའ་གདམས་གླེགས་བམ་གཉིས་ཀྱི་ལུང་། ལྷ་བཞིའི་རྗེས་གནང་དང་ཁྲིད། ནི་གུའི་གཞུང་བཀའ་ཉེར་ལྔ། མགོན་པོ་དཀར་མཐིང་བྱིན་རླབས། སུ་ཁ་དང་ལྷ་བཞི་དྲིལ་སྒྲུབ་བྱིན་རླབས་དང་ཁྲིད། ཤངས་ཆོས་རྒྱུན་གང་བཞུགས་ཀྱི་ལུང་། དྭགས་པོ་བཀྲས་རྣམ་ཕྱག་ཆེན་དང་ཆོས་དྲུག །ལོ་ཆེན་ཡིག་ཆ་ལྟར་ཞི་བྱེད་དབང་ལུང་ཁྲིད་གསུམ། རྒྱལ་ཐང་དང་སྨིན་ལུགས་ཀྱི་གཅོད་དབང་ལུང་དང་ཁྲིད། གྲུབ་རྒྱལ་ཚེ་ཁྲིད། ཚར་ལུགས་རིག་བྱེད་མའི་དབང་རྩ་དབུ་མའི་ཁྲིད། འཕོ་ཁྲིད་དང་བསམ་མི་ཁྱབ་ཐུན་མིན་ཁྲིད། རྒྱལ་སྲས་ཐོགས་མེད་ཀྱི་བློ་སྦྱོང་དོན་བདུན་མའི་ཁྲིད། གསང་བདེ་འཇིགས་གསུམ་གྱི་སྔགས་བཏུའི་བྱིན་རླབས་བཅས་བཀའ་དྲིན་བསམ་ལས་འདས་པ་བསྩལ། འདི་དག་རྣམས་ཀྱི་སྐབས་བསྟན་སྤྲུལ་ནས་ཛེ་ཏཱ་རིའི་རིང་བསྲེལ་ཡིན་གསུངས་པ་མང་དུ་གནང་བ་དང་། རྩེ་ལེའི་རིང་བསྲེལ་མང་དུ་རྙེད་པ་དང་། ཟངས་མདོག་དཔལ་རིའི་ཕོ་བྲང་ཡིན་ཟེར་བའི་སྒོ་ནང་ནས་མགྲོན་གཉེར་ཞིག་བརྒྱུད་ནང་དུ་ཕྱིན་པས་གུང་དུ་གུ་རུ་རིན་པོ་ཆེ། གཡས་གཡོན་དུ་སྔགས་པ་རྔ་གྲལ་མཇལ་བ་ལ་བྱིན་རླབས་ཞུས་པ་དང་། རང་ཕག་མོ་ཕྱག་བཞི་པར་གྱུར་ནས་གྲི་གུག་གིས་གཞན་འགའ་ཞིག་ལ་དབང་བསྐུར་བ་སོགས་རྨིས་ལྟས་བཟང་པོ་འགའ་ཡང་མཐོང་། བྱང་ལུགས་བརྡ་དོན་ལམ་ཟབ་ཀྱིས་ཆོས་མཚམས་མཛད། མཎྜལ་རྟེན་གང་འབྱོར་ཕུལ་ནས་སླར་ཕེབས། ངེད་རང་སོག་མོ་དང་གནས་ར་སོགས་འབོད་མཁན་རྣམས་ལ་ཕྱིན། ཞི་ཁྲོའི་ཆོ་ག་དང་། གཡང་སྐྱབས་སོགས་རེ་སྐོང་བྱས། ཟླ་བ་བཅུ་པའི་ནང་རྫོང་སར་དགོན་དུ་ཕྱིན། གནས་རའི་གྲྭ་ཁང་དུ་བསྡད། མཁའ་འགྲོ་ཡང་ཏིག་སོགས་གསར་རྙིང་དབང་ལུང་ཐོར་བུ་འགའ་ཞིག་བཞེད་པ་ལྟར་ཕུལ། རྫོགས་ཆེན་སེམས་སྡེ། ཀློང་སྡེ་རྡོ་རྗེ་ཟམ་པ་རྣམས་ཀྱི་དབང་ལུང་ཁྲིད་བཅས། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། གསང་བ་སྙིང་པོའི་རྒྱུད་བཤད། རོང་ཊཱིཀ་གཡུང་ཊཱིཀ་སོགས་ཀྱི་ལུང་། ཞལ་ལུང་ཁྲིད། རྒྱུད་བཤད་གྲུབ་མཐར་བསྟན་པ་གཏོད་པའི་མངའ་གསོལ་ཡང་གནང་། སོ་ལུགས་ཡང་དག་ལྷ་དགུ། སངས་རྒྱས་མཉམ་སྦྱོར། ཨ་ར་པ་ཙ་ལྷ་ལྔ། སྙིང་ཐིག་ཆོས་དབྱིངས་རང་གསལ་རྣམས་ཀྱི་དབང་ལུང་ཚང་བ། རྔོག་ལུགས་དུད་སོལ་མའི་རྗེས་གནང་ནན་ཆགས་མ་བཅས་བཀའ་དྲིན་དུ་ཐོབ། དེང་སང་བླ་མ་དགེ་བཤེས་གྲགས་ཆེ་གྲས་རྣམས་ཀྱང་རང་རང་གི་ལུགས་སྲོལ་དེ་དང་གཞུང་ལུགས་འགའ་ཙམ་མ་གཏོགས་ཐུབ་བསྟན་ཕྱོགས་མེད་ལ་དག་སྣང་དང་གཟིགས་པ་ཤིན་ཏུ་ཕྲ། མཆོག་དམན་ཕལ་མོ་ཆེ་ཐོས་པ་ཉུང་ཞིང་ཆོས་རྒྱུས་ཆུང་། ཁྱད་པར་ཕྱིས་འདིར་གཟུ་བོར་མི་གནས་ཤིང་ཆོས་སྤྱན་དང་མི་ལྡན་ཀྱང་དབང་ཡོད་ཁ་དྲག་ལྟ་བུས་ཆོས་ལུགས་བཟང་ངན་དང་བརྒྱུད་པ་གཙང་མི་གཙང་གི་ཟེར་བརྗོད་ཤིན་ཏུ་མང་ཞིང་གཞན་ལུགས་ལྟ་ཞོག །རང་ལུགས་ལའང་གཡག་ཞར་རང་འདྲོག་གི་དཔེས་རྒྱུ་མཚན་མེད་པའི་དོགས་འཛེམ་ཤིན་ཏུ་ཆེ་བས། རང་ཡང་ཆོས་སྙིང་ནས་འདོད་པ་ཞིག་ཡོད་ཀྱང་རང་ཐག་ཆོད་པའི་བློ་སྟོབས་ཅན་དུ་མ་གྱུར་ཅིང་ནུས་ཆུང་དུ་སོང་བས་འདོད་པ་བཞིན་མ་གྲུབ། འདི་ནས་བརྩམ་སྟེ་རིམ་པར་ཐུབ་བསྟན་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་ཐམས་ཅད་ལ་དད་པའི་པདྨོ་ཕྱོགས་མེད་དུ་གྲོལ། ཆོས་རྒྱུས་ཀྱང་ཇེ་དྲག་ཏུ་སོང་། ཆོས་སྤོང་ལས་ཚབ་པོ་ཆེ་མ་བསགས་པ་འདི་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །སླར་ཡང་རང་གནས་སུ་འཁོར་ནས་མགོ་ཟླ་བར་བླ་བྲང་ནས་ཕུར་ཁང་དུ་བསྟན་རིམ་དོན་ཟླ་སྤྲུལ་དང་ངེད་རང་དཔོན་སློབ་རྣམས་ཀྱིས་ཕུར་པའི་དབལ་མདོས་བཅའ་བསྒྲུབ་བགྱིས། རྒྱལ་ཟླ་བར་སྡེ་དགེ་སྲས་གཅུང་གིས་སྒྲུབ་ཁང་རབ་གནས་ཀྱི་གེགས་སེལ་བཅའ་སྒྲུབ་འོང་དགོས་གསུངས་པར་དགོན་ཆེན་དུ་ཕྱིན་ནས་ཕུར་པ་བདུན་གཅིག་ཙམ་དང་རྟེན་རྣམས་ལ་དགོངས་འདུས་མཐོང་གྲོལ་སོགས་བྱས། རབ་གནས་འཛི་ཕུ་མཁན་པོས་མཛད་སྐབས་ཕྱི་ནང་གི་ལྟས་ཤིན་ཏུ་འཚུབས་པ་ཞིག་བྱུང་སོང་། ཚུར་འཁོར་ནས་བླ་བྲང་དུ་ཕྱིན། དབོན་སྤྲུལ་རིན་པོ་ཆེས་ཐུགས་རྗེ་གསང་འདུས་ཀྱི་བུམ་སྒྲུབ་གསར་འཛུགས་མཛད་རྒྱུའི་ལག་ལེན་སོགས་བསླབ་སྟོན་བྱས། ཆུ་གླང་གནམ་ལོ་གསར་ཚེས་ནང་ཟླ་སྤྲུལ་རྡོ་རྗེ་རྒྱལ་པོ། ངེད་ཀྱིས་རྒྱལ་ཚབ་བྱས། འདུས་པ་མང་ཚོགས་བཅས་བུམ་སྒྲུབ་ལེགས་པར་བྱས། ཕྱི་ནང་གི་ལྟས་ཀྱང་ལེགས་པར་བྱུང་། བར་དེར་སྦྱིན་བདག་འགའི་རེ་སྐོང་ཡང་གྲུབ་ནས་ཡང་ཁྲོད་དུ་གྲུབ་རྒྱལ་ཚེ་ཁྲིད་སྔོན་འགྲོ་ནས་བརྩམ་བསྐྱེད་བཟླས་སོགས་ཀྱི་མཚམས་ལ་ཞུགས། མཁྱེན་བརྩེ་རིན་པོ་ཆེས་རྔོག་དཀྱིལ་ཆོག་བསྒྲིག་ཐད་བོད་ནས་གསུང་བྲིས་ལན་གཉིས་ཙམ་གནང་། ལོ་སྔ་མར་ཟླ་སྤྲུལ་ཞེ་སྤྲུལ་གཉིས་ལ་ནན་གསུང་སྟབས་ཁོང་རྣམ་གཉིས་ནས་དེ་ལྟར་མ་བསྒྲུབ་ཀ་མེད་ཀྱི་གསུང་ནན་ཡང་ནས་ཡང་དུ་མཛད་པར། རང་ཉིད་སྐྱེ་བརྒྱུད་བཟང་ངན་དང་སྨོན་ལམ་གྱི་མཐའ་ཅི་ཡོད་མི་ཤེས། ངན་པ་ཞིག་ཡིན་ཚེ་རང་གི་ཐར་པའི་ལམ་གྱི་སྒོ་འགེགས། བསྟན་པ་ལའང་གནོད་པར་འགྱུར་བར་སྲིད་པས་དེ་སྔ་བྱ་བ་འདི་བརྩམ་མ་ཕོད་ནས་ལུས། ད་སྟེ་དགོས་ངེས་ཡིན་ཚེ་དང་པོ་སེམས་ཐག་ཆོད་པ་ཞིག་དགོས་པས། ཆགས་མེད་རིན་པོ་ཆེའི་ཞལ་ནས། ལྷ་ཚོགས་བརྒྱ་ཕྲག་ཙམ་གྱི་བསྙེན་སྒྲུབ་ཐེམས། །ངན་སྔགས་དབང་སྡུད་གཅིག་ཀྱང་བསྒྲུབས་མ་མྱོང་། །ལས་ཚོགས་འདི་ཙམ་བསྒྲུབ་ན་འགྲུབ་འོས་ཡིན། །ཞེས་གལ་ཆེ་དུས་སྐྱེ་བ་དང་ཚེ་ཚད་བརྟག་པ་རེ་མཛད་ཚུལ་གསུངས་པ་ལྟར་ཟླ་སྤྲུལ་ཉིད་ཀྱང་དེ་དང་མཚུངས་པས་ཐོག་མར་སྐྱེ་བརྟགས་ཤིག་མཛད་གྲུབ་ཞུས་པར། ཁོང་གི་ཐུགས་དམ་རྒྱལ་བ་རྒྱ་མཚོ་ཡིན་ཡང་དེ་སྐབས་ཐུགས་རྗེ་གསང་འདུས་ཀྱི་བསྙེན་པ་བདུན་ཕྲག་གསུམ་བཞུགས། དེ་ཚེ་སྐྱེ་བརྟག་གི་རྫས་སྒྲུབ་གྲུབ་མཐར་ལས་སྦྱོར་མཛད་པའི་མནལ་ལྟས་ནམ་སྟོད་དུ་བླ་མ་ཞིག་གི་རྣམ་ཐར་དཔེ་ཞིག་གཟིགས་པར་གསར་རྙིང་བོན་སོགས་མང་པོ་ཞིག་གི་རྣམ་ཐར་དང་འགྲོ་དོན་བྱས་ཚུལ་བཀོད་པའི་མཐར། དེ་དང་དེ་དག་བཅུ་བཞི་ཡི། །རྒྱན་གྱི་མཆོག་ཏུ་ངེས་པར་འགྱུར། །ཞེས་པའི་མཆན་བུར། འདི་ལ་གནད་ཡོད་ཟེར་བ་བྲིས་པ་ཞིག་སྣང་། ནམ་གྱི་ཆ་སྨད་དུ། ཐང་གྲུ་བཞི་ཞིག་གི་ཕྱོགས་བཞིར་ཨོ་རྒྱན་རིན་པོ་ཆེ་ཕྱག་ན་ཐོང་གཤོལ་བསྣམས་པ་བཞི། མཚམས་བཞིར་བུད་མེད་འབྲུའི་སྣོད་བཟུང་བ་བཞི། ཁྲོམ་ཚོགས་ཤིན་ཏུ་མང་བ་བཅས་འདུག །བུད་མེད་ཞིག་ལ་འདི་ཅི་རེད་དྲིས་པར། འདི་རིག་འཛིན་གཏེར་བདག་གླིང་པས་སྨིན་གྲོལ་གླིང་འདེབས་སྐབས་ཨོ་རྒྱན་རིན་པོ་ཆེ་ཞག་བདུན་བསྒྲུབས་པས་གྲུབ་ནས་ས་གཞི་བྱིན་རླབས་མཛད་པ་རེད་ཟེར་བས་ཁོང་གི་ཐུགས་ལ་ཀོང་སྤྲུལ་སྨིན་གླིང་གཏེར་ཆེན་གྱི་རྣམ་འཕྲུལ་འཁྲུལ་མེད་ཡིན་འདུག་དགོངས་པ་ཞིག་བྱུང་འདུག །དེ་རྗེས་ཤིག་གི་མནལ་ལམ་དུ་རི་མགོར་མཁར་མཐོན་པོ་རྩག་མང་ཙམ་ཞིག་གི་སྟེང་མར་ངེད་བསྡད་འདུག །ཉིད་ནས་བསྐུལ་མ་མཛད་སྣང་ལྟ་བུའི་ཤོག་དྲིལ་ཆེན་པོ་ཞིག་ནམ་མཁར་ཡང་ཡང་བལྟ་ཞིང་བྲི་འདུག་པ། ནམ་མཁར་གཟིགས་པ་ཅི་རེད་དྲིས་པར། ཕྲན་གྱིས་རྩོམ་རིགས་ཐམས་ཅད་ལྷ་ལ་ཞུས་ནས་འབྲི་བ་ཡིན་ཟེར་བས་ཐུགས་ཤིན་ཏུ་དགྱེས་ཤིང་ཚིག་དོན་བཟང་བ་དང་བྱིན་རླབས་ཀྱང་ཤིན་ཏུ་ཆེ་འདུག་སྙམ་ནས་དད་སྤྲོ་དཔག་མེད་སྐྱེས་པ་བྱུང་གསུངས། རང་ནས་ཀྱང་སྐྱེ་བརྟག་བྱས་པར། སྨིན་གླིང་ཡིན་ཟེར་བའི་ཆོས་གྲྭ་ཞིག་ཏུ་སླེབས། དེར་ལྷ་ཁང་ཞིག་ཏུ་ཕྱིན་པར་གཡས་གྲལ་རྣམས་གཏེར་ཆེན་དང་། གཡོན་གྲལ་རྣམས་ལོ་ཆེན་གྱི་སྐྱེས་རབས་རེད་ཟེར་བའི་འདགས་སྐུ་འདྲ་བ་མང་པོ་བསྒྲིགས་འདུག་པ་རིབ་ཙམ་བལྟས་པ་རྨིས། རེ་རེ་བཞིན་ཡིད་ངེས་མ་བྱུང་། དེ་དང་དེ་དག་སོགས་ཀྱང་གཏེར་ཆེན་གྱི་སྐྱེས་རབས་བཅུ་བཞི་པའི་འཕྲོས་སུ་སྦྱོར་བ་ཞིག་གི་དོན་ཙམ་ཡིན་ནམ་སྙམ་པའི་རྟོག་པ་ཤར། འོན་ཀྱང་དེ་ལྟར་ཡིན་སྙམ་པ་ནི་རྨི་ལམ་དུ་འང་མེད་ཅིང་བཟང་འབྲེལ་ཐོགས་པ་ཙམ་གྱི་ལས་འཕྲོ་ཡིན་རྒྱུ་བྱས་ན་ལོས་ཆོག །མཁྱེན་བརྩེ་རིན་པོ་ཆེར་ཡང་འབྲི་རྒྱུའི་ཐད་བཀའ་བརྟགས་ཞུས་པར་ཡི་གེ་གཟིགས་མ་ཐག་སྤྱན་སྔར་ཨུ་ད་ཡ་ཞེས་པའི་རྒྱ་ཡིག་ཅིག་གསལ་བར་ཤར་བྱུང་བས་ཨུ་ད་ཡ་ནི་འཆར་བ་དང་དར་བ་ལ་འཇུག་པས་བསྟན་པ་གསལ་བ་དང་བསྟན་བཅོས་དར་བའི་བརྡར་འདུག་གསུངས། སྔར་བོད་ནས་རྔོག་གི་གདན་ས་གཞུང་སྤེ་ཤིང་དུ་ཕེབས་སྐབས་ཕྲན་གྱིས་རྔོག་དཀྱིལ་འབྲི་དགོས་པའི་ལུང་བསྟན་བྱུང་ཚུལ་འཆི་མེད་སྤྲུལ་སྐུ་ལ་བཀའ་འཕྲོས་ཕེབས་འདུག་པ་དང་། གཙང་ཞྭ་ལུ་མཆོག་སྤྲུལ་གྱི་བླ་མ་མར་པའི་རྣམ་འཕྲུལ་རྩོད་མེད་དུ་གྲགས་པའི་སྦས་པའི་རྣལ་འབྱོར་ཅིག་བཞུགས་པ་དེས། མར་པའི་རྒྱུད་སྡེ་འདི་རྣམས་ལ་ཁྱེད་ཀྱི་སློབ་བརྒྱུད་ཅིག་གིས་ཡིག་ཆ་བྲིས་ནས་སྤེལ་ན་བསྟན་པ་ལ་ཕན་པར་འགྱུར་ཅེས་པའི་ལུང་བསྟན་གནང་ཡོད་འདུག་པར། མཆོག་སྤྲུལ་ནས་མཁྱེན་བརྩེ་རིན་པོ་ཆེ་ལ་ངེད་ཀྱི་སློབ་མ་ཡིག་ཆ་འབྲི་སྤེལ་ནུས་པ་ཉིད་ལས་སུའང་མི་འབྱུང་བས་ཐུགས་རྩོལ་དགོས་ཚུལ་གསུངས་པ་རྣམས་ཀྱིས་ཀྱང་ཕྲན་ལ་བསྐུལ་མ་སྔ་རྗེས་ནན་དུ་མཛད་པར་འདུག །འདི་སྐབས་སྐྱེ་བརྟགས་ཤིག་ཀྱང་གནང་རོགས་ཞུས་པར། མནལ་ལྟས་དང་པོར། ལྷ་ཁང་བརྒྱུད་གཟིམས་ཁང་དུ་ཕེབས། མཆོད་ཁྲིར་གླེགས་བམ་དམར་པོ་འདུག་པ། གཞན་ཞིག་གིས་འདི་ཡོན་ཏན་རྒྱ་མཚོའི་སྐྱེས་རབས་རེད་ཟེར། དེར་བརྟག་པ་མཛད་ཡོད་པ་དྲན་ཏེ་ཞིབ་བལྟས་དགོས་སྙམ་ཁ་ཕྱེས་གཟིགས་པས། རྒྱབ་ཡིག་ལ། དགེ་བའི་བཤེས་གཉེན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་རྣམ་ཐར་བཞུགས་སོ་ཟེར་བ་འདུག་པས། འདི་ཡོན་རྒྱམ་མ་རེད། ཀླུ་མེས་རེད་བྱས་པ། དེ་གཉིས་གཅིག་རེད་ཟེར། སླར་གཟིགས་པས་སྐྱེས་རབས་དང་རྣམ་ཐར་ཤིན་ཏུ་ཞིབ་རྒྱས་འདུག་པའི་དང་པོའི་ཚིགས་བཅད་དུ། འཁོར་སྤངས་དགོན་པ་བདུད་རྩི་བཞིན་དུ་བསྟེན། །སྔགས་ཀྱི་ལྷག་ཆད་ནོར་བ་དུག་བཞིན་སྤངས། །རིམ་པ་ཆུ་བོའི་རྒྱུན་ལྟར་བརྩོན་པ་ཡིས། །ཡི་དམ་ཞལ་གཟིགས་མཆོག་གི་དངོས་གྲུབ་ཐོབ། །ལས་ཀྱི་ལྷག་མའི་ཀླུ་གདོན་བསྙུན་ལས་གྲོལ། །ཞེས་པའི་འཕྲོས་སུ། གསང་བདག །ཀུན་དགའ་བོ། བཻ་རོ། དེ་ནས་ཀླུ་མེས། དེའི་སྐྱེ་བ་དེ་མ་ཐག་པ་ནི་ལྷ་རྗེ་ཟུར་པོ་ཆེའོ། །དེ་ནས་སྐྱེ་བ་བཅུ་གསུམ་བརྒྱུད་མཐར་ད་ལྟའི་བླ་མ་འདི་ཡིན་པའི་ཚུལ་དང་། ཀླུ་མེས་རྣམ་ཐར་ཤིན་ཏུ་རྒྱས་པའི་བསྡུ་ཚིག་ལྟ་བུར་ཡི་དམ་ཕྱག་རྡོར་དཀར་པོ། ཆོས་སྐྱོང་བཙན་དཀར་པོ་ཚངས་པ་དུང་ཐོད་ཅན་བཅས་སྐབས་དེར་བསྟེན་ཚུལ་དང་། ཀླུ་གདོན་རྒྱུ་རྐྱེན་བཻ་རོས་དམར་རྒྱན་མ་ལ་མཛེ་བཏང་བའི་ལས་ལྷག་སོགས་དང་། གོང་གི་ཚིགས་བཅད་འདུག་པ་ཕྱིར་ནང་གསལ་བར་དྲན་གསུངས། མནལ་ལྟས་གཉིས་པ། རིན་པོ་ཆེ་ཉིད་ཀྱིས་རྟ་ཞིག་ཆིབས། གྲྭ་པ་རྐང་ཐང་བཞི་ཙམ་བཅས་ཟབ་བུ་ལུང་མཇལ་དུ་ཕེབས་ཀྱིན་འདུག་པ་གནས་མདར་སྔགས་པ་ཞིག་གི་ཁྱིམ་དུ་གདན་དྲངས། དབང་དང་བྱིན་རླབས་ཞུས། བསྙེན་བཀུར་བསྟབས། དེས་མཚོན་ལམ་དུ་གར་ཕེབས་པ་ཡིན་ཞུ་མཁན་ཐམས་ཅད་ལ། ཟབ་བུ་ལུང་གཏེར་ལུང་མཇལ་དུ་འགྲོ་བ་ཡིན་ཁོ་ན་ལབ་ཀྱིན་འདུག །ལམ་དུ་ཆར་པ་འགའ་ཞིག་བབ་པ། གྲྭ་པ་རྣམས་ནས་དེ་རིང་སྡུག་གནམ་འདིས་ག་འདྲ་བྱེད་པ་ཡིན་ན་ཟེར་བ་ལ། དགའ་མོ་ཡོང་འགྲོ་གསུངས་ཤིང་ཕེབས། ཕྱི་དྲོ་ལུང་པའི་རྐེད་ཙམ་སླེབ་པ་ཆུ་ཕར་ཀ་དེར་འབྲོག་དུད་ཕྱུག་པོ་ཞིག་འདུག་པ། ཆེ་ཆུང་མེད་པ་ཐམས་ཅད་ཆུ་ཚུར་ཀར་རྒྱུག་ནས་བྱིན་རླབས་ཞུས། ད་ཇི་ཙམ་འགྲོ་དགོས་དྲིས་པར་ད་དུང་ལམ་ཕྱེད་ལས་མ་སླེབས་ཚུལ་བཤད། དོ་དགོང་བཞུགས་གནས་གར་འབེན་དྲིས་པར་འདི་ཡན་ཆར་སྐྱིབས་སོགས་སྟབས་བདེ་མེད་ཚུལ་ལབ་པར་གྲྭ་པ་རྣམས་ནས། འོ་ན་དོ་དགོང་ཁྱེད་རང་ཚང་ལ་གནས་ཚང་ཨི་གཡར་བྱས་སོང་བ། ནངས་སྔ་བར་ཕེབ་རྒྱུ་ཡིན་ཚེ་གཡར་རྒྱུ་ཡོད་ཟེར། དེ་ཀ་ཡིན་ཚུལ་གྱིས་ཆུ་ཕར་ཀར་ཕྱིན་པས་དུད་ཚང་དེ་ལྟག་སྦྲ་ཆུང་ལོགས་དང་ས་ཐམས་ཅད་སྟན་དཀར་གྱིས་གཡོགས་པ་ཞིག་ནང་བཞག །གསོལ་ཐུག་སོགས་བསྐྱལ། སང་ཉི་ཤར་ལ་བླ་མ་མངའ་བདག་པ་ཕེབ་རྒྱུ་ཡིན། དེ་བ་གཙང་སྦྲ་ཤིན་ཏུ་ཆེ་བ་ཡིན་པས་ཉིད་དཔོན་སློབ་ནས་ཕོ་གཏོར་སོགས་འབག་འབོག་མི་མཛད་པར་ཞུ་འདུག །དེ་ནུབ་ཐུགས་དམ་འདྲ་མཛད་ཀྱིན་བཞུགས། ནངས་ནམ་ལངས་པ་དང་ཚ་བ་བཞེས་ནས་ཆིབས་བཏེགས་ཏེ་ལུང་པའི་ཕུ་ལ་ཕེབས་ནས་འགྲུལ་པ་འདྲས་ལམ་ངོ་སྤྲད་ཅིང་། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཕེབས་པ་དང་། ཕ་བོང་ཞིག་གི་སྐྱིབས་སུ་རྣལ་འབྱོར་པ་ཐོར་ཚུགས་ཆུང་ངུ་ཡོད་པ། རབ་བྱུང་ཆས་སྐུ་བོང་མི་ཆེ་མི་ཆུང་། སྐུ་ཤ་རན་པ་ཞལ་རྒྱན་ཅུང་ཟད་ཡོད་པ་ཞིག་ཆར་ཡིབས་ལྟ་བུས་བཞུགས་འདུག་པ་བཞེངས་ནས་ཁོང་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ཡིན། ཁྱེད་ཕེབས་པས་རྟེན་འབྲེལ་ཤིན་ཏུ་བཟང་བས་ད་ལྟ་གཏེར་འདོན་པར་འགྲོ་གསུངས། དགྱེས་བཞིན་ཕེབས་པས་ཕ་བོང་ཞིག་ནས་ཤོག་དྲིལ་ཞིག་ཕྱུང་། དེ་མ་ཐག་གུ་རུ་གུ་ཎ་ས་མུ་དྲ་ད་ལྟའི་བྱི་བྱད་ཇི་ལྟ་བར་གནས་འགྱུར་ནས། ཤོག་སེར་འདིའི་ཆོས་བདག་ཁྱེད་རང་ཡིན་པས་ད་ལྟ་རང་དུ་ལུང་བྱ་ཞེས་ཤོག་སེར་ཚར་གཅིག་དག་པར་ཀློག་སོང་བ་གྲོལ་ཐིག་ཆོས་སྡེ་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་དེར་སྣང་གསུངས་ཤིང་། རྗེ་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡིན་པའི་ཐུགས་ཤེས་གསལ་ཡོད་པ་འདྲ། ཟླ་བ་བཞི་པའི་མཇུག་དེར་སྐྱབས་རྗེ་རིན་པོ་ཆེ་ཞལ་ལན་གཅིག་མཇལ་བ་ནི་ཐ་མ་ཡིན་ཅིང་ཉིད་ཀྱི་བཞེས་སྣོད་གཡང་ཊེའུའི་མཆོད་ཞལ་ཞིག་ཀྱང་བཅུད་ཀྱིས་བཀང་ནས་གནང་། འདི་ཡན་ཆད་ཞལ་ནམ་མཇལ་སྐབས་སྐུའི་དཀྱིལ་འཁོར་ལས་དབང་བཞི་ལེན་པའི་དམིགས་པ་རེའང་བྱས་པས་སྔར་བླ་བྲང་དུ་བཞུགས་སྐབས་ཤིག་དབང་ལེན་གྱི་རྗེས་ཐོག་དེར་བདེ་སྟོང་གི་ཉམས་ཚད་མེད་པ་ཞིག་སྐྱེས་པ་བྱུང་བས་བྱིན་རླབས་ཅུང་ཟད་ཐོབ་པར་སེམས། འདི་སྐོར་ནས་སྐུ་ལུས་ཅུང་ཟད་ལྗི་བའི་རྣམ་པ་ལས་བསྙུན་ཁམས་དམིགས་བསལ་གང་ཡང་མི་བཞུགས་ཀྱང་དབོན་སྤྲུལ་དང་ཟླ་སྤྲུལ་གཉིས་ལ་ཞལ་ཆེམས་བསྩལ། ཟླ་བ་ལྔ་པའི་ཚེས་བདུན་གྱི་དགོང་མོར་ས་གཡོ་བ་སོགས་ལྟས་དང་བཅས་གཞན་དོན་དུ་དགོངས་འདུག །ཁོང་རྣམ་གཉིས་ཀྱིས་ཕྱིར་ནངས་གསུང་བྲིས་དང་། འོང་དགོས་གསུངས་པ་ལྟར་བླ་བྲང་དུ་ཕྱིན། ཐམས་ཅད་ཞལ་རྒྱས་ཐོག་དགོངས་རྫོགས་བསྒྲུབ་པའི་ཆས་བསྒྲིགས། ཡིག་བསྐུར་གནད་ཆེན་ཕལ་ཆེར་བྲིས། སྒྲུབ་ཁང་དུ་སྐུ་གདུང་རིན་པོ་ཆེར་མཆོད་འབུལ་གང་འབྱོར་དང་འདུས་པར་རྡོར་སེམས་སྙིང་པོ་གསུངས་པའི་ཡོན་རྒྱབ་ཀྱང་བྱས། གསོལ་དགུང་གསུམ་པར་ངེད་དང་བླ་མ་གསང་སྔགས་དཔོན་སློབ་མང་ཙམ་གྱིས་ལྷ་གསར་གསེར་གདུང་མདུན་བླ་མ་དགོངས་འདུས་སྐོང་ཆོག་ཆེན་མོ་བཏང་། འདི་སྐབས་ཐང་ཡངས་པ་ཞིག་ཏུ་བྱམས་མགོན་བླ་མ་དེ་ཉིད་སྐུ་གཟི་མདངས་རྒྱས་པའི་ཚུལ་གྱིས་ཁྲིའུའི་ཁར་བྱམས་བཞུགས་མཛད་པ་མཇལ་བས། ཞིང་ཁམས་བརྗེས་པའི་ཚུལ་ཡང་ཡིད་ལ་ཡོད་པ་ལྟ་བུའི་ངང་། གུས་པ་ཆེན་པོས་བཏུད་པས། ཞལ་ནས་གནས་ཁང་མཚོ་ཁར་གཙང་། རྒྱལ་བའི་དབང་པོར་ལྗགས་སྔགས་ཞུ་དགོས་གལ་ཆེ་ཞེས་གསུངས་པ་དང་། རྒྱལ་བའི་དབང་པོའི་ཆིབས་རག་ཀྱང་ཉེ་སྐོར་མ་གི་ནས་བྱོན་འོང་བ་འདྲ་མོ་དང་། ཡང་མཚོ་མཐའ་གངས་རིའི་ཕྲེང་བས་བསྐོར་ཞིང་སྤྲིན་དཀར་པོས་ཁྱབ་པ་ཡིད་དུ་འོང་བར། ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྟོད་དབྱངས་རོལ་མོའི་སྙན་འཇེབས་མང་དུ་སྤྲོ་བ་ན། འདི་རྗེ་དེ་ཉིད་ལྷུམས་སུ་ཞུགས་པའི་ལྟས་ཡིན་སྙམ་པ་རྨིས་པས། སྤྲུལ་པའི་སྐུ་བྱང་གནམ་མཚོ་ཐང་ལྷའི་ཉེ་ཞོལ་དུ་སྐུ་འཁྲུངས་པ་ལ་ལྟ་བ་ཡིན་ནམ་སྙམ། སྐུ་མཆོད་གང་འཛུག་གྲོས་མོལ་སྐབས། སྔར་དབོན་རྒན་དེ་ཉིད་ནས་སྐྱབས་རྗེ་ཉིད་མངའ་བདག་མར་པའི་རྣམ་འཕྲུལ་དུ་ཡོངས་སུ་གྲགས་པས་མ་འོངས་པར་སྐུ་མཆོད་ལ་མར་པའི་ཐུགས་དམ་གཙོ་བོ་དགྱེས་གསང་གཉིས་མ་ཚུགས་ཐབས་མེད་པས། ཁྱོད་ནས་སྒྲུབ་དཀྱིལ་གྱི་ཆོག་སྒྲིག་དང་ལག་ལེན་ཞིབ་ཆ་དགོས་གསུངས་པ་ལྟར། དཔལ་སྤུངས་བཀའ་བརྒྱུད་གདན་ས་དག་ཤོས་ཡིན་དུས་མར་པའི་རྒྱུད་སྡེ་ཞིག་གལ་ཆེ་ཚུལ་ཞུས་པ་ལྟར་ཟླ་དབོན་ཟུང་གི་ཐུགས་ལ་བབས་པས་ངེད་རང་ཡར་ཕྱིན་ཏེ་དགོངས་རྫོགས་ཀྱི་ཐབས་ལ་གཙོ་བོར་དམིགས་ཏེ། རྒྱུད་སྡེ་དགྱེས་རྡོར་གྱི་སྒྲུབ་དཀྱིལ་ནས་རིམ་པར་སྒྲིག་པའི་དབུ་བརྩམས། བླ་བྲང་ཕྱག་དཔེར་བཞུགས་པའི་ཁྲུས་ཁང་ལོ་ཙཱ་བ། རྔོག་རིན་ཆེན་བཟང་པོ་སོགས་ཀྱི་སྒྲུབ་དཀྱིལ་སྣང་ཡང་ལུང་མ་བཞུགས། ཕྱིས་བྱོན་ནང་སྤྱན་སྔ་ཆོས་གྲགས་ཀྱི་ཡིག་ཆ་མང་ཉུང་འཚམས་ཤིང་རྔོག་ལུགས་བསླད་མེད་དང་། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་བཀའ་འབུམ་དུ་མར་པའི་རྒྱུད་སྡེ་ཁ་ཤས་བཞུགས་པ་རྣམས་གསེར་ཞུན་ལྟ་བུར་སྣང་བས་དེ་གཉིས་ལ་གཞི་བྱས་ནས་སྒྲིག་སྐབས་གསོལ་དགུང་རྫོགས་པའི་སྐབས་ཁྲ་ལེབ་ཡེ་ཤེས་ཉི་མ་ཕེབས། ཁོང་ལ་ཀུན་ཁྱབ་སློབ་མ་དབོན་སྤྲུལ་ཀརྨ་རིན་ཆེན་ནས་གནང་བའི་སྤྱན་སྔའི་རྒྱུད་སྡེ་རྣམས་ཀྱི་དབང་ལུང་བཞུགས་འདུག་པས་ཚང་མ་ཞུས་པས་དབང་རྒྱུན་རྣམ་དག་དང་ལུང་རྒྱུན་ཀྱང་གཞན་ལ་ལྟོས་མི་དགོས་པ་བྱུང་། དེ་སྐབས་ཟླ་བཟང་རིན་པོ་ཆེ་ཀརྨ་དགོན་ལ་ཕེབས་སོང་། ཟླ་བ་བརྒྱད་པའི་ཚེས་གསལ་ནང་གདུང་ཚ་རྣམས་དང་དབུ་ཐོད་བུམ་རིལ་རང་བྱོན་ཅན་སོགས་ལྷ་གསར་གསེར་གདུང་དུ་བཞུགས་སུ་གསོལ་ནས་དྲི་མེད་རྣམ་གཉིས་ཆོ་ག་དང་། རྒྱལ་རྒྱམ་སྒོ་ནས་རབ་གནས་ཉིན་གཉིས་ཞུས། འདི་སྐབས་ཀླུ་གདོན་གྱི་རྨི་ལྟས་བྱུང་། གྲིབ་རྐྱེན་ཞིག་ལ་བརྟེན་ནས་མིག་ནད་ཐོག་མར་བྱུང་ཡང་ནད་ངོ་སུས་ཀྱང་མ་འབྱེད། སྨྲ་ལྕེ་མི་བདེ་ཞིང་དབང་པོ་རྨུགས། སྨྲ་བརྗོད་དཀའ་བ་རྣམས་མཉམ་དུ་བྱུང་། ཡང་ཁྲོད་སྒྲུབ་གནས་སུ་ཉང་གཏེར་མིག་འབྱེད་མ་ཞག་བདུན་ཞིག་ཀྱང་བྱས་པས་ཉི་ཟླ་ཤར་བ་སོགས་ལྟས་བཟང་དུ་བྱུང་། འོན་ཀྱང་སྐབས་རེར་གྲིབ་རྐྱེན་སོགས་ལ་བརྟེན་མིག་མི་བཟོད་པར་ཚ་ནས་གསལ་ས་ལ་གཏན་ནས་བལྟ་མི་ཕོད། མགོ་རས་ནག་སོགས་ཀྱིས་བཏུམ་དགོས་པ་ཞག་ཤས་རེ་འོང་བའི་འཕར་ལྡང་རྒྱུན་དུ་བྱུང་། འདི་ནས་ཟླ་བ་གཅིག་ཙམ་སྐྱ་གཏེར་ངེད་ཀྱི་ཚེ་སྒྲུབ་ལ་བཞུགས། རྨིས་ལྟས་ལེགས་གསུངས། སྒྲུབ་པ་གྲོལ་ནས་ཚེ་རྫས་བྱུང་བའི་ནུབ་མོ་ཟླ་བ་ཤར། གོས་གསར་གྱོན་པ། གཏེར་སྒྲོམ་རྙེད་པ་སོགས་རྨི་ལམ་བཟང་པོ་བྱུང་ཡང་སྔར་ཟླ་སྤྲུལ་མདུན་དུའང་ནན་ཏན་ཞུས་ཏེ་སྐྱབས་རྗེ་བཞུགས་རིང་འདི་ཐད་མཐོང་གང་ཡང་མ་ཆོད། ད་སྟེ་སྙོམས་བསྐྱུར་ནི་མི་ཉན་ངེས་པ་རེད་པས་བརྟགས་པ་མཛད་རོགས་ཞུས་པ་ལྟར་བརྟག་པ་མཛད་ཀྱང་ཐག་ཆོད་པ་ཞིག་མ་བྱུང་། ད་གང་ལྟར་ཡང་སྐྱ་སུ་བླ་མ་ཟེར་བ་མ་གཏོགས་གཏེར་སྟོན་གྱི་མིང་བཏགས་པ་དང་དབང་ཆོས་འབྲེལ་བ་ཞུ་བ་འདི་ཁེ་ཉེན་ཆེ་བས་གཏན་ནས་མི་དགའ་གསུང་བྱུང་བས་འདི་རེས་ཚེ་དབང་ཞུ་བ་སོགས་ནི་མ་བྱུང་། དེ་རྗེས་ཁོང་གཏེར་ལྷུང་ཕྱོགས་སུ་གསོལ་ལྡོམ་བྱོན་འདུག་ཀྱང་ཕྱག་རྫས་ཅིའང་མེད་སྐབས་ཡིན་པས་རང་ནས་གོས་སྣེ་གཉིས་ཙམ་དང་། དར་ཁ། སྣག་ཤོག་ཡན་ཆད་འབྱོར་འཁོས་གང་ཡོད་ཀྱི་མཁོ་ཆས་རྣམས་ཕུལ། དེ་སྐབས་རི་བོ་དབང་ཞུར་སྒྲུབ་པ་དང་གནས་ཡིག་བཀོད་པ་སོགས་ཐོག་མའི་རྟེན་འབྲེལ་ལེགས་པ་བྱུང་འདུག །ཟླ་བ་དགུ་པ་ནས་བརྩམ་ཡི་དམ་འགའ་ཞིག་བསྙེན་སྒྲུབ་མཚམས་རིང་སྡོད་དང་ཕུར་ཟློག་བཏང་བའང་བགྱིས། ལོ་མཇུག་ཏུ་མགོན་པོ་ཕྱག་དྲུག་པའི་གཏོར་སྒྲུབ་དཔོན་སློབ་ཉུང་ཙམ་གྱིས་བགྱིས་པས་བེ་བུམ་ནས་བཤད་པའི་རྨིས་ལྟས་ལེགས་པ་དེ་གྲས་ཁ་ཤས་བྱུང་། ཤིང་སྟག་གསར་ཚེས་ཀྱི་ཟླ་བ་གཉིས་པའི་ནང་མཚམས་གྲོལ་ནས་དགོངས་འདུས་སྐོང་ཆོག་ཆེན་མོའང་བཏང་། བླ་བྲང་དུ་ཕྱིན་ནས་བུམ་སྒྲུབ་དབུ་མཆོད་རྣམས་ལ་བསླབ་ཁྲིད་བྱས། ནག་པ་ཟླ་བར་དབོན་སྤྲུལ་དང་ངེད་རང་གཉིས་གཙོས་འདུས་པ་རྣམས་ཀྱིས་བུམ་སྒྲུབ་ཚུགས། གྲུབ་ཉེ་བ་དང་གྲྭ་པ་ཞིག་གློ་བུར་དུ་འབྲུམ་པ་ནའང་རྐྱེན་དབང་དུ་མ་བཏང་བར་མཐའ་རྒྱས་ལེགས་པར་གྲུབ། དེ་ལོ་དེ་ལས་འཕྲོས་པའི་ན་མཁན་ནི་རྡོག་གཅིག་བྱུང་མ་སོང་བས་སྒྲུབ་ཆེན་གྱི་འཚུབ་ཏུ་མངོན། སྒྲུབ་པ་གྲོལ་མ་ཐག་དབོན་སྤྲུལ་སོགས་དཔལ་འབྱོར་སྒང་དུ་བྱོན་སོང་། ངེད་རང་སྒྲུབ་ཁང་དུ་འོང་ནས་རྗེ་བླ་མ་ཀརྨ་འོད་གསལ་འགྱུར་མེད་མདུན་ནས། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་རབ་ལས་དུས་འཁོར་སྡོམ་ཆེན། ཞི་བ་སྦས་པའི་དགྱེས་རྡོར། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པ། འཇམ་དཔལ་གསང་ལྡན་བླ་མེད་ལུགས། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས་སོགས་སྔར་མ་ཐོབ་པའི་རིགས་ཀྱི་དབང་དང་ལུང་མང་དུ་བཀའ་དྲིན་ཞུས། འབྱོར་མཁོས་དང་བསྟུན་པའི་གཏང་རག་མཎྜལ་ཡང་ཕུལ། ཟླ་བ་བཞི་པའི་ཚེས་བཞིར་གསར་བསྒྲིགས་སྒྲོལ་དཀར་གྱི་ཆོ་ག་མང་འཚོགས་ཉིན་བཞིར་ཚུགས་པའི་སློབ་དཔོན་དུ་ཕྱིན། དབོན་སྤྲུལ་ཡང་མི་རིང་བར་ཚུར་ཕེབས། མིག་དང་མིད་པའི་ནད་གཞིའང་སྐབས་རེར་འཕར་ལྡང་ཆེར་བྱུང་། འདི་སྐོར་ཞིག་ཏུ་རྗེ་བཙུན་སྒྲོལ་བའི་མགོན་པོས་དབང་གཞི་ཞིག་བཤམས་ནས་དབང་ཆེན་ཞིག་གནང་རྩིས་མཛད། ངེད་རང་ཚེ་དབང་ནོར་བུ་ཡིན་པ་གསལ་བར་དྲན་བཞིན་པས་ཞབས་ཕྱི་ཞུ་བ་ཞིག་རྨིས་པ་རིག་འཛིན་ཚེ་དབང་ནོར་བུ་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོའི་སྐྱེ་བར་ཞལ་གྱིས་བཞེས་པར་སྣང་ཞིང་། ཡེ་རྒྱམ་དང་རྗེ་བཙུན་གཉིས་ཐུགས་རྒྱུད་གཅིག་པ་རྗེ་བཙུན་ཉིད་ནས་གསུངས་པ་རྨི་ལམ་དེ་ལའང་གནད་དོན་ཕྲན་བུ་ཡོད་དམ་སྙམ། ཟླ་བ་ལྔ་པའི་ཚེས་འགོར་དགྱེས་རྡོར་གྱི་འདོན་འགྲིགས་ཕྱག་ལེན་བསླབ། འདུས་པར་དགྱེས་གསང་མཱ་ཡཱ་རྣམས་ཀྱི་དབང་བསྐུར་བགྱིས་པས་འཚུབ་ཀྱང་ཆེ་ཙམ་བྱུང་། སྐུ་མཆོད་ཚུགས་པའི་དགྱེས་རྡོར་གྱི་སྒྲུབ་མཆོད་རྡོར་སློབ་ཏུ་ཕྱིན། གསང་འདུས་དང་མ་ཧཱ་མཱ་ཡའི་སྒྲུབ་མཆོད་ཟུར་འཚོགས་རྣམས་ལའང་ཉིན་རེ་ཕྱིན། ལྷ་གསར་དུ་དགོངས་འདུས་སྐོང་ཆོག་ཆེན་མོ་གཞུང་འཚོགས་བརྒྱད། རང་ནས་བཞི་བཞག་པས་དཔོན་སློབ་བཅུ་གསུམ་གྱིས་ཞག་བདུན། འཇའ་ཚོན་ཞི་ཁྲོ་སོགས་ཀྱི་ཆོ་ག་ཡང་འཚོགས། སྒྲུབ་ཁང་དུའང་ཟླ་སྤྲུལ་ཀརྨར་ཕེབ་ཕྱིན་ངེད་རང་ནས་སྒྲུབ་ཐེབས་བརྒྱད་ཀྱི་རིང་ཙམ་ཁྲིད་བྱེད་དགོས་པ་བྱུང་བས་ཡར་ལམ་ཁྲིད་ཀ་ཁ་ཤས་བྱས་ནས་ཡང་ཁྲོད་དུ་ཕྱིན། སྔར་གྲགས་རྒྱུད་སྡེ་རྣམས་ཀྱི་ཁར་མར་ལུགས་ཀྱི་རྒྱུད་སྡེ་གཞན་ཁ་ཤས་ཀྱང་རྙེད་པ་བཅས་རྒྱུད་སྡེ་བཅུ་གསུམ་ལྷག་ཙམ་གྱི་སྒྲུབ་དཀྱིལ། དེ་དག་གི་ཉེར་མཁོ། རྫོགས་རིམ་རྣམས་ཀྱི་ཁྲིད། རྗེས་གནང་རིགས་བཀའ་སྲུང་སྐོར་བཅས་ལ་བཀའ་བརྒྱུད་སྔགས་མཛོད་དུ་མཚན་གསོལ་ནས་ན་ནིང་གི་འཕྲོས་རྣམས་རིམ་པར་བསྒྲིགས། སྐབས་སྔ་ཕྱི་མ་ངེས་པ་ཞིག་ཏུ། མར་པའི་རྒྱུད་སྡེ་རྣམས་ཀྱི་ལུང་བསྟན་ངོ་མཚར་བ་ཐོབ་པ་དང་། ལྷ་ཁང་མང་པོའི་ངོས་སུ་ནཱ་རོ་པའི་ལུང་བསྟན་རིམ་པར་བྲིས་འདུག་པ་དང་། རྒྱུད་སྡེ་ཚང་མ་བཞུགས་པའི་ལྷ་ཁང་ཉམས་དགའ་བའི་དབུས་སུ་རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་མཐིང་སྔོན་གྱི་མདངས་ལྟ་བུ་མངོན་སུམ་པ་ཞིག་མཇལ་བ་དང་། སྲིན་པོ་རིའི་བདེ་མཆོག་ལ་རས་ཆུང་པ་དང་ཀརྨ་པཀྴིས་བཤུས་པའི་བྱིན་ཅན་ཡིན་སྐད་རས་དྲིལ་ཁ་ཕྱེས་པའི་ནང་རྒྱ་ཡིག་གི་ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་ཤིན་ཏུ་ཆེ་བར་སྣང་བ་ལས་དད་པས་དབང་བཞི་བླངས་པ་སོགས་བྱིན་རླབས་ཀྱི་ལྟས་ལེགས་པར་བྱུང་ཡང་ཟིན་ཐོར་མ་འཁོད་པས་ད་ལྟ་ཆེར་མ་དྲན། གྲུབ་རྒྱལ་ཚེ་ཁྲིད་བྲིས་པའི་ཐོག་མའི་ནུབ་སྐུ་གདུང་ཆ་བརྒྱད་འོད་འབར་བ་ཞིག་རྨིས་པའང་ལེགས་སྙམ། འདི་སྐོར་དབང་ལུང་ཐོར་བུ་དང་བསླབ་སྦྱོང་མཁན་མང་དུ་བྱུང་བ་རྣམས་ལའང་སོ་སོའི་འདོད་སྦྱར་བྱས། ཟླ་བ་བདུན་པ་ནས་བརྒྱད་པའི་བར་བསྙེན་མཚམས་བྱས། སྐུལ་བ་པོ་མང་ཞིག་གི་ངོར་བློ་སྦྱོང་ཁྲིད་ཡིག་ཐོག་མར་བྲི་ནུབ་བདུད་འདུལ་གཏེར་མ་རྣམ་སྣང་གི་ཐུགས་ཡིན་ཟེར་ཙིཏྟ་ཤཱ་རཱི་རཾ་མང་དུ་འཕེལ་བ་ཞིག་ལས་རང་གིས་ཟོས། གཞན་ལའང་བྱིན་པར་རྨིས། ཟླ་བ་དགུ་པའི་ནང་མཚམས་གྲོལ་ནས་རྫོང་སར་དགོན་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ་ནས་བ་རིའི་ལུགས་ཀྱི་རྣམ་འཇོམས་དཀར་པོའི་དབང་ཁྲུས་ཉིན་འཁྱོལ་གནང་བས་མིག་ནད་ལ་ཅུང་ཟད་ཕན། ས་ཕུར་སྟོད་ལས་སྨད་ལས་དྲག་པོ་སྒྲོལ་དབང་། ཡང་ཕུར་སྦྲགས་མའི་ཁྲིད་བཅས་གནང་བའི་སྟ་གོན་ནུབ། རྡོ་རྗེ་འཆང་པདྨ་ཉིན་བྱེད་མཇལ། ཉིད་ཀྱི་གསུང་འབུམ་པོད་བཞིའི་ལུང་ཡུད་ཙམ་གྱིས་གནང་མཐར་སྡོམ་གཏད་རྒྱས་པར་མཛད་པ་རྨིས། གསང་འདུས་དང་དྲིལ་བུ་རིམ་ལྔ་མཱ་ཡ་གདན་བཞི་སཾ་ཊ་གཤེད་དམར་སྤྲོས་མེད་རྣམས་ཀྱི་ཁྲིད། དྲི་མེད་རྣམ་གཉིས་དབང་། དེ་དག་རྣམས་ཀྱི་ཡིག་ཆའི་ལུང་། སྐུ་གསུམ་རིགས་འདུས་དང་གཏེར་ཕྲན་མང་པོ་ཞིག་གི་ལུང་ལག་ལེན་བཅས་བསྩལ། འདི་སྐབས་ཤིག་རྗེ་མི་བསྐྱོད་རྡོ་རྗེ་དགེ་སློང་ཆས་ཅན་མཇལ་བ་ལ་དད་པས་གསོལ་འདེབས་མང་དུ་བགྱིས་པ་ལས་གོང་མའི་སྐུ་ཞིག་བཞེངས་ན་ལེགས་གསུངས། ཆོས་གྲགས་རྒྱ་མཚོ་ཨི་ཡིན་ཞུས་པས་སི་ཏུ་གོང་མ་ཆོས་ཀྱི་འབྱུང་གནས་ཡིན། བླ་མའི་སྐུ་བྱིན་རླབས་ཆེ་གསུངས་ནས་ལྷ་ཁང་ཞིག་ཏུ་ཕེབས་སོང་བས་རྗེས་བསྙགས་ནས་གསོལ་བ་མང་དུ་བཏབ་པས་ཕྱག་ཏུ་འདོད་འཇོའི་བ་མོ་ཡིན་ཟེར་བ་ཞིག་བསྣམས། བརྡ་སྐད་མི་གོ་བ་མང་པོ་ཞིག་གསུངས་ནས་བྱིན་རླབས་ཡང་ཡང་བསྩལ་བ་རྨིས། ངོར་པ་དཔོན་སློབ་ངག་དབང་ལེགས་གྲུབ་ཕེབ་བྱུང་བ་ལ་ངེད་རང་དཔོན་སློབ་ལྷན་ཅིག་པས་ལས་འབྲེལ་ཕྱག་རྡོར་དབང་ལུང་། དམ་ཚིག་རྡོ་རྗེའི་བྱིན་རླབས་སོགས་ཞུས། ཀུན་གཟིགས་རིན་པོ་ཆེར་དབང་ལུང་མང་ཚན་ཞིག་དང་ཁོང་རྣམ་གཉིས་ལྷན་རྒྱས་ལ་བླ་མ་གསང་འདུས་དང་སངས་རྒྱས་ཐོད་པའི་དབང་འབུལ་བ་སོགས་གྲུབ་ནས། སོག་མོ་དང་ཕུ་མ་ཚང་གཙོར་བྱས་སྦྱིན་བདག་འགའ་ཞིག་གི་རེ་སྐོང་གང་འདོད་དང་། རྨེ་ཤོད་དང་གཏེར་ལྷུང་རྣམས་ལ་ལྡོམ་སྐོར་ཁྱུགས་ཙམ་ཕྱིན། འདི་སྐོར་ཞིག་ཏུ། གནམ་དཀྱིལ་ཉི་མ་ཕྱེད་ཙམ་འཛིན་པ་ཞིག་རིམ་པར་ལ་རྒྱབ་འགྲོ་བ་འདུག །དེར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སྐུ་བོངས་གཟི་བརྗིད་ཆེ་ཞིང་གཞོན་ཚུལ་ཅན་ཞིག་དང་། གྲུབ་ཐོབ་གཞན་གཅིག་ཀྱང་བཞུགས་འདུག་པར་ཉི་འཛིན་ཐད་གླེང་མོ་འགའ་རེ་ཞུས་མཚམས། ནམ་མ་ལངས་བར་ཕྱག་འཚལ་གསོལ་བ་བཏབ་ན་ངེས་པར་བྱིན་གྱིས་རློབ་སྙམ་མོས་གུས་ཆེན་པོས་ཕྱག་འཚལ་ཞིང་གསོལ་འདེབས་ཁ་ཤས་སོང་མཚམས། ཐང་རྒྱལ་ཞལ་ནས་ལུང་བསྟན་ཚིགས་བཅད་མང་པོ་ཞིག་གསུང་བྱུང་བ་ཕལ་ཆེར་ཡིད་ལ་མ་ཟིན། མཚམས་ཤིག་ཏུ། སྔོན་ཚེ་སློབ་དཔོན་པདྨ་ཡིས། །བསམ་ཡས་མཆིམས་ཕུའི་སྒྲུབ་གནས་སུ། །བླ་མ་དགོངས་འདུས་གནང་བའི་ཚེ། །ངན་ལམ་རྒྱལ་བ་མཆོག་དབྱངས་ཡིན། །གསང་མཚན་དཔལ་གྱི་སྙིང་པོ་བློ་གྲོས་དྲི་མེད་རྩལ། །མཆན་བུ་ལྷ་བུ་དོན་ཡོད་སྡེ། །ཞེས་སོགས་སྐབས་དེར་ངེད་རང་ལོ་ཙཱ་བ་དང་ཁོང་མཆན་བུ་ཡིན་པ་འདྲ་བ་ཞིག་འདུག །དེ་ནས་བཟུང་སྐྱེ་བ་ཀུན་ཏུ་འབྲེལ་ཚུལ་དང་། དཔལ་དང་བློ་གྲོས་ཀྱི་མིང་སྐྱེ་སྲིད་ཐམས་ཅད་ལ་ཐོགས་ཚུལ་སོགས་མང་ཞིག་གསུངས་པར་རྨིས་པ་ནི་ཀུན་གཟིགས་རིན་པོ་ཆེ་ཐང་རྒྱལ་དང་རྣམ་དབྱེར་མེད་པ་ཡིན་འདུག་པས་དེའི་རྟེན་འབྲེལ་ཡིན་ནམ་སྙམ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲིལ་ཤིང་བཞིན། །དམ་པ་རྣམས་ལ་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་གསུངས་པ་ལྟར་འདི་སྐོར་ནས་ཕྱོགས་ཞེན་སོགས་ཇེ་ཆུང་དང་། ཐོས་པ་དང་གོ་བ་ཇེ་དྲག་ཏུ་སོང་། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། ཀླུའི་རྒྱལ་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ནི་གཉིས་པོ་འདི་དག་སྟེ། གཉིས་གང་ཞེན། བླ་མ་རྣམས་ལ་མི་གུས་པ་དང་། བདག་བརྗོད་པས་མངོན་པའི་ང་རྒྱལ་བྱེད་པའོ། །གཉིས་པོ་དེ་དག་ནི་བདུད་ཀྱི་ལས་ཏེ་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པའི་དོན་བླ་མ་རྣམས་ལ་སྔར་ནས་གུས་པ་ཡོད་ཅིང་རང་ལ་ཡོན་ཏན་མེད་པ་རང་ཉིད་ཀྱིས་ཤེས་པས་མངོན་པའི་ང་རྒྱལ་ཆེར་མེད་ཀྱང་། རྗེ་འདིའི་མཛད་ཚུལ་མཐོང་ཕྱིན་ཆད་ལྷག་པར་བླ་མ་ལ་གུས་ཤིང་ང་རྒྱལ་མེད་པ་ལྟར་སོང་ངོ་། །སླར་རི་ཁྲོད་དུ་འབྱོར་འཕྲལ་རྗེའི་དགོངས་བབས་ལྟར་འཇིགས་བྱེད་དྲུག་ཅུ་ཞིག་དང་། ལོ་བསྟར་ཕུར་པའི་གཏོར་ཟློག་བྱས། འདི་སྐབས་ནུབ་ཅིག་རྒྱལ་གདོན་མང་པོས་འཚེ་བ་ལ་རྟ་མགྲིན་ནག་པོའི་ཏིང་ངེ་འཛིན་གྱིས་རལ་གྲིས་དེ་དག་རྨེངས་མེད་དུ་ཚར་བཅད། བསེན་མོ་ཡིན་སྙམ་བུད་མེད་གསུམ་ལ་དམ་གཞག་བྱས་པ། ནི་ན་ར་ར་ཧཱུྃ་ར། ཞེས་པའི་སྲོག་སྙིང་ཕུལ་བར་བྱུང་བས་ཁོང་གསུམ་ལ་མིང་། རྡོ་རྗེ་དཔལ་མོ་རྩལ། རྡོ་རྗེ་དབང་གྲུབ་རྩལ། རྡོ་རྗེ་ཡེ་ཤེས་རྩལ་ཞེས་བཏགས་པ་ཞིག་རྨིས། ཤིང་ཡོས་གསར་ཚེས་སུ་མར་ལུགས་དགྱེས་རྡོར་གྱི་བསྙེན་པ་ཚུགས། ཐོག་མའི་ཉིན་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། ཟླ་བ་གསུམ་གྱིས་བསྙེན་པ་དང་ཁ་སྐོང་སྦྱིན་སྲེག་བཅས་གྲུབ། ཟླ་བ་བཞི་པར་དགོན་དུ་ཕྱིན། བུམ་སྒྲུབ་དང་སྒྲུབ་མཆོད་རྣམས་ལ་ཕྱིན། སྐུ་མཆོད་སྐབས་དགྱེས་རྡོར་གྱི་རྡོར་སློབ་ཀྱང་བྱས། བླ་མ་གསང་སྔགས་མདུན་ནས་རད་གླིང་སྐོར་ཕལ་ཆེར་སོགས་དབང་ལུང་མང་ཙམ་དང་། ཟླ་སྤྲུལ་རིན་པོ་ཆེ་ཕེབས་པ་ལས་རིག་འཛིན་ཡོངས་འདུས་དབང་ཚང་བ་ཞུས། མར་ལུགས་དཀྱིལ་འཁོར་གསར་བསྒྲིགས་རྣམས་ཀྱི་དབང་ལུང་དགོངས་བཞེད་ལྟར་ཕུལ། སྐྱ་གཏེར་ལ་ས་ཕུར་དབང་བཞེད་དོན་ལྟར་བགྱིས། སྔ་ལོ་རི་ཁྲོད་དུ་མཚམས་རྒྱར་ཡོད་སྐབས་ཤིག་ཉིན་གཅིག་གློ་བུར་དུ་བྱོན་ནས་ཁོང་ལ་སྨིན་གླིང་བདེ་གཤེགས་ཀུན་འདུས་དབང་ཞིག་དེ་རིང་མ་བྱས་ཐབས་མེད་གསུངས། དེ་སྐབས་ཙཀླི་སོགས་མེད་ཚུལ་བྱས་པར་ལྷ་དབང་ཕྱག་རྒྱ་ལ་བརྟེན་ཆོག་གསུངས་ནས་དགོངས་འདུས་མེ་ལོང་ཁྱད་ཅན་ཞིག་དང་རྡོར་དྲིལ་བཅས་བྱུང་བར་དེ་ཉིན་རང་དུ་བདེ་འདུས་རྩ་དབང་ཞིག་བྱས་པ་ཕྱིས་སུ་དགོས་པ་ཆེ་བ་ཞིག་ཡོད་ཚུལ་གསུངས་འདུག་ཅིང་། མེ་ལོང་དེའང་ལྷ་སྲས་ཐུགས་དམ་གཏེར་བྱོན་ཡིན་པར་སྣང་། གཞན་ཡང་རྗེས་གནང་གི་རིགས་སོགས་མང་དུ་བྱས། བླ་མ་ཀར་བསོད་མདུན་ནས་ཀྱང་འབྲི་གུང་ཁྲོ་ཆུ། བྱ་བཏང་ཕྱག་རྡོར། གཤིན་རྗེ་ལྷག་བདུད་སོགས་ལུང་ཚན་མང་དུ་ཞུས། ཡང་ཁྲོད་དུ་སླེབས་འཕྲལ་སྔགས་མཛོད་ཡིག་ཆ་མཐའ་བསྡུ་བ་དང་། ཛཾ་ཐང་བླ་གྲྭ་འགའ་ཞིག་གིས་ནན་ཏན་བསྐུལ་ལྟར་ཕུར་པ་བདུད་འཇོམས་རོལ་པའི་ཡིག་ཆ་རྣམས་བྲིས། གནས་ར་ཚང་ནས་བཀའ་བརྒྱད་ཁྲོ་རོལ་བཅའ་སྒྲུབ་དགོས་པས་འོང་རོགས་བྱས་འདུག་ཀྱང་ཁོམས་ལྕོགས་མེད་པས་ཚབ་ཏུ་སྐྱ་གཏེར་བཏང་། ཁོང་རྫོང་སར་སྤྲུལ་སྐུ་རིན་པོ་ཆེ་མཇལ་འདོད་འདུག་པས་ཕྲན་ལ་མཚམས་སྦྱོར་གྱི་ཡི་གེ་བསྐུར་རོགས་གསུངས་པས། འདི་པ་ཀུན་གཞི་བཟང་བ་སོགས་གང་ལ་བརྟགས་ཀྱང་གཞན་དང་མི་འདྲ་ཙམ་ཞིག་འདུག་པས་ཁོང་རང་གསུང་ལྟར་གཏེར་སྟོན་ཞིག་ཡིན་ནམ་སྙམ། གཏེར་ཆོས་པདྨ་གཙུག་ཏོར་ཟེར་བ་འདུག་པའང་ཁོང་ནས་ཡིག་བསྐུར་ལེགས་པའང་མི་ཐོན་འདུག་པ་དང་རྩོམ་པའི་རིགས་སུ་ནི་མི་འདུག་པས་གཟིགས་པ་གནང་གྲུབ་ཞུ་ཤོག་ཕུལ་བས་གནས་རའི་འདོན་བྱ་གྲུབ་མཚམས་སྐུ་མདུན་ཞལ་མཇལ་གྱི་ཐོག་མར་ཕུར་པ་སྤུ་གྲིའི་དབང་གནང་། གསུང་འཕྲོས་ཤིན་ཏུ་ཞིབ་པར་མཛད། ངེད་རྩར་ནས་སྒྱུ་འཕྲུལ་དབང་དང་རྒྱུད་བཤད་ཅིག་ཅིས་ཀྱང་ཐོབ་པར་བྱེད་དགོས་ཚུལ་ཞལ་ཏ་གནང་ནས་ཁོང་ཚུར་ཕེབས་འཕྲལ་དེ་རྣམས་དགོས་ཚུལ་གསུངས་པས། ཁོང་དང་འདུས་པ་ཁ་ཤས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྒྱུད་བཤད་ཚང་བར་བྱས། རྒྱུད་ཆོག་དང་གཏང་རག་ཚོགས་བཏང་། ཁོང་ལས་འབྲུག་ལུགས་ཁྲུས་ལྷ་ལྔའི་ཁྲུས་དང་རྗེས་གནང་ཞུས། བླ་མ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་རི་ཁྲོད་དུ་གདན་འདྲེན་ཞུས། གཉལ་པ་བདེ་ལེགས་པའི་ཡིག་ཆ་ལས་འདུས་མདོའི་དབང་རྩ་བ་ཡན་ལག་ཚང་བ། སེམས་སྡེ་ཨ་དོན་བཅོ་བརྒྱད། དོང་སྤྲུགས། པད་གླིང་ཀུན་བཟང་དགོངས་འདུས། ཕྱག་རྡོར། གུར་དྲག །ཚེ་སྒྲུབ་རྡོར་ཕྲེང་རྣམས་དང་། ཞིག་གླིང་གཏེར་ཆོས་ཡོངས་སུ་རྫོགས་པའི་དབང་། གཞན་ཡང་དབང་ལུང་ཐོར་བུ་འགའ་ཞིག་ཞུས། གཏང་རག་མཎྜལ་འབྱོར་ཚོད་ཕུལ། འདི་སྐོར་ཕལ་ཆེར་མིག་ནད་ཆེར་ཐུ་བས་དལ་བསྡད་དགོས་པ་མང་དུ་བྱུང་། དགོངས་འདུས་དང་ཞི་ཁྲོའི་སྐོང་ཆོག་སོགས་འདོན་བྱ་མང་ཙམ་དང་། སྔགས་མཛོད་གྲུབ་པའི་གཏང་རག་དང་གཉེར་གཏད་ལ་དུད་སོལ་མའི་གསོལ་བརྒྱ་བཏང་བ་ལྟས་དང་རྟེན་འབྲེལ་ལེགས། འདི་སྐབས་ཤིག་ཆུ་ཆེན་དཀར་པོ་འབྲུབ་པ་དང་། ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་ཀྱིས་གསང་སྤྱོད་ཡ་མཚན་རྩོམ་པའང་རྨིས། ཆོས་དབང་ཕུར་པ་སྤུ་གྲིའི་བསྙེན་པ་བཏང་། ལོ་བསྟར་གཏོར་ཟློག་ཀྱང་བྱས། གཏེར་སྟོན་རྫོང་སར་དུ་བྱོན་པས་སྤྲུལ་སྐུ་རིན་པོ་ཆེ་དང་ལྷན་རྒྱས་ཐོག །ཐུགས་སྒྲུབ་བར་ཆད་ཀུན་སེལ་ཕབ་གྲུབ་ནས་ཚུར་བྱོན། དེ་སྐབས་དཔེ་བཀའ་རྒྱའི་སྐབས་ཡིན་འདུག །གནས་ཚུལ་གསུང་འཕྲོས་མཛད་པས་ཕྲན་ལ་བྱིན་རླབས་ཙམ་གནང་ལོའམ་མི་ལོ་ཞུས་པར། ཁྱེད་ལ་དེ་ལས་སྔར་འཕྲོད་དགོས་པ་ཡོད་ཀྱང་ཚུར་ལ་ནི་ཅིའང་མ་གསུངས། ཕར་ལ་རང་གི་བླ་མ་ཡིན་སྟབས་ཞུ་འབུལ་མ་ཤེས་ལུས་སོང་བ་ལས་ད་རེས་ངེས་པར་གལ་ཆེ་གསུངས་པས། ཐོག་མར་རྟེན་འབྲེལ་དུ་དཀོན་མཆོག་སྤྱི་འདུས་ཚེ་དབང་ཞིག་ཞུས། དེ་ནས་ཁོང་གི་དགོངས་གཏེར་བི་མའི་བླ་སྒྲུབ་དབང་ལུང་ཚང་བ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཟླུམ་པོ་བཞི་དབང་། སྐུ་གསུང་ཐུགས་དབང་བཅས་སྐུ་ཚབ་ལ་བརྟེན་ཐུགས་ཐོག་ནས་མཛད། དེ་སྐབས་གཏེར་བཞེས་ཚུལ་གྱི་ལོ་རྒྱུས་རྒྱས་པ་དང་། ཁོང་གི་གཏེར་ལུང་དུ་ཁྱེད་རང་ལོ་ཆེན་བཻ་རོ་ཙ་ནའི་སྐྱེ་བརྒྱུད་ཡིན་གསུངས་པ་ཡོད་པས་བཻ་རོས་དམར་རྒྱན་མ་ལ་མཛེ་བཏང་བའི་ལས་སྒྲིབ་ཀྱིས་སྐྱེ་བརྒྱུད་གར་བྱུང་དུ་ཀླུ་དེ་ཚུར་ལ་ཞུགས་ནས་མཛེ་ནད་སོགས་ཀྱིས་འཚེ་བ་ཡིན་འདུག་པས། ཁྱེད་ཀྱི་མིག་ནད་དེ་གཞན་གང་ཡང་མ་རེད། མིག་ལ་མཛེ་བྱུང་བ་རེད། ད་ཕྱིན་བར་ཆད་ཀུན་སེལ་ཆ་ལག་རྡོ་རྗེ་བེ་ཅོན་དེའི་བཟླས་སྒོམ་གྱིས་དང་ངེས་པར་དྲག་འགྲོ་སོགས་གསུང་འཕྲོས་མང་དུ་གནང་ནས་རང་ཡུལ་དུ་ཕེབས་སོང་། འདི་སྐབས་རྨིས་ལྟས་ལེགས་པ་འགའ་ཞིག་དང་། སྐྱབས་མགོན་རྡོ་རྗེ་འཆང་ཤིན་ཏུ་དགྱེས་པས་རྣམ་འཇོམས་ཀྱི་ཁྲུས་གནང་བ་དང་། དབྱར་ཁ་ལོ་ཏོག་ལེགས་ཤིང་མེ་ཏོག་སེར་པོའི་ཚལ་ཆེན་རྒྱས། ཁུ་བྱུག་མང་དུ་གྲགས་པས་ཤིན་ཏུ་ཉམས་དགའ་བ་དང་། གཏེར་སྟོན་ནས་ཁྱོད་དབང་གསུམ་པའི་ཆོས་བདག་ཡིན་གསུངས་པ་དང་། ཐོད་པ་གཡུ་དང་འཆུར་བ་མང་པོས་བཀང་བ་རྙེད་པ་སོགས་རྨིས་ལྟས་ལེགས་པ་བྱུང་། ས་འདམ་ལྕི་བ་འདྲེས་པ་ཞིག་ཟོས་པས་སྐྱུགས་པའང་རྨིས་ཤིང་། ཉིན་མོ་སྐྱུགས་མེར་བྱེད་པའང་བྱུང་བ་དེ་ཕྱིན་དཀོར་ནག་ཇེ་ཆེར་སོང་བ་ལ་བལྟ་འདྲ། ཐུགས་སྒྲུབ་འདིའི་བྱིན་རླབས་ཐོབ་ཕྱིན་མིག་ནད་འཕར་ལྡང་གཏན་ནས་མ་བྱུང་། རྗེས་སུ་རྗེ་རིན་པོ་ཆེའི་མདུན་ནས་རྡོ་རྗེ་བེ་ཅོན་གྱི་དཔེ་གནང་བྱུང་བས་དེ་ཕྱིན་རྒྱུན་ཁྱེར་དང་ཕྱིས་བསྙེན་སྒྲུབ་ཀྱང་བྱས་པས་མིག་ནད་དེ་ནི་གཏན་དྭངས་རེད་སོང་བས་གཏེར་སྟོན་གྱི་གསུང་དང་། གཏེར་ཆོས་ལའང་ཕྱིས་ཀྱི་ས་ལངས་རྡོ་ལངས་རྣམས་དང་མི་འདྲ་བར་ཡིད་ཆེས་པ་བྱུང་། ཉི་མ་བྱང་བགྲོད་སྐབས་བདུད་འདུལ་སྒྲོལ་དཀར་བདུན་གཅིག་བསྙེན། སྔར་རང་གི་བསམ་ཡུལ་དུ་གཏེར་ཕྲན་རྙིང་མ་གལ་ཆེན་མང་པོ་སྔ་ཕྱིར་ཐོབ་པ་འདི་རྣམས་ཕྱོགས་བསྡུས་ཀྱི་དཔེ་ཞིག་ཡོད་ན་རྒྱུན་ལ་ཕན་འགྲོ་བར་འདུག་སྙམ་དེའི་རྩོལ་བ་ཞིག་དྲན། ཡང་དེ་དག་ཀྱང་ཕན་གནོད་ཀྱི་ལས་ཕྲན་ཚེགས་ཙམ་རེད་འདུག་པས་གཏེར་སྟོན་ཡོངས་གྲགས་གཙོ་བོ་རྣམས་ཀྱི་གཏེར་ཆོས་རྒྱུན་དཀོན་ཅིང་ཉུང་ལ་འདུས་པ་རྣམས་ཀྱི་དབང་རྒྱུན་ཕྱོགས་བསྡུས་ཤིག་གི་མཉམ་དུ་གཏེར་ཕྲན་རྣམས་ཡོད་པ་ཞིག་བྱུང་ན་ལེགས་སྙམ་ཀུན་གཟིགས་རིན་པོ་ཆེར་བཀའ་འདྲི་ཞུས་པར། ཁོང་ནས་ཀྱང་གཏེར་ཕྲན་རྣམས་བསྡུས་པའི་པོད་བཞི་ཙམ་བྲིས། ད་སྟེ་དེ་རྣམས་ལ་གཞི་བྱས་ནས་ཁྱོད་ཀྱི་འདོད་པ་དེ་ལྟར་གཏེར་ཆེན་རྣམས་ཀྱི་བླ་རྫོགས་ཐུགས་གསུམ་ཚང་བ་ཞིག་གིས་གཞུང་བྱས་ནས་བྲི་རྒྱུ་བྱུང་ན་ཤིན་ཏུ་ལེགས་འདུག་གསུངས་པ་ཕེབས་པས། དེ་ལྟར་ན་གཏེར་ཆོས་གང་གཞག་དང་གོ་རིམ་བསྒྲིག་ལུགས་ཀྱི་དཀར་ཆག་ཅིག་མཛད་གྲུབ་པར་ཞུས། འདི་སྐབས་དེ་ལྟར་འགྲུབ་པ་དང་གནང་བ་ཞུ་བའི་ཆེད་དུ་བསམ་ལྷུན་ཡོན་ཏན་གཏེར་མཛོད་ཀྱི་བསྙེན་པ་དང་གསོལ་འདེབས་རེ་ཞིག་བགྱིས་པས་ལྟས་ཀྱང་ལེགས། དེ་རྗེས་འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཕྱི་ནང་གསང་བ་རིལ་སྒྲུབ་བཅས་བྱས། ནུབ་ཅིག་ཚེམས་གཅིག་ལ་བི་མ། མཚོ་རྒྱལ། ཤེལ་དཀར་བཟའ་རྣམས་ཀྱི་རེད་ཟེར་རིང་བསྲེལ་གསུམ། དེ་སྟེང་ཨོ་རྒྱན་རིན་པོ་ཆེས་མགུལ་དུ་བསྣམས་ནས་རྫུ་འཕྲུལ་གྱིས་བཞག་པ་རེད་ཟེར་བ་གཅིག་དང་བཞི་ཡོད་པ་ཞིག་རྙེད་པ་སོགས་རྨིས་ལྟས་ཀྱང་ལེགས། མེ་འབྲུག་གསར་ཚེས་ཀྱི་བརྒྱད་ལ་གྲོལ་ནས་སྨྲ་སེང་བདུན་སྒྲུབ་དང་རིལ་སྒྲུབ་བདུན་གཅིག་བྱས། འདི་སྐབས་ཀྱང་ཁྲི་སྟེང་ཆོས་གོས་གྱོན་ནས་བསྡད་ཅིང་དངུལ་བྲིས་གླེགས་བམ་ཚིག་དོན་ཕུན་སུམ་ཚོགས་པ་ཀློག་པ་དང་། ཉི་ཟླ་ཤར་བ་བཅས་རྨིས་ལྟས་ལེགས། མཚམས་གྲོལ་ནས་སྒྲུབ་ཁང་དུ་ཕྱིན། སྒྲུབ་པ་རྣམས་ལ་དགྱེས་རྡོར་དབང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་རྣམས་དང་། སྐྱབས་རྗེའི་བཀའ་འབུམ་ཚང་མའི་ལུང་བཀླགས། བླ་མ་དམ་པ་ལས་གཡུ་ཐོག་སྙིང་ཐིག་དང་བྱ་བཏང་ཕྱག་རྡོར་དབང་། ཆགས་མེད་ཛཾ་དཀར་དམར་རྗེས་གནང་ཞུས། ལྗི་རྟོགས་ལྡན་བསམ་གཏན་བསྟན་འཛིན་གདན་འདྲེན་ཞུས་པ་ལྟར་ཕེབས་གྲུབ་བྱུང་བས་ཆོས་དབང་བཀའ་བརྒྱད་གསང་རྫོགས་ཀྱི་དབང་ལུང་། སྟག་ཤམ་ཡི་དམ་དགོངས་འདུས་བླ་མ་ནོར་བུ་སོགས་ཆ་ཚང་བ། མ་ཏིའི་སེང་གདོང་མའི་དབང་ལུང་སོགས་གྲུབ་ནས་གཏང་རག་མཎྜལ་ཕུལ་ཏེ་བླ་མ་སླར་ཕེབས། རྨེ་ཤོད་བྱེ་བློར་གཡང་སྐྱབས་གྲུབ་ནས་རྫོང་སར་དུ་ཀུན་གཟིགས་རིན་པོ་ཆེ་མཇལ། ཕྱག་རྡོར་འཆི་འཇོམས་དང་ས་ལུགས་སེང་གེ་སྒྲའི་དབང་ལུང་ཞུས། ལུང་ཚན་འགའ་རེ་ཕུལ། དེ་ནུབ་གཏེར་སྟོན་མཆོག་གླིང་ནས་བསམ་པ་ལྷུན་གྲུབ་བུམ་པ་ཡིན་ཟེར་བ་ཞིག་བཏོན་པ་ལ་བྱིན་རླབས་ཞུས། ནང་ནས་རིལ་བུ་མང་པོ་གནང་རྒྱུ་ཡོད་ཤོམ་རྨིས་པའི་ཕྱིར་ཉིན་ཐུགས་སྒྲུབ་བར་ཆད་ཀུན་སེལ་དཔེ་མཇལ་ཁ་གནང་བྱུང་། སླར་འཁོར་ནས་བྲིས་པ་གསུམ་གྱིས་གཏེར་ཆོས་སྔ་མ་རྣམས་འབྲི་དབུ་ཚུགས། འདི་སྐབས་ཚེས་ཉེར་གཅིག་ཉིན་ཕྲན་རྗེའི་སྤྱན་སྔར་ཕྱིན་པའི་སྔ་ནུབ་ཚེས་ཉི་ཤུ་ཐོ་རངས་འོད་གསལ་དུ། བུད་མེད་གོས་སྔོན་གྱོན་པ་ཞིག་གིས་ད་འགྲོ་གསུངས་པའི་རྗེས་ལ་ཕེབས་པའི་ལམ་དུ་གྲོག་རོང་ཞིག་འདུག་པ་ལ་བུད་མེད་དེ་འཕུར་སོང་བའི་རྗེས་ལ། རྗེ་ཉིད་ཀྱང་འཕུར་ནས་ཕེབས་པའི་ཆོས་དབང་དག་སྣང་སོགས་དང་ཕྱོགས་མཚུངས་ཀྱི་ལམ་ཞོར་རྒྱ་བོད་བལ་པོའི་ཡུལ་ཁམས་ར་རི་ཙམ་ཤར་བའི་མཐར་རི་བོ་སྨུག་པས་རྩེ་བཏུམས་པ་ཞིག་མཐོང་བ་ཇེ་ཉེར་སོང་བ་དང་རི་ངོས་དེ་མཆོད་རྟེན་རྣམ་པ་ཇེ་གསལ་སོང་། ཁད་ཉེར་ཕེབས་པས་རི་སྔུན་རྒྱབ་གཉིས་སུ་ཡོད་པའི་མདུན་མ་དེ་ཕྱི་མཆོད་རྟེན་དབྱིབས་ཤིན་ཏུ་གསལ་བའི་རི་བོ། སེང་ཁྲིའི་ཕྱོགས་བཞིར་སྒོ་འདུག་པས་ཕྱོགས་བཞི་གར་ཕེབས་ཀྱང་སྒོ་རྣམས་བཅད་པས་ནང་དུ་མ་བརྟོལ། རི་དེའི་རྒྱུ་མཚན་སོགས་བུད་མེད་དེ་ལ་དྲིས་པས། འདི་ཤཱནྟ་པུ་རིའི་གྲོང་ཁྱེར་ཡིན་ཟེར། དེར་འཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གར་བཞུགས། ཁོ་བོ་མཇལ་དུ་འགྲོ་དགོས་གསུངས་པས། འདིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཟེར། ཁོང་དེང་སང་བོད་དུ་བཞུགས་ཡོད། འདིར་སྐུ་གདུང་ལ་མཆོད་པ་རྟག་ཏུ་འབུལ་བའི་ལྷ་དང་མཁའ་འགྲོ་སོགས་འདུས་པ་ཡིན་ཟེར། སྒོའི་བུག་སྒོ་ཞིག་ནས་གསན་པས་ཕེ་ཧྲང་གི་འཕྲུལ་འཁོར་ལྟ་བུའི་རོལ་མོའི་སྒྲ་སྙན་ལ་ཡིད་འཕྲོག་བསམ་གྱིས་མི་ཁྱབ་པའི་གདངས། རྒྱུད་ཀྱི་ཚིགས་སུ་བཅད་པ་ངོ་མཚར་སྒྲོག་པ་ཞིག་གསན་པ་མཆོད་འབུལ་གྱི་རོལ་མོའི་སྒྲ་ཡིན་ཟེར། བོད་དུ་ཕེབས་དུས་དཔའ་བོ་ཐོད་པའི་དུམ་བུ་དངོས་ཇི་ལྟར་འགྱུར་དྲིས་པས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུའི་གསུང་མི་སྨྲ་བ་ཞིག་ཏུ་འགྱུར། བོད་ནས་སླར་ཕེབས་པ་དང་གསུང་གིས་ཆོས་སྟོན་པ་ཞིག་ཏུ་འགྱུར་བའི་ཁྱད་པར་ཡོད་ཟེར། དེ་ནས་རྒྱབ་ངོས་རི་གཉིས་པ་དེ་སྨུག་པོ་ཞིག་ལ་དེ་ནས་ཐག་རིང་དུ་སོང་འདུག་པ་ཟངས་མདོག་དཔལ་རི་ཡིན་ཟེར་བས་དེའི་རྩེ་མོར་འཕུར་ནས་ཕེབས་པས། པདྨ་འོད་ཀྱི་གཞལ་ཡས་ཡིན་སྙམ་པ་ཧ་ཅང་བཀོད་པའི་ཁྱད་པར་མཚར་དུ་མེད་པའི་ཕོ་བྲང་སུམ་ཐོག་ཞིག་གི་འོག་ཁང་དུ་ཕྱིན་པས་གུ་རུ་ཟ་ཧོར་མ་ལ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་བར་ཁང་ཕེབས་པས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། དེ་གཉིས་ཀ་སྐུ་བརྙན་གྱི་རྣམ་པར་མཇལ། སྟེང་ཁང་དུ་ཕེབས་པས་འོད་སྔོན་པོའི་རང་བཞིན་དུ་གཟིགས་ནས་དག་སྣང་ལ་སད་གསུངས། ས་ག་ཟླ་བར་དགོན་ཐོག་བུམ་སྒྲུབ་རྡོར་སློབ་ལ་ཕྱིན་ནས་ལེགས་པར་གྲུབ། རྫོང་སར་མངའ་རི་བླ་མ་གཤེགས་པའི་འབོད་ནན་ལྟར་རྒྱལ་རྒྱམ་གྱིས་སྐུ་མཆོད་བཏང་། རྗེ་བླ་མ་རིན་པོ་ཆེའི་མདུན་ནས་རྟ་མགྲིན་ཡང་ཁྲོས། གྲྭ་ལྔའི་གདོན་ཁྲོལ་རིག་གཏད་བཅས། ཆོས་དབང་གསང་འདུས་རྣམས་ཀྱི་དབང་ལུང་ཞུས། རཏྣའི་ཕུར་པ། ཚེ་སྒྲུབ་རྡོར་ཕྲེང་དང་གསང་འདུས་དབང་ལུང་སོགས་འགའ་ཞིག་ཕུལ་ནས་སླར་ཕྱིན། དགོན་དུ་སྐུ་མཆོད་དགྱེས་རྡོར་སྒྲུབ་མཆོད་སློབ་དཔོན་བྱས། གསང་འདུས་དང་མཱ་ཡ་ལའང་ཉིན་རེ་ཕྱིན། བླ་མ་པད་དབང་བཞུགས་འདུག་པ་ལས་ཆོས་གླིང་ཛཾ་དམར་དང་ཁྲོས་ནག །མཁའ་འགྲོ་གསང་མཛོད་རྣམས་ཀྱི་དབང་ལུང་ཞུས། སྐྱབས་རྗེའི་མཆོག་སྤྲུལ་གནམ་མཚོ་ཁར་སྐུ་འཁྲུངས། རྒྱལ་དབང་རིན་པོ་ཆེས་ངོས་འཛིན་དང་མཚུར་ཕུར་གདན་འདྲེན་གནང་བ་སོགས་ཀྱི་གཏམ་སྙན་འབྱོར། གསང་སྔགས་མདུན་ནས་གནམ་ཆོས་ཁྲོ་དཀར་ནག་དབང་ཞུས། ཀུན་གཟིགས་རིན་པོ་ཆེས་བླ་མ་དགོངས་འདུས་དབང་གསན་བཞེད་མཛད་པར་ཡང་ཁྲོད་དུ་ཕྱིན་ནས་དབང་བསྙེན་བཏང་། རི་སྤྲུལ་དར་རྒྱས་རྒྱ་མཚོ་བྱོན་པར་དབང་ཚན་ཁ་ཤས་ཞུས། དགོན་ཐོག་ལྷ་གསར་དུ་ཕྱིན་ནུབ་སྒོ་འབྱེད་གཅོད་སོགས་ཆོ་འཕྲུལ་ཡང་བྱུང་། སྒྲུབ་དབང་སྨན་སྒྲུབ་སྦྲེལ་མའི་བཅའ་གཞི་ཉིན་ཁ་ཤས་བསྒྲིགས། ཟླ་བ་ལྔ་པའི་ཉེར་ལྔར་རྗེ་རིན་པོ་ཆེ་ཡང་ཕེབས། སློབ་མ་རྗེས་འཛིན་སྟ་གོན་སྔོན་དུ་འགྲོ་བས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་ལ་རྗེ་ཉིད་ཀྱང་འཚོགས་ལ་ཕེབས། དངོས་གྲུབ་ལེན་ཆོག་གྲུབ་ནས་དབང་ཆེ་ཕྲ་ཚང་མ་བཅས་ཞག་བཅུ་དྲུག་གིས་གྲུབ་པར་བྱས། བཀའ་བརྒྱད་གསང་རྫོགས། ཀར་གླིང་ཞི་ཁྲོ། ཞིག་གླིང་གཏེར་ཆོས་ཚང་མའི་དབང་རྣམས་ཀྱང་གསན། སངས་གླིང་ཉི་ཟླ་ཁ་སྦྱོར་དབང་ཕུལ་ཅིང་། ཚུར་ལ་ཆོས་གླིང་དགོངས་གཏེར་ཐང་རྒྱལ་ཚེ་དབང་ཚར་བདུན་གནང་ནས་འཇོག་མཚམས་མཛད། འདི་སྐབས་དཔོན་སློབ་ཁ་ཤས་ཀྱིས་ཚེ་སྒྲུབ་ཆེད་དུ་མཛད་ནས་ཞབས་བརྟན་དང་ཡོན་འབུལ་ཆབས་ཅིག་གནང་སྐབས། རྗེ་ཉིད་ནས་ཚིག་དོན་ཕུན་སུམ་ཚོགས་པའི་སྒོ་ནས་ཕུན་ཚོགས་ལྔ་ལྡན་གྱི་བཤད་པ་མཛད་པའི་ནང་། གནས་ཕུན་སུམ་ཚོགས་པ་དཔལ་དེ་ཝཱི་ཀོ་ཊི་གསུམ་པ་རྩ་དབུ་མའི་ཡར་སྣེ་ཡེ་ཤེས་ཀྱི་སྤྱན་དུ་མཚོན་པ་གསུང་བ་བྱུང་བས་སྔར་དེ་འདྲའི་མིང་གྲགས་པ་མེད་པས་རྟོག་དཔྱོད་བྱུང་། ཕྱིས་ཤིག་རྒྱུ་མཚན་ཞུས་པར་དེ་སྐབས་ཡེ་ཤེས་མཁའ་འགྲོའི་གསང་བའི་གླུ་ལས་ཐོས་པ་ལྟར་གསལ་སྣང་དུ་ཤར་བ་ཡིན་གསུངས། རེ་ཞིག་སླར་ཕེབས། གསང་སྔགས་མདུན་ནས་རྫོགས་ཆེན་རྒྱུད་བཅུ་བདུན་དབང་ཁྲོས་མའི་སྲོག་གཏད་བཅས། སངས་གླིང་གནས་བཅུའི་རྗེས་གནང་། ཨ་པ་རཱ་ཛི་ཏའི་རྩོད་རྒྱལ་སོགས་ལུང་ཚན་འགའ་ཞིག་དང་། གུ་རུ་ནཱ་ཐ་ལས་ཀྱང་དཀོན་སྤྱིའི་རྫོགས་ཁྲིད་སོགས་ཞུས་ནས་ཡང་ཁྲོད་དུ་ཕྱིན། ལོ་བསྟར་གྱི་ཞི་བསང་སོགས་དང་གསར་རྩོམ་ཁ་ཤས་བགྱིས། འདི་སྐོར་གཏེར་ཆོས་གསར་བྲིས་རྣམས་ལ་མཛོད་ཀྱི་མིང་ཐོགས་རིན་ཆོག་པ་མེད་པས་གཏེར་ཕྲེང་དུ་བཏགས་པ་པོད་བཅུ་སྐོར་གྲུབ་འདུག་པའི་བྲིས་པ་རྣམས་ནས་ཞུ་དག་བརྡ་མཚོན་དང་ཡོན་སྤྲད། ཟླ་བ་བདུན་པའི་ཚེས་ཉེར་བདུན་ལ་ཀུན་གཟིགས་རིན་པོ་ཆེ་དགོན་ཐོག་ཏུ་ཕེབས་པར་ངོས་ཀྱང་བླ་བྲང་འོག་མར་སྡོད་གནས་བྱས། ཐོག་མར་བླ་མ་དགོངས་འདུས་པོད་བཅུ་གསུམ། ཞི་ཁྲོའི་གཞུང་པོད་སོགས་ཀྱི་ལུང་བཀླགས། དེ་ནས་དགོན་ཆེན་ཤར་བླ་མ། རྫོགས་ཆེན་པདྨ་སོགས་ཕྱོགས་འདུས་དང་། དགོན་ཐོག་ཏུ་བཞུགས་པའི་དབོན་རྒན་སྤྲུལ་སྐུ་སོགས་བླ་སྤྲུལ་ཉི་ཤུ་རྩ་བགྲང་སྐོར་ལ་རྗེ་བཙུན་རིན་པོ་ཆེའི་ཡིག་ཆའི་སྟེང་ནས་དུས་འཁོར་སྡོམ་ཆེན། བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། གསར་འགྱུར་ཞི་བ་སྦས་པའི་བཀའ་བབས་དྲུག་ལྡན་གྱི་ཁྲིད་སོགས་དང་། རང་གིས་གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་བཅས་ཚང་མ་བྱས། རྗེའི་མདུན་ནས་ཚུར་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་སྨིན་གླིང་ཡིག་ཆ་དང་། སེམས་ཙམ་ལུགས་ཉིད་མཛད་ལྟར་སྔོན་དུ་འགྲོ་བས་གྲོལ་མཆོག་ཁྲིད་བརྒྱ་ས་བཅད་ཀྱིས་མདོར་བསྟན། སོ་སོའི་ཁྲིད་ཡིག་ལུང་ཡོད་རིགས་ཀྱིས་རྒྱས་པར་བཤད། ཁྲིད་བརྒྱའི་ཚིག་དངོས་ཀྱིས་དོན་བསྡུ་མཛད་ནས་མཐར་པོད་དབང་བཅས་རྒྱས་པར་བསྩལ། དུས་འཁོར་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ལ་བུ་སྟོན་རིན་པོ་ཆེས་ཕྱག་མཆན་བཏབ་པའི་བཤད་སྲོལ་ལྟར་རྒྱུད་བཤད། ཞྭ་ལུའི་ཡིག་ཆ་ཚང་བ་བཅས་གནང་མཐར་སྟག་ལོའི་སྤྱི་དོན་དཔེ་གནང་། ཚོགས་འཁོར་བཅས་བསྟན་པ་གཏད་པའི་རྟེན་འབྲེལ་བསྩལ། མཚན་ཡང་དག་པར་བརྗོད་པའི་བཤད་ལུང་། དོན་ཞགས་དབང་ཆེན། འབྲུག་ལུགས་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་མ། མཁོན་ལུགས་ཡང་དག །ཛྙཱ་ན་ལུགས་ཀྱི་དགྱེས་རྡོར་དང་། སྟག་ལུང་དགྱེས་རྡོར་བྱིན་རླབས། བདེ་མཆོག་ལྷན་སྐྱེས། ཕྱག་བཞི་པ་སྐུ་ལྔའི་རྗེས་གནང་། ཆོས་དབྱིངས་གསུང་དབང་། གཙུག་ཏོར་དགུ་པ། མི་འཁྲུགས་པ་ལྷ་བཅུ་གསུམ་པ། ཀླུ་སྒྲུབ་ལུགས་བཅུ་གཅིག་ཞལ་རྣམས་ཀྱི་དབང་། གདུགས་དཀར་རིག་གཏད། གཟའ་ཡུམ་དབང་། འདོད་རྒྱལ་ཐུན་མིན་བྱིན་རླབས། གཏུམ་མོ་ཞག་བདུན་མ། ཞག་གསུམ་མ། མེ་དབང་འཇིགས་བྱེད་མཁའ་འགྲོ་སྙན་རྒྱུད་སོགས་ཀྱི་ཁྲིད། མི་ཏྲ་ཁྲིད་དྲུག་གི་དབང་ཁྲིད་ལུང་། བོ་དོང་ལུགས་ཀྱི་དུས་འཁོར་སྙན་བརྒྱུད་ཁྲིད། ལྷན་སྐྱེས་དང་ཤ་བ་རིའི་བྱིན་རླབས། ཟབ་གསལ་དབྱེར་མེད། ཐུབ་པ་མདོ་གཅོད། འཕོ་ཁྲིད་ཞག་བདུན་མ། ཚེ་དབང་མདའ་འཕེལ་མ། ཆོས་གླིང་ཡང་དག་གི་དབང་ཁྲིད་ལུང་། གྲོལ་ཏིག་ཚེ་དབང་སོགས་བསྩལ། འདིའི་དབང་ཐོབ་ནས་ཚུར་ཕྱིན་ལམ་གུ་རུ་རིན་པོ་ཆེའི་བརྒྱ་སྐུ་ཞིག་བྱིན་བྱུང་བ་དང་། རྨི་ཉམས་མེ་ཏོག་ཚལ་རྒྱས་པ་སོགས་ལེགས། སྦས་དོན་ཀུན་གསལ་ལས་ལམ་འབྲས་ཀྱི་ཁྲིད་ཉིན་གསུམ་པ་ཞིག་གནང་བའི་ནུབ་དང་པོར། ངོར་ཨེ་ཝཾ་ཡིན་ཟེར་བ་ཞིག་ཏུ་སླེབས། འདུ་ཁང་ཞིག་ཏུ་ཕྱིན་པར་གཡས་གཡོན་དུ་གསེར་ཁྲི་ཤིན་ཏུ་མང་བ་བསྒྲིགས་འདུག་པ་ལ་བླ་མ་རེ་རེ་བཞུགས་སྙམ་བྱེད། གསལ་བར་མ་མཇལ། གཡོན་གྲལ་སྟོད་དུ་ཁྲི་སྟོང་པ་ཞིག་ཏུ་བདག་སྡད་ས་ཡིན་སྙམ་བྱེད། སྦུག་གི་གཙང་ཁང་དུ་ངོར་ཆེན་རྡོ་རྗེ་འཆང་བཞུགས་ཡོད་ཟེར། མཇལ་བར་ཕྱིན་པས་ཁྲི་སྟེང་དུ་སྐུ་སྟོད་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལ་སྐུ་སྨད་བླ་མའི་རྣམ་པ་སྐྱིལ་ཀྲུང་མཛད་པ་ཞིག་མཇལ་བ་ལ་དད་པས་བཏུད་པ་རྨིས། ཞར་བྱུང་དུ་བཙན་རི་རྒྱལ་སྲས་མི་འགྱུར་གདན་ཞུས་ལྟར་བྱོན་བྱུང་བ་ལས་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་དང་བཀའ་འདུས་ཞི་ཁྲོའི་དབང་ལུང་ཚང་མ། གསང་ཡེའི་ལུང་། ཞིག་གླིང་གཏེར་ཆོས་རྣམས་ཀྱི་ལུང་ཚང་བ། ཀློང་གསལ་མཁོ་བཏུས་ཐོར་བུའི་དབང་ལུང་ཞུས། བླ་མ་པདྨ་ལས་རོང་ཕུར་གཞུང་པོད། ཕུར་འགྲེལ་འབུམ་ནག །འཕྲང་མགོའི་བཀའ་འབུམ་རྣམས་དང་། ལི་ཐང་བླ་མ་ངེས་དོན་ལས་ཁྲོ་ཕུ་བརྒྱ་རྩ། མལ་ལུགས་འཇིགས་བྱེད་སྒྲུབ་དཀྱིལ་བསོད་སེང་མཛད་པ་སོགས་ངེད་ནས་རྗེའི་མདུན་ཞུ་ལོང་མ་བྱུང་བའི་རིགས་ཞུས། མཐར་ཡོན་དགེའི་ནམ་སྙིང་ཚེ་སྒྲུབ་ཀྱི་དབང་ཕུལ། ཚུར་ལ་བདེ་མཆོག་དཀར་པོའི་ཚེ་ཁྲིད་བཅས་ཀྱིས་འཇོག་མཚམས་བྱས་ནས་རྗེ་ཉིད་ཕར་ཕེབས། རང་གནས་རི་ཁྲོད་དུ་ཕྱིན་ནས་ལོ་བསྟར་གསོལ་བརྒྱ་བཏང་བ་སོགས་བྱས། བླ་བྲང་གཉེར་པས་དགུན་ལྡོམ་འགྲོ་རོགས་ཟེར་བས་དཔལ་སྤུངས་ནས་སྒར་བཏེགས། ཨ་ལོ་ཚེ་ཚ་སོགས་བརྒྱུད་ནས་དངུལ་མཁར་དུ་སྒར་ཡོད་ནུབ། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་། རིག་འཛིན་བདུད་འདུལ་རྡོ་རྗེ་གཉིས་མཇལ་ནས་བྱིན་རླབས་བསྩལ་བ་ཞིག་རྨིས། དེ་སྐབས་ཅི་ཡིན་མ་ངེས། ཕྱིས་སུ་དེའི་ལུང་པའི་ཕུར་ཙ་འདྲའི་གནས་ཕྲན་ལམྤ་ཀ་བཞུགས་ཡོད་འདུག་པས་བྱིན་རླབས་ཀྱི་མཚན་མ་ཡིན་ནམ་སྙམ། རག་ཆབ་སྟོད་སྔོ་ཤོད་ལྷག་ཏུ་ཡོད་པའི་ནུབ། ཀློང་གསལ་སྙིང་པོས་ཐུགས་དམ་གྱི་རྟེན་ཡིན་གསུངས་བཀའ་བརྒྱད་ཀྱི་རྟེན་འགའ་ཞིག་ངོ་སྤྲོད་མཛད་པ་དང་། རིང་བསྲེལ་འགའ་ཞིག་གཏེར་ནས་བཏོན། སླར་ཕར་ལ་སྦ་དགོས་པ་རྨིས་པས་ཕྱིར་ཉིན་ལམ་ཀར་གནས་རི་ཞིག་དང་འཕྲད་པ་ཡིན་ནམ་སྙམ་པ་བྱུང་། ལམ་དུ་གནས་རི་ཡོད་མེད་དྲིས་པས་མེད་ཟེར། ལམ་ཁར་རྫོང་ཤོད་དུ་སླེབས། སྒར་པ་དེར་བསྡད་ནུབ་རི་བོ་ཕྱི་དབྱིབས་མཚོ་རྒྱལ་རྨ་བྱ་ལ་འཆིབས་པའི་ནང་ཁོངས་སུ་ལྷ་རྟེན་ཤིན་ཏུ་མང་པོ་ཞིག་རྗེ་པདྨ་ཉིན་བྱེད་ཀྱིས་ངོ་སྤྲོད་བསྩལ་བ་རྨིས། བྲག་ངོར་བརྡ་ཡིག་འགའ་ཞིག་ཀྱང་གསལ་བས་དེ་ཉིད་གནས་ཡིན་ཐག་ཆོད། འཛིང་སྟོད་དུ་ལྡོམ་སྐོར་ཕྱིན་ནས་ཤོག་གསུམ་དུ་སླེབས་པ་དང་ཟླ་བ་བཅུ་གཅིག་པའི་ཚེས་བཅུར་དཔོན་སློབ་ཉུང་བསྡུས་རྫོང་ཤོད་དུ་ཕྱིན། དཀོན་སྤྱིའི་ཚོགས། མེ་མཆོད། ལུས་སྦྱིན་སོགས་བརྒྱ་རྩ་རེ་བགྱིས་ནུབ། ལྷ་ཁང་ཆེན་པོ་ལྕགས་རི་དང་སྲུང་མས་བསྐོར་བ་ཞིག་ཏུ་རིག་འཛིན་འཇའ་ཚོན་སྙིང་པོ་བཞུགས་འདུག་པ་མཇལ། མྱང་གྲོལ་དམ་རྫས་ཞུན་དཀར་རྣམ་པ་ཅན་དང་རིལ་བུ་དཀར་པོ་འགའ་རེ་བསྩལ། ཤར་ཕྱོགས་ནས་དམག་གི་དགྲ་ཞིག་ཡོད་པས་དེ་ཟློག་དགོས་གསུངས། རྟ་ནག་ལ་འཆིབས་ནས་ཤར་ངོས་སུ་ཕེབས་སོང་བ་རྨིས། ཕྱིར་ཉིན་གནས་རྩེ་ནས་སེང་གདོང་མའི་ཟློག་པ་མཚོན་ཙམ་ཡང་བགྱིས། གནས་ཕུག་ཕལ་ཆེར་ཉུལ། ཅུ་གང་། སིནྡྷུ་ར། གུ་རུ་རིན་པོ་ཆེས་བམ་སྒྲུབ་མཛད་པའི་བདུད་རྩི་ཆོས་སྨན་ལས་རང་བྱུང་གི་ས་རིལ་བཅུད་ལྡན་མང་ཙམ་རྙེད། སུར་དཀར་མེ་ཏོག་བཀྲ་བ་གཅིག་སྣང་ཞིང་འཇའ་སྤྲིན་ཀྱང་ཤར། ཕྱིར་ནང་གཏེར་ལྷུང་དུ་ཕྱིན་སྐབས་ཉི་མ་ཤར་བ་ལས་འཇའ་དཀར་པོ་ལྟར་མི་བཟོད་པ་མཐུར་དུ་ཟུག་པ་ལས་ཁ་བ་མེ་ཏོག་གི་དབྱིབས་བུ་ཡུག་ལྟར་འཚུབས། གཡས་གཡོན་གཉིས་སུ་འཇའ་ཁ་དོག་ལྔ་ལྡན་སྒོར་མོར་འཁྱིལ་བ་ཞིག་སྔ་དྲོའི་རིང་ལ་བསྡད་སོང་། རྨེ་རྟིང་རྣམས་འཁོར་ནས་དགོན་དུ་སླེབས། དབོན་སྤྲུལ་མདུན་ནས་ཕྱིར་ལོ་མཆོག་སྤྲུལ་གདན་ཞུ་ལ་བོད་དུ་མ་སོང་ཀ་མེད་གསུང་འདུག་པས་དེའི་སྣ་སེལ་མགོན་ཁང་ཁག་རྣམས་སུ་གསོལ་ཀ་ཉིན་འཚོགས་རེ་ཕྱིན་ནས་ཡང་ཁྲོད་དུ་སླེབས། འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་བསྙེན་པ་བཏང་། ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་མཆོག་གྱུར་གླིང་པས་ཛཾ་ནང་པདྨ་ཤེལ་ཕུག་ནས་རྫོགས་ཆེན་སྡེ་གསུམ་གཏེར་བཞེས་ཡོད་པར་འདུག་པས། དེའི་གནས་ཚུལ་གཏེར་སྟོན་དང་སྤྲུལ་སྐུ་རིན་པོ་ཆེ་ལྷན་རྒྱས་ནས་འཕྲལ་དུ་གནང་བྱུང་བ་ཚོགས་གཏོར་སོགས་དགོས་བྱ་འགའ་ཞིག་འདུག་པ་རྣམས་ཀྱང་འཕྲལ་སྒྲུབ་བྱས། འདི་སྐོར་ཉིན་ཁ་ཤས་རླུང་ཆེན་མི་བཟད་པ་བྱུང་བ་གཞི་བདག་རྣམས་ཀྱི་ཆོ་འཕྲུལ་ཡིན་ཚུལ་རྗེའི་རྣམ་ཐར་དུ་གསལ་བར་ཡོད། ལོ་བསྟར་ཕུར་ཟློག་ཀྱང་བགྱིས། དེའི་ཚེས་ཉེར་གསུམ་ལ་གཏེར་སྟོན་ཕེབས། དར་ཕྱར་དུང་འབུད་ལྷ་བསང་གཏང་བ་སོགས་བྱས། ཁ་བ་མེ་ཏོག་བཅས་བབས་པ་རྟེན་འབྲེལ་ལེགས་གསུངས། ཚེ་དཀར་དབང་ཆོག་སོགས་ཤོག་སེར་ལས་ཕབ་པའི་ཡི་གེ་པ་བགྱིས་པས་རྟེན་འབྲེལ་དགེ་མཚན་ཀྱང་ལེགས་ཤིང་། རྨི་ལམ་དུ་ལོ་བརྒྱད་ཅུ་ལོན་ཉེར་འདུག་པ་དང་། གཤེད་སྐོར་ཁྱད་པར་ཅན་མང་པོ་ཞིག་རྙེད་པར་རྨིས། ཉིད་ཀྱི་གཏེར་ཆོས་པདྨ་གཙུག་ཏོར་དྲི་མེད་དང་། སྔ་ལོ་ཀརྨ་ནས་བཞེས་པའི་ཟབ་བདུན་སྐོར་ལས་དོང་སྤྲུགས། རང་སྐལ་གཤིན་རྗེ་ཚེ་བདག་གི་དབང་ལུང་ཁྲིད་བཅས་གནང་། སྔར་ཕན་སྐབས་སུ་མ་བབས། ད་རེས་སྐབས་སུ་བབས་པས་སྡོད་གནས་འདི་ལ་གནས་ཡིག་ཅིག་མཛད་གྲུབ་ཞུས་པས། འདི་མདོ་ཁམས་གནས་ཆེན་ཉེར་ལྔའི་གྲལ་ཞིག་རེད་པས་གནས་ཡིག་གཏེར་དུ་སྦས་པ་ཡོད་འདུག་པས་རྩོམ་མི་དགོས་གསུངས། རང་གཏེར་སྐལ་བ་ཡེལ་ཕུག་ནས་སྤྱན་དྲངས་པའི་བསིལ་ཚལ་རྡོ་ནག་ལ་འཕགས་པ་ཀླུ་སྒྲུབ་ཕྱག་རྐོས་མགོན་སྐུ་མེ་འབར་མའང་གནང་། དེ་ཚབ་རྟེན་ཞིག་ཅིས་ཀྱང་དགོས་གསུངས་པས་གུ་རུའི་སྐུ་ཚབ་རྙིང་མ་ཁྱད་ཅན་ཞིག་ཡོད་པ་ཕུལ། ངེད་ཀྱིས་གཏེར་ཆོས་གནད་ཆེན་རིགས་སྡུད་རྩོལ་བགྱིད་སྐབས་ཀྱང་ད་རུང་འདི་ཐད་རུང་མིན་སོགས་བརྟག་པ་ཞིབ་ནན་མཛད་གྲུབ་ཞུས་པར། ཁོང་ལ་རིང་མིན་ཁ་བྱང་དང་གཏེར་ཁ་འགའ་རེ་འབྱུང་བ་ཡོད་པས་འདི་འདྲའི་སྐབས་གུ་རུ་རིན་པོ་ཆེ་སྐུ་དངོས་མཇལ་ནས་ཞུ་གནང་སྐབས་ཕྱེད་པ་ཞིག་ཡོད་པས་མི་བསྙེལ་བ་བྱེད་བཞག་གསུངས། ཇ་སྦྲ་ལ་ཕེབས་ཞོར་དཔའ་བྲག་ཏུ་ཚོགས་སྐོང་མཛད། སེང་བྲག་ཡང་བྱང་བཞེས། མེ་སྦྲུལ་གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་ལ་གནས་ཆེན་ཉེར་ལྔའི་མདོ་བྱང་ཕྱག་ཏུ་འབྱོར་ནས་འདིར་ཕེབས། གཏེར་གྱི་མངའ་དབུལ་ཕུལ། བརྟག་པ་ཞུས་དོན་དེ་སྐབས་གུ་རུ་རིན་པོ་ཆེ་ལ་ཞུས་ནས་ལན་བསྩལ་བའི་ཚིགས་བཅད་ཤིན་ཏུ་མང་བ་ཞིག་འདུག་ཀྱང་དེ་དུས་ཐོར་མ་འཁོད། དོན་རྩ་ལས་འཕྲོ་དང་སྨོན་ལམ་གྱི་ཤུགས་ཡིན་པས་གང་འདོད་བསྡུ་སྒྲིག་ཆོག་པའི་བཀའ་ལུང་ཐོབ་པར་སྣང་། ཚེས་གསུམ་ཉིན་འཆི་མེད་ཡང་སྙིང་སྒོ་ནས་བརྟན་བཞུགས་དང་འབུལ་བ་ཕུལ། བསང་བརྔན་དང་བཀའ་ནན་རབ་བརྗིད་རྒྱས་པར་མཛད་ནས་ཙ་འདྲ་རིན་ཆེན་བྲག་ཏུ་གནས་ངོ་སྤྲོད་པར་ཕེབས་སྐབས་སྔགས་སྲུང་མ་གཟིགས་པའི་རྐྱེན་གྱིས་དབང་པོ་ཡང་ཡང་ཤོར། མཐར་ཨོ་རྒྱན་ཕྱག་རྟགས་བརྡ་ཡིག་དཔྲལ་བར་བླན་པས་ཁམས་དྭངས་ནས་སྒྲུབ་ཕུག་རང་བྱོན་གཙོ་ཆེ་བ་རྣམས་ངོ་སྤྲོད་མཛད། ཕྱིར་ཉིན་གནས་ནང་ཕེབས་སྐབས་རླུང་ཆེན་དྲག་པོ་ལྡང་བ་སོགས་འཚུབས་ཆ་ཆེ་ཙམ་བྱུང་། བླ་བྲང་དུ་ཕེབས་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་ཕབ། ལྷ་གསར་དུ་རྡུལ་ཚོན་དཀྱིལ་འཁོར་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་རྣམས་གནང་། རྗེ་རིན་པོ་ཆེ་ཡང་ཕེབས་པས་རྟ་མགྲིན་ཕབ། དེ་དང་ཚེ་དཀར་དབང་སོགས་མང་ཞིག་གནང་། ཁྱོད་རྣམ་གཉིས་དགོན་ཆེན་དུ་ཕེབས་སོང་། སེང་བྲག་གཏེར་འདོན་པ་ལ་དབོན་སྤྲུལ་ངེད་གཉིས་ཡོད་དགོས་གསུངས་པས་གྲྭ་ཚང་བཅས་ཚེས་བཅུ་བཞི་ལ་གནམ་བྲག་ཏུ་ཕྱིན། ཚེས་བཅོ་ལྔར་དབུ་རྩེ་པདྨ་ཤེལ་ཕུག་ཏུ་གྲྭ་ཚང་རྣམས་དང་བཅས་ཕག་མོའི་ཚོགས་བརྒྱ། རྡོར་སེམས་ཚོགས་སྟོང་། བསང་གསོལ་སོགས་བྱས། ཚེས་བཅུ་དྲུག་རིན་པོ་ཆེ་ལྷན་རྒྱས་ཕེབས་གྲུབ་པས་དབུ་རྩེར་གུ་རུའི་གསང་ཕུག་ཏུ་ཚོགས་མཛད། མཁའ་ལ་འཇའ་ཚོན་འཁྲིགས་ཤིང་། བྱ་རྒོད་མང་དུ་འདུས་བྱུང་བ་གཏེར་སྟོན་གྱིས་རིག་འཛིན་མཁའ་འགྲོའི་འདུ་བར་གཟིགས་གསུངས། བྲག་དཀར་ཞིག་ནས་ཨོ་རྒྱན་སྐུ་ཆིངས་ཚལ་པ་བཞེས། ཐུགས་ཉམས་ཆེར་འུར། ས་དམིགས་བཙལ་བར་ཕེབས་པས་སེང་ཕུ་ནས་རྙེད་འདུག །སྒར་པ་དེར་སྤོས། ཉིན་གསུམ་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་ཚོགས་འབུམ་ཐེར་བསགས། ཚེས་ཉེར་གཅིག་ཕྱི་དྲོར་གཏེར་ཐོན་པ་དང་རྡོར་སེམས་སྒོ་ནས་མངའ་དབུལ་མཛད། ཕྱིར་ཉིན་གཏེར་ཞལ་ཕྱེས། ཀུན་མཁྱེན་བླ་མས་འབེལ་གཏམ་མཛད། གཏེར་རྫས་སོ་སོའི་ཐོབ་སྐལ་རྣམས་བགོས། མཁའ་འགྲོའི་བྲོ་ར་ནས་ཆོས་སྨན་གྭའུ། སེང་ཕུ་ནས་སྨན་གཏེར་བཞེས། ཚེ་ཆུ་རྩར་གུ་རུ་བདེ་བ་ཆེན་པོའི་དབང་གནང་ནས་ཕེབས། ངེད་རང་དཔོན་སློབ་རྣམས་རང་གནས་སུ་ལྡོག །བླ་བྲང་དུ་ཕྱིན་ནས་བདེ་འགྲོས་ཀྱི་གྲྭ་རྡེལ་བཀོད། དོན་གཉེར་འགའ་ཞིག་ལ་དུས་འཁོར་སོགས་ཀྱི་དབང་ལུང་དང་། སྒྲུབ་ཁང་ལའང་ཁྲིད་ཀ་སྔར་རྒྱུན་ལྟར་བྱས། མཁར་མདོ་ནས་གཏེར་སྟོན་ཚེ་དབང་གྲགས་པས་གསུང་བྲིས། ཆོས་ཚན། དམ་རྫས་འབྱོར། རྨི་ལམ་འཚུབས་ལྟས་ཆེ་བ་བྱུང་། ཆོག་སྒྲིག་ཁ་ཤས་དང་བོད་ལ་འགྲོ་ཆས་བཟོ་དྲུབ་སོགས་ཀྱིས་གཡེང་། གཏེར་གསར་ཚེ་བདག་ཞི་དྲག་གི་བསྙེན་པ་བཏང་། ས་ག་ཟླ་བར་དགོན་དུ་བུམ་སྒྲུབ་ཁྲོམ་དབང་བཅས་པ་དང་། སྒྲུབ་ཁང་དུ་བྱང་སྡོམ་སོགས་བྱས། ལྔ་པའི་ཚེས་བཅུ་གཅིག་ལ་བོད་འགྲོས་སྐར་འཛིན་དབུ་ཆེ་སོགས་སུ་རི་བསྟོད་ཕྱིན། བླ་བྲང་དུ་དབོན་སྤྲུལ་སྒྲོལ་སྐུ་རྣམས་ལ་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས། སྒྲོལ་དཀར་ཆོ་ག་ཉིན་གསུམ་བྱས། རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཞལ་མཇལ་ལ་སོང་། ཉིད་ཀྱི་གཏེར་ཁ་ནས་རྗེས་དྲན་ལྕེ་བཙུན་སྙིང་ཐིག་གི་དབང་ལུང་ཁྲིད་ཚང་བ། སེང་གདོང་སྙིང་ཏིག །བཻ་རོའི་ཐུགས་ཏིག་རྣམས་དང་། ཟབ་བདུན་ཡང་དག་དབང་ལུང་ཚང་བ་བསྩལ། བོད་དབུས་གཙང་གི་གནས་དང་ལྷ་རྟེན་གྱི་བཞུགས་ཚུལ། དེ་དང་དེ་དག་ཏུ་ཚོགས་གསོག་མཇལ་ཁ་སོགས་གལ་ཆེ་ཆུང་གིས་མཚོན། སྤྱི་དང་བྱེ་བྲག་གི་བསླབ་བྱ་ཞིབ་རྒྱས་དང་། དངོས་པོའི་གནང་སྦྱིན་རྫོང་བ་བཅས་མཛད་ནས་སླར་འོང་། ཟླ་བ་དྲུག་པའི་ཚེས་ཉེར་གཉིས་ལ་དཔལ་སྤུངས་ནས་སྒར་བཏེགས། རིམ་པར་བགྲོད་པའི་མདོ་རྒྱུད་དུ་སླེབས་སྐབས། གཏེར་སྟོན་རིན་པོ་ཆེ་ཀརྨར་སྐུ་མཚམས་བཞུགས་པ་ནས་བང་མི་བཏང་། ཀརྨར་འོང་དགོས་གསུང་འདུག་ཀྱང་ལམ་ཀྱོག་ཆེ། སྒར་པའི་མགོར་སྡོད་དགོས་པས་ཐབས་མ་བྱུང་། གཏེར་སྒར་སོགས་ལམ་འཁོད་བླ་སྤྲུལ་རྣམས་ཀྱི་བཞེད་སྐོང་སོ་སོར་བྱས་ཤིང་རྫོང་བ་དང་སྐྱེལ་མ་སོགས་མཛད་བྱུང་། རྒྱ་མ་མཚལ་མདོར་སླེབས་པ་དང་གཏེར་ཆེན་རིན་པོ་ཆེ་ཉིད་ཕེབས། ད་རེས་རྟེན་འབྲེལ་འདི་འཆུག་ཤོར་ན་རྗེས་ནས་ཅིའང་མི་འབྱུང་ངོ་མ་རེད་འདུག་པས་སྐུ་མཚམས་གྲོལ་ནས་ཕེབས་པ་ཡིན་གསུངས། སྒར་ཚུགས་ལྔ་ཙམ་ལ་ཕེབས། བཅག་མལ་བཅས་པ་རྣམས་ཀྱི་སྐབས་ཐུགས་སྒྲུབ་དབང་སྣ་ཡོངས་རྫོགས། སྒྱུ་འཕྲུལ་ཞི་ཁྲོ། ཚེ་བདག་འཁོར་ལོ་གསུམ། ཐུགས་ཀྱི་ཕུར་གཅིག །པདྨ་མཁའ་འགྲོ། གསང་མགོན་སོགས་ཀྱང་བཀའ་དྲིན་དུ་བསྩལ། བོད་ཁམས་སྤྱི་དང་བཀའ་བརྒྱུད་བསྟན་པ་ལ་ཕན་པའི་རིམ་གྲོ་བསྒྲུབ་འོས་རྣམས་ཀྱི་བསླབ་སྟོན་རྒྱས་པར་གནང་ནས་ཟུར་མང་ཕྱོགས་སུ་ཕེབས་སོང་། རྡོ་ར་དམར་ཁོར་སྡེ་དགེའི་སྐུ་ཚབ་དང་བོད་འགྲོས་མང་པོའི་སྒར་པ་ཕྱོགས་གཅིག་བསྡོངས། བསང་བརྔན་དང་། བཀོད་འདོམས་གང་ཤེས་བྱས། བྱང་ལམ་བར་མ་བརྒྱུད། ཤགས་ཀརྨ་སྐུ་འབུམ་དུ་གསོལ་འདེབས་སྨོན་ལམ་ཞུས་པར་བྱིན་རླབས་ལྟས་ལེགས་པ་བྱུང་། སྔར་སྲོལ་ལྟར་གཞུང་ས་དང་མཚུར་ཕུར་བང་མི་བཏང་བས་གསང་གཞུང་སྐོར་དུ་བསུ་མའང་འབྱོར། ལམ་བར་ཉེར་འཚེ་ཅིའང་མེད་པར་ཟླ་བ་བཅུ་པའི་ཚེས་གཉིས་ལ་འོག་མིན་མཚུར་ཕུར་འབྱོར། རྟ་ཐབ་རོལ་བསུ་སོགས་བདག་རྒྱན་ཆེན་པོ་གནང་། ཚེས་བདུན་གཟའ་སྐར་ཤིན་ཏུ་ལེགས་པར་ཞལ་རས་ལྷ་ཁང་དུ་ཡབ་སྲས་ལྷན་རྒྱས་ཀྱི་གསེར་ཞལ་ཐོག་མར་མཇལ། སླར་གཟིམས་ཆུང་དུ་གསུང་འཕྲོས་སྐབས་གཏེར་སྟོན་གྱི་གནས་ཚུལ་སྙན་འབུལ་ཞུས་པར་ཤིན་ཏུ་ཐུགས་ཡིད་ཆེས་པ་མཛད། ཚེས་བཅུ་གཅིག་ཉིན་མཐོང་གྲོལ་ཅོད་པན་ཞལ་མཇལ་དང་འབུལ་བ་ཕུལ། སྒར་ནས་མཆོག་སྤྲུལ་གྱི་དབུ་ཞྭ་གསོལ་བ་དང་འབུལ་བ་མཛད། མཆོག་སྤྲུལ་ཉིད་བདེ་ཆེན་ཕོ་བྲང་དུ་ཕེབས། ཚེས་བཅུ་བཞི་ཉིན་རྒྱལ་དབང་རིན་པོ་ཆེའི་མདུན་ནས་གཏེར་གསར་ཐུགས་སྒྲུབ་ཀྱི་དབང་ལུང་གསན་བཞེད་ལྟར་ཕུལ། བཅོ་ལྔ་ཉིན་ཚོགས་འཁོར་མཛད། གསང་བའི་ལུང་བསྟན་གྱི་ཤོག་སེར་བུ་དཔེར་འབེབ་པ་གནང་བའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུས། སྒར་པ་བྱིངས་དེར་བསྡད། ངེད་རང་དཔོན་སློབ་ལྔ་ཙམ་བྱས་ནས་སྨིན་གྲོལ་གླིང་དུ་དབང་ལུང་ཞུ་བར་བཏགས་པའི་ལམ་ཞོར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཇོ་ཤཱཀ་རྣམས་ཐོག་མར་མཇལ་པའི་སྐལ་བཟང་ཐོབ། པོ་ཏ་ལ་དང་ལྕགས་པོ་རིའི་རྟེན་མཇལ་བྱས། ཚལ་གུང་ཐང་མཆོད་མཇལ་དང་བརྒྱ་མཆོད་ཕུལ། སྦྲགས་ཡང་རྫོང་དུ་གཏེར་གསར་གཤིན་རྗེའི་སྒྲུབ་པ་ཞག་ལྔ་མ་ཞིག་དང་ཚོགས་སྐོང་ཁ་ཤས། མཁར་ཆེན་ཕུག་ཏུ་ཚོགས་བརྒྱ། མཚོ་རྒྱལ་བླ་མཚོ་དང་ཟུར་མཁར་རྡོའི་མཆོད་རྟེན་རྣམས་སུའང་ཚོགས་མཆོད་ཕུལ་ནས་དཔལ་གྱི་བསམ་ཡས་སུ་སླེབས། ལྷ་ཁང་ཚང་མར་མཇལ་ཕྱག་ཞུས། དགུན་ཉི་ལྡོག་པ་དང་འགྲིགས་པས་བདུད་འདུལ་སྔགས་པ་གླིང་དུ་གཏེར་གསར་ཕུར་པའི་གཏོར་ཟློག་བྱས། གཡའ་མ་ལུང་མཇལ་བར་ཕྱིན། གཏེར་གསར་ཚེ་དཀར་སྒྲུབ་པ་ཞག་གསུམ་གྱི་འབྲེལ་འཇོག་བྱས། སྨིན་གླིང་བླ་གྲྭ་རྣམས་ནས་འཆི་མེད་ཡང་སྙིང་གི་ཞབས་བརྟན་གནང་འདུག །མགོ་ཟླའི་ཚེས་བཅུར་བར་ཁང་གཡུ་ཞལ་ཅན་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་བརྒྱ་བགྱིས་ནས་ཕྱིར་འོང་སྐབས་དབུ་རྩེའི་སྒོ་གཡས་པ་ཕྱེས་འདུག་པ་ནས་ནང་དུ་མཇལ་བས་གུ་རུ་རིན་པོ་ཆེའི་སྐུ་བརྙན་ང་འདྲ་མ་དེ་ཞལ་རས་ཤིན་ཏུ་དཀར་བ། འོད་ཟེར་དཀར་ལྷག་ལྷག་འཕྲོ་བ་ཞིག་མཇལ། དེ་རྗེས་ལན་གཅིག་གཉིས་མཇལ་བའང་ཞལ་རས་དཀར་པོར་སྣང་། རྗེས་སུ་ནི་ཞལ་རས་ལ་གསེར་གསོལ་བས་དེའི་མདོག་ཏུ་སྣང་། མཆིམས་ཕུ་དབེན་རྩར་ཟབ་བདུན་རྟ་མགྲིན་བསྙེན་སྒྲུབ་འབྲེལ་འཇོག་ཞག་གསུམ། བྲག་དམར་ཀེའུ་ཚང་དུ་བཀའ་བརྒྱད་བདེ་འདུས། བླ་མ་དགོངས་འདུས་རྣམས་ཀྱི་ཚོགས་བརྒྱ། མེ་ཏོག་ཕུག་འོག་མར་ལྕེ་བཙུན་སྒྲུབ་པ་ཚོགས་མཆོད་འབྲེལ་འཇོག་ཙམ་བྱས། ཤན་བརྒལ་ནས་རྩེ་ཐང་དུ་ཕྱིན། ཁྲ་འབྲུག་ཞལ་མཇལ་ཁྱུགས་ཙམ་བས། གྲ་མདའ་ཚོང་འདུས་ཚོགས་པའི་པཎ་ཆེན་རྫ་སྐུ་སོགས་རྟེན་མཇལ་ཞུས་ནས་ཨོ་རྒྱན་སྨིན་གྲོལ་གླིང་དུ་འབྱོར། བླ་བྲང་ཟུར་གྱི་ཕོ་བྲང་དུ་སྡོད་གནས་སོགས་བཀའ་དྲིན་ལེགས་པར་གནང་། ཁྲི་ཆེན་རིན་པོ་ཆེའི་མདུན་ནས་རྙིང་མ་བཀའ་མ་སྔར་མ་ཐོབ་པ་ཐམས་ཅད་དང་། ཚེ་བདག་ལྕགས་འདྲ་ལྕགས་སྡིག །འཆི་མེད་ཡང་སྙིང་རྣམས་ཀྱི་དབང་། དུར་ཁྲོད་མ་མོའི་བཀའ་གཏད། ཞལ་བཞི་པ་དང་སྔགས་སྲུང་མའི་སྲོག་དབང་སོགས་ཞུས། རྗེ་བཙུན་མའི་མདུན་ནས་བཀའ་མ་རྣམས་ཀྱི་གཞུང་པོད། ཆོས་དབང་ཡང་ཏི། རྡོར་སེམས་སྙིང་ཐིག །བྱང་གཏེར་རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ། འགྲོ་འདུལ། ལས་འབྲེལ་གཉེན་པོ་ལྷ་གསུམ། ཕག་མོ་ཟབ་རྒྱ། ཚེ་བདག་གཞུང་པོད། ཆོས་དབང་ནཱ་ག་རཀྴ། ཉང་གཏེར་ཕྱག་བཞི་པ་སོགས་ལྗགས་ལུང་མང་པོ་ཞུས། རྡོར་འཛིན་འགྱུར་མེད་དོན་གྲུབ་མདུན་ནས་བྱང་གཏེར་ཐུགས་སྒྲུབ་དབང་། འཇོམས་བྱེད་རྩལ་ཆེན་བཀའ་གཏད། པད་གླིང་བཀའ་བརྒྱད་དབང་སོགས་དང་། ཆོས་དབང་སྔགས་སྡེབ་སྙིང་གཟེར་ནག་པོ། ཡང་ཟློག་ཞལ་ཤེས་མ་བུ། སྟོབས་ཆེན་མཆོད་རྟེན་སྒྲོལ་མ་བདུན་པ་རྣམས་ཀྱི་ཞལ་ཁྲིད། པཎ་ཆེན་བཀའ་བརྒྱད་ཡོངས་འདུས། ར་ཤག་མ་མོ་སྒང་ཤར། ཉང་གཏེར་མགོན་པོ་གཡུལ་མདོས་སོགས་ལུང་མང་དུ་ནོས། དགེ་སློང་བསྟན་འཕེལ་མདུན་ནས་འཇམ་དཔལ་རྫོགས་ཆེན་དང་གཉེན་པོ་ལྷ་གསུམ། ཆོས་དབང་ལོཀྟྲི་དང་དུར་ཁྲོད་མ་མོའི་བེ་བུམ། བཀའ་བརྒྱད་རྫོང་འཕྲང་གི་ལུང་སོགས་ནོས། ཁྲི་ཆེན་ལྕམ་དྲལ་རྣམས་ལ་རྫོགས་ཆེན་རྒྱུད་བཅུ་བདུན། བཀའ་བརྒྱད་གསང་རྫོགས། རཏྣའི་ཀློང་གསལ་རྣམས་ཀྱི་དབང་དང་། ཚེ་རིང་རྡོ་རྗེའི་སྤྱི་ཏིའི་དབང་ལུང་། གཏེར་གསར་ཡང་དག་གི་ཆོས་བདག་དམིགས་བསལ་ཡིན་འདུག་པས་དེའི་དབང་ལུང་ཚང་མ། ཚེ་དཀར་སོགས་ཕུལ། འགྲོ་རོགས་རྣམས་སྡོད་ཁོམས་མི་འདུག་པས་རྒྱལ་ཟླའི་ཉེར་གསུམ་ལ་ཁྱོགས། གྲ་ནང་བྱམས་པ་གླིང་དང་གྲྭ་མངོན་གཙུག་ལག་ཁང་མཇལ། ཆུ་བོ་རི་བརྒྱུད་ཉེར་དགུ་ནངས་མོར་མཚུར་ཕུར་སླེབས། དགུ་གཏོར་འཆམ་མཇལ་བྱས། ས་རྟ་གནམ་ལོ་གསར་ཚེས་ནང་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེའི་ཞལ་དཀྱིལ་མཇལ། ལོ་གསར་བཞུགས་གྲལ་གནང་། གཏེར་གསར་ཚེ་བདག་གི་པུ་རི་སོགས་ཞབས་བརྟན་མང་ཞིག་བསྒྲུབ་དགོས་འདུག་པ་རྣམས་ཞུས་གྲུབ་ནས་དབུས་རི་བར་བསྐོར་ཁྱོག་རྩིས་ཀྱིས་ལྷ་ལྡན་དུ་ཕྱིན། སྨོན་ལམ་གཏོར་རྒྱག་གི་ལྟད་མོ་རྣམས་མཐོང་། པོ་ཏ་ལར་སྲིད་སྐྱོང་ཧོ་ཐོག་ཐུ་རིན་པོ་ཆེའི་མདུན་མཇལ་ཕྱག་དང་འབུལ་མཚོན་ཕུལ། མཆོག་སྤྲུལ་ཉིད་བཀྲ་ཤིས་ལྷུན་པོའི་མི་སེར་ཡིན་འདུག་པས་ཞབས་པད་བཤད་གྲྭ་བརྒྱུད། བཀྲས་ལྷུན་དུ་ཡབ་ཡུམ་བཅས་ཁམས་ལ་ཐེག་ཆོག་པའི་དགོངས་ཁྲོལ་ཞུས་པའང་དཀའ་བ་མེད་པར་གནང་བ་ཐོབ། བར་ཁང་གུ་རུའི་གཟིམས་སྤྱིལ་མདུན་སྨྱུང་གནས་བླ་མ་རིན་པོ་ཆེས་སྦྱིན་བདག་མཛད་དེ་མཆོད་པའི་བཀོད་པ་རྒྱ་ཆེ་བ་དང་བཅས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་མཆོད་སྟོང་རྩ་བཏང་། སྨྱུང་གནས་བླ་མ་དང་ཞབས་པད་རིགས། དགེ་བཤེས་ཁ་ཤས་རྣམས་ལ་དབང་བཀའ་སོགས་བཞེད་སྐོང་བྱས། ཇོ་ཤཱཀ་མདུན་སྟོང་མཆོད། པོ་ཏ་ལ་ཕྱིན་གྱི་ལྷ་ཁང་རྣམས་ལ་སྙན་ཤལ། གསེར་གསོལ། མཆོད་འབུལ་སོགས་མཁོས་ལྕོགས་ལེགས་པར་གྲུབ་ནས་ཟླ་བ་གཉིས་པའི་ནང་བདེ་ཆེན་བརྒྱུད་བསམ་ཡས་སུ་ཐེག་པའི་རྒོད་དཀར་ལ་ཚུར་ནང་དུ་འབྲུག་ཆེན་རིན་པོ་ཆེ་མཚུར་ཕུར་ཕེབས་པའི་ཞལ་མཇལ། ཐུགས་དགྱེས་ཚོར་ཆེན་པོ་གནང་། འདི་སྐབས་གཞུང་སའི་སྐུ་ཚབ་གྲྭ་བསྒྲིགས་ཡོད་པས་ཐམས་ཅད་དཀའ་བ་མེད་པར་སླེབས། སྒར་པ་བྱིངས་བསམ་ཡས་སུ་སོང་། ངེད་རང་ཉུང་བསྡུས་གཡའ་མ་ལུང་དུ་སོང་ནས་གཏེར་གསར་ཚེ་དཀར་སྒྲུབ་པ་བྱས། གཞུང་སའི་ཞབས་བརྟན་རྒྱུན་སྒྲུབ་འཇོག་རྒྱུ་མཛད་སོང་བས་དེར་བཞུགས་རྣམས་ལ་དབང་ལུང་བྱས། ཞར་བྱུང་བྲག་དམར་མགྲིན་བཟང་མཇལ་ནས་བསམ་ཡས་སུ་སླེབས། བར་ཁང་དུ་གཏེར་གསར་ཐུགས་སྒྲུབ་ཀྱི་ཚོགས་སྟོང་རྩ། ལྷ་ཁང་རྣམས་ལ་སྙན་ཤལ་དང་མཆོད་འབུལ། དབུ་རྩེར་གསེར་གསོལ་དང་སྟོང་མཆོད་ཕུལ། ཨཱརྻ་པ་ལོའི་གླིང་དུ་ཚོགས་མཆོད་དང་འབྲེལ་བར་བོད་ཁམས་བདེ་བའི་སྨོན་ལམ་ནན་དུ་བགྱིས། ཧས་པོ་རི་རྩེར་ལྷ་སྲིན་དམ་བསྒྲགས་བཏང་། མཆིམས་ཕུར་ཕྱིན་ནས་ཚོགས་མཆོད་རྒྱས་པར་བྱས་ནས་བགྲོད་ལམ་དུ་མཆོད་རྟེན་བཀྲ་ཤིས་འོད་འབར་མཇལ་ཏེ་གདན་ས་མཐིལ་དང་ཟངས་རི་མཁར་དམར་རྣམས་སུའང་རྟེན་མཇལ་དང་ཚོགས་གསོག་གང་ལྕོགས་བྱས། ཡར་ཀླུང་ཁྲ་འབྲུག་ཏུ་སྙན་ཤལ། གསེར་གསོལ། སྟོང་མཆོད། ཨོ་རྒྱན་སྐུ་ཚབ་མདུན་བཀའ་བརྒྱད་ཚོགས་བརྒྱ་ཕུལ། རྩེས་ཐང་གང་པོ་རིའི་ལྷ་ཁང་དུ་ཚོགས་འཁོར་དང་ལྷ་སྲིན་དམ་བསྒྲགས། ཡུམ་བུ་བླ་མཁར་དང་འབུམ་པ་རྣམ་གསུམ་རིམ་པར་མཇལ་ནས་འབྲེལ་འཇོག་མཆོད་འབུལ་སོ་སོར་ཞུས། ཤམ་པོ་གང་འདབས་སུ་གཏེར་གསར་མངོན་རྫོགས་རྒྱལ་པོའི་མདོས་ཤིག་བཏང་། ལམ་ཞོར་སྲོང་བཙན་བང་སོ་མཇལ། ཤེལ་བྲག་ཏུ་དཔོན་སློབ་སུམ་ཅུ་སོ་བགྲང་གིས་གཏེར་གསར་སྒྱུ་འཕྲུལ་ཞི་ཁྲོ་སྦྲེལ་མའི་སྒྲུབ་ཆེན་སྨན་སྒྲུབ་དང་བཅས་པ་ཞག་བདུན་པ་ཞིག་བྱས་པས་ཐོག་མཐའ་རྣམས་སུ་རྟེན་འབྲེལ་ལེགས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གཏད་རྒྱའི་བརྒྱུད་པའང་འདི་དུས་རྙེད། ལ་བརྒལ་ནས་གྲི་གུ་བརྒྱུད་ལྷོ་བྲག་སྨྲ་བོ་ལྕོག་ཏུ་ཕྱིན། མངའ་བདག་ཡབ་སྲས་ཀྱི་སྐུ་བརྙན་རྣམས་ལ་མཆོད་འབུལ་གསོལ་འདེབས་དང་རྟེན་མཇལ་ཞུས། ལམ་བར་ཆོས་དབང་བཀའ་བརྒྱད། བན་པ་ཕྱག་རྡོར། གུ་རུ་ལྷ་ཁང་རྣམས་ལའང་ཚོགས་མཆོད་འབུལ་བ་སོགས་བྱས་ནས་མཁོ་མཐིང་རྣམ་སྣང་མཇལ། མཁར་ཆུ་ལྕགས་ཕུར་ཅན་དུ་གཏེར་གསར་ཡང་དག་སྒྲུབ་པ་ཞག་ལྔ། ལྷ་མོ་མཁར། དཔལ་གྱི་ཕུག་རིང་རྣམས་སུའང་ཚོགས་མཆོད་བྱས་ནས་རིམ་པར་བཏེགས་ཏེ་གསས་མཁར་སྤྲུལ་པའི་ཕོ་བྲང་དུ་ཕྱིན། རྟེན་མཇལ་དང་མར་པའི་སྐུ་བརྙན་མདུན་དང་གཉའ་གཉའ་ལུང་བསྟན་ཕུག་རྣམས་སུ་ཚོགས་མཆོད་གསོལ་འདེབས་རྒྱས་པར་བྱས། སྒྲུབ་མཚོ་པདྨ་གླིང་མཇལ། ལྷ་ལུང་དང་གུ་རུ་ལྷ་ཁང་རྣམས་ཀྱི་རྟེན་མཇལ་བགྱིས། ཡར་འབྲོག་བརྒྱུད་ལྕགས་ཟམ་ཆུ་བོ་རིར་ཕྱིན། སྒྲུབ་པ་དང་ཚོགས་འབྲེལ་ལྷ་སྲིན་དམ་བསྒྲགས་ཞིག་ཀྱང་བགྱིས། སྲིན་པོ་རིའི་བདེ་མཆོག་མདུན་ཚོགས་མཆོད་གསོལ་འདེབས་ལ་ཆེད་དུ་སོང་། ལམ་ཞོར་གཞུང་སྤེ་ཤིང་དུ་ཕྱིན། མར་རྔོག་གི་གདུང་རྟེན་རྣམས་ལ་མཆོད་འབུལ་གསོལ་འདེབས་བྱས། བྱེ་ལ་བརྒལ་བའི་ལམ་ཞོར་རྟེན་མཆོད་རྣམས་མཇལ་ནས་ལྷ་ལྡན་དུ་སླེབས། སྐུ་རིམ་གྲུབ་པའི་སྙན་ཞུས་ཕུལ། ཟླ་བ་བཞི་པར་མཚུར་ཕུར་སླེབས། ཚེས་བཅུའི་སྐབས་ཁེལ་བས་འཆམ་མཇལ་བྱས། པདྨ་ཁྱུང་རྫོང་དུ་རྡོ་རྗེ་བེ་ཅོན་བསྙེན་སྒྲུབ་དང་། རྒྱལ་བའི་དབང་པོའི་ཞབས་བརྟན་གཏེར་གསར་ཚེ་དཀར་བསྙེན་སྒྲུབ་བགྱིས། ཟླ་བ་ལྔ་པའི་ཚེས་བརྒྱད་ལ་བཀའ་ཕེབས་ལྟར་གྲོལ་ནས་སྟོན་འཁོར་རྣམས་གླིང་ཁར་དབྱར་གཟིགས་བཞུགས་པའི་མདུན་དུ་གཅར་ནས་རྒྱལ་བའི་དབང་པོར་ཚེ་དཀར་གྱི་དབང་རྒྱས་པར་ཕུལ། ཚེས་བཅུར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་གསན་བཞེད་མཛད་པར། འབྲུག་པ་རིན་པོ་ཆེ་དེར་བཞུགས་པས་ཁོང་ནས་སྐྱབས་མགོན་ཉིད་ཁམས་སུ་ཕེབས་ནས་མཐོང་གསལ་མ་བྱུང་བར་གཏེར་གསར་མི་གསན་གསུངས། ཚེས་དགུ་ནུབ་མནལ་ལྟས་ཁྱད་པར་ཅན་འགའ་ཞིག་གཟིགས་པས་ཐུགས་ཐེ་ཚོམ་ཆོད་ནས་ཚེས་བཅུ་ཉིན་ཀར་འབྲུག་སི་ཏུ་དཔའ་བོ་གཙོས་པའི་བླ་སྤྲུལ་ཉི་ཤུ་སྐོར་གྱིས་ཐུགས་སྒྲུབ་དབང་གསན། དེ་རྗེས་འབྲུག་པ་ཉིད་གཤིན་རྗེ་ཚེ་བདག་ཆོས་བདག་ཡིན་འདུག་པ་དང་། རྒྱལ་དབང་རིན་པོ་ཆེ་ནས་ཀྱང་གསན་བཞེད་ལྟར། ཀར་འབྲུག་གཉིས་ཆོས་དབང་སྤྲུལ་སྐུ་བཅས་རྣམ་པ་གསུམ་ལ་ཟབ་བདུན་ཚེ་བདག་སྐོར་གྱི་དབང་ལུང་རྒྱུད་བཤད་ཕྱག་ཁྲིད་ཞལ་ཤེས་ཡོངས་སུ་རྫོགས་པར་ཕུལ། བདེ་ཆེན་ཕོ་བྲང་དུ་དཔའ་བོ་རིན་པོ་ཆེ་ནས་བདེ་གླིང་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་གསན། སླར་མཚུར་ཕུ་གདན་སར་ཕེབས། རྒྱལ་དབང་རིན་པོ་ཆེ་དབོན་སྤྲུལ་རྣམ་གཉིས་བཅས་ལ་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས་ཆ་ལག་བཀའ་སྲུང་བཅས་པ། ཕུར་པ་ཐུགས་ཀྱི་ཐིག་ལེ་རྣམས་ཀྱི་དབང་ལུང་རྫོགས་པར་ཕུལ་བས་མཆོག་གྱུར་གླིང་པའི་ཞལ་བཀོད་ལྟར་སྤྱི་བྱེ་བྲག་གི་སྐུ་རིམ་རྩ་བའི་རྟེན་འབྲེལ་ཤིན་ཏུ་ལེགས་པར་འགྲིགས་སོང་། གནས་ནང་དུ་མཆོག་གི་སྤྲུལ་པའི་སྐུ་གདན་འདྲེན་མཛད་པ་ལྟར་ཕེབས། རྟེན་མཆོད་རྣམས་མཇལ་ཁ་ཞུས། དཔའ་བོ་རིན་པོ་ཆེ་ལའང་གཏེར་གསར་ཕུར་པའི་དབང་ལུང་ཕུལ། དེ་དག་གི་སྐབས་མཚམས་རྣམས་སུ་རིག་འཛིན་སྤྲུལ་པའི་སྐུས་དཔའ་བོ་གོང་མའི་མདུན་ནས་གསན་པའི་ཀར་རྙིང་གི་དབང་ལུང་རྒྱུན་དཀོན་པ་མང་དུ་ཞུས། ཡར་འཁོར་ནས་མཚུར་ཕུའི་ལྷ་ཆེན་ཛཾ་གླིང་རྒྱན་དང་། དུས་མཁྱེན་སྦུག་སོགས་རྟེན་ཁྱད་པར་ཅན་རྣམས་ཞིབ་མཇལ་དང་། མཆོད་པ་གསོལ་འདེབས་གང་ནུས་ཞུས། མཚུར་ཕུ་རྒྱལ་ཚབ་པ་ལའང་སྔ་རྗེས་རྣམས་སུ་ཐུགས་སྒྲུབ་ཚེ་དཀར་སོགས་བཞེད་པ་བསྐངས། མདོ་ཁམས་སུ་ཕེབས་པའི་བཅའ་གཞི་དང་སྐར་འཛིན་ལྷ་བསང་སོགས་མཛད། ངེད་རང་ཉུང་བསྡུས་ལྷ་ལྡན་མི་དབང་མདུན་ཐོན་ཕྱག་སོགས་ལ་ཕྱིན། འདི་སྐབས་སྲིད་སྐྱོང་རྭ་སྒྲེང་ཡིན་པས་ཐུགས་ཤིན་ཏུ་ཉེ་བར་མཛད་ཅིང་གཏེར་སྟོན་ལའང་མཛོད་དར་གནང་རྒྱུ་བསྐུར། བོད་ཁམས་སྤྱི་ལུང་ཕབ་ནས་བསྐུར་འོང་དགོས་ཚུལ་གསུངས། ཇོ་ཤཱཀ་རྣམས་ལའང་མཇལ་ཕྱག་སྨོན་ལམ་རྩེ་གཅིག་ཞུས། ཕྱིར་ལམ་ཡེར་པའི་གནས་རྟེན། འཕན་ཡུལ་བཀའ་གདམས་གདན་ས། སྟག་ལུང་། རྭ་སྒྲེང་སོགས་མཇལ་ནས་གསང་གཞུང་དུ་མཆོག་སྤྲུལ་རིན་པོ་ཆེ་སོགས་དཔལ་སྤུངས་སྒར་པ་སླེབས་པ་དང་འཛོམ། ནག་ཆུ་ཁར་མཚུར་ཕུའི་སྒར་ཆེན་ཡང་ཕེབས་ཤིང་དབང་དབུ་ཞྭ་ཞུ་མཁན་མང་། འགའ་ཞིག་ནས་ཆུ་ཆེན་གྱིས་བཀག་པ་སོགས་གཅག་མལ་ཤིན་ཏུ་མང་བས་རྒྱུན་རིང་དུ་འགོར། བེར་ཤ་གསུམ་མདོ་སོགས་བརྒྱུད་སྒིས་སྣར་ཟླ་བ་དགུ་པའི་ནང་ཕེབས། སྒར་ཆེན་ཡང་ཕེབས་ཐུབ་པར་ལྷན་རྒྱས་ཞལ་འཛོམ་ཞུས་ནས་དཔལ་སྤུངས་སྒར་པ་སྔོན་དུ་བཀྱགས། རྒྱལ་དབང་རིན་པོ་ཆེ་འདི་ལོ་ཀརྨ་དགོན་དུ་ཕེབ་རྒྱུའི་རྗེས་སུ་བཞུགས། འདི་ཕྱིན་དགོན་ཁག་སོ་སོའི་བླ་སྤྲུལ་ཆེ་ཕྲ་ཐམས་ཅད་ཕེབས་བསུ་བྱོན་ནས་དབུ་ཐོན་བཞག་པ་དང་། ལམ་འཁོད་དགོན་པ་རྣམས་ནས་གདན་འདྲེན་ཀྱང་ཞུ་འདུག་པས་བྲེལ་གཡེང་ཆེ། སོ་སོར་དབུ་ཞྭའི་མཇལ་ཁ་ཙམ་དང་། བླ་གྲྭ་སོ་སོའི་འདོད་བཞེད་ལྟར་ངོས་ནས་དབང་དང་རྗེས་གནང་ཅི་རིགས་བྱས། བཀྲ་ཤིས་དབུ་མི་ཐང་དུ་དབོན་སྤྲུལ་དང་སྡེ་དགེའི་ཆིབས་བསུ་མདུན་འཁོར་ཞིག་ཀྱང་འབྱོར། གཏེར་སྟོན་ཆོས་རྒྱལ་རྡོ་རྗེ་བྱོན་པ་ལ་ཁོང་གི་ཆོས་སྐོར་ཁ་ཤས་འདུག་པ་ཞུས། སྤྱི་འབྱམས་སུ་རྟེན་འབྲེལ་ཁྱད་པར་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་ཉིན་གསུམ་འཚོགས། མཆོག་སྤྲུལ་རིན་པོ་ཆེར་ཚེ་དབང་ཡང་ཕུལ། ཟུར་མང་དགོན་ཁག་སོགས་རིམ་པར་བརྒྱུད་ཅི་མགྱོགས་སུ་བྱོན་ནས་འབྲི་ཆུའི་གྲུ་བརྒལ། རྩ་བརྒྱད་ཐང་དུ་སླེབས་པའི་སྐབས་སྡེ་དགེའི་མདུན་ནས་གཉེར་པ་ཞིག་དར་བཏང་མངགས་བྱུང་བ། ཁོ་བ་ཧོར་འདྲ་དབུལ་པོ་ཞིག་གི་ཆས་འདྲ་བ་བྱས་འདུག་པ་མཆོད་ཡོན་ཐོག་མའི་རྟེན་འབྲེལ་འདི་འདྲ་བ་སྙམ་ནས་སེམས་ལ་ཤིན་ཏུ་གནོད་པ་ཞིག་བྱུང་བ་དབང་ཐང་རྫོགས་ཉེ་བའི་སྔ་ལྟས་ཡིན་པར་འདུག །ཨ་ལོ་ཞེ་དགའ་ནས་གདན་སར་ཕེབས་པའི་ནངས་མོ་མཆོག་སྤྲུལ་ཉིད་ལ་ཐུགས་དགའ་སྡུག་མཐོ་དམན་འདྲ་ཞིག་བཞུགས་འདུག་པས། ལམ་བར་ལྷགས་པ་ལ་ཁག་བསྙད་ནས་ཤིན་ཏུ་བཤུམ་པ་སོགས་ལམ་བཀྲ་མི་ལེགས་ཙམ་བྱུང་། དགོན་ཡུལ་རྣམས་ནས་རྐྱ་ཐབ་བསུ་བ་བཅས་རྒྱས་པའི་ཐང་དུ་བཞུགས། ཟླ་བ་བཅུ་པའི་ཚེས་བཅུའི་སྔ་དྲོར་དགོན་ཐོག་ཏུ་སེར་སྦྲེང་རོལ་བསུ་རྒྱས་པ་བཅས་ཕེབས་ནས་འདུ་ཁང་དུ་མཎྜལ་ཕུལ་ནས་ཕྱག་དབང་གནང་། ཚོམ་ཆེན་དུ་དགའ་སྟོན་དང་མགུལ་དར་དབོན་སྤྲུལ་ཉིད་ཀྱིས་གནང་བར་མཛད། ངེད་རང་ཡང་ཁྲོད་དུ་ཕྱིན། མ་རྒན་ཁམས་བདེར་ཡོད་པ་དང་འཕྲད་ནས་རེ་ཞིག་ངལ་གསོ་ཞོར་གསོལ་བརྒྱ་སོགས་བགྱིས། ཉི་ལྡོག་སྐབས་ཕུར་བསྙེན་ཕུར་ཟློག །རྗེ་བཙུན་མའི་བསྙེན་པ་སོགས་རྒྱུན་ལྟར་བགྱིས། འདི་སྐབས་མཆོག་གྱུར་གླིང་པ་སྡེ་དགེར་གདན་འདྲེན་ཞུས་པ་བྱོན་ཞོར་གཏེར་ཁ་འགའ་རེ་བཞེས། ཁྲའོ་ཐང་དུ་ཁྲག་གྲིབ་འདྲ་བའི་བསྙུན་གཞི་ཚབ་ཆེན་པོ་བྱུང་བས་སྤྲུལ་སྐུ་རིན་པོ་ཆེ་ཡང་ཕེབས་ནས་གྲིབ་སེལ་སོགས་མཛད་པས་སྐུ་ཁམས་དྭངས་ནས་རྒྱལ་སར་ཕེབས། རྡོ་ཁོ་མར་བཀའ་བརྒྱད་སྒྲུབ་ཆེན་དང་ཁྲོ་རོལ་ཟློག་པ་མཛད། ངེད་ལ་སྐུ་རིམ་དོན་འོང་དགོས་པའི་གསུང་ནན་བྱུང་བ་ལྟར་སོང་། རྣམ་པ་གཉིས་དང་མ་ཡུམ་སྲས་སོགས་མཇལ། ཁྲོ་རོལ་སོགས་ལ་ཕྱིན། སྤྲུལ་སྐུ་རིན་པོ་ཆེས་ལྗགས་བཤད་ངོ་མཚར་ཅན་གནང་། གཏོར་ཟློག་བོར་བ་རླུང་ལྟས་སོགས་ཤིན་ཏུ་ཞེལ་བས་གཏེར་སྟོན་ཚང་གིས་ཡང་ཟློག་ཞག་གཉིས་གསུམ་བཅས་སོང་། ཕྲན་ནས་སྐུ་རིམ་དུ་དཀོན་སྤྱིའི་ཟོར་ཟློག །ཇོ་ལུགས་འཇིགས་བྱེད་དྲུག་ཅུ་ཞིག་བཏང་། སྤྲུལ་གཏེར་སྡེ་དགེ་མ་སྲས་བཅས་ལ་རྙིང་མ་བཀའ་མའི་དབང་ཚང་བ་བསྐུར། ས་ལུག་གསར་ཚེས་ནང་ཁྲོ་མཎྜལ་ཐང་དུ་བསྟན་སྲིད་རིམ་གྲོར་དགོན་པ་གསར་འདེབས་དགོས་པའི་ལུང་བྱང་ལྟར་དཔོན་སློབ་ཚང་མ་ས་གཟིགས་བྱོན། འདི་སྐབས་ཁ་བ་དཀར་དམར་ནག་པའི་རིམ་གསུམ་ཡོད་པ་ཞིག་བབས་པ་ཕྱིས་སུ་མི་དགེ་བའི་ལྟས་སུ་སྣང་། མཎྜལ་ཐང་དུ་ཚོགས་འཁོར་དང་། རྗེ་ཀུན་གཟིགས་རིན་པོ་ཆེས་གསང་སྙིང་རྒྱུད་བཤད་རྟེན་འབྲེལ་མཛད། གཞི་བདག་རྟེན་བཀོལ། བུམ་གཏེར་སྦ་བ་སོགས་གྲུབ་ནས་སླར་འཁོར། འདི་ཐད་གཏེར་བྱོན་སྐུ་ཚབ་གཙོས་ཚན་གྲངས་སྲས་ཡུམ་མདུན་ཕུལ་ནས་དགོས་གནད་བཅས་ཞིབ་ཞུས་མཛད་སོང་བ་དེ་ལྟར་སྒྲུབ་རྩིས་མཛད་ཀྱང་། དགོན་ཆེན་གྲྭ་རིགས་གྲུབ་མཐའི་ཀུན་སློང་ཆགས་སྡང་ཆེ་བས་ཕྱག་མཛོད་བཀྲ་ཤིས་རྒྱ་མཚོས་ས་དགོན་རྣམས་ལ་གནོད་འོང་བའི་དོགས་པ་ཁོག་འཆང་གིས་བཤོལ་བཏབ་སོང་། འདི་དུས་ལྷ་ཁང་ཀ་བཞི་དང་བྱམས་སྐུ་ཙམ་བཞེངས་གྲུབ་ན་ཉག་རྐེད་ཀྱི་དུས་ཟིང་དེ་མི་འོང་ངེས་པ་ཡིན་ཅེས་སྤྲུལ་སྐུ་རིན་པོ་ཆེས་གསུངས། རྗེ་བླ་མས་འཕགས་མའི་ཐུགས་ཐིག་གི་དབང་བསྩལ། གཏེར་མདུན་ནས་ཀྱང་ཐུགས་ཆེན་འཁོར་བ་དོང་སྤྲུགས་སོགས་དབང་སྣེ་ཁ་ཤས་ཐོབ། རྩ་བའི་ཐུགས་སྒྲུབ་ལས་བྱང་ཕབ་པའི་ཡི་གེ་པ་ཞུས། བསམ་ལྷུན་སྐོར། རྣམ་སྲས། ཡན་ལག་ཐུགས་སྒྲུབ་གཉིས་ཀྱི་སྒྲུབ་ཁོག་ལུང་བྱང་སྐོར་སོགས་སྤྲུལ་སྐུ་རིན་པོ་ཆེས་ཡི་གེ་པ་མཛད་ནས་གཏན་ལ་ཕབ་གྲུབ་འདུག །རྒྱལ་ཁབ་ཏུ་མཁྱེན་བརྩེ་རིན་པོ་ཆེས་འདུས་མདོའི་དབང་དང་རྩ་བའི་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བདུན་ཕྲག་གཉིས་མཛད་པའི་དབང་བསྐུར་ཡོངས་རྫོགས་གཏད་རྒྱའི་བར་བཀའ་དྲིན་ཐོབ། གཏེར་སྟོན་ནས་ཕོ་བྲང་དུ་རྣམ་སྲས་རྟེན་འཛུག་གནང་། ངེད་ནས་སྲས་ཀྱི་སྐུ་རིམ་བླ་བླུ་གྲུབ་འཕྲལ་དཔལ་སྤུངས་སུ་ཕྱིན། ཟླ་སྤྲུལ་ཀརྨ་ནས་ཕེབས། འཇའ་ཚོན་པོད་དྲུག་སྒྲུབ་པ་དང་འབྲེལ་བའི་དབང་ལུང་ཡོངས་རྫོགས་དགོས་གསུངས་པ་ལྟར་བགྱིས། སྙན་ངག་དང་། ཕྱག་ཆེན་སོགས་ཁྲིད་ཞུ་འགའ་ཞིག་བྱུང་བར་སོ་སོའི་རེ་སྐོང་བྱས། གཏེར་ཆེན་རི་ཁྲོད་དུ་ཕེབས། ད་རུང་གཏེར་ཆོས་ཐད་གནང་བ་དང་ཉེ་བརྒྱུད་བྱིན་རླབས་ཞུ་མཛད་རོགས་ཞུས་པར་ཚོགས་མཆོད་ཤིན་ཏུ་རྒྱས་པ་དང་གསོལ་འདེབས་མཛད་ནུབ། གུ་རུ་རིན་པོ་ཆེ་གཏེར་སྟོན་རྡོ་རྗེ་གླིང་པའི་རྣམ་པར་བཞུགས་པས་གཏེར་སྟོན་བརྒྱ་རྩའི་གཏེར་ཆོས་རྣམས་ཀྱི་བྱིན་རླབས་བསྩལ། ཉིད་ཀྱང་རྡོ་རྗེ་གླིང་པའི་ཞལ་སློབ་ཀྱི་སྐྱེ་བ་དང་དེ་སྐབས་གཏེར་ཆོས་ཡོངས་རྫོགས་ཞུས་ནས་ཉམས་བཞེས་མཛད་ཚུལ་དང་། མཁའ་འགྲོ་ཀུན་དགའ་འབུམ་པའི་སྐབས་དུང་མཚོ་རས་པར་གྱུར་པ་སོགས་གསལ་བར་དྲན་ཅིང་། དེ་གཉིས་ཀྱི་གཏེར་ཆོས་ཉེ་བརྒྱུད་བྱུང་འདུག་པ་བཅས་རྡོར་གླིང་གཏེར་ཆོས་ལྟ་བ་ཀློང་ཡངས་ལས་མ་འབྱོར་བས་དེའི་འཐོར་ལུང་། མཁའ་འགྲོ་གསང་བ་ཀུན་འདུས་དབང་ལུང་ཡོངས་རྫོགས། གཏེར་ཆོས་གཞན་དཔེ་རྙེད་ཚད་ཀྱི་གདམས་གཏད་བྱིན་རླབས་ཞུས། རྩ་བའི་ཐུགས་སྒྲུབ་སྒྲུབ་ཁོག །རང་སྐལ་མྱུར་མཛད་མགོན་པོའི་ཆོས་སྐོར་ཐུན་མིན་རྣམས་ཕབ། ས་གནད་འདིར་བསྟན་པ་སྤྱི་བྱེ་བྲག་གི་དོན་དུ་དཔལ་ཆེན་པོའི་ལྷ་ཁང་བཞེངས་དགོས་པའི་རྒྱུ་མཚན་ལུང་བྱང་བཅས་བླ་བྲང་ལ་བཀའ་གནང་སོང་། ཙ་འདྲ་རིན་ཆེན་བྲག་གི་གནས་སྒོ་འབྱེད་པ་ལའང་ཐོག་མར་ཤར་ཕྱོགས་ཡེ་ཤེས་འཁོར་ལོ་འདིར་སྲུང་མའི་རྟེན་འཛུག་དགོས་ཚུལ་གསུངས། དབང་བྱིན་རླབས་མང་པོ་དང་ཁྱད་པར་ཉིད་ཀྱི་གཏེར་གསར་ཡོངས་སུ་རྫོགས་པའི་གདམས་གཏད་མངའ་གསོལ་གནང་། ལྷ་ཁང་བཞེངས་པའི་ས་སློང་དང་བྱིན་རླབས་མཛད། རྡོར་སློབ་ངེས་དོན་གྱིས་བདེ་མཆོག་སྒོ་ནས་ས་ཆོག་དང་། ངེད་རང་གིས་དུས་ཀྱི་འཁོར་ལོའི་སྒོ་ནས་ས་ཆོག་བྱས། འདི་ཉིན་རྒྱང་བལྟས་མཁན་རྣམས་ཀྱིས་ངེད་རང་རྣམས་ཀྱི་མཐའ་སྐོར་དུ་འཇའ་དཀར་པོ་ཨ་ལོང་ལྟ་བུས་བསྐོར་བ་མཐོང་འདུག །ཟླ་བ་བཞི་པའི་ནང་བླ་བྲང་དབོན་སྤྲུལ་མདུན་ནས་ཀླད་གཟིགས་ཀྱི་ལྷ་ཁང་བཟོ་ལས་ཚུགས། ངོས་དགོན་དུ་ཕྱིན། གཏེར་སྟོན་དབུར་བཞུགས་ཀྱིས་ལོ་བསྟར་བུམ་སྒྲུབ་ལ་འདི་ལོ་གཏེར་གསར་རྟ་མགྲིན་སྒྲུབ་པ་དང་འབྲེལ། གར་འཆམ་གཏོར་ཟློག་བཅས་མཛད་སོང་། དེ་གྲུབ་ནས་རི་ཁྲོད་དུ་ཕྱིན། དགོངས་འདུས་སྐོང་ཆོག་བཏང་། འཕགས་མའི་སྙིང་ཐིག་བསྙེན་སྒྲུབ་བྱས། ཚུགས་གྲོལ་གཉིས་ཀར་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། གཏེར་ཆེན་ཡང་ཕེབས་ནས་མ་མགོན་འཁོར་ལོ་སོགས་བཅའ་གཞི་བསྒྲིགས། སྲུང་མའི་རྟེན་དང་། ཀླུ་རྟེན་བཙུགས། དབུ་ཆེ་རྩེར་ཚོགས་སྐོང་བསང་བརྔན་རྒྱས་པར་མཛད། གཡས་སྐོར་གྱིས་རང་བྱོན་རིམ་པར་ངོ་སྤྲད་མཛད། ཟླ་བ་དྲུག་པའི་ཚེས་བཅུའི་ཉིན་ཙ་འདྲ་རིན་ཆེན་བྲག་གི་གཡས་ཕྱོགས་བཻ་རོའི་གསང་ཕུག་ནས་གསང་ཐིག་སྐོར་གསུམ། ཙ་འདྲའི་གནས་ཡིག་རྣམས་ཀྱི་ཤོག་སེར། དཔལ་ཆེན་པོའི་སྐུ་བཞེངས་པའི་སྐུ་རྒྱུ་དང་ནང་གཞུག་སོགས་གཏེར་ནས་སྤྱན་དྲངས། ཡང་ཁྲོད་དུ་ཕེབས་ནས་ཤོག་སེར་གཏན་ལ་ཕབ། གནས་ཀྱི་བཞུགས་ཚུལ་བསྐོར་ལམ་ཕྱི་ནང་གི་ཚད་དང་། སྒོ་འབྱེད་ལམ་གཏོད་ཀྱི་རྟེན་འབྲེལ་དགོས་རིགས་ཐོ་བཀོད་དང་བསླབ་སྟོན་ཞིབ་ཏུ་བསྩལ། རྒྱལ་དབང་རིན་པོ་ཆེ་ཕེབས་པ་ལ་ཕེབ་བསུ་སོགས་སྔར་ལུགས་ལྟར་ཞུས་ནས་ཚེས་བཅུ་ཚུགས་སོང་། ངེད་རང་གིས་དགོས་ཆས་རྣམས་བསྒྲིགས་ནས་གནས་ཀྱི་མཐའ་བསྐོར་ཕྱིན། རྟེན་འབྲེལ་ཤིན་ཏུ་དགེ་བར་བྱུང་། གཏེར་ཆེན་ལ་དབང་ལུང་བཞེད་སྐོང་གྲུབ་ནས་དགྱེས་བཞིན་ཕར་ཕེབས། མདོ་སྨྱོན་སྤྲུལ་སྐུ་སོགས་ལ་ཤངས་ལུགས་ཀྱི་དབང་བྱིན་རླབས་རྫོགས་པར་བགྱིས། ཟླ་བཟང་མདུན་ནས་སྟག་ཤམ་མི་ཏྲ་སྙིང་ཐིག་སོགས་ཞུས། ཞབས་ཏོག་ཕུལ་ནས་ཀརྨར་ཕེབས། སླར་འཕགས་མའི་སྙིང་ཐིག་བསྙེན་སྐབས་ཚེ་ཚད་བརྒྱད་ཅུའམ་དགུ་བཅུ་མ་ངེས་པ་ཞིག་གི་ལྟས་གསལ་བྱུང་། ཁྲི་འདུ་བེ་ཧུ་སྔགས་པ་དཔོན་གཡོག་ཆེད་གཏད་འབྱོར་བ་ལ་འཇའ་ཚོན་པོད་དྲུག་དབང་ལུང་ཡོངས་རྫོགས་བྱས། ཁོང་ཚོས་སྒྲུབ་ཁང་བཞེངས་ནས་རྒྱུན་འཚོགས་བཙུགས་རྒྱུའི་ཁས་ལེན་བྱས། སྦྱིན་བདག་འགའི་རེ་སྐོང་དང་ལྷ་ཁང་སྒྲུབ་སྡེའི་དོན་རྨེ་རྟིང་དུ་འབྲུ་བསོད་ཕྱིན། ཀུན་གཟིགས་རིན་པོ་ཆེ་ཡང་མཇལ་ཞིང་ཚེ་དཔག་ལྷ་དགུའི་དབང་བསྩལ། སླར་འཁོར་ནས་རྒྱལ་དབང་རིན་པོ་ཆེ་མཇལ། བཀའ་བརྒྱད་ལུང་ལག་ལེན་བཞེད་པ་ལྟར་ཕུལ། ཡང་ཁྲོད་བོང་གསར་དུ་སྡོད་གནས་བགྱིས་པར་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། མགོན་ཁང་དུ་རྒྱུན་གསོལ་དབུ་ཚུགས། གཏེར་གསར་ཕུར་པ་ཐུགས་ཀྱི་ཐིག་ལེའི་བསྙེན་པ་དང་ལོ་མཇུག་གཏོར་ཟློག་སོགས་བྱས། ལྕགས་སྤྲེལ་གནམ་ལོ་གསར་ཚེས་སྐབས་དགོན་ཐོག་ཏུ་ཕྱིན། ཆོ་འཕྲུལ་ཟླ་བའི་ཚེས་ལྔར་མཆོག་སྤྲུལ་རིན་པོ་ཆེ་ཁྲི་སྟོན་མཛད་པར་གཞུང་ལུགས་སྨྲ་བའི་བླ་མ་དགེ་བཤེས་རྣམས་ཀྱིས་མདོ་སྔགས་གཞུང་། ངེད་ནས་མཎྜལ་རྒྱས་བཤད་ཞུས། མཚུར་སྒར། དཔལ་སྤུངས། སྡེ་དགེ་སོགས་ཀྱི་ཁྲི་འབུལ་ཕུལ། ཕྱིར་ཉིན་གསོལ་སྟོན་སྐབས་གསང་སྙིང་སྤྱི་དོན་ས་བཅད་ཙམ་གྱི་བཤད་པ་ཞུས། ཕྱོགས་ཀྱི་བླ་སྤྲུལ་འདུས་པ་མང་པོ་ལ་རྒྱལ་དབང་རིན་པོ་ཆེས་དུས་མཁྱེན་བཀའ་འབུམ། མཁའ་སྤྱོད་དབང་པོའི་བཀའ་འབུམ་རྣམས་ཀྱི་ལྗགས་ལུང་བསྩལ། ངེད་ནས་ཀྱང་བཀའ་འདུས། མི་བསྐྱོད་ཞབས་ཀྱི་འདུལ་ཊཱིཀ་ཆེན་མོ་སོགས་ཀྱི་ལུང་བཀླགས། ངེད་རང་སྒྲུབ་ཁང་རྡོར་སློབ་ངེས་དོན་སོགས་ཀྱིས་ནན་བསྐུལ་ལྟར་ཕྱིན་ནས་ཇོ་ནང་རིན་འབྱུང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་བཅས། གཏེར་གསར་ཐུགས་སྒྲུབ་རྣམས་ཀྱི་དབང་ལུང་གྲུབ་ནས་རྨིས་ལྟས་རྩུབ་པས་ཡང་ཁྲོད་དུ་ཚེ་གསང་ནན་སྒྲུབ་བགྱིས། ཟླ་བ་གསུམ་པར་རྒྱལ་དབང་རིན་པོ་ཆེའི་ཐུགས་བཞེད་ལྟར་གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་དབང་ལུང་ཕུལ་བའི་ཞར་བྱུང་དེར་འདུས་ཐམས་ཅད་ལ་བགྱིས། ས་ག་ཟླ་བར་སྐྱབས་མགོན་ཉིད་རྡོར་སློབ་ཏུ་ཕེབས་ནས་བུམ་སྒྲུབ་ཚུགས། དབང་བསྐུར་ཉིན་བསླབ་སྟོན་སྤྱི་དང་། ཁྱད་པར་དབོན་སྤྲུལ་ལ་སྐུ་ཞབས་གོང་མའི་ཐུགས་བཞེད་ལྷག་མ་དབྱར་གནས་མ་ཚུགས་ཐབས་མེད་སོགས་རྒྱས་པར་གནང་སོང་། ཟླ་བ་ལྔ་པར་ཡང་ཁྲོད་དུ་ཕེབས་ནས་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ་རྒྱས་པར་གནང་། རྗེ་མཁྱེན་བརྩེ་རིན་པོ་ཆེ་ཡང་ཕེབས་པར་ཐུགས་དགྱེས་ཚོར་ཆེན་པོས་འཕགས་མའི་སྙིང་ཐིག་གསན་པར་མཛད། ཉག་རྐེད་དཔོན་གྱིས་གདན་ཞུས་ནན་ཏན་འབྱོར་པས་རྒྱལ་དབང་། སྐུ་ཞབས་མཆོག་སྤྲུལ་སོགས་ངེད་རང་དཔོན་སློབ་རྣམས་སྒར་བཏེགས་ནས་འབྲང་དིལ་དུ་ཕེབས། ཉག་དཔོན་བུ་ཤི་བའི་བྱང་བཞུ། རྗེས་གནང་། དབུ་ཞྭའི་མཇལ་ཁ་སོགས་རེ་སྐོང་མཛད་ནས་ཡར་ཕེབས་པའི་ལམ་ཞོར་རྟིང་ལྷུང་དུ་ཕེབས། ཀུན་གཟིགས་བླ་མ་ཟླ་གམ་དབང་ཕུག་ཏུ་བཞུགས་པ་དང་མཇལ་འཛོམ་ཐོག་ཚོགས་འཁོར་རྒྱས་པ་མཛད། ཐུགས་ཆེན་སེམས་ཉིད་ངལ་གསོའི་དོན་དབང་། མཚོ་སྐྱེས་སྙིང་ཐིག །ལྕེ་བཙུན་སྙིང་ཐིག་རྣམས་གསན་ནས་དེ་སྐབས་ལུང་དོན་ལྟར་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིགས་ནས་དཔལ་སྤུངས་གདན་སར་ཕེབས། ངོས་རི་ཁྲོད་དུ་ཕྱིན་ནས་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་ལྷ་བཟོ་དཔོན་གཡོག་བཞིས་དཔལ་ཆེན་ལྷ་ཁང་གི་སྐུ་བརྙན་རྣམས་བཞེངས་པའི་དབུ་ཚུགས། གཟུངས་གཞུག་སོགས་གྲབ་ཡུལ་རྒྱས་པར་བསྒྲིགས། དགེ་སློང་བཞི་སྡེས་བཀྲ་ཤིས་པའི་གསོ་སྦྱོང་དང་གནས་ཆོག་བཏང་། ཧེ་རུ་ཀཿགསུམ་གྱི་རུ་ཤིང་དང་སྲོག་ཤིང་ཚུགས། གནས་ལྔར་ཁྱད་པར་འཕགས་པའི་རྟེན་རེ་རེ། རིང་བསྲེལ་རྣམ་བཞི། སོ་སོའི་སྙིང་པོ་འབུམ་ཐེར་སོགས་བཞུགས་སུ་གསོལ། བདུན་པའི་ཚེས་བརྒྱད་ལ་རྒྱལ་དབང་རིན་པོ་ཆེ་སླར་ཕེབས་པ་ལ་ཁམས་བདེ་ཕུལ། བྱིན་རླབས་ཞུས་ནས་མཚོ་སྐྱེས་སྙིང་ཐིག་དང་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་རྣམས་རིམ་པར་བསྙེན། ཟླ་བ་བརྒྱད་པའི་ཉེར་དགུ་ལ་མགོན་པོའི་ཕྲིན་ལས་བཏང་བ་སོགས་གཞུང་མཐུན་ཚད་ལྡན་གྱིས་མྱུར་མཛད་ཡེ་ཤེས་མགོན་པོའི་སྐུ་བཞེངས་དབུ་ཚུགས། ཐུགས་ཀར་མགོན་སྐུ་གཏེར་བྱོན་དང་། མགོན་པོའི་རྟེན་ཐུན་མོང་མ་ཡིན་པ་ཐམས་ཅད་ཚང་བ་དང་རིང་བསྲེལ་རྣམ་བཞི་སྤྱི་ལྟར་ཕུལ་བས་བྱོན་ལེགས་བྱིན་ཅན་བྱུང་། དགོངས་འདུས་གཙོ་བོ། དུས་འཁོར། རྡོ་རྗེ་གཞོན་ནུ། མགོན་ཁང་གི་ཆོས་སྐྱོང་སྐུ་བརྙན་རྣམས་ཚོན་དང་སྤྱན་འབྱེད་བཅས་ཟླ་བ་བཅུ་པའི་ཚེས་བདུན་འགྲུབ་སྦྱོར་ལ་གྲུབ་ནས་ལྷ་བཟོ་རྣམས་ལ་སྦ་དར། སྟོན་མོ། ཡོན་འབུལ་བསྟབས། སྐུ་ཞབས་རིན་པོ་ཆེ། དབོན་སྤྲུལ་རྣམ་གཉིས་བསྙེན་སོང་བླ་མ་དཔོན་སློབ་བཅོ་ལྔ་སྐོར་གྱིས་བདེ་མཆོག་སྒོ་ནས་རབ་གནས་ཉིན་གཉིས་པ་བྱས། འབུལ་བ་གསོལ་སྟོན་ཞུས། ལྷ་ཁང་འདིར་སྒྲུབ་སྡེ་ཞིག་བྱུང་ན་ལེགས་ཀྱང་དུས་དབང་གིས་ཅི་འགྱུར་ཤེས་དཀའ་འདུག་པས་སྒྲུབ་གྲྭའི་རྩོལ་བ་བྱས་ན་ཅི་འགྱུར་རྫོང་སར་དུ་རྗེ་རིན་པོ་ཆེར་བརྟག་པ་ཞུས་པའི་གཟིགས་སྣང་དུ། རྗེ་ཉིད་བྲག་རི་མཐོན་པོ་ཞིག་གི་མགུལ་དུ་སྣང་བར་ཉི་མ་འཆར་ཁ་དང་ལྷན་ཅིག་འཇའ་ཤེལ་ཆེ་ཆུང་མང་པོའི་ཆར་བབས། དེ་མཚམས་འབྲི་གཉན་ལྡང་ཡིན་རྒྱུའི་གཞི་བདག་ཆེན་པོ་ཞིག་གི་ནང་དུ་སླེབས་པ། སྐུ་གསུང་ཐུགས་རྟེན་དང་། ཡོ་བྱད་སྣ་ཚོགས་ཡོད་པའི་མཛོད་མང་པོ་ཞིག་སྒོ་ཕྱེ་ནས་གང་འདོད་པ་ཞིག་ཁྱེར་ཟེར་བར། འཇའ་ཤེལ་ཟུར་བརྒྱད་ཤིན་ཏུ་ལེགས་པ་ཕྲུ་གང་ཙམ་གྱི་ནང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཇའ་ཚོན་ལས་གྲུབ་པ་ཁྲ་ཤིགས་སེ་བཞུགས་པ་ཞིག་གདའ་བ་སྐུ་ཕྲག་ཏུ་བཅུག་ནས་དགྱེས་ཚོར་ཆེན་པོ་བྱེད་པའི་མུར་ཅུང་ཟད་ནས་གཞན་ལ་སྟོན་དགོས་སྙམ་པ་ན་མ་རྙེད་པ་ན་ཐུགས་ངལ་འདྲ་བའི་ངང་། སླར་དེ་ལས་ཆུང་བ་ཞིག་ཕྱག་ཏུ་འབྱོར་བ་དང་། དེའི་སྔ་ནུབ་མདུན་དུ་པཎ་ཆེན་བི་མ་ལ་འོད་ཕུང་བསམ་གྱིས་མི་ཁྱབ་པའི་དབུས་སུ་བཞུགས་ནས། འཕོ་བ་ཆེན་པོའི་ཚུལ་ལས་བརྩམས་པའི་ངོ་སྤྲོད་ཤིན་ཏུ་རྒྱས་པ་མཛད་པས་སྔར་མ་གོ་བའི་གོ་རྒྱུ་ཞིག་བྱུང་བ་སོགས་ལེགས་པའི་མཚན་མར་འཁུམས་ཞེས་ཕེབས་པས་སྒྲུབ་སྡེ་གཞག་རྒྱུའི་བློ་ཐག་ཆོད། འདི་ལོ་ནས་སྒྲུབ་པ་གསར་དུ་འཇོག་པའི་ཕོགས་ཡོན་བླ་བྲང་དུ་ཞུ་རྒྱུའི་ཞུ་རྟེན་གསེར་དངུལ་རྡིལ་ཚད་བཞི་དབོན་སྤྲུལ་མདུན་ཕུལ། སྒྲུབ་པ་དཔོན་གཡོག་དྲུག །མགོན་བླ་བཅས་བདུན་ཡོད་པ་རྣམས་ཁང་པ་བདག་བཟུང་དང་སྐར་འཛིན་བྱས། རིམ་པར་འདུས་ནས་སྣེ་སེལ་མཎྜལ་བཞི་ཆོག །གསར་རྙིང་གསོལ་བརྒྱ། གསང་ཐིག་ཕུར་པའི་བསྙེན་པ་བཏང་། གཏོར་ཟློག་བགྱིས་ནས་ལོ་གསུམ་མཚམས་རྒྱའི་དབུ་ཚུགས། དུས་མཆོད་རྣམས་དང་མགོན་ཁང་འདོན་བྱ་རྣམས་ཀྱང་དཀྲིགས་ཆ་གྲུབ། དབང་ལུང་ཁྲིད་ཀ་དགོས་རིགས་ཐམས་ཅད་རིམ་པར་བྱས། འདི་གར་སྔ་རྗེས་ལྷ་ཁང་ཆེ་ཆུང་བརྒྱད། དེ་དག་གི་སྐུ་གསུང་ཐུགས་རྟེན། མཆོད་ཆས་སྐོར། གཉེར་ཁང་ཐབ་ཆས་སྐོར་བཅས་ཀྱི་དཀར་ཆག་ཞིབ་པ་ཟུར་དུ་འཁོད་པ་ལྟར་རོ། །སྒྲུབ་པ་རྣམས་དང་པོར་སྣ་སེལ་ནས་བཟུང་ལོ་གསུམ་གྱི་བསྙེན་སྒྲུབ་ཉམས་ལེན། ཟླ་རེ་བཞིན་གྱི་དུས་མཆོད། ཉིན་རེའི་ཐུན་བཞིའི་བཅད་ཁྲིགས་སོགས་ཀྱང་བཅའ་ཡིག་ཞིབ་པར་བཀོད། ངེད་རང་སྡེ་དགེ་ནས་སྐུ་རིམ་བཅའ་སྒྲུབ་འོང་དགོས་གསུངས་པ་ལྟར་ཕྱིན་ནས་ཕུར་པ་སྲི་ཟློག །རྣམ་སྲས་ཁང་དུ་གསོལ་ཁ་དང་བསང་བརྔན། སྲས་ཡུམ་རྣམས་ལ་དབང་བྱད་བཀྲོལ་སོགས་བཞེད་བསྐངས་གྲུབ་ནས་སླར་འཁོར། བཅུ་གཅིག་པའི་ཉེར་ལྔར་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བསྙེན་རྒྱུན་བཅས་ཚུགས། ལྕགས་བྱ་གསར་ཚེས་ཀྱི་གསུམ་ལ་གྲོལ། ངེད་རང་སྒྲོལ་དཀར་དང་འཕགས་མའི་སྙིང་ཐིག་སོགས་བསྙེན་མཚམས་རིང་སྦྲེལ་བྱས། ཟླ་བ་གསུམ་པར་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེ་ཕེབས། ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་ལ་རྡོར་སེམས་དང་། རིམ་པར་བླ་མ་དགོངས་འདུས། སོ་ལུགས་ཡང་དག་རྣམས་ཀྱི་རབ་གནས་སྨིན་ལུགས། དུས་འཁོར། ཀྱེ་རྡོར། བདེ་མཆོག་མཁའ་སྤྱོད་མ་རྣམས་ཀྱི་རབ་གནས་ས་ལུགས་ལྟར་སོ་སོར་མཛད། རབ་གནས་སྔ་རྗེས་ཀུན་ཏུ་དགེ་མཚན་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། ཀྱེ་རྡོར་བཀའ་སྲོལ་བཞི། སྙིང་པོ་དགྱེས་རྡོར་རྣམས་ཀྱི་དབང་། སྔགས་ལུགས་སེམས་བསྐྱེད། བྱིན་རླབས་རིགས་རྣམས་དང་། ལམ་འབྲས་ཚོགས་བཤད་ཀྱི་ཁྲིད་ཡན་ལག་བཅས་རྒྱས་པར་གནང་། རྒྱུད་ཆོག །ཚོགས་འཁོར། ལམ་འབྲས་བླ་མཆོད་བཏང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། མགོན་པོ་སྨད་ལུགས་ཀྱི་བེ་བུམ་སོགས་ལྗགས་ལུང་མང་དུ་ཞུས། གཏང་རག་མཎྜལ་ཕུལ་ནས་སླར་ཕེབས། འདི་སྐབས་དག་པའི་གཟིགས་སྣང་དུ། མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ལ་སྒོ་བཞི། བུམ་སྒོ་དང་ལྔ་འདུག་པ་ལ་ཕེབས་པས་ནང་དུ་རྟེན་དང་བཀོད་པ་གླེགས་བམ་ཤིན་ཏུ་མང་པོ་འདུག་པ་འདི་ཅི་རེད་ཅེས་དྲིས་པས། མི་ཞིག་གིས་ངོ་སྤྲད་ནས་འདི་མཛོད་ལྔ་ཞེས་པ་ཡིན་ཚུལ་རྒྱུ་མཚན་ཤིན་ཏུ་མང་པོ་བཤད་པ་ཞིག་བྱུང་བས་ཁྱོད་ལ་མཛོད་ལྔ་ཞེས་པའི་བཀའ་བབས་ཤིག་ཡོད་པ་ཡིན་འདུག་པས་གཏེར་ཆོས་བསྒྲིགས་མ་འདི་རྣམས་ལའང་གཏེར་མཛོད་ཀྱི་མིང་བཏགས་དགོས་འདུག་གསུངས། ཡང་རྒྱལ་པོ་པེ་ཧར་ནས་ངེད་ལ་གུ་རུ་པདྨས་བོད་ཡུལ་ལྷ་ཁང་བྲེ་ཞབས་ཙམ་ཡན་གྱི་གཉེར་དུ་བརྐོས་པ་ཡིན་ཀྱང་ཁྱེད་རང་རྣམས་ཀྱིས་གསོལ་མཆོད་སྣེ་གཅིག་ཙམ་ཡང་མི་བྱེད། གནོད་པ་སྐྱེལ་ན་ཆེན་པོ་ཐུབ་སྟེ་ཨོ་རྒྱན་པདྨའི་བཀའ་ཐ་ཚིག་ལ་བརྩིས་པ་ཡིན། ད་ཞག་མི་དགེ་བའི་ལྟས་ཐར་ཐོར་བྱུང་བ་ཆོ་འཕྲུལ་ཕྱོགས་ཙམ་ཡིན་ཅེས་རེ་འཁང་ཆེན་པོ་བྱེད་འདུག་པས་ད་ཕྱིན་མགོན་ཁང་དུ་རྒྱུན་གསོལ་བསྡུས་པ་རེ་གལ་ཆེ་འདུག་གསུངས། དེ་ནས་དགོན་དུ་ཕྱིན་ཏེ་ལོ་བསྟར་བུམ་སྒྲུབ་ཁྲོམ་དབང་བཅས་ལེགས་པར་གྲུབ། དབོན་སྤྲུལ་སྐུ་རིམ་ཚེ་བདག་པུ་རི་བཅའ་སྒྲུབ་བྱས། བླ་སྤྲུལ་མང་པོ་ལ་སོ་སོའི་བཞེད་ངོར་དབང་ལུང་མང་པོ་དང་། སྒྲུབ་ཁང་ཁྲིད་ཀ་སོགས་སྔར་རྒྱུན་ལྟར་དང་ཞི་བྱེད་དབང་ཁྲིད་རྒྱུན་ཡང་ཚུགས། རྗེ་བླ་མས་འདི་གའི་སྒྲུབ་སྡེའི་བྱང་ཕྱོགས་སུ་མཆོད་རྟེན་ཞིག་གལ་ཆེ་གསུངས་པ་ལྟར་དྲི་མེད་རྣམ་གཉིས་སྒོ་ནས་ས་སློང་དང་སྲོག་ཤིང་འཛུག་ཆོག་སཱཙྪ་སྒྲུབ་པ་སོགས་བྱས་ནས་རྣམ་རྒྱལ་མཆོད་རྟེན་བཞེངས་གྲུབ། ལྷ་ཁང་སྟེང་གི་གསེར་འཕྲུའང་གྲུབ་ནས་གདན་གྱི་བོང་ཆུང་དུ་གནས་ཆེན་བྱིན་འབེབ་ཆས་བསྒྲིགས། གསེར་འཕྲུ་ལ་གཟུངས་གཞུག་རབ་གནས། རྒྱལ་མཚན་འཛུག་ཆོག་བྱས། སྦྱིན་བདག་རྣམས་ཀྱི་རེ་སྐོང་འགའ་ཞིག་དང་བསྙེན་མཚམས་ཅི་རིགས་འཕྲོས་ཟླ་བ་བཅུ་པ་ནས་བླ་མ་གསང་འདུས་བསྙེན་པ་བཏང་། ལོ་མཇུག་མགོན་པོའི་གཏོར་སྒྲུབ་དང་། ཆུ་ཁྱི་གསར་ཚེས་ཀྱི་བཅུ་བཞིར་སྒྲུབ་པོ་རྣམས་རས་འབུད་ཐོག་མར་ཚུགས། མེ་དྲོད་སོགས་བྱིན་ཆེ་ཞིང་ཡིད་སྤྲོ་བ་བྱུང་། ཟླ་བ་གཉིས་པའི་ཚེས་འགོར་སྙན་བརྒྱུད་ཞག་བདུན་མ་བཅས་གྲུབ་ནས་གྲོལ། འདི་སྐབས་སྔར་བླ་མ་ངེས་དོན་ནས་སྡོམ་གསུམ་བསྟན་བཅོས་ཤིག་ཅིས་ཀྱང་འབྲི་དགོས། དེ་བྱུང་ན་ཁོང་གིས་འགྲེལ་པ་བྲི་བ་ཡིན་ཅེས་གསུངས་འདུག་ཀྱང་སྡོམ་གསུམ་བསྟན་བཅོས་སུ་ལའང་འདུག་པ་དང་། བསྟན་བཅོས་བྲིས་ཕྱིན་རྣམ་གཞག་ཚང་བ་ཞིག་ཡོད་ན་ཐོས་པ་ཆུང་བ་ལ་ཕན་སྙམ་ནས་ཐུན་བར་རྣམས་སུ་བསླབ་པ་གསུམ་གྱི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་རྩ་བ་བྲིས། ཕྱིས་སུ་རྗེ་བླ་མར་གཟིགས་ཕུལ་བས་དེ་སྐབས་ངེས་པར་བླ་མའི་བྱིན་རླབས་དང་། མཁའ་འགྲོས་རྩ་སྒོ་ཕྱེས་པའི་སྟོབས་ལས་བྱུང་བ་ཡིན་འདུག་པས་འདི་ཉིད་མཛོད་ཆེན་ལྔའི་ཐོག་མ་ཤེས་བྱ་མཛོད་དུ་གཞག །རང་འགྲེལ་ཞིག་ཅིས་ཀྱང་དགོས་ཞེས་ལེགས་སོའི་གནང་སྐྱེས་བསྩལ། རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་བསྙུན་ཚུལ་འབྱོར་པས་ཞབས་བརྟན་སུན་ཟློག །ཚེ་སྒྲུབ། བརྟན་མའི་མདོས་ཆེན་སོགས་ཉིན་ཁ་ཤས་བཏོན། རྫོང་སར་དུ་ཕྱིན་ནས་ཞབས་བརྟན་ཕུལ། སྔར་མ་གསན་པའི་དབང་ལུང་འགའ་ཞིག་ཕུལ་ནས་ཚུར་ལའང་སྒེག་རྡོར་སྤར་ཁབ་སོགས་ཀྱི་ལུང་བསྩལ། ལོ་སྔ་རྗེས་འདི་སྐོར་བསྟན་དགྲ་ཉག་རྐེད་ཀྱི་ཟིང་ལངས། འདི་སྐབས་སྡེ་དགེ་ནས་མ་ཡུམ་བྱོན་དགོས་བྱུང་འདུག་པས་སྐུ་རིམ་ལ་སྤྲུལ་སྐུ་རིན་པོ་ཆེ་གདན་འདྲེན་ཞུས་སོང་ཡང་ཕེབས་མ་གྲུབ། ཕྲན་མ་སོང་ཀ་མེད་རེད་འདུག་པས་དགོན་ཆེན་དུ་ཕྱིན། ལམ་བཀྲ་ཤིན་ཏུ་མ་ལེགས། རྣམ་སྲས་ཁང་དུ་སྐོང་གསོ་ཉིན་གྲངས་མང་དུ་བཏང་། སླར་སྲས་གཉིས་ཀྱང་ཧོར་ཁོག་ཏུ་ཕེབ་དགོས་བྱུང་སོང་བར་ལམ་སེལ་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཞིག་བྱས། སླར་སྐོང་གསོ་ཉིན་ཁ་ཤས་བཏང་། སྔོན་དུས་སྲས་གསར་འཁྲུངས་ཀྱི་སྐུ་རིམ་སྒྲུབ་སྐབས་ཞིང་ཤིན་ཏུ་ཆེན་པོ་ཞིག་ཐ་བར་ལུས་པའི་ལྟག་ཟུར་ཞིག་ཏུ་མེ་ཏོག་ཕྲ་མོ་འགའ་ཞིག་འདུག་པ་དང་། ཡང་རེས་ཤིག་དགོན་ཆེན་ཕོ་བྲང་དུ་འགྲོ་དགོས་འདུག་པ་ན་ནང་དུ་མི་ངོ་ཤེས་སུའང་མེད། བུད་མེད་ཅིག་དང་དམག་མང་དུ་ཡོད་ཟེར། ཕོ་བྲང་ཕལ་ཆེར་མེས་འཚིག་པའི་བང་ར་ནང་གི་སྒོ་དང་རབ་གསལ་རྣམས་ཚིག་ཤུལ་ཧ་རེ་འདུག་པས་སེམས་མི་བདེ་བ་ཆེན་པོ་སྐྱེས་པ་རྨིས་པས་ཕྱིས་འབྱུང་འདི་ལ་བལྟ་བར་སྣང་། འདི་རེས་ལྷ་ཁང་ཞིག་གི་སྟེང་ན་སྡེ་པ་གཞུང་གིས་བསྐུར་བ་རེད་ཟེར་ལས་བཞིའི་རྒྱལ་མཚན་ཕྱོགས་བཞིར་བཙུགས་སོང་བ་དང་། ཐམ་ཀ་དམར་པོ་ཆེན་པོ་ཞིག་བྱུང་བ་སོགས་རྨིས་པ་ནི་རྗེས་སུ་བོད་དམག་སླེབས་པའི་ལྟས་སུ་འདུག །དེར་ཟླ་བ་གཅིག་ཙམ་སོང་། ཕྱག་མཛོད་ནས་ད་རེས་ཕྱག་སྣེ་མི་འདུག་པས། བླ་གྲྭ་བཞི་ཡོད་པ་ལ་ཡོན་འབུལ་རྗེས་སོར་ཡོད་གསུངས། ངེད་རང་རྣམས་སླར་དཔལ་སྤུངས་སུ་ལོག །ས་ག་ཟླ་བར་བུམ་སྒྲུབ་སློབ་དཔོན་དུ་ཕྱིན། སྡོང་པོ་སྨད་དུ་གཏེར་སྟོན་དགོངས་བབས་མཆོད་རྟེན་བཞེངས་རྒྱུའི་དྲི་མེད་རྣམ་གཉིས་ས་སློང་དང་བསང་བརྔན་བགྱིས་ནས་རྨིངས་བཏིང་། ལྷ་གསར་དུ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་བསྒྲུབས། སྲོག་ཤིང་འཛུག་ཆོག་དང་གྲུབ་ནས་རབ་གནས། སེམས་ཉིད་ངལ་གསོའི་མཐོང་གྲོལ་སོགས་མཐའ་རྒྱས་གྲུབ་པར་བྱས། རི་ཁྲོད་དུ་ཕྱིན་ནས་ལས་བཞིའི་སྦྱིན་སྲེག །དབང་ཆེན་སྡེ་དགུ་དང་འཁྲུགས་བཅོས་སོགས་རིམ་གྲོ་འགའ་ཞིག་དང་། སྔར་གཏེར་ཕྲེང་དུ་བཏགས་པ་དེ་འདི་སྐོར་ནས་རིན་ཆེན་གཏེར་མཛོད་ཀྱི་མཚན་དུ་བཞག །ལས་བྱང་དབང་ཆོག །ཁྲིད་ཡིག །ཡན་ལག་ཉེར་མཁོ་སོགས་ཆོག་སྒྲིག་གི་དབུ་ཚུགས། འདི་ལོ་དབོན་སྤྲུལ་མདུན་ནས་དབྱར་གནས་ཚུགས་རྒྱུ་རེད་འདུག་པས་དབྱར་དགག་གཉིས་ཀྱི་ལག་ལེན་ཡིག་ཆ་བྲིས། དབུ་མཛད་རིན་ཆེན་སོགས་ལ་དབྱར་དགག་གཉིས་ཀྱི་ཕྱག་ལེན་ཞིབ་བསླབ་བྱས། ལྷ་གསར་དུ་དབྱར་གནས་ལེགས་པར་ཚུགས་སོང་། ཟླ་བ་དྲུག་པའི་མཇུག་ཏུ་བླ་བྲང་སྐུ་རིམ་ཁྲོ་རོལ་ཟློག་པ་ཞག་བདུན་བཏང་། སྔོན་རིག་འཛིན་ཚེ་དབང་ནོར་བུས། དཔལ་སྤུངས་ས་འབྲིའི་དགོན་པ་གཉིས་བརླགས་ཤུལ་གྱི་སྲི་རྐྱེན་ཟློག་པ་དང་། དེ་དག་སྐབས་ཀྱི་མི་དྲག་མང་པོ་རྐྱེན་ལམ་སོང་བའི་ཤི་འདྲེའི་གནོད་པའི་ཁ་གནོན་དུ་ཕུར་ཁང་དང་། ཕུར་སྒྲུབ་ཅིས་ཀྱང་གལ་ཆེ་གསུངས་པའི་ལུང་བསྟན་ལྟར། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་ཕུར་ཁང་བཙུགས། ཕུར་པ་འདོན་པའི་བླ་མ་རྒྱུན་བཞག་དང་། ཕུར་པའི་སྒྲུབ་ཆེན་ལན་གཅིག་ཙམ་མཛད་འདུག །ཕྱིས་སུ་མཆོག་གྱུར་གླིང་པའི་ལུང་བྱང་དང་གཟིགས་སྣང་རྣམས་སུ་ཀར་བསྟན་ལ་གེགས་ཆེ་བས་ཕུར་སྒྲུབ་ལོ་བསྟར་མ་ཚུགས་ཐབས་མེད་དབོན་སྤྲུལ་ལ་གསུང་བསྐུལ་མཛད་པ་ལྟར་འདི་ལོ་དབུ་གཟུང་བཞེད་དང་། དེའང་སྔར་ལུགས་རྒྱུན་སྲོལ་ལྟར་ཟླ་བ་བརྒྱད་པའི་མཇུག་ཏུ་མཛད་པའི་ལུགས་བསྐྱང་རྩིས་ཀྱིས། དབུ་མཆོད་སོགས་ལ་ཕུར་སྒྲུབ་སྟོད་ལས་སྨད་ལས་བཅས་པའི་འདོན་འགྲིགས་ལག་ལེན་ཞིབ་པར་བསླབས། ཚེས་བཅོ་ལྔ་ནས་དབུ་བཙུགས། ངེད་རང་རྡོར་སློབ་ཁུར་འཛིན་བྱས། བསྙེན་རྒྱུན་བཅས་དཔོན་སློབ་བཞི་བཅུ་སྐོར་གྱིས་ཡེ་ཤེས་ལྷ་བསྙེན། དམ་ཅན་དང་ངན་སྔགས་ཉེར་བསྙེན་རྣམས་རིམ་པར་བཏང་། དབལ་མདོས་བཅའ་མཁན་དཔོན་སློབ་ལྔ་ཟུར་བཞུགས་བྱས། ཉེར་དགུར་ཕུར་གདབ་དང་ཟློག་པ་བོར། གནམ་སྟོང་དངོས་གྲུབ་ལེན་ཆོག །དོན་དབང་། ཚོགས་བརྒྱ་རྣམས་དང་། ཚེས་གཅིག་ལ་མཐའ་རྒྱས་རྣམས་གེགས་མེད་གྲུབ་ནས་ཡང་ཁྲོད་དུ་ཕྱིན། བླ་མ་གསང་སྔགས་ཕེབས། མ་ཏིའི་བླ་མ། ཡང་ཏིའི་ཁྲིད། མན་ངག་རྒྱ་མཚོ་སོགས་དབང་ལུང་མང་དུ་ཞུས། ཨཱརྱ་ཏཱ་རེ་དང་འཕགས་མའི་སྙིང་ཐིག་གི་བསྙེན་པ་རེ་བྱས། ཟླ་བ་དགུ་པ་ནས་རྗེ་བླ་མའི་སེམས་ཉིད་ངལ་གསོའི་བསྙེན་སྒྲུབ་ཚུགས། འདི་སྐབས་མེ་ཏོག་ཚལ་ཆེན་རྒྱས་པ་ཉམས་དགའ་བ་སོགས་རྨིས་ལྟས་བཟང་ཞིང་། ཁྱད་པར་མངའ་བདག་ཉང་རིན་པོ་ཆེའི་གདུང་གི་སྐུ་སྟོད་ལག་ཏུ་འབྱོར་བ་ཅུང་ཟད་ཟོས་ཤིང་གཞན་ལའང་བྱིན་པ་རྨིས། བཅུ་གཉིས་པའི་ཡར་ཚེས་ལ་བསྙེན་སྒྲུབ་ལས་སྦྱོར་བཅས་རྒྱས་པར་གྲུབ་ནས་གྲོལ། སྒྲུབ་པོ་རྣམས་ནས་མགོན་ཁང་རྟག་གཏོར་བརྗེ་བའི་གསར་རྙིང་གསོལ་ཁ་འཕར་མའང་ཚུགས། སྒྲུབ་ཁང་འོག་མར་མགོན་པོ་བེར་ཅན་གྱི་སྐོང་མདོས་གསར་འཛུག་གི་འདོན་འགྲིགས་ལག་ལེན་བསླབས། འཚོགས་ལའང་ཉིན་གཅིག་ཕྱིན། ཡང་དུ་ལོ་མཇུག་མགོན་པོའི་གཏོར་སྒྲུབ་བགྱིས། ལྕགས་ཕག་གནམ་ལོ་གསར་ཚེས་ནས་བསྟན་རིམ་སྒྲུབ་མཆོད་སོགས་འདོན་བྱ་མང་ཙམ་བྱས། བླ་བྲང་དུ་སྐུ་ཞབས་རིན་པོ་ཆེ་ལ་གོང་མའི་ཐུགས་དམ་དཀོན་མཆོག་སྤྱི་འདུས། ཆོས་གླིང་ཕུར་པ་སོགས་ཀྱི་དབང་། རྣམ་འཇོམས་སྐུ་ཁྲུས་སོགས་བགྱིས་ནས་ཡར་འོང་། འདི་སྐོར་ཉག་དམག་གིས་དགོན་ཆེན་སོགས་བཟུང་། སྡེ་དགེའི་རྫོང་ཁག་ཡོངས་རྫོགས་ལ་དབང་བསྒྱུར། བོད་གཞུང་ས་ཆེན་པོས་ཞབས་པད་ཕུ་ལུང་པ་སོགས་དཔུང་དམག་མང་པོས་གནམ་ས་འགུལ་བ་ལྟར་ཕྱིར་འོང་བའི་ཟིང་ཆ་ཆེ་སྐབས་སུ་སོང་། ཀམ་ཐོག་ནས་སྒ་རྗེ་དཔོན་ཤི་སར་མ་འོང་ཐབས་མེད་ཟེར་བཞིན་དཀའ་ལས་ཆེན་པོས་ཁྱུགས་ཙམ་ཕྱིན་ནས་ཆོ་ག་བཏང་། སྦྲ་ཆེན་བཙུན་མ་ཚུལ་ཁྲིམས་དཔལ་མོ་ཞེས་བདག་ལ་དད་ཅིང་བྲི་འདོན་སོགས་བློ་གསལ་བ། ཆུང་ངུའི་དུས་འོད་དཔག་མེད་གཙོ་འཁོར་གསུམ་ཞལ་གཟིགས་ཤིང་། ཕྱིས་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་གསོག་སྐབས་སོགས་སུ་ལྷག་པའི་ལྷ་མང་པོ་རྩོལ་མེད་དུ་མཇལ་བ། དད་དམ་ཅན་ཞིག་ཡོད་པ་མཆོག་གླིང་བཀའ་བསླབ་ལྟར་སྔར་གནས་སྒོ་འབྱེད་སྐབས་ལམ་འདྲེན་དང་ཚོགས་ཀྱི་འཁོར་ལོའི་གྲོགས་སུ་བཅོལ་བ་ཞིག་ཡོད་པ། འདི་སྐོར་དམ་གྲིབ་ཅིག་ལ་བརྟེན་ནས་ནད་ཕོག་པ་ལ་དབང་དང་རིམ་གྲོ་གང་དྲགས་བྱས་ཀྱང་མ་འཚོ་སོང་བར་བདུན་ཚིགས་སོགས་དགེ་སྒྲུབ་དང་། ལོ་བསྟར་ཞར་བྱུང་དགོངས་འདུས་སྐོང་ཆོག་ཆེན་མོ་སྒྲིབ་སྦྱོང་མེ་འོད་སྦྲེལ་བ་དང་། ཞི་ཁྲོ་དོང་སྤྲུགས་ཚོགས་སོགས་རྒྱས་པར་བྱས། བདུན་ཚིགས་དང་པོར་རྨི་ལམ་དུ་བར་དོའི་ངོ་སྤྲད་ལེགས་པར་བྱས་པ་དང་། བཞི་པར་རྔ་ཡབ་པདྨ་འོད་དུ་ལམ་བསྟན་པས་དེའི་བཀོད་པའང་གསལ་བ་ཞིག་རྨིས། ཕྱིས་སུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གཟིགས་སྣང་དུ། ཐོག་མར་དམ་སེལ་ཅུང་ཟད་ཀྱི་རྐྱེན་གྱིས་དུར་ཁྲོད་ཀྱི་དམན་མོ་ཞིག་ཏུ་སྐྱེ་ཤོམ་ལ་ཕྱིས་དགེ་རྩའི་སྟོབས་དང་། འདས་མ་དེ་ཉིད་སྒྲིབ་པ་གསུམ་ཤས་ཆུང་། སྨིན་པ་གསུམ་ཤས་ཆེ་བས་དག་པའི་ཞིང་ཁམས་སུ་བགྲོད་སོང་ཞེས་མཁའ་འགྲོ་ཞིག་གི་ངག་ལས་གསལ་བར་ཐོས་གསུངས། དེ་དང་ཇ་སྦྲའི་བུ་མོ་དུས་ལས་ཡོལ་བའི་དགེ་རྩར་སོ་སོས་མི་འཁྲུགས་པའི་སཱཙྪ་འབུམ་ཐེར་དང་ཁང་བརྩེགས་མཆོད་རྟེན་བཞེངས་པ་ལ། དྲི་མེད་ཆོ་ག །རབ་གནས་སོགས་བྱེད་དུ་ཕྱིན། གཏེར་ཆེན་ནས་སེང་བྲག་གཏེར་བྱོན་དམ་ཆོས་ཤོག་སྡེ་དྲུག་པ་དང་པདྨའི་རྣམ་ཐར་ནོར་བུའི་ཕྲེང་བ་སོགས་རྟེན་འབྲེལ་གནད་འགའ་ཞིག་གིས་གཏན་ལ་ཕེབས་པ་མ་བྱུང་ཡང་། ཞུ་ནན་ཕུལ་བ་ལྟར་རྡོར་སེམས་ཐུགས་ཀྱི་སྙིང་པོའི་ཆོས་ཚན་ཕབ་ནས། འདིའི་དབང་ལུང་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་ཐོབས་དང་གནང་བའི་ལྟས་བྱུང་གསུང་ནས་བསྐུར་བྱུང་བ། དེའི་ཚོགས་སྐོང་གསོལ་འདེབས་བྱས་ནུབ། ལྷ་ཁང་ཞིག་གི་ནང་དུ་རྗེ་པདྨ་ཉིན་བྱེད་ཡིན་སྙམ་ཞིག་བཞུགས་པ་ལ་གུས་འདུད་བྱས་པས་ཕྱག་ནས་མང་པོ་གཏོར་བྱུང་བ་ཐམས་ཅད་ཤེལ་རྡོ་ཁོ་ནར་སྣང་། ཕྱིའི་བསྐོར་ལམ་ཞིག་འདུག་པ་ནས་བསྐོར་བ་བྱས་ཏེ་ཤེལ་རྡོ་མང་པོ་བཏུས་ནས་རུམ་དུ་བཙུད་པ་ཞིག་རྨིས། འདི་སྐོར་སྡེ་དགེ་མ་སྲས་ཉག་དཔོན་ལག་ཏུ་ཤོར་བས་སེམས་བདེ་བ་གཏན་ནས་མ་བྱུང་ཞིང་། རྫོང་སར་དུ་སྤྲུལ་སྐུ་རིན་པོ་ཆེའི་མདུན་སྐུ་རིམ་ཅི་དྲགས་ཞུ་བ་དང་། ཚུར་ལའང་མོ་རྨི་ལམ་བརྟག་པ་གལ་ཆེ་བ་སོགས་ཀྱི་ཡིག་བརྒྱུད་ཟླ་རེ་བཞིན་བགྱིས་ནས་སྐུ་རིམ་ཁོ་ནར་འབད་རྩོལ་བཏོན། ཟླ་བ་གཉིས་པའི་སྐོར་ཉག་དམག་རྨེ་རྟིང་དུ་སླེབས་ནས་བརླག་ཚབས་ཆེན་པོ་བྱས། རང་གི་སྦྱིན་བདག་གལ་ཆེན་འགའ་ཡང་རྐྱེན་ལམ་སོང་འདུག་པ་ལ་ཞི་ཁྲོའི་ཆོ་ག་བཏང་བས་དད་དམ་ཅན་ལ་ཅུང་ཟད་ཕན་ལྟས་ཀྱང་བྱུང་། ཟླ་བ་གསུམ་པའི་ནང་རྡོར་སེམས་སྒྲུབ་ཆེན་ཚུགས། འདི་གའི་བླ་གྲྭར་ཉེར་མཁོ་ཆེ་བ་སོགས་གང་ཅིར་རྗེ་བླ་མ་རིན་པོ་ཆེར་བླ་མ་ཡང་ཏིག་གི་ཁྲིད་ཡིག་ཅིག་བཀའ་དྲིན་བསྩལ་ཐུབ་པ་ལོ་སྔ་མ་རྣམས་སུ་གསོལ་བ་བཏབ་པར་ཁོང་ནས་དེ་འདྲ་བྲི་བློ་གཏན་ནས་མེད། དེ་ནི་ངེས་པར་ཁྱེད་རང་ནས་འབྲི་བར་འོས་པས་སྨིན་གླིང་ཁྲིད་ཡིག་འདི་ལ་མ་གཞི་ལོས་དགོས་ཀྱང་འདི་ཉིད་སྟབས་བདེ་ཟོར་ཡངས་ལ་དམིགས་པ་སྤྱི་འགྲེར་སོང་བས་ཡང་ཏིག་ཀློང་ཆེན་གསུང་དངོས་རྣམས་ཆེར་མི་འདུག་པས་དེ་ལ་གཞི་བྱས་པ་ལེགས་ཚུལ་ནན་དུ་གསུངས་པས། རང་ལ་དེ་འདྲའི་སྤོབས་པ་མེད་ཀྱང་བྲིས་ན་ཅི་འགྱུར་བརྟགས་པ་ཞིག་གནང་གྲུབ་ཞུས་པར། ཚེས་བཅུ་ཞིག་ལ་ཚོགས་མཆོད་རྒྱས་པར་ཕུལ་ནས་གསོལ་འདེབས་མཛད་པའི་ཐོ་རངས་སུ། རྗེ་ཉིད་ས་ཁད་ཆེས་མཐོ་བའི་བྲག་དཀར་པོའི་ཐེམ་བར་སྤང་ལྗང་མེ་ཏོག་བཀྲ་བ་ཞིག་ཏུ་བཞུགས་ཡོད་པ་ལ་ཤར་ཕྱོགས་ནས་ཉི་མ་ཤིན་ཏུ་གསལ་བ་ཞིག་འཆར་བས་སྤྲོ་ཉམས་དང་བཅས་མནལ་སད་པའི་དེ་མ་ཐག །གསང་བ་ཆེན་པོའི་སྙིང་གི་ཏིག །ཏིལ་མར་སྒྲོན་བཞིན་ཆེས་ཆེར་གསལ། །ཞེས་པའི་སྒྲ་ཞིག་གྲགས་པ་དེ་མཁའ་འགྲོ་དཔལ་འཛིན་མའི་གསུང་ཡིན་སྙམ་པ་ཞིག་བྱུང་བས་འབྲི་བར་ལེགས་ཞེས་ཕེབས་པ་ལྟར་སྙིང་ཐིག་མ་བུའི་ཁྲིད་ཡིག་དེ་དབུ་རྩོམ་པའི་ནུབ་ཉི་མ་ཤར་བ་དང་བྱ་རྒོད་མང་པོ་འདུ་བ་སོགས་ལྟས་ལེགས་པའང་བྱུང་བས་མཐའ་གྲུབ་པར་བྱས། ས་ག་ཟླ་བར་ལོ་བསྟར་བུམ་སྒྲུབ་ལ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་ཡིག་བྲིས་ཀྱི་མཐུན་རྐྱེན་མཛད་འདུག་པས་འདི་ནས་ཟླ་བ་བདུན་པའི་མཇུག་བར་ཤེས་བྱ་ཀུན་ཁྱབ་ཀྱི་འགྲེལ་པ་བྲིས། དབོན་སྤྲུལ་ཉག་ཁོག་ཕེབས་དགོས་བྱུང་སྟབས་འདི་ལོ་དབྱར་གནས་འཛུག་མཁན་མི་འདུག་པས་དགེ་སློང་བཅུ་གསུམ་སྐོར་སྒྲུབ་ཁང་འདིར་དབྱར་གནས་མཛད་རྒྱུའི་མཐུན་རྐྱེན་སྦྱར། ཟླ་བ་བརྒྱད་པའི་ཕུར་སྒྲུབ་སྐུ་ཞབས་རིན་པོ་ཆེ་ནས་ཡོན་བདག་གནང་རྒྱུའི་ངེད་རང་རི་ཁྲོད་ནས་མར་འོང་སྐབས་རྐང་པ་ལ་གཉན་གཟེར་ཕོག །སྒྲུབ་ཆེན་དངོས་གཞིའི་ཉིན་ནས་བརླ་གཡོན་གཉན་འབྲུམ་གྱིས་གང་བའི་ན་ཚ་ཆེ་བས་ལངས་འདུག་ཆེར་མ་ལོ་ཡང་ཚོགས་ལ་སྙིང་རུས་བསྐྱེད་ནས་ཕྱིན། ཉེར་དགུ་ནས་ན་ཚ་ཞི། ཚེས་གཅིག་ལ་ཡར་ཕྱིན་པ་དང་འབྲུམ་པ་ཤུལ་ཡང་མེད་པར་དྲགས་འདུག་པས་ཡོན་བདག་ལ་རྐྱེན་ཆེ་བའི་ལྟས་ཡིན་པར་འདུག །རིམ་པར་ཕུར་པའི་སྒོ་ནས་པུ་རི་ཞིག་བཅའ་སྒྲུབ་དང་བསྙེན་པ་བཏང་འོས་རིགས་སྒྲུབ་ཁང་ཡར་མར་གྱི་དབང་ཁྲིད་རྣམས་ཀྱང་བྲེལ་བ་རིམ་སེལ་བྱས། ལོ་མཇུག་ཏུ་གསང་མགོན་སྨུག་པོའི་བསྙེན་པ་ཞིག་བཏང་། མགོན་པོའི་གཏོར་སྒྲུབ་འཚོགས། ས་བྱི་གསར་ཚེས་ནང་དགོངས་འདུས་སྐོང་ཆོག་བཏང་། སྐུ་ཞབས་རིན་པོ་ཆེར་རྐྱེན་སེལ་གྱི་དབང་ཁྲུས་མང་ཙམ་ཕུལ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྔོན་འགྲོའི་རིགས་དང་གསོལ་འདེབས་ཕྱི་སྒྲུབ་རྣམས་རིམ་པར་བསགས། དྲོད་བབས་པ་སྔ་འཕྲོས་ཤེས་བྱ་ཀུན་ཁྱབ་འགྲེལ་བའི་འཕྲོས་དང་། གཏེར་མཛོད་ཀྱི་ཆོག་ཁྲིགས་རྣམས་རིམ་པར་བྲིས། བར་བར་འདུས་པ་མང་ཉུང་ཅི་རིགས་པ་ལ་དབང་ལུང་ཁྲིད་ཀྱི་རིགས་སོ་སོའི་འདོད་སྦྱར་དལ་མེད་སྔ་རྒྱུན་ལྟར་བྱས། སྒྲུབ་ཐེབས་དང་པོ་རྣམས་ལོ་གསུམ་ཕྱོགས་གསུམ་གྲུབ་ནས་གྲོལ། འདི་ལོ་ཟླ་བ་བཞི་པར་བུམ་སྒྲུབ་འཛུག་མཁན་མ་བྱུང་། བདུན་པའི་ནང་ཚུགས་སོང་བ་ལ་སྔར་རྒྱུན་ལྟར་ཕྱིན། དེ་གྲུབ་ནས་སྐུ་ཞབས་རིན་པོ་ཆེ་ལ་བྱད་བཀྲོལ་ཞིག་བགྱིས་ནས་ཡར་ཕྱིན་པར་འགྲམ་པ་ལ་གྲིབ་སྲིན་ཤིན་ཏུ་ཐུ་བ་ཞིག་གིས་ཞག་བདུན་ཙམ་མནར། འདི་ནས་གཟུང་བྱད་བཀྲོལ་སྐུ་ཁྲུས་སོགས་ནམ་བྱས་ལ་གྲིབ་སྲིན་འཕར་ལྡང་ཚབས་ཆེ་བ་རེ་བྱུང་། འདི་སྐོར་ཉག་དཔོན་ངོ་ཚབ་ཀྱིས་སྡེ་དགེ་དགོན་ཆེན་དུ་མངའ་འོག་གི་དགོན་སྡེའི་བླ་མ། མི་སེར་མིང་ཡོད་ཐམས་ཅད་བུ་གཏེལ་བསྡུ་སྐབས་རང་ལའང་སྐད་ཟུར་ཙམ་བྱུང་ཡང་དཀོན་མཆོག་ཐུགས་རྗེས་རང་ཡལ་སོང་། ཟླ་བ་དགུ་པའི་ནང་མི་རྗེ་ས་དབང་ཕུ་ལུང་པ་སྐུ་མཆེད་གཙོར་བྱས་བཀའ་མདའ་རྩིས་གསུམ་བོད་ཀྱི་ཆེན་པོ་དུ་མས་མགོ་བྱས་བོད་དམག །བྲག་གཡབ། གོ་འཇོ། རི་ཆབ་སོགས་དཔུང་ཆེན་གྱིས་དགོན་ཆེན་ས་གནས་བཟུང་། ཉེ་སྐོར་མགོ་བཏགས་མ་ཞུས་པ་རྣམས་ལ་དམག་བརྒྱབས། འདི་གའི་དགོན་པ་ལའང་ཁག་ངན་ཆེ་བས་དམག་གིས་བཟུང་ཉེ་བའི་སྐབས། བྲག་གཡབ་མགོ་འཛིན་གདོང་ཀཾ་ཁྲི་པ་གློ་བུར་བསྙུན། ས་དབང་མདུན་སྡེ་དགེའི་རྒྱུས་ཡོད་རྣམས་ནས་ངེད་རང་དྲགས་ཚུལ་ཞུས་པ་ལྟར་འབོད་མི་འབྱོར། ཉག་དཔོན་དང་ཉག་དམག་ལ་དོགས་འཚེར་ཤིན་ཏུ་ཆེ་རུང་མོ་ལེགས་པ་ལ་ཆགས་བཞག་ནས་ལ་ཁའི་ས་སྟོང་ནས་རྔུལ་སྲིབ་དམག་སྒར་སྟེང་དུ་ཕྱིན། ཁྲི་པ་ལ་དབང་ཁྲུས་སོགས་བགྱིས་ཀྱང་གཞི་ཤིན་ཏུ་ལྗི་བས་བྱོན་བཞུགས་གང་ལེགས་མོ་བཏབ་པར་བྱོན་ན་ལེགས་པར་བབས་པ་ལྟར་ཕར་ཁྱོགས། ས་དབང་ཆེན་པོའི་མདུན་མཇལ་དར་ཕུལ། ཞག་ཤས་གསོལ་ཁ་སོགས་རིམ་གྲོ་དགོས་ཕེབས་ལྟར་བསྒྲུབས། ཉག་དམག་ཕྱི་དཔུང་སླེབས་པས་འུར་ཟིང་སེམས་གཟན་བར་དོའི་གནས་སྐབས་འདྲ་བ་བྱུང་། དེ་སྐབས་ཉག་དགྲས་ནམ་རྒྱབ་དང་སྟོད་སྨད་གར་འོང་སོགས་སེམས་ལ་དྲན་ཚད་མོ་འདེབས་དགོས་བྱུང་བས་མོ་ལ་དེ་འདྲའི་བཤད་པ་ག་ལ་ཡོད་ཀྱང་སེམས་ལ་གང་དྲན་སྨྲས་པས་དཀོན་མཆོག་གི་བྱིན་རླབས་ཀྱིས་སྨྲས་ཚད་ཐོག་ཏུ་ཁེལ་བས་ས་དབང་ཆེན་པོའང་ཐུགས་ཆེས། དམག་འཐབ་ཉིན་ཀྱང་བོད་དམག་རྒྱལ་སོང་བས་ངེད་ལ་ཞལ་དྲོ་བའི་གཟེངས་བསྟོད་མཛད། དཔལ་སྤུངས་ཐད་རྒྱུ་མཚན་གང་ཤེས་བཅས་མགོ་བཏགས་ཞུས་པའང་སྙན་ལ་འཕྲོད་ནས་དཔལ་སྤུངས་པར་གཏོགས་ཚད་ཀྱི་དགོན་ཡུལ་གཉིས་ལ་དགྲ་འཚེ་མེད་པའི་ཞལ་བཞེས་གནང་། སླར་ཉག་དམག་ལ་བྱོལ་བཞིན་རང་གནས་སུ་སླེབས། འདི་ལོ་སྒྲུབ་པ་རྗེས་མ་གསར་སྡོད་ཁེལ་བས་དེ་དག་ལ་དབང་ལུང་ཁྲིད་རྣམས་རིམ་པར་ཚུགས། ཉི་ལྡོག །གསོལ་ཁ་འཕར་མ། མགོན་སྒྲུབ་བཅས་སྔར་རྒྱུན་ལྟར་དང་། ངེད་རང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ནང་སྒྲུབ་སོགས་རིམ་པར་བགྱི་བ་ལ་ཞུགས། འདིའི་སྐབས་རྨི་ལམ་ཡ་མཚན་པ་དུ་མ་བྱུང་ཡང་ཐམས་ཅད་མ་དྲན། ནུབ་ཅིག་འཇའ་སྤྲིན་དཀར་པོ་ཤིན་ཏུ་མཚར་ཞིང་དང་སྤྲོ་བ་ལ་དབུ་ཅན་ཡིག་འབྲུ་མང་པོས་གང་བ་ལ་དོན་གནད་ཁྱད་པར་ཅན་མང་དུ་འདུག །དེ་རྣམས་མཐར་ཧཱུྃ་ཡིག་གསུམ་དུ་གྱུར་པ་དང་། ལན་གཅིག་ནམ་མཁའ་དྭངས་པ་ལ་པདྨ་འབྱུང་གནས་ཡབ་ཡུམ་གྱི་སྐུ་ཤིན་ཏུ་གསལ་བ་ཞིག་ཡུད་ཙམ་ལ་མཇལ་བ་དང་། ལན་གཅིག་མཆོག་གླིང་གི་ཤོག་སེར་ཡིན་ཅེས་བརྡ་ཡིག་ཤིན་ཏུ་ཆེ་བ་བྲིས་པ་གཉིས་བཞུགས་ཁང་བཅས་འདུག་པས་གཅིག་ལ་བལྟས་པ་དེའི་དོན་ཁྲོལ་བ་དང་། ཡང་དགོང་མོར་བར་གཅོད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་ལ་རྡོ་རྗེ་བེར་ཅན་དང་ཕྱག་དྲུག་པ་དངོས་སུ་སྣང་བས་བཏུལ། ཐོ་རངས་དཔལ་ལྡན་དུས་གསུམ་མཁྱེན་པ་མཇལ། སྐུ་ལས་ཏིང་ངེ་འཛིན་གྱི་དབང་བཞི་བླང་བས་ཞལ་གདམས་ཁྱད་པར་ཅན་བསྩལ་བ་རྨིས། ཡང་རྒྱལ་དབང་བཅུ་བཞི་པས་ཟབ་གཏེར་ཞིག་བཞེས་ཤིང་ཐུགས་བརྩེ་བས་ལུང་བསྟན་ལྟ་བུའི་བསླབ་བྱ་མང་དུ་གནང་བ་དང་། རྗེ་པདྨ་ཉིན་བྱེད་ཀྱིས་བླང་དོར་གྱི་བཀའ་བཀོད་འགའ་ཞིག་བསྩལ་བའི་མཐར་ཐུགས་ངལ་ཆེན་པོའི་རྣམ་པ་སྟོན་པ་རྨིས་པ་ནི་ཕྱིས་མཆོག་གི་སྤྲུལ་སྐུའི་ཐུགས་རྒྱུད་བར་ཆད་ཀྱིས་བསྒྱུར་བ་ལ་བལྟས་སམ་སྙམ། དེ་སྐབས་དབོན་སྤྲུལ་ཡང་ཧོར་ནས་ཉག་ཁོག་ཏུ་དེད་སོང་ཡོད་འདུག །ལན་གཅིག་ཀུན་མཁྱེན་ཀློང་ཆེན་པ་དང་སྨིན་གླིང་གཏེར་ཆེན་ཐུགས་དགྱེས་པས། གཏེར་ཆེན་ནས་ཐུགས་རྗེ་ཆེན་པོ་དང་གུ་རུའི་སྐུ་ཚབ་ཞལ་མཇལ་གནང་བ་ལ་གུ་རུའི་མགྲིན་པ་ཅུང་ཉམས་པ་རྨིས། ལན་གཅིག་ཟླ་བཟང་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པས་བརྡའི་རྣམ་པ་འགའ་ཞིག་སྟོན་པ་དང་། གཤིན་རྗེ་གཤེད་པོའི་ཞལ་འབག་ཟིལ་ཅན་ཤིན་ཏུ་གཉན་པ་ཞིག་འདུག་པ་གྱོན་ནས་ཚམ་རྔམ་བྱས་པ་དང་། གཏེར་ཆེན་དང་ཀུན་མཁྱེན་བླ་མ་ཕེབས་ནས་ཐུགས་དགྱེས་མཛད་པ་ཡང་ཡང་བྱུང་ཞིང་། ལན་གཅིག་ཐོད་པ་མཚན་ལྡན་བཅུད་ཀྱིས་བཀང་བ་རྙེད་པ་སྒྲུབ་ཆེན་གྱི་རྟེན་དུ་བཅངས་པ་དང་། གནམ་སྟོང་ཞིག་གི་ཐོ་རངས་སུ་སྟོན་པ་འཁོར་བཅས་དགེ་སློང་གི་ཆས་སུ་བཞུགས་འདུག་པའི་ཁྲི་རྒྱབ་ཏུ་ཤཱ་རིའི་བུ་བཞུགས་འདུག་པས་བདག་ལ་ཚུར་ཤོག་གི་རབ་བྱུང་བསྩལ། དེ་འཕྲལ་གསོ་སྦྱོང་འཚོགས་པའི་གྲལ་དུ་ཞུགས་པ་སོགས་མང་དུ་བྱུང་། ཤིང་གླང་གནམ་ལོ་གསར་ཚེས་ཀྱི་ཟླ་བ་གསུམ་པའི་ཚེས་ནང་མཚམས་གྲོལ། ཉག་དམག་སྔ་ལོའི་མཇུག་ཏུ་ས་བཏང་། འདི་སྐབས་ས་དབང་བཞུགས་པ་ལ་འབོད་མི་འབྱོར་པ་ལྟར་ཕྱིན། ཟླ་བ་གཅིག་ཙམ་དུ་རྐྱེན་སེལ་དབང་ཁྲུས་སོགས་བགྱིས། ལྷ་གསར་དང་སྤར་ཁང་ཆེན་མོ་སོགས་དུས་ཟིང་གི་སྐབས་དམག་སྒར་དང་མཚོན་ཁ་གཏད་པས་ཉམས་གྲིབ་ཆེ་སྟབས་རབ་གནས་དགོས་གསུངས་པ་ལྟར་སྦྱོང་ཁྲུས་རབ་གནས། ཚོགས་སྐོང་། གསོལ་ཁ་སོགས་གང་ལ་གང་དགོས་བགྱིས་ཏེ་སླར་འཁོར་ནས་དགོན་དུ་ལོ་བསྟར་བུམ་སྒྲུབ་འཚོགས་ལ་ཕྱིན། ཡར་སླེབས་ནས་དམག་དོན་སྐུ་རིམ་མང་པོ་རྣམས་བསྟར་ཆགས་སུ་བསྒྲུབས། ཟླ་བ་ལྔ་པའི་ཚེས་ནང་དབུ་ཆེ་རྩེར་སྐུ་ཞབས་རིན་པོ་ཆེ་དང་ལྷན་ཅིག་རི་བསྟོད་དང་བཀའ་ནན་རབ་བརྗིད་བགྱིས་པར་ཐོག་མར་རླུང་ཆེན་དང་ཕྱོགས་བཞི་ནས་སེར་བ་དང་ཐོག་འབེབ་པ་སོགས་འཚུབས་དང་མཐར་ཤིན་ཏུ་འཇམ་པ་བྱུང་། མར་ངོ་ནང་ལྷ་གསར་ནས་བཀའ་བརྒྱད་ཁྲོ་རོལ་ཟློག་པ་བགྱིས་པའི་ཟློག་པ་བོར་སྐབས་ལྟས་ཤིན་ཏུ་ཆེན་པོ་མིག་མཐོང་བྱུང་སོང་། ཀིང་ནག་བཅས་སྐབས་ཀྱང་གཞན་གྱི་རྨི་ལམ་དུ་དགྲ་དཔུང་ཆོམ་ངེས་པའི་རྟགས་བྱུང་འདུག །ཟླ་བ་དྲུག་པར་སླར་ཡང་བསུ་མ་སླེབས་པས་དགོན་ཆེན་དུ་ཕྱིན་ནས་ས་དབང་ལ་བྱད་ཁྲོལ་ཚེ་སྒྲུབ་རྣམས་ཞག་བདུན་རེ་སྒྲུབ་པ་བཅས་ཁྲུས་དང་ཚེ་དབང་བརྒྱ་རྩ་བགྱིས། ཞར་བྱུང་མི་དྲག་མང་པོའི་རེ་སྐོང་གྲུབ་ནས་རང་གནས་སུ་སླེབས། འདི་ལོའང་དགེ་སློང་བཅུ་སྐོར་གྱིས་དབྱར་གནས་ཡང་ཁྲོད་དུ་ཚུགས། ཟླ་བ་བརྒྱད་པར་མདའ་དཔོན་ཁྲི་སྨོན་དཔུང་བཅས་ཀྱིས་ཉག་རྐེད་དཔོན་མཁར་རྫོང་བཅས་རྨེངས་མེད་དུ་བརླགས། ས་དབང་ཆེན་པོའང་ཧོར་ཁོག་ཏུ་ཕེབས། སྡེ་དགེ་སྲས་ཡུམ་རྣམས་དང་དབོན་སྤྲུལ་བཅས་དབུ་ཐོན་གྱིས་ཡར་ཕེབས། སོ་སོའི་བཞེད་སྐོང་དབང་དང་དབུ་ཐོན་ཕུལ། ས་དབང་ནས་གཞུང་སའི་བསྟན་རིམ་མགོན་པོ་གཡུལ་མདོས་བཅའ་དགོས་གསུངས་པས་ཕྱག་བཞི་པའི་བསྙེན་པ་ཞིག་བཏང་། ཟླ་བ་དགུ་པའི་ནང་ཆས་འཁོར་ཡོངས་རྫོགས་འགྲིགས་པ་དང་། ཞེ་ཆེན་བླ་མ་དོན་དཔལ་ཡང་བྱོན་པས་དཔོན་སློབ་མང་ཙམ་གྱིས་མགོན་པོ་གཡུལ་མདོས་བཏང་བ་ལམ་འགྲོ་ལེགས་པར་བྱུང་། དོན་དཔལ་གྱིས་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་གསན་པའི་དབང་ལུང་རང་ནས་དེ་སྔ་མ་ཐོབ་པ་མང་ཙམ་འདུག་པ་རྣམས་ཞུས། སྒྲུབ་ཁང་ཁྲིད་ཀ་སོགས་གྲུབ་ནས་ཡར་འཁོར། ལྷག་བསམ་སོགས་ལ་སྒྲ་ཀ་ལཱ་པ་བསླབ་དབུ་ཚུགས། མྱུར་མཛད་མགོན་པོའི་བསྙེན་པའང་ཚུགས། སྒྲུབ་པ་སོགས་ཀྱིས་ལོ་བསྟར་འདོན་བྱ་རྣམས་དང་། རང་ནས་ཉི་ལྡོག་སྐབས་བཀའ་བརྒྱད་ཟློག་ཆུང་ཞིག་བཏང་། ལོ་མཇུག་ཏུ་གྲོལ་ནས་མགོན་པོའི་གཏོར་སྒྲུབ་བྱས། མེ་སྟག་གནམ་ལོ་གསར་ཚེས་ནང་མདོ་སྨད་སྲིད་པ་བདེར་བཀོད་ཀྱི་བཀའ་དྲིན་སྐྱོང་གྲུབ་ནས་ས་དབང་ཆེན་པོ་སྟོན་འཁོར་བོད་དུ་ཕེབས་བསྐྱོད་ཀྱི་ཁམས་བདེ་ཞུ་བར་ཕྱིན། བྱད་ཁྲོལ་དང་ཚེ་དབང་ཕུལ། སྡེ་སྲས་བསྙུན་པར་ཚེ་དབང་བརྒྱ་རྩ་གྲུབ་ནས་སླར་འཁོར། ས་དབང་ཕུ་ལུང་པ་ནས་དཔུང་ཆེན་དོན་མོ་བརྟག་པ་ཐོག་ཏུ་ཁེལ་བ་དང་། སྐུ་རིམ་སྔ་རྗེས་མང་དུ་བསྒྲུབས་པ་གནད་དུ་ཁེལ་བས་གཞུང་ས་ལ་ཞབས་འདེགས་ཆེན་པོར་བྱུང་བའི་གཏང་རག་ཏུ་ཕྱྭ་གཡང་གུར་བུ་སྟོང་ཤུལ་གྱི་ས་ཞིང་བར་ལམ་བཙན་པོ་སུ་འདོད་ཀྱིས་བླངས། དེ་སྐབས་བདག་མེད་གྱུར་པ་རྩ་བ་ཡན་ལག་དང་བཅས་པ། དཔའ་འོག་ཚེ་ཕྲུའི་སྐོར་གྱི་འབྲོག་ས་རྣམས་གནང་། སྡེ་དགེའི་མདུན་ནས་ཀྱང་མ་སྲས་རྣམས་ཉག་ཞབས་ཆུད་སྐབས་ལོ་གཉིས་གསུམ་ཙམ་སྐུ་རིམ་རྒྱུན་མཐུད་བྱས་པའི་ཡོན་འབུལ་གྱི་ཚུལ་དུ་དགྱེས་བཞིན་གནང་བར་མཛད་པ་དང་། དབོན་སྤྲུལ་ཡར་བྱོན་སྐབས་དཔལ་སྤུངས་བསྟན་དགོན་འཁོར་དུད་དང་བཅས་པ་མགོ་ཐོན་བདེ་བར་སྡོད་ཆོག་པ་ཁྱོད་ཀྱི་བཀའ་དྲིན་ལས་བྱུང་འདུག །དེ་སྔ་བླ་བྲང་ནས་ཅིའང་མ་ཐེངས། ད་ཕན་གསོལ་ཕོགས་རྟེན་རྣ་རུ་ནང་དབྲ་མའི་ཁང་ཞིང་རི་ཁྲོད་དུ་ཇི་སྲིད་བར་སྦྱོར་འཇག་ཡིན་གསུངས། སྐུ་ཞབས་རིན་པོ་ཆེ་ནས་དེ་མཚུངས་བཀའ་ཐམ་བཅས་གནང་འདུག །ཆོ་འཕྲུལ་ཟླ་བའི་ཚེས་བཅོ་བརྒྱད་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་ལྷ་གསར་དུ་སྐུ་ཞབས་རིན་པོ་ཆེ་སོགས་བླ་སྤྲུལ་རྣམས་དང་དད་འདུས་མང་པོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་བཀླགས་པའི་མདོ་སྡེ་བསྐལ་པ་བཟང་པོའི་དབུ་བཙུགས། ཟླ་བ་གཉིས་པའི་ནང་འགྲིམ་རྐྱེན་ལ་བརྟེན་གྲིབ་སྲིན་ཤིན་ཏུ་འཕར་ལྡང་ཆེ་བས་ཞག་མང་དུ་ལུས། ཆོས་རྒྱེབ་སོགས་རིམ་གྲོ་བྱས། དེ་ཚེ་བྱེ་རིང་དང་དར་མོ་བཀའ་བརྒྱ་མའི་ལུང་སོགས་ཞུས། ནག་ཟླའི་ཉེར་ལྔར་མདོ་མང་དང་འདུལ་བ་རྫོགས་ནས་བར་མཚམས་བྱས། ཟླ་བཟང་རིན་པོ་ཆེ་ཕེབས་པ་རི་ཁྲོད་དུ་ཟུར་ལུགས་མཁའ་འགྲོ་སྙིང་ཐིག་དབང་སོགས་ཞུས། སྒྲུབ་ཁང་ཡར་མར་ཁྲིད་སྐབས་བབ་བྱས། ཚེས་བཅུ་གསུམ་ཉིན་གཙུག་ལག་ཁང་དུ་བླ་གྲྭ་མང་མར་ཤེར་ཕྱིན་རྒྱས་འབྲིང་བསྡུས་པ། གྲྭ་ཏོག་གསེར་གསུམ་རྣམས་ཀྱི་ལུང་བྱས། སླར་ཡང་ཁྲོད་དུ་རྡོར་སེམས་འཚོགས། ཟླ་བ་བཞི་པར་སྒྲུབ་ཁང་མདུན་གྱི་སྤང་ཐང་དུ་སྒར་པ་མཛད་འདུག་པར་ཕྱིན་ནས་ཚེས་བཅུ་བཞི་ལ་དཀོན་བརྩེགས། ཕལ་ཆེན་རྣམས་ཀྱི་ལུང་བཀླགས། མཁའ་འགྲོ་གཏོར་ཆེན་བཏང་ནས་རྒྱུད་འབུམ་གྱི་དབུ་ཚུགས། པོད་ཕྱེད་བཞི་ཙམ་སོང་བ་དང་གཉན་རིམས་ལྟ་བུའི་ཕོ་ནད་ཀྱིས་ཐེབས་ནས་ཤིན་ཏུ་ཐུ་བར་བྱུང་། ཞག་བདུན་ཙམ་གྱི་མཚམས་རྟ་ལ་ཐེག་ཙམ་བྱུང་བས་ཡང་ཁྲོད་དུ་ཕྱིན། ཟླ་བཟང་ཡང་ཕེབས་ནས་གྲིབ་སེལ་དང་ཚེ་དབང་གནང་། གཏེར་གསར་སྐོར་སོགས་ལུང་མང་དུ་ཞུས། དེ་སྐབས་གྲང་མཁྲིས་རེད་ཡོད་འདུག་པ་ལྷ་རྗེས་ནད་ངོས་ཟིན་ནས་སྨན་བཏང་བས་ཇེ་བདེར་སོང་། ཟླ་བ་ལྔ་པར་དགོན་དུ་ཕྱིན། ཚེས་བཅུའི་འཆམ་མཇལ་བྱས། ཟླ་བཟང་དང་སྡེ་དགེ་སྐོར། འཇང་འགྲུལ་སོགས་ལ་དབང་ལུང་མང་དུ་བྱས། གཏེར་ཆེན་མཆོག་གླིང་ཕེབས། ལུང་ལུགས་ཕུར་པ་དང་མ་མོ་སྤྱི་བསྡུས་སོགས་ཉིད་ཀྱི་གཏེར་ཆོས་སྔར་མ་ཐོབ་པ་ཐམས་ཅད་ཀྱི་དབང་ལུང་རིམ་པར་གནང་། ཉེར་ལྔ་ནས་གཏེར་སྟོན་དབུ་བཞུགས་ཀྱིས་གཙུག་ལག་ཁང་དུ་བླ་མ་དགོངས་འདུས་སྨན་སྒྲུབ་བཙུགས། འདི་སྐབས་ལྟས་མནལ་ལམ་ཁྱད་པར་ཅན་གཟིགས་པས་ངེད་ལ་སྒྲུབ་ཆེན་དང་སྨན་སྒྲུབ་འབྲི་དགོས་པའི་གསུང་བསྐུལ་ནན་དུ་མཛད། ཁྱེད་རང་འདི་ལོ་ན་རྒྱུ་མང་པོ་འདི་ལ་རིམ་གྲོ་སོགས་ཅི་བྱས་ཀྱང་མི་ཕན། དཔའ་བོ་དཔའ་མོའི་སྟོན་མོ་ཞིག་དགོས་གསུངས། རི་ཁྲོད་དུའང་ཕེབས། རྟེན་ལ་རབ་གནས། མགོན་ཁང་དུའང་གསོལ་ཁ་ཕྲིན་བཅོལ་སོགས་རྒྱས་པར་གནང་ནས་དགོན་ཆེན་དུ་ཕེབས། རྡོར་སློབ་ངག་དབང་རིན་ཆེན་སོགས་ལ་ཤེས་བྱ་ཀུན་ཁྱབ་ཀྱི་ཁྲིད་ལུང་སྦྲགས་མ་རྒྱང་ཙམ་བྱས། ཁོང་ནས་གཏེར་གསར་ཆོག་བསྒྲིགས་རྣམས་ཀྱི་ལུང་ཞུས། སྟོན་མོ་ལྷ་མདོ་འབུར་མོར་འོས་གསུངས་ནས། དེར་གྲ་བསྒྲིག་རྩིས་ལ། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་གློ་བུར་དུ་ཡང་ཁྲོད་ལ་ཕེབས། འབུར་མོར་ད་ཐེབས་མི་དགའ། འདིར་ལེགས་འདུག་པས་དེ་རིང་རང་གྲ་བསྒྲིག་དགོས་གསུངས། དཔའ་བོ་ལྔ་དང་། དཔའ་མོ་ལྔ་འཛོམ་དགོས་འདུག་པ་ཁོང་རྣམ་ཚང་མ་རྩ་བྱེད་དུས་ཧ་ལམ་འཛོམ་འདུག་ཀྱང་དཔའ་མོ་གཅིག་མ་འཛོམ། དེར་ངེད་རང་ཕ་སྤུན་གྱི་བུ་མོ་མ་རྒན་གྱིས་རང་ཚང་ཚ་མོ་ཡིན་ཅེས་ལོ་ལྔ་བདུན་ནས་ཚགས་བྱས་པ་ཞིག་ཡོད་པ། དེ་ཀས་ཆོག་འདུག་གསུངས་ནས་གྲལ་ལ་བཞག །ཐུགས་སྒྲུབ་ཚོགས་སྐོང་ཞིག་མཛད་སོང་། དེ་ནུབ་གཟིགས་སྣང་ལ་སྔོན་མཁའ་འགྲོ་མ་ཀུན་དགའ་འབུམ་པའི་སློབ་མ་སྒྲུབ་པ་མོ་ཉི་ཤུ་རྩ་ལྔ་ཡོད་པའི་ནང་རིགས་ལྔ་མཁའ་འགྲོས་བྱིན་གྱིས་བརླབས་པ་ལྔ་ཡོད་པ་ལས་སངས་རྒྱས་མཁའ་འགྲོས་བྱིན་གྱིས་བརླབས་པ་སངས་རྒྱས་འཚོ་ཞེས་པ་དེ་དང་། དེ་སྐབས་ཁོང་དུང་མཚོ་རས་པར་གྱུར་པས་གྲོགས་སུའང་འབྲེལ་པ་དེའི་སྐྱེ་བ་བུ་མོ་འདི་རེད་འདུག་པས་འདི་ག་རང་དུ་བཞག་པ་ལས་གཞན་དུ་བཏང་ན་བཏང་ས་དེ་ལ་འང་ཕན་མི་བཏགས། འདིར་མཁའ་འགྲོ་འཁྲུགས་པས་གནོད་པར་འགྱུར་བ་ཡིན་འདུག་ཅེས་ཕྱིར་ནངས་གསུང་འཕྲོས་དང་། བཞག་ན་ལེགས་པའི་ཕྱག་བྲིས་དམ་འབྱར། མིང་འཆི་མེད་བདེ་སྟེར་རིག་འཛིན་སྒྲོན་མར་འདོགས་པར་མཛད། དེ་ལྟར་ན་འདིར་དགོན་པའི་ཉེ་སྐོར་སོང་བས་འབྲེལ་མི་ཆགས་སྟབས་བཙུན་མ་ཞིག་བྱས་ན་ལེགས་སམ་ཞུས་པས། བྱེད་རྒྱུ་མང་མི་ཉན། སྒྲུབ་པ་མོ་ལྟར་བཞག་པ་ལེགས་གསུངས། ཁོང་ལ་ལུང་ཟིན་གྱི་རིག་མ་ཉེར་ལྔ་ཡོད་པ་ལས་སྡེ་དགེའི་ཕྱོགས་སུ་ལྔ་ཡོད་པ་ཡིན་འདུག་ཀྱང་འགའ་རེ་གཞན་རྐྱེན་དབང་གིས་མ་འཕྲད། འཕྲད་པ་འགའ་ཡང་དངོས་དང་འདྲ་མིན་ནོར་བས་དམ་སེལ་དུ་སོང་། འདི་ངེས་པར་ལུང་ཟིན་གཅིག་ཡིན་གསུངས་ནས་རྗེས་སུ་དབོན་སྤྲུལ་ལའང་རྒྱུ་མཚན་ཕྱོགས་ཙམ་དང་། འདིའི་མགོ་ལྟས་མཛད་དགོས་པའི་གསུང་འཕྲོས་གནང་སོང་། ཕྱིར་ནུབ་ཚོགས་འཁོར་ཡང་མཛད་སོང་བས་མཚོ་རྒྱལ་གྱིས་མཁའ་འགྲོ་དགོངས་འདུས་ཀྱི་ཁ་བྱང་ཐོག་མ་གནང་བའི་གསལ་ཆ་བྱུང་འདུག །འདི་སྐབས་རྟེན་འབྲེལ་སྒོ་གང་ཅིར་ཤིན་ཏུ་ལེགས་པ་ཞིག་རེད་སོང་ཡང་། ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ལར་རྟེན་འབྲེལ་ལེགས་བྱ་བ་བྱ་བྱེད་རྩོམ་པ་གཅིག་པོ་དེ་ལེགས་པར་ཡོང་། རྟེན་འབྲེལ་ཡང་འདུས་བྱས་ཡིན་པས་རྟག་པ་ག་ནས་ཡིན། ལེགས་པའི་རྒྱུན་དེ་མ་འཆུགས་པའི་རིང་ལ་དགའ་བར་ཡོད། ཕྱིས་འགལ་རྐྱེན་གྱིས་རྟེན་འབྲེལ་ལོག་འཆུགས་བྱུང་ན་ཐོག་མ་ལན་གཅིག་འགྲིགས་པ་གཅིག་པོས་མི་ཆོག་པ་འདི་ཀུན་གྱིས་གོ་དགོས་པའི་གལ་པོ་ཆེ་རང་ཡིན་ནོ། །ཞེས་གསུངས་པ་ཉིད་ངེས་པ་ཅན་དུ་སྣང་ངོ་། །མཁའ་འགྲོ་ཡང་ཏིག་གི་དབང་ཞིག་དགོས་གསུངས་པ་ལྟར་བགྱིས་ནས་སླར་ཕེབས། ངོས་ཀྱང་བླ་བྲང་དུ་ཕྱིན། རྒྱུད་འབུམ་ལུང་འཕྲོས་ཚང་བ་བཀླགས། ཞི་ཕྲེང་དྲག་ཕྲེང་། ཀར་གླིང་ཞི་ཁྲོའི་དབང་རྒྱས་འབྲིང་བསྡུས་གསུམ། པདྨ་བཛྲ། ཐབས་ཤེས་ཁ་སྦྱོར་སོགས་ཀྱི་དབང་བགྱིས་ནས་བླ་སྤྲུལ་རྣམས་ཀྱང་སོ་སོར་གྱེས། གཏེར་མདུན་མཁའ་འགྲོ་སྙིང་ཐིག་ཁྲིད་དང་། ཤེས་བྱ་ཀུན་ཁྱབ་རྩ་བའི་སྟེང་ནས་བཤད་པ་མདོར་བསྡུས་ཐུགས་བཞེད་ལྟར་ཕུལ། གནམ་ལྕགས་ཞུན་འདྲིལ་ཁྲིད་སོགས་མང་ཙམ་ཞུས་ནས་ཡར་སླེབས། དགུ་པའི་བཅུ་བཞི་ནས་བཅུ་གཅིག་པའི་ཚེས་བཅུའི་བར་རྩ་གསུམ་ཚེ་ཟབ་ཆ་ལག་རྡོ་རྗེ་གདུགས་དཀར་བསྙེན། འདི་སྐབས་ནུབ་ཅིག་ཕ་དམ་པ་གཟི་བརྗིད་ཅན་ཞིག་མཇལ་བ་ལ་གུས་པ་ཆེན་པོས་རང་གི་རྟོགས་ཚོད་ཞུས་པ་དང་། ཨོ་རྒྱན་རིན་པོ་ཆེ་ཉིད་དངོས་སུ་བོད་དུ་བཞུགས་སྙམ་ཡིད་ཆེས་པའི་ངང་ལྷ་ཁང་ཞིག་ཏུ་ཕྱིན་པས་ཨོ་རྒྱན་ཡིན་ཁུལ་ལ་མཆོག་གྱུར་གླིང་པ་ཉིད་བཞུགས་འདུག་པ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་ཏིང་ངེ་འཛིན་གྱི་དབང་བཞི་བླངས་པ་རྨིས་པ་སྔར་དགོངས་འདུས་སྐབས་ཀྱི་རྨི་ལམ་དེ་དང་རྭ་འཕྲོད་པར་སྣང་། དེ་སྐབས་ཟབ་བདུན་གཤིན་རྗེ་ཚེ་བདག་གི་བསྙེན་པ་བཏང་། གཏེར་ཆེན་ཞལ་རྒྱས་ཀྱིས་རོང་མེ་དཀར་མོ་སྟག་ཚང་མཚོ་བྲག་གི་གཏེར་ཁ་སྤྱན་དྲངས། མཆོག་གླིང་ཟླ་གམ་དབང་ཕུག་ཏུ་བཞུགས་ཡོད་འདུག་པས་ཕྲན་འཕྲལ་དུ་འོང་དགོས་པའི་གསུང་བྲིས་འབྱོར་བས་བཅུ་གཅིག་པའི་ཚེས་བཅུ་ལ་གྲོལ་ནས་ཕྱིན་པས་དགྱེས་ཚོར་མཛད། བསྟན་སྲུང་ཆོས་བཞི། སྙིང་པོ་སྐོར་ལྔ། རྩ་སྒྲུབ་ཚན་དྲུག །ཤྭ་ནའི་སྐོར་སོགས་ཕབ། བསྟན་སྲུང་ཆོས་བཞིའི་གཏོར་རྒྱེབ་ཕྱོགས་བཞིར་མཛད།གཏེར་གསར་མང་དུ་ཞུས། རྗེ་རིན་པོ་ཆེ་ཡང་ཕེབས་ནས་གྲུབ་ཐོབ་ཐུག་ཏིག་གི་རྩ་དབང་སོགས་གནང་། ཁང་དམར་དགོན་དུ་ཕེབས་ནས་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ཚུགས། ཚོགས་གར་བྱིན་རླབས་ཀྱི་ཟིལ་ཅན་ངོ་མཚར་བ་མཛད། རྗེ་བླ་མས་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དོན་དབང་ཤོག་སེར་སྟེང་ནས་གནང་། ལམ་རིམ་ཡེ་ཤེས་སྙིང་པོའི་ལྗགས་བཤད་རྒྱས་པ་དང་། གསང་སྔགས་ལམ་རིམ་གྱི་བཤད་པའང་གནང་། གཏེར་མདུན་ནས་རྩ་སྒྲུབ་ཀྱི་དབང་དང་གདམས་གཏད་ཟབ་ཅིང་རྒྱས་པར་གནང་། སྡེ་དགེ་ས་དབང་པ་ཁྲི་བཀོད་རྟེན་འབྲེལ་མངའ་གསོལ་ཤིན་ཏུ་རྒྱས་པ་དང་མངའ་དབང་རིན་ཆེན་འབར་བའང་མཛད། རྟེན་འབྲེལ་ཆོས་སྐོར་ཕབ། གཏེར་ཆེན་ཀཿཐོག་ནས་གདན་འདྲེན་ཞུས་ལྟར་ཕེབས། ངེད་རང་སླར་འོང་ནས་སྒྲུབ་ཁང་གོང་འོག་རྣམས་ལ་དབང་ཁྲིད་སོགས་བགྱིས། རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་གནམ་ལོ་གསར་ཚེས་ཀྱི་མཇུག་ཏུ་ཕུར་བསྙེན་ཕུར་ཟློག་ལོ་བསྟར་བསྒྲུབས། ཟླ་བ་གཉིས་པའི་ཚེས་ནང་སྔར་འཛོམ་དུས་ཞུས་པ་ལྟར་གཏེར་ཆེན་རྫོང་ཤོད་དུ་ཕེབས་པས་དེར་ཕྱིན། ཤྭ་ནའི་འཕྲོས་དང་གསང་བའི་ལུང་བྱང་སོགས་ཤོག་སེར་འགའ་ཞིག་ཕབ། རྗེ་བླ་མའང་ཕེབས། གསར་ཕབ་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཆེན་མཛད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གནས་ལྔ་སོ་སོར་ངོ་སྤྲོད་གནང་། རྡོའི་ཁྲི་བརྩེགས་པའི་སྟེང་དུ་ངེད་རང་བཞག་ནས་རྣམ་པ་གཉིས་ཀས་གཏེར་མིང་གི་མངའ་གསོལ་དང་ཞབས་བརྟན་གནང་། རྣམ་པ་གཉིས་ཀས་ཟབ་གཏེར་རེ་བཞེས་ནས། དིལ་མགོའི་ཡབ་གཞིས་སུ་ཕེབས། བཀའ་བརྒྱད་སྨན་སྒྲུབ་བཙུགས། ལྷན་རྒྱས་པདྨ་ཤེལ་རིར་ཕེབས། བཻ་རོའི་འོད་གསལ་ཤེལ་ཕུག་སོགས་སུ་ཚོགས་དང་། ཨོ་རྒྱན་གསང་ཕུག་ཞལ་འབྱེད་མཛད། གཏེར་ཁ་རེ་རེའང་བཞེས། གཏེར་ཆེན་ནས་ངེད་ལའང་བཀའ་ནན་ཕེབས་པས་གསང་ཕུག་ནས་གཏེར་སྒྲོམ་ཞིག་ལག་པར་ཆུད་པ་ཁོང་ཉིད་ལ་ཕུལ། གཏེར་སྟོན་རྫོགས་ཆེན་གདན་ཞུས་རྩར་ཕེབས། ངེད་རང་ཕྱིར་འོང་ནས་ཟླ་བ་བཞི་པར་བུམ་སྒྲུབ་འཚོགས་ལ་ཕྱིན། སྐུ་ཞབས་རིན་པོ་ཆེ་འདི་སྔོན་ལོ་རེ་ཟུང་ལ་ལྗགས་གས་པའི་གཟེར་ཅན་གྱིས་དབང་པོ་ཤོར་བ་ཡང་ནས་ཡང་དུ་བྱུང་། བྱད་བཀྲོལ་ཚར་གྲངས་མང་པོ་དང་། ཟླ་སྤྲུལ་གཏེར་སྟོན་རྣམས་ནས་སྐུ་ཁྲུས་གྲིབ་སེལ་ཅི་དྲགས་མཛད་སོང་ཡང་ཇེ་ཐུ་བྱུང་སོང་བ་འདི་རེས་གསང་ལུང་ལྟར་ཞབས་བརྟན་ཚོགས་འཁོར་དང་སུན་ཟློག་སོགས་དམིགས་བསལ་གང་འགྲིགས་བགྱིས་པས་ཕྱིས་ཀྱི་བར་སྐུ་ཁམས་བདེ་བར་བྱུང་སོང་། བསྟན་རིམ་མ་མོའི་མདོས་ཆེན་བཏང་། ཡང་ཁྲོད་དུ་དགོངས་འདུས་སྐོང་ཆོག་བགྱིས། གཏེར་སྟོན་རྫོགས་ཆེན་ནས་ཕྱིར་ཕེབས་ལམ་དབོན་བླ་མ་གཤེགས་པའི་དགོངས་རྫོགས་དང་། ཟླ་བཟང་ཞི་བར་གཤེགས་པའི་གཏམ་ངན་འབྱོར་བས་དགོངས་རྫོགས་རིམ་པར་བསྒྲུབས། དགོན་དུ་སྒྲུབ་ཆེན་མཛད་རྒྱུའི་སྣེ་སེལ་ཐོག་མར་ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་ཚོགས་འཁོར་དང་ཚོགས་གར་བསྡུས་པ་མཛད། དེ་ནས་གཙུག་ལག་ཁང་དུ་རྩ་བའི་ཐུགས་སྒྲུབ་གཞི་བྱས། ཡན་ལག་ཐུགས་སྒྲུབ་གཉིས་ཞར་བྱུང་དུ་བཏང་བའི་སྒྲུབ་ཆེན་དང་ཚོགས་གར། མཁན་སློབ་ཆོས་གསུམ་དུས་མཆོད་རྟེན་འབྲེལ་ཆོ་ག་བཅས་ཤིན་ཏུ་རྒྱས་པར་མཛད། ཡང་ཁྲོད་ནས་མ་རྒན་ནད་ཕོག་པར་སྐུ་ཞབས་སྐུ་མཆེད། གཏེར་སྟོན་རིན་པོ་ཆེ་གཙོར་བྱས་བླ་མ་གང་དྲགས་རྣམས་ཀྱིས་ཞི་ཁྲོ་དང་ཀུན་རིག་སོགས་དབང་སྟོང་དང་སུམ་བརྒྱ་ལྷག་ཙམ་བགྱིས། མ་འཚོ་སོང་སྐབས་རྫོང་སར་ནས་རྗེ་ཐམས་ཅད་མཁྱེན་པ་ཕེབས་པ་དང་གཏེར་སྟོན་བཅས་རྣམ་པ་གཉིས། སྒྲུབ་བླ་གང་དྲགས་དང་བཅས་པས་ངོ་སྤྲོད་འཕོ་འདེབས་མཛད། རང་ལ་དངོས་རྫས་གང་ཡོད་ཕྱེད་བགོས་ཀྱིས་དགེ་རྩ་ལེགས་པར་བསྒྲུབས། གཏེར་ཆེན་སླར་ཕེབས་སྐྱེལ་ཞུས་པའི་སྒར་ཚུགས་ཐོག་ཆོས་སྐྱོང་དགོངས་འདུས་ཀྱི་དཔེ་དང་བཀའ་གཏད་གནང་བ་ལ་གློ་བུར་དུ་སེར་བ་ཐར་ཐོར་དང་ཤར་ནས་འབྲུག་ལྡིར་བ་ལེགས་པའི་མཚན་མར་སྣང་། རྗེ་བླ་མའང་སྐྱབས་ཆེ་གོ་སྟོད་བར་ཆིབས་སྐྱེལ་ཕེབས། འདི་སྐབས་གཏེར་ཆེན་བོད་དུ་ཕེབས་པ་ལ་བསླབ་སྟོན་གལ་ཆེན་བཀའ་ཐམ་བཅས་མཛད་ཡོད་འདུག་ཀྱང་དེ་རིགས་གཅིག་ཀྱང་དང་ལེན་མ་རེད་འདུག །ཕྱིར་ཕེབས་ནས་ཨ་ལོ་དཔལ་འབྱོར་སྒང་དུ་བཞུགས་སྐབས་ངེད་ཀྱང་སྦྱིན་བདག་ཅིག་རྩར་ཡོད་པ་འབོད་མི་གནང་བྱུང་བ་ལྟར་ཕྱིན། དེ་སྐབས་གནས་ཆེན་མཐའ་ཡས་པའི་གཟིགས་སྣང་དང་མཁའ་འགྲོ་དགོངས་འདུས་ཁ་བྱང་སོགས་བཞི་གཅིག་དྲིལ་ཡོད་སོང་བ་ད་རེས་གཏེར་སྟོན་རྩར་འདི་ཐེངས་དགོས་དགྱེས་ཚོར་མཛད། ཞི་ཁྲོ་ཤེལ་ཕུག་ནས་ཟབ་གཏེར་བཞེས། ཕྱྭ་གཡང་གཞིས་ཀར་ཕེབས་ནས་རབ་གནས་དང་གཡང་སྐྱབས་མཛད་སྐབས་ཀཿཐོག་སི་ཏུ་སྤྲུལ་སྐུའང་བྱོན་ནས་འབུལ་བ་མཛད་པ་ལ་རྟེན་འབྲེལ་ལེགས་པའི་དགྱེས་ཚོར་དང་མ་འོངས་སི་སྤྲུལ་འབྱོན་པ་འདྲ་བའི་གསུང་འཕྲོས་གནང་། ཤོག་སེར་འགའ་ཞིག་ཕབ་ནས་གཡུ་ཐོག་བརྒྱུད་དཔལ་སྤུངས་སུ་ཕེབས། ངོས་རྫོང་ཆེན་ཁམས་ཕུག་གི་གནས་ངོ་སྤྲོད་པ་ལ་འགྲོ་དགོས་པའི་བསླབ་སྟོན་གནང་བ་ལྟར་ཕྱིན་པས་དེར་ཡང་ཐོག་མར་རྟེན་འབྱུང་དགེ་བས་གནས་ཕུག་རང་བྱོན་སོགས་གསལ་བར་ངོ་འཕྲོད། ཁམས་ཕུག་ཏུ་ཚོགས་འཁོར་སྐབས་བྱ་རྒོད་ཤིན་ཏུ་མང་པོ་འདུས་ནས་ཚོགས་ལ་རོལ་པ་དང་འཇའ་སྤྲིན་ཡ་མཚན་ཅན་ཤར་བ་སོགས་མངོན་ལྟས་ཀྱང་ལེགས། སླར་ཡང་ཁྲོད་དུ་ཕྱིན་པར་རྗེ་བླ་མའང་ཕེབས། སོ་ལུགས་ཡང་དག་སྒྲུབ་ཆེན་བཙུགས། མངོན་རྟོགས་རྒྱན་གྱི་བཤད་པ་རོང་སྟོན་ལུགས་དང་། བསྟན་འགྱུར་ཁ་སྐོང་། བཀའ་གདམས་རྙིང་མའི་སྐོར། གཏེར་ཆོས་མ་ཐོབ་པ་འགའ་ཞིག་སོགས་དབང་ལུང་ཤིན་ཏུ་མང་པོ་གནང་། རྡོར་གླིང་ལྟ་བ་ཀློང་ཡངས་ཀྱི་དབང་ལུང་གནང་བའི་དབང་དངོས་གཞིའི་ནུབ་མོའི་མནལ་ལྟས་སུ། རྗེ་ཉིད་ལྷོ་བྲག་ལ་ཡག་ཏུ་ཁྱིམ་བདག་ཞིག་གི་ཆུང་མ་རྡོ་རྗེ་འཚོ་ཞེས་པར་གྱུར་ནས་འཇིག་རྟེན་པའི་ལས་ཐབས་ལ་སྤྱོད་ཀྱིན་འདུག་པའི་སྐབས་ཤིག །ཁྱིམ་བདག་དེས་བླ་མ་ཚང་ཕེབས་ཡོང་བ་རེད། གདན་བཤམ་དགོས་ཟེར་ནས་ཁང་པ་ཞིག་ཏུ་བྱི་དོར་དང་གདན་བཤམས་པ་ལ། དར་ཅིག་ནས་རྡོ་རྗེ་གླིང་པ་ཡིན་ཟེར་བའི་བླ་མ་བོངས་ཐུང་སྐུ་ཤ་རྒྱས་པ། ཐོར་ཚུགས་ཆུང་ངུ་དང་དབུ་རལ་ཡོད་པ། སྟོད་འབོག་སེར་པོ་མནབས་པ་ཞིག་ཕེབས་པ་ལ་ཕྱག་དབང་དང་བསྙེན་བཀུར་སོགས་ཞུས། དེ་ནུབ་དེར་བཞུགས་པའི་མདུན་དུ་ཕྱིན་ནས་དེ་ཉིད་ཀྱིས་ལག་བཅངས་དང་འོ་བྱེད་པ་དང་འཁྱུད་པ་སོགས་རོལ་རྩེད་སྣ་ཚོགས་ཀྱིས་དུས་འདས། དེའང་ལན་རེ་རྡོར་གླིང་དང་། ལན་རེ་ཇོ་ནང་རྗེ་བཙུན་ཡིན་པ་འདྲ་བ་ལ་དེ་གཉིས་དབྱེ་བ་མི་འབྱེད་པའི་ཟ་ཟི་ཞིག་གི་ངང་། ནམ་ལངས་རྗེས་བསྙེན་བཀུར་འདྲ་ཞུས་ནས། བླ་མ་རྟ་ལ་འཆིབས། གྲྭ་པ་རྐང་ཐང་འགའ་རེ་དང་བཅས་ཕེབས་སོང་། བཞུགས་ཁྲིའི་ཐོག་ཏུ་སྒམ་འདྲ་བ་ལྡིར་ལྡིར་དར་གྱིས་བཀབ་པ་ཞིག་འདུག་པ། བླ་མ་ཚང་སྐུ་ཆས་ལུས་འདུག་བྱས་དེ་ཁུར་ནས་རྗེས་ལ་རྒྱུག་འབོད་པ་བཅས་རྗེས་ཟིན་པ་ན་ཕྱག་ཏུ་ཕུལ་བས་འདི་ཁོང་གི་གཏེར་རྫས་སྒམ་ཡིན། དེར་ལུས་པ་རྟེན་འབྲེལ་བཟང་བས་ཁྱོད་རང་ནས་ཚགས་བྱེད་དགོས་གསུངས། དེར་སྐྱེས་དམན་དུ་སོང་བ་དང་ཡུལ་འཕོ་དགོས་པ་འདྲ་ཞིག་དྲན་ཡུལ་དུ་འདུག་པ་སོགས་ཀྱིས། ཁོ་མོས་ཚགས་རྩ་གཏན་ནས་མི་ཐུབ། ཉ་ར་བྱེད་མི་ཕོད། ཅི་དགོས་ཀྱང་མི་ཤེས་སོགས་ཞུས་པས། སྐྱོན་མེད་རེ་ཞིག་ཚགས་རྩ་གྱིས་དང་ང་རང་སླེབ་འོང་གསུངས། ཉིད་ནམ་བྱོན་དང་གར་བྱོན་མི་ཤེས། ཚགས་རྩ་མི་ཕོད་པས་བྱིན་རླབས་ཤིག་ཞུ་ཞུས་པས། སྒམ་ཁ་ཕྱེས་པའི་ནང་ནས་ཤོག་སེར་ཤོག་དྲིལ་ཆེན་པོ་བླངས་ནས། གསང་སྔགས་ལུང་གི་བཀའ་ཐོ་ཆེན་མོ་བཞུགས་སོ། །ཞེས་པའི་འཕྲོས་སུ་རྡོར་གླིང་གཏེར་ཆོས་ད་ལྟ་གྲགས་པ་དང་། མ་གྲགས་པ་མང་པོ་ཞིག་གི་དཀར་ཆག་འདྲ་བ་ཞིག་ཚང་བར་བཀླགས་ཏེ་སྒམ་དུ་བཅུག །དེ་མགོ་ལ་བཞག་ནས་འདི་ཚགས་རྩ་གྱིས་དང་ངེད་ཀྱི་སྤྲུལ་སྐུ་ཁྱོད་རྩར་སླེབ་འོང་གསུངས། ང་ནི་ན་སོ་ཅུང་རྒན། བླ་མ་འདི་ནི་གཞོན་པས་སྤྲུལ་སྐུ་ངེད་ལ་འཁྲུངས་པ་སྲིད་དོགས་མེད་སྙམ་སྤྲུལ་སྐུ་ནམ་འབྱོན་ཞུས་པས་ད་ཕན་ལོ་ལྔ་བརྒྱ་ཙམ་ན་ཨི་མི་འབྱོན་གསུངས། སྒམ་བུ་ཁྱེར་ནས་ལོག་ཁར་བླ་མ་འདི་ཨོ་རྒྱན་དངོས་ཡིན་འདུག་པས་ཀོང་སྤྲུལ་མ་ཡུམ་དེ་སྐྱེ་བ་ཅི་རེད་དྲི་དགོས་སྙམ་ནས་དེ་དོན་ཞུས་པས། ཆུ་གནས་ཞིག་ཏུ་སྐྱེས་གསུངས། དེར་ཤིན་ཏུ་འགྱོད་པས་ངུས་ནས་ཆུ་གནས་ཅི་འདྲ་དང་ད་ཅི་དྲགས་ཞུས་པས། འོན་ཀྱང་ད་ནི་དྲགས་ལེ་ཡོད། མི་འཁྲུགས་པ་ཞིག་བྱས་ན་གསུངས་སྐབས་ཉིད་ཀྱི་དགོངས་པ་ལའང་ཆུ་གནས་དེ། ནོར་བུའི་ཁང་པ་དང་རྒྱན་སོགས་ལ་ལོངས་སྤྱོད་པའི་ཡ་མཚན་ཅན་ཞིག་འདུག་སྙམ་བྱེད་པའི་ངང་དེ་ལས་སད། རྡོ་རྗེ་འཚོ་འདི་དུས་རྒྱུན་དྲན་ལམ་གསལ་བར་འདུག་གསུངས་པས་སར་གནས་རྣམས་ཀྱི་སྤྲུལ་པ་ལ་ཚད་གཟུང་མེད་པས་འདི་འང་སྐུའི་བཀོད་པ་གཅིག་ཡིན་པར་མངོན། རང་ནས་ཀྱང་འདི་སྐབས་དུང་དཀར་རྙེད་པ་དང་། ཕྲེང་བ་རྒྱན་ལྡན་གསེར་གྱི་བཅུ་ཚར་བཞི་ཡོད་པ་རྙེད་པ་རྨིས། རྡོར་གླིང་རབ་བྱུང་བདུན་པའི་རྐེད་པ་ཙམ་ལ་བྱོན་པར་སྣང་བས་དེ་ནས་ད་ལྟའི་བར་ལོ་ལྔ་བརྒྱ་ཅུང་མ་ཟིན་ཙམ་སོང་ཡོད་པར་སྣང་། བཞུགས་སྐབས་གཟིགས་སྣང་ཁྱད་པར་ཅན་མང་ཞིང་། ཁྱད་པར་ནུབ་ཅིག་མཚོ་རྒྱལ་གྱིས་སྤྱི་བྱེ་བྲག་གི་ལུང་བསྟན་བསླབ་བྱ་གསལ་ཞིང་རྒྱས་པ་གནང་ཡོད་འདུག་པས་སྔར་གཏེར་སྟོན་ད་ཙམ་གར་ཕེབས་ཀྱི་ཚུགས་རྩིས་དང་། མཁའ་འགྲོ་དགོངས་འདུས་ཁ་བྱང་དེ་ཐེངས་དགོས་གསུང་བ་ཞིག་ཡོད་པ་དེ་ཕྱིན་དེ་ཐད་གསུང་འཕྲོས་ཅིའང་མི་མཛད། ཁ་བྱང་བསྐུར་རྒྱུའི་གསལ་འདེབས་ལན་རེ་ཟུང་ཞུས་ཀྱང་ཐུགས་རྩོལ་མཛད་མ་སོང་བ་དེ་སྐོར་ནས་གཏེར་སྒར་བྱོན་བཞུགས་མ་ལེགས་པས་རྟེན་འབྲེལ་འཆུག་ཅིང་གཏེར་ཁ་མི་ཐོན་པའི་མཚན་མ་གཟིགས་པར་སྣང་། སྙན་བརྒྱུད་ཐོག་མ་ཡང་ཕུར་སྦྲགས་མ་དེ་ཕབ་ཅིང་གཏོར་ཟློག་ཀྱང་མཛད། ཟླ་བ་བཅུ་གཅིག་པར་དགོན་ཐོག་ཏུ་ཕུར་སྒྲུབ་ཀྱི་དབུ་བཞུགས་ཕེབས། རྩ་དུམ་གྱི་རྒྱུད་བཤད་དང་སྙན་བརྒྱུད་ཕུར་པའི་དབང་ལུང་བཤད་པ་རྣམས་རྒྱས་པར་གནང་། བཅུ་གཉིས་པར་ཡང་ཁྲོད་དུ་ཕེབས་ནས་བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་དང་། རྙིང་མ་བཀའ་མའི་སྐོར། གཏེར་ཆེན་བཀའ་འབུམ་སྔར་མ་ཐོབ་པ་རྣམས་སོགས་ལྗགས་ལུང་མང་དུ་གནང་། ཞབས་བརྟན་དང་ཚོགས་འཁོར་ཕུལ་སྐབས་གཟིགས་སྣང་ཁྱད་པར་ཅན་ཡང་བྱུང་། འབྱོར་ཚོགས་མཎྜལ་མཆོད་འབུལ་ཞུས་ནས་བླ་བྲང་དུ་ཕེབས། ལོ་བསྟར་མགོན་པོའི་གཏོར་སྒྲུབ་བྱས། ས་འབྲུག་གནམ་ལོ་གསར་ཚེས་ལ་བླ་བྲང་དུ་སྣར་ཐང་བརྒྱ་རྩ་གནང་བ་ཞུས་ནས་ཡར་ཕྱིན་ཏེ་རྒྱུན་གྱི་བསྙེན་སྒྲུབ་རྣམས་རིམ་པར་བྱས། ཟླ་བ་དང་པོའི་མཇུག་ཏུ་བུམ་སྒྲུབ་འཚོགས་ལ་ཕྱིན། འདི་ལོ་གཏེར་མཛོད་དབང་ལུང་བགྱིད་རྩིས་ཀྱི་རྫོགས་ཆེན་གླིང་སྤྲུལ་སོགས་བླ་སྤྲུལ་རྣམས་ཟླ་བ་གཉིས་པའི་ནང་ཕེབས་འདུག་པས། གླིང་སྤྲུལ་མདུན་ནས་བསྟན་འགྱུར་ལུང་མ་ཐོབ་རིགས་གང་བཞུགས་ཞུས། འདི་ཟླའི་ཚེས་ཉེར་ལྔ་ལ་སྒྲུབ་ཁང་དུ་ཕྱིན་ནས་སྐུ་ཞབས་རིན་པོ་ཆེ་གཙོ་བོར་བཞུགས་པའི་འདུས་པ་རྣམས་ལ་ཕྱག་ཆེན་རྒྱ་གཞུང་གི་ལུང་ཚུགས། གླིང་སྤྲུལ་མདུན་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་དབང་རྒྱས། དགོངས་པ་ཟང་ཐལ་སོགས་དང་པད་གླིང་བླ་མ་ནོར་རྒྱམ་སོགས་དབང་ལུང་མང་དུ་ཞུས། སྔར་སྤྲུལ་སྐུ་རིན་པོ་ཆེ་འདིར་ཕེབས་སྐབས་ལོ་རྗེས་མར་གཏེར་མཛོད་དབང་ལུང་ཚུགས་དགོས། དེ་སྐབས་ཁོང་གསན་མཁན་གྱི་གཙོ་བོ་དང་། གཞན་ཞུ་མཁན་འདི་དགོས། སྒྲུབ་ཆེན་དང་མཆོད་ཆས་དགོས་ལུགས་གསུང་བསྒོས་ཞིབ་མོ་མཛད་སོང་བས་དེ་སྐོར་ཕེབ་ཏུ་རེ་ནས་སྒུག་ཞོར་དབང་ལུང་གནད་ཆེན་ཞུ་གནང་གིས་ཟླ་བ་བཞི་པའི་ནང་བར་སོང་ཡང་། རྫོང་སར་ནས་ཕེབ་རྩིས་སྐབས་ཕྱག་ཞབས་རྣམས་ལ་རེས་མོས་ཀྱི་བསྙུན་གཞི་ཕོག །སྐུ་ཁམས་གཏན་ནས་མ་དྭངས་ཚུལ་གསུང་བྲིས་འབྱོར་པས་ཚེས་བཅུ་ནས་གཟུང་ཐོག་མར་ལུང་རྣམས་བཀླགས། གྲུབ་རྗེས་ཀྱང་ཕེབ་རྒྱུ་མ་བྱུང་བས་རྡོར་སེམས་སྒྲུབ་ཆེན་ཞག་བདུན་བགྱིས། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་བསྐུར་སྔོན་དུ་འགྲོ་བས་འདོད་འཇོ་བུམ་བཟང་དང་གཏེར་མཛོད་མ་བུ་སྦྲགས་མའི་དབང་། བྱིན་རླབས། རིག་གཏད། སྲོག་གཏད་རིགས། ཁྲིད་རྣམས་དང་། བཀའ་རྒྱ་པོད་བཞི་བཅས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་གྲུབ། བླ་བྲང་ནས་ཡོན་འབུལ་རྒྱས་སྤྲོས་དང་སོ་སོས་གཏང་རག་བྱུང་བ་རྣམས་དང་དུ་བླངས། ཕྱོགས་འདུས་རྣམས་གྱེས། རི་ཁྲོད་ནས་མ་རྒན་དུས་དྲན་དང་དགོངས་འདུས་སྐོང་ཆོག་གྲུབ་ནས་རེ་ཞིག་ངལ་གསོའི་ཆེད་ཕྱྭ་གཡང་དུ་སོང་། གཉེར་པད་ལེགས་བྱོན་པར་ཕྱག་ཆེན་ཁྲིད་བྱས། རི་ཁྲོད་མཆོད་ཐེབས་རྡིལ་ཚད་བྱུང་། སྦྱིན་བདག་འགའ་ཞིག་གི་འདོད་སྐོང་བྱས་ནས་ཟླ་བ་དགུ་པར་སླར་འཁོར། འདི་ལོ་དབོན་སྤྲུལ་མདུན་ནས་བུམ་སྒྲུབ་དབྱར་གནས་ཕུར་སྒྲུབ་རྣམས་ཀྱི་སྤྱི་པ་གསར་བརྐོས་མཛད་འདུག་པའི་མཉམ་དུ་ཡང་ཁྲོད་སྒྲུབ་སྡེའི་མཆོད་པ་དང་གཏོང་ཐེབས་རྡིལ་ཚད་བརྒྱད་བཞག །སྒྲུབ་པ་སྔ་མ་རྣམས་གྲོལ་ནས་སྒྲུབ་ཐེབས་གསུམ་པ་གསར་འདུག་རྣམས་འདུས་ནས་དབང་ལུང་ཁྲིད་གསུམ་གྱི་དབུ་ཚུགས། སྙན་བརྒྱུད་ཕུར་པའི་བསྙེན་ཐུན་བཟུང་། ཉི་ལྡོག་ལ་ཕུར་པའི་ཟློག་པ་བཅས། ནད་ཁམས་འཕར་ལྡང་མང་བ་དང་དབོན་སྤྲུལ་གཙོར་བྱས་དབང་ལུང་ཁྲིད་ཀ་དགོས་པ་ཤིན་ཏུ་མང་པོས་ཟིང་ཆ་བྱས། རྒྱུན་བསྙེན་རྟག་གཏོར་གསོལ་ཁ་མགོན་པོའི་གཏོར་སྒྲུབ་རྣམས་རྒྱས་པར་གྲུབ། མེ་སྦྲུལ་གསར་ཚེས་ཀྱི་ཟླ་བ་དང་པོར་སྔ་ནས་རྨིས་ལྟས་ཕལ་ཆེར་རྩུབ་པ་ཞིག་བྱུང་བས་ཚེ་གསང་ཕྱི་སྒྲུབ་གུད་སྦས་སྦྲེལ་མ་དང་། ཟབ་པ་ཕུལ་ཕྱིན་སོགས་རེ་ཞིག་བསྙེན། ཟླ་བ་གཉིས་པར་དབོན་སྤྲུལ་གདན་འདྲེན་ཞུས། དཔོན་སློབ་བཅོ་ལྔས་ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་གྱི་ཆོག་བརྒྱ་དང་དབང་བརྒྱ་ཞུས་སྐབས་རྨིས་ལྟས་ཀྱང་ལེགས་པ་ཁ་ཤས་བྱུང་། བསྙེན་མཚམས་གྲོལ་ནས་གཏེར་མཛོད་ཆོག་སྒྲིག་རིགས་མུ་མཐུད་བྲིས། ཟླ་བ་བཞི་པར་བུམ་སྒྲུབ་ལ་ཕྱིན། སྐུ་ཞབས་རིན་པོ་ཆེ་རྡོར་སློབ་ཏུ་བཞུགས་ཀྱང་འདི་རེས་ཤིན་ཏུ་འཚུབས་པ་ཞིག་བྱུང་། སྒྲུབ་ཁང་དུ་སྐུ་ཞབས་རིན་པོ་ཆེ་དང་སྒྲུབ་རྣམས་ལ་བྱང་སྡོམ་ལུགས་གཉིས་བགྱིས། ཡང་ཁྲོད་ནས་དགོངས་འདུས་སྐོང་ཆོག་བཏང་། དགྱེས་རྡོར་རྒྱུད་འགྲེལ་བྲི་རྒྱུའི་གནང་བ་ཞུ་བའི་ཆེད་མར་པའི་བླ་སྒྲུབ་དང་འབྲེལ་བར་སྒྲིབ་སྦྱོང་ཚོགས་གསག་གསོལ་འདེབས་ཚོགས་སྐོང་རྣམས་བརྒྱ་རྩ་ལྷག་རེ་བྱས། བརྟག་པ་དང་པོའི་རྡོ་རྗེ་རིགས་ཀྱི་ལེའུ་ནས་དབུ་བཟུང་སྟེ་རིམ་པར་བྲིས། མར་རྔོག་གི་བཤད་སྲོལ་འདི་ལ་ས་ལུགས་ལྟ་བུའི་རྒྱུད་འགྲེལ་བཤད་ཚུལ་གཅིག་ཏུ་ངེས་པ་མི་འདུག་ཅིང་། དེང་སང་རྒྱུན་ཡོད་པ་རྔོག་པའི་རིན་ཆེན་རྒྱན་འདྲ་དང་རང་བྱུང་ཞབས་ཀྱི་འགྲེལ་པ་གཉིས་ཡིན་ཀྱང་སྔ་མ་ནི་སྦས་དོན་གྱི་བཤད་པ་ཁོ་ནར་སོང་། ཕྱི་མ་ཡིག་དོན་གཙོར་མཛད་ཀྱང་མངོན་རྟོགས་འཁྲུགས་བསྡེབས་སུ་མཛད་པས་རྩ་བ་དང་སྦྲེལ་དུས་འཆད་ཉན་དཀའ། སྤྱན་སྔ་ཆོས་གྲགས་ཀྱིས་རྒྱ་འགྲེལ་མང་པོ་གཞིར་བཞག་པས་གོ་མི་བདེ། རམ་ཊཱིཀ་དང་རྩག་ཊཱིཀ་སོགས་སྔ་རབས་ཀྱི་བཤད་པ་ཤིན་ཏུ་ཉོག །ཕྲིན་ལས་པའི་འགྲེལ་བཤད་ཅུང་གསལ་བ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱི་འགྲེལ་པ་ལེགས་བཤད་ཕུལ་དུ་བྱུང་བས་འདིར་སྤྱི་དོན་ཟུར་དུ་བཀོད། ཡིག་དོན་གཙོ་བོར་གཟུང་། སྦས་དོན་དང་། མཐར་ཐུག་གི་དོན་རྣམས་སོ་སོའི་ཐད་དུ་གསལ་བར་བྱས་པ་ཡིན་ནོ།། དབྱར་གནས་སྐབས་སུ་ཕྱིན་ནས་རྒྱུད་བླ་མ། ཟབ་མོ་ནང་དོན་གཞུང་ཆུང་གཉིས་བཅས། བརྟག་གཉིས་རྒྱུད་བཤད་རྒྱུད་མཆོད་བཅས་ལེགས་པར་གྲུབ། ཡར་ཕྱིན་རྒྱུད་བླ་མའི་འགྲེལ་པ་བྲིས། བརྒྱད་པའི་མཇུག་ཏུ་ཕུར་པའི་སྒྲུབ་ཆེན་གྱི་སློབ་དཔོན་ལ་ཕྱིན། དགུ་པའི་ནང་རྒྱུད་བླའི་འགྲེལ་པ་གྲུབ་པ་དང་རྫོང་སར་ནས་རྗེ་རིན་པོ་ཆེས་བཀའ་རྒྱ། བཀྲ་ཤིས་རྫས་བརྒྱད་སྒྲོས་ལེགས་རྣམས་འབྱོར་བས་རྟེན་འབྲེལ་དགེ་བར་བྱུང་། གསེར་ཐལ་ལྷ་རྩེ་སྤྲུལ་སྐུ་དཔོན་སློབ་རྣམས་ཀྱིས་ནན་བསྐུལ་ངོར་བླ་བྲང་དུ་ཕྱིན་ནས་སྒྱུ་འཕྲུལ་ཞི་ཁྲོ། འདུས་མདོ། སེམས་སྡེ་རྣམས་ཀྱི་དབང་ལུང་ཚང་བ་བྱས། སྡེ་མདུན་ནས་བཀའ་ཕེབས་ལྟར་དགོན་ཆེན་དུ་ཕྱིན། ཁྲོ་རོལ་ཟློག་པ། གཡང་སྐྱབས། དབང་གསན་དགོས་རིགས་བཞེད་སྐོང་གྲུབ། ཁང་སར་མཁན་པོ་ནས་ཀྱང་དབང་ཀ་འགའ་ཞིག་གསན་འདུག་པ་རྣམས་གྲུབ་ནས་འདི་ལོ་རྟེན་བཞེངས་འགའ་ཞིག་གི་དོན་ཞར་བྱུང་འབྲུ་བསོད་ལ་ཕྱིན། ཨ་ལོ། རྔད། འཛོམ་ཐོག །ཚེ་ཚ་ནས་དཔེ་ཝར་བར་དུ་ཕྱིན། སྦྱིན་བདག་མང་པོའི་རེ་སྐོང་བྱས། ལྕགས་རྟ་གནམ་ལོ་གསར་ཚེས་ལ་ཨ་རབ་གནས་གོ་དཱ་བ་རིར་གནས་ཆེན་བྱིན་འབེབ་བྱས། དཔེ་ཝར་དགོན་དང་དཔལ་སྤུངས་རྣམས་སུའང་དབང་ཁྲིད་གང་དགོས་གྲུབ་ནས་ཡང་ཁྲོད་དུ་འཁོར། ཟླ་བ་དང་པོའི་མཇུག་ཏུ་བླ་བྲང་སྐུ་རིམ་ལྷ་གསར་དུ་ཁྲོ་རོལ་བཅས། གཉིས་པར་ཡང་ཁྲོད་དུ་དབོན་སྤྲུལ་སྐུ་རིམ་ཚེ་སྒྲུབ་བླ་བླུ་བདུན་གཅིག་དང་ཚེ་དབང་ཡང་ཉིན་རེ་བཞིན་བགྱིས། སྡེ་དགེར་ལུང་བརྟགས་མང་པོར་འགོང་པོ་ཨར་གཏད་བབས་པས་ངོས་ལ་དགོས་ཚུལ་སྔོན་རྗེས་ལན་གྲངས་བཞི་ཙམ་གསུང་བྱུང་བ། དེ་སྔ་ནུས་ལྡན་མང་པོས་ཨར་གཏད་མ་ཕོད་ལུས་ཚུལ་གྱི་རྒྱུ་མཚན་དང་། ཕྲན་ལ་དེ་བྱེད་པའི་ནུས་པ་ཕྲ་མོའང་མེད་པས་དགོངས་ཁྲོལ་ནན་དུ་ཞུས་ཀྱང་མ་བྱུང་བའི་རྗེས་མ་ཞིག་ལ་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟགས་མཚན་བཟང་པོ་ཞིག་མཐོང་ནས་ཁས་ལེན་ཞུས། འགྲོ་ཆས་བྱེད་སྐབས་རིག་འཛིན་སྒྲོན་མ་ལ་ཆམ་རིམས་ལྟ་བུའི་མཐར་གློ་བུར་དུ་ཤེས་པ་འཁྲུལ་ནས་ཐུན་ཤི་ཕོག །སྨན་རིམ་གང་དྲགས་བྱས་པས་དེ་སྐབས་དྭངས་སོང་ཡང་ཕྱིས་འགྲུལ་སྣ་སོགས་ཀྱིས་དུས་རྒྱུན་དུ་ནད་ཁམས་ཐུ་བ་ཞིག་བྱུང་། རང་ཉིད་ཁ་མཁོས་དམན་སྟབས་སྔར་མཚམས་དམ་པོར་སྡོད་སྐབས་ནས་ལག་གཡོག་ཐབས་མ་ཆག་ཙམ་རེ་ལས་གྲྭ་པ་གྲུལ་བཏུབ་སུའང་མེད། ཕྱིས་རྟེན་བཞེངས་བཟོ་ལས་ཇེ་མང་སོང་སྐབས་ཀྱང་བཅའ་ཁ་ཕྲན་བུ་རྣམས་མ་རྒན་ནས་མགོ་ལྟས་མ་གཏོགས་གཉེར་ཕྱག་ཟེར་བ་སོགས་བླ་ཆེན་དང་བླ་བྲང་གི་ལུགས་གང་ཡང་མེད། གྲྭ་པའང་རང་ལས་དྲགས་པ་ཞིག་ཡོད་ན་མགོ་བཅའ་ཚུར་ལ་བྱེད། རང་ལས་ཞན་པས་ནི་རྐུན་རྫུན་སོགས་མགོ་མི་ཐོན། རང་མཉམ་རྣམས་ཀྱང་དུས་དབང་གིས་ངོ་ལྐོག་མི་ཐུབ་པ་དང་ཡུན་རིང་འགྲོགས་ཐུབ་ཀྱི་བརྟན་པོ་མི་རྙེད་འདུག་པས། གྲྭ་པའི་རྩོལ་བ་མ་བྱས་པར་མ་རྒན་མེད་ཕྱིན་ཚ་མོ་འདི་ལ་དེ་ཚབ་བཅོལ་བ་ཡིན། དགོན་ཆེན་ལ་ཚེས་བཅུ་དགུར་ཕྱིན་པའི་སྔ་ཉིན་ཐང་རྒྱལ་ལྷ་ཁང་ནས་ཚེ་འབར་བལྟམས་མ་ཐག་ཕྱུར་པའི་ཆོ་འཕྲུལ་ཡང་བྱུང་འདུག །ཉི་ཤུ་ནང་དེར་སྲིབ་དགོན་དུ་དཔོན་སློབ་ཁ་ཤས་འཚོགས་ནས་ཨར་གཏད་བདུན་གཅིག་བསྒྲུབས། ཉེར་དགུ་ལ་མནན་པ་དང་འགོང་པོ་བརྫང་འདེབས་ཀྱང་བྱས། ཕྱིར་ཉིན་དྲག་སྲེག་དང་ཡར་ངོར་ཞི་བསང་སོགས་མཐའ་རྒྱས་གྲུབ། འདི་སྐབས་ཁང་སར་མཁན་པོའི་མནལ་ལྟས་སུའང་རྒྱལ་གདོན་ལྟ་བུ་གྲངས་མེད་པ་དགོན་ནས་གཞན་དུ་སྐྱས་ཐེག་སོང་བ་བྱུང་གསུངས། ལམ་འགྲོ་ལེགས་པ་བྱུང་ཡང་འདི་རིགས་རེ་ཞིག་ཞི་བ་ལས་རྗེས་སུ་འཕར་ལྡང་བྱུང་དུས་སླར་ཡང་མནན་པ་སོགས་གསོ་མ་ཐུབ་ན་གཏན་དུ་ཕན་ཐོགས་པ་ཞིག་མི་འོང་བ་ཡིན་འདུག །དེ་སྐབས་གཙུག་ལག་ཏུ་ཞབས་བརྟན་ཀྱང་གནང་། སླར་ཡང་གཏེར་གསར་མ་མོ་སྤྱི་བསྡུས་ཀྱི་མདོས་ཆེན་གཏང་དགོས་གསུངས་པ་ལྟར་བཅའ་གཞི་བསྒྲིགས་ནས་མདོས་ཆེན་རྩ་བ་ཡན་ལག་རྒྱས་པར་བཏང་། དེང་སང་སྤྱི་རིམ་ལ་འདི་ཤིན་ཏུ་ལེགས་པ་ཡོད། གཡང་སྐྱབས་དང་དབང་སོགས་བཞེད་སྐོང་གྲུབ་ནས་སླར་ཕྱིན། ཟབ་མོ་ནང་དོན་གྱི་འགྲེལ་པ་འབྲི་བ་དང་། ལྷག་བསམ་ལའང་སྒྲ་ཙཱནྡྲ་པ་བསླབ་པ་སོགས་ཀྱི་དབུ་ཚུགས། ཟླ་བ་ལྔ་པར་ལྕང་རའི་བུམ་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་ཕྱིན། དྲུག་པར་དགོན་ཐོག་བུམ་སྒྲུབ་ལའང་ཕྱིན་ཀྱང་གྲིབ་སྲིན་འཕར་བས་ཉིན་ཁ་ཤས་འཚོགས་ལ་མ་ཕེར། འདི་སྐབས་གནས་བརྟན་སྒང་ནས་གཏེར་ཆེན་ཞིང་ཁམས་སུ་གཤེགས་པའི་སྐད་ངན་སླེབས། སྒྲུབ་པ་གྲོལ་རྗེས་འཚོགས་པར་གཙུག་ཏོར་དྲི་མེད་ཀྱི་དབང་ལུང་ཡང་བྱས། བླ་མ་ཀརྨ་གསལ་བྱེད་ལས་དོལ་པོའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཞུས། ལོ་སྔ་རྗེས་འདི་རྣམས་སུ་རྒྱུན་དཀོན་ཅིང་སྔར་མ་ཐོབ་པའི་དབང་ལུང་མང་པོ་བླ་མ་རྣམས་ལས་ཞུས། ཟབ་མོ་ནང་དོན་དང་རྣམ་ཡེ་འབྱེད་པ་སྙིང་པོ་བསྟན་པའི་གཞུང་རྣམས་ཀྱི་འགྲེལ་པ་བརྩམ་གྲུབ་པར་བགྱིས། ནང་དོན་ལ་རང་འགྲེལ་ནི་དཀའ་འགྲེལ་དུ་སོང་བ་དང་བརླིང་ཆེ་བས་གོ་དཀའ། ཞྭ་དམར་ལྔ་པའི་སྟོང་ཐུན་ལའང་ཚིག་འགྲེལ་རྫོགས་པར་མི་བཞུགས། འགྲེལ་པ་གཞན་མང་ཡང་ལུང་རྒྱུན་ཙམ་ཡང་མི་བཞུགས་པ་དང་རྒྱས་བསྡུས་འཚམ་པ་མི་སྣང་། ཕྲིན་ལས་པ་དང་པོའི་ཉིན་བྱེད་འོད་ཕྲེང་འདུས་ཤིང་གསལ་བས་དེ་ཉིད་གཞིར་བཞག་པ་ལ་མཚུར་ཕུ་འཇམ་དབྱངས་ཆེན་པོའི་གསུང་སྒྲོས་ལོ་ཆེན་བསོད་ནམས་རྒྱ་མཚོས་ཟིན་བྲིས་བཏབ་པའི་ལེགས་བཤད་ཁྱད་པར་ཅན་དང་། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་གསུང་བཤད་གནང་སྐབས་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་བཀོད་པའི་ཟབ་གནད་སོགས་ཀྱང་འཐུས་པར་བྱས། དབྱར་གནས་སྐབས་སྡོམ་གསུམ་དང་ནང་བརྟག་རྒྱུད་གསུམ་གྱི་བཤད་པ་ཚང་བ་རྒྱུད་མཆོད་བཅས་བྱས། རྒྱུད་བརྟག་གཉིས་ཀྱི་སྤྱི་དོན་ཡང་རིམ་པར་བྲིས། འདི་སྐོར་རྡོ་རྗེ་འཆང་པདྨ་ཉིན་བྱེད་ཤིན་ཏུ་དགྱེས་པས་ཤེལ་ཕྲེང་སྐེ་ལ་བཀོན་ནས་དབུགས་དབྱུང་བསྩལ་བ་སོགས་རྨིས་ལྟས་ལེགས་པ་བྱུང་། ཟླ་བ་དགུ་པར་སྡེ་དགེའི་རྒྱལ་ཁབ་ཏུ་བོད་ནས་བཀའ་བློན་མདོ་མཁར་བའི་སྲས་མོ་བཙུན་མོར་བྱོན་རྒྱུའི་ཉེན་སེལ་རིམ་གྲོར་འོང་དགོས་བཀའ་ཕེབས་ལྟར་ཕྱིན་ནས་ཐུགས་བཞེད་ཐམས་ཅད་བསྐངས། བཅུ་པར་སྐུ་ཞབས་མཆོག་སྤྲུལ་དབུས་ཕེབས་མཛད་པར་ཚེ་དབང་སོགས་རྐྱེན་སེལ་ཕུལ། འབྲི་ཆུ་ཁ་བར་ཆིབས་སྐྱེལ་ཞུས་ནས་ཕྱྭ་གཡང་གཞིས་ཀར་སོང་། ཞེ་ཆེན་རབ་འབྱམས་གཉིས་པའི་བཀའ་འབུམ་པོད་དགུ་ལུང་རྒྱུན་ཆད། ངོས་ནས་སྔར་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་ཐོས་པ་རྫོགས་ཆེན་རྡོ་རྗེ་རབ་བརྟན་ནས་ཤེས་ཡོད་འདུག་པས་དཔེ་རྣམས་བཀལ་ནས་སླེབ་བྱུང་བས་ལུང་ཚང་མ་བཀླགས། འདི་སྐབས་སྐུ་ཞབས་རིན་པོ་ཆེར་རྒྱལ་གནོད་གཙོར་གྱུར་གྱི་བར་ཆད་ཆེན་པོ་འབྱུང་བའི་ལྟས་དང་། རང་གི་མ་རྒན་འདྲ་བ་ཞིག་གིས་འདི་ལོ་བོད་ཕེབས་མ་ལེགས་ཚུལ་སོགས་ལུང་བསྟན་འདྲ་བ་མང་པོ་ཤིན་ཏུ་ཁྲོས་ནས་བརྗོད་པའི་རྨི་ལམ་བློ་ཚབ་ཚུབ་ལྡང་བ་བྱུང་། སླར་འཁོར་ནས་སྐུ་ཞབས་རིན་པོ་ཆེས་བཀའ་བརྟགས་གནང་བ་ལྟར་གྲོ་ལོད་ཡས་ཟོར་དང་གསོལ་ཁ་འཕར་མ་སོགས་གྲུབ་ནས། རྗེ་བླ་མའི་བཀའ་ལྟར་དིལ་མགོར་ལྕམ་སྲིང་མ་འཚོ་བའི་དགེ་སྒྲུབ་དང་། སྦྱིན་བདག་གཞན་འགའི་རེ་སྐོང་ཆེད་རྨེ་རྟིང་སྐོར་དུ་ཁྱུགས་ཙམ་ཕྱིན་ནས་རྫོང་སར་དུ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཞབས་པད་དུ་གཅར། དབང་ལུང་གསན་དགོས་མང་དུ་ཕུལ། ཚུར་ལའང་དབང་ལུང་མང་དུ་བསྩལ། ཁྱད་པར་ལུང་དོན་ལྟར་སྒྲོལ་མའི་ཟབ་ཏིག་གི་དབང་ལུང་ཁྲིད་བཅས། དག་སྣང་གསར་བྱུང་རྩ་གསུམ་རིགས་འདུས་ཟབ་ཏིག་གསར་བབས་དང་དེའི་དབང་ལུང་གནང་། སྔགས་སྲུང་དངོས་ཐིམ་གྱི་ཞལ་ཐང་གནང་བ་དང་ཆབས་ཅིག་སྔགས་སྲུང་མའི་སྲོག་གཏད་གནང་སྐབས་དངོས་སུ་བྱོན་པ་ལྟ་བུའི་འཇིགས་ཟིལ་དང་། དབུགས་འཚང་ཞིང་འགུལ་མི་ཤེས་པ་བྱུང་། དཔལ་སྤུངས་བསྟན་དོན་བརྟག་པ་ཞུས་པར་རི་བོ་སྲིན་ཟོས་སོགས་མནལ་ལྟས་ཅུང་ཞན། ལྕགས་ལུག་གནམ་ལོ་གསར་ཚེས་ཀྱི་ཟླ་བ་དང་པོའི་ཚེས་གཅིག་ལ་པདྨ་འོད་གསལ་མདོ་སྔགས་གླིང་པས་ཀུན་བཟང་ཞི་ཁྲོ་དགོངས་པ་ཀུན་འདུས་ཀྱི་རྩ་བའི་དབང་ཡིན་གསུང་བའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་བར་དུ་དབང་ཕྲིན་ཁྲིད་སོགས་ཚང་བ། ཆོས་ཚན་བཅོ་ལྔ་ཡོངས་རྫོགས་ཀྱི་དབང་ཡིན་སྙམ་པ་ཞིག་ཐོབ་པ་རྨིས་པའི་ཕྱིར་ནངས། དགོངས་གཏེར་རྩ་གསུམ་དགོངས་པ་ཀུན་འདུས་ཀྱི་ཆོས་སྐོར་འགའ་ཞིག་གི་དཔེ་མཇལ་ཁ་གནང་ནས་ཆོས་བདག་ཡིན་པའི་དབུགས་དབྱུང་བསྩལ། མཆོག་གླིང་ཟབ་གཏེར་ཡང་ཟབ་སྐོར་བདུན་གྱི་ཐོག་མ་བླ་མའི་བྱིན་རླབས་དང་། མར་ལུགས་རྡོར་སེམས་ཧེ་རུ་ཀའི་བྱིན་རླབས་སོགས་ཀྱང་གནང་། རང་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཞུས་ཐོབ་བྱས་པ་རྣམས་ཆུད་ཟོས་མ་སོང་བར་དབང་ཁྲིད་གདམས་ངག་གཙོ་ཆེ་བ་རྣམས་ཕྱོགས་བསྒྲིག་ཅིག་གྲུབ་ན་ཅི་འདྲ་སྙམ་པའི་གནས་ཚུལ་ཞུས་པས། ཁོང་ནས་ཁྲིད་ཡིག་པུསྟི་ཉི་ཤུ་ལོངས་པ་བྲིས་ཡོད་ཀྱང་དབང་སོགས་ཁ་ཚང་བ་མེད་ཅིང་ཉོབ་ཆེ། ཁྱོད་ཀྱིས་དེ་ལྟར་ཤིན་ཏུ་ལེགས་པས་དེ་ལྟར་བསྒྲིགས་ནས་གདམས་ངག་མཛོད་དུ་གདགས་དགོས་གསུངས། ལམ་འབྲས་པོད་དམར་ནག་སོགས་ཀྱི་ལུང་དང་གདམས་ངག་མཛོད་པོད་བཅུའི་ཐོ་བཀོད། གཏེར་མཛོད་གདམས་མཛོད་རྣམས་ཀྱི་བརྒྱུད་ཡིག་ཀྱང་ཞིབ་ཆ་མཛད། ལམ་སྐོར་བརྒྱད་ལ་ཁྲིད་ཡིག་ཅིག་བྲི་དགོས་ཞེས་ཕེབ་ཅིང་ཁས་བླངས་ཞུས་པའི་ཚེས་དགུའི་ནུབ་རྗེ་བླ་མའི་མནལ་ལྟས་སུ། རྒྱ་གར་གྱི་སྨན་ལྗོངས་ཙནྡན་དང་ཨ་ག་རུའི་ནགས་ཚལ་ཡིད་དུ་འོང་བ་འཁྲིགས་པ་ཞིག་ན། ཨ་ག་རུའི་ཁྲིའུ་ཞིག་གི་ཁར་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཉིད་ཆོས་གོས་གསོལ་ཞིང་བག་དྲོ་གཟི་བརྗིད་འཛུམ་མདངས་བཅས་བཞུགས་པ་ལ་གུས་པས་བཏུད་པ་ན། ཞལ་ནས། ཀོང་སྤྲུལ་རིན་པོ་ཆེ་དང་ཁྱེད་རང་གཉིས་ནས་ལམ་འབྲས་རྩོམ་པ་ཤིན་ཏུ་ལེགས་གསུངས། ངེད་དཔོན་སློབ་ཀྱིས་ལམ་འབྲས་རྩོམ་པ་མིན། དེ་ལོ་ནས་བཟུང་ལམ་འབྲས་ཀྱི་དབང་ལུང་ཁྲིད་གསུམ་མདོ་ཚང་ཙམ་བྱས་པ་ལགས་ཞུས་པས། མ་གསན་པ་ལྟར་མཛད་ནས། ལམ་འབྲས་རྩོམ་པ་དེ་ཤིན་ཏུ་ལེགས། སྔོན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ལམ་སྐོར་དགུ་ཀ་ལ་ཁྲིད་ཡིག་མཛད་པར་བཞེད་ཀྱང་རྩ་བའི་ཁྲིད་ཆེན་བཞི་པོ་མ་གཏོགས། ལམ་སྐོར་ཕྱི་མ་བརྒྱད་ལ་ཁྲིད་ཡིག་མཛད་རྒྱུ་མ་བྱུང་བས་ད་རེས་དེ་ཐོན་ན་བླ་མ་དམ་པའི་ཡང་དགོངས་པ་སྐོང་བར་འགྲོ་རྒྱུ་རེད། འདི་ལམ་འབྲས་སྙན་བརྒྱུད་ཀྱི་གླེགས་བམ་ཡིན་པས་འདིའང་ཀོང་སྤྲུལ་ལ་ཕུལ་དགོས་གསུངས་ནས་གླེགས་བམ་འབྲིང་ཚད་དམར་པོ་ཞིག་སྐུ་མཆན་ནས་བཏོན་ཏེ་ཕྱག་ཏུ་གནང་། དེར་སྔོན་ཆད་ལམ་འབྲས་སྙན་བརྒྱུད་ཟེར་བ་ཡོད་པ་མ་ཚོར་བས་ཐུགས་ཉམས་མཚར་བ་ཞིག་བྱུང་བ་དང་། འདི་ཀོང་སྤྲུལ་ལ་གཏད་དགོས་པའི་རྒྱུ་མཚན་ཅི་ཡིན་དགོངས་པར། ཞལ་འཛུམ་སྟེ། ཀོང་སྤྲུལ་ངེད་རང་ཚང་ཡིན་མོད་གསུངས། ངེད་རང་ཚང་སུ་ཡིན་ཅེས་གསུང་མཐོ་བ་ཞིག་ཞུས་པས། མུས་ཆེན་སངས་རྒྱས་རིན་ཆེན་ཡིན་གསུངས། དེར་ཐུགས་དགོངས་ལ་སངས་རྒྱས་རིན་ཆེན་འཇམ་མགོན་ཀུན་དགའ་གྲོལ་མཆོག་དགུང་ལོ་བཅུ་གཅིག་བཅུ་གཉིས་སྐབས་བདེ་མཆོག་སོགས་ཞུས་པའི་བླ་མ་ཡིན། གྲོལ་མཆོག་སྤྲུལ་སྐུ་ཏཱ་ར་ནཱ་ཐ། དེའི་སྐྱེ་བ་ཀོང་སྤྲུལ་ཡིན་པས། གྲོལ་མཆོག་དང་སངས་རྒྱས་རིན་ཆེན་ཐུགས་རྒྱུད་གཅིག་པ་འདྲ་ཡིན་ན་མ་གཏོགས་སྐྱེ་བ་ཡིན་མི་ཤེས་པ་འདྲ་དགོངས་མ་ཐག་ཏུ། འོ་དེ་ལགས་སོ། །མུས་ཆེན་སངས་རྒྱས་རིན་ཆེན་དང་ཀུན་དགའ་གྲོལ་མཆོག་གཉིས་ཐུགས་རྒྱུད་གཅིག་པ་ཡིན་གསུངས་པ་ཞིག་རྨིས་གསུངས། ཉིད་ཀྱིས་ཤངས་ཟབ་བུ་ལུང་ནས་སྤྱན་དྲངས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་སྒྲོལ་མ་གསུང་འབྱོན་མ་སོགས་སྐུ་རྟེན་ཁྱད་འཕགས་ལྔ། གདམས་ཁྲིད་པུསྟི་བཅུ་གཉིས། ཐུགས་རྟེན་ཟུང་སོགས་གནང་ནས་ཤིས་བརྗོད་རྒྱས་པར་མཛད། དེ་རྣམས་སྤྱན་དྲངས་ཏེ་ཡང་ཁྲོད་དུ་ཕྱིན། འདོན་བྱ་དང་ཁྲིད་སོགས་སྔར་རྒྱུན་ལྟར་བགྱིས། མཁན་བླ་མ་བཀྲ་ཤིས་འོད་ཟེར་ཀུན་སྤངས་པར་བཞུགས་ཀྱང་གཞན་ལ་དགེ་བསྐུལ་གྱིས་གཡུ་ཐོག་བཀྲ་ཤིས་གནས་ནང་དུ་སྒྲུབ་ཆེན་མཛད་བཞེད་ལ་ཕྱིན། གནས་རྒྱབ་སྔ་དྲོ་བགྲོད་སྐབས་ཤར་ནུབ་སྦྲེལ་བའི་འཇའ་ཚོན་སྣ་ལྔ་སྣེ་གཉིས་ཁ་དབྲག་ཏུ་སོང་བ་ཉི་ཤར་ནས་ཉིན་གུང་བར་སྡོད་སོང་། ཐོག་མར་གནས་རྩེར་བསང་བརྔན་དང་ལྷ་སྲིན་དམ་བསྒྲགས་བགྱིས། གནས་མཐིལ་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་གྲུབ་ནས་གནས་ཆེན་བྱིན་འབེབ་ཀྱང་གཟབ་གཏད་བགྱིས། དཔལ་འབྱོར་སྒང་དུ་བླ་མ་བཀྲ་ཤིས་གཙོར་བཞུགས་འདུས་པ་རྣམས་ལ་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། གཏེར་གསར་ཐུགས་སྒྲུབ་རྩ་བ་ཡན་ལག་བཅས་པའི་དབང་ཚང་བར་བགྱིས་ནས་རང་གནས་སུ་སླེབས། སྔ་ལོ་རིག་འཛིན་སྒྲོན་མ་ལ་ཁྱེའུ་རྟགས་ཅན་ཞིག་ཡོད་འདུག་པ་འདི་རེས་རྗེ་བླ་མ་རིན་པོ་ཆེར་མིང་ཞིག་གནང་བར་ཞུས་སྐབས། ན་ནིང་ཐོ་རངས་བུད་མེད་ཅིག་གིས་རིག་འཛིན་སྒྲོན་མའི་བུ་དེ་རོང་པ་རྒྭ་ལོའི་སྐྱེ་བ་ཡིན་ཟེར་བ་ཞིག་བྱུང་བས་དེའི་མཚན་རྣམ་རྒྱལ་རྡོ་རྗེ་ཡིན་པས་དེ་ལྟར་བཏགས་པ་ལེགས་གསུངས་འཇམ་དབྱངས་རྣམ་རྒྱལ་རྡོ་རྗེ་ཞེས་མིང་བཀྲ་ཡོད་པའི་ཤིས་བརྗོད་ཕྱག་རྟགས་ཅན་བསྩལ། རྗེས་སུ་དུས་འཁོར་མཁན་པོ་ཞིག་འོང་དགོས་གསུངས། ཟླ་བ་གཉིས་པར་རྡོར་སེམས་སྒྲུབ་ཆེན་རིལ་སྒྲུབ་བཅས་བགྱིས། ཉག་ཁོག་སྤྱི་ཁྱབ་ཕུན་རབ་པ་རྗེ་བླ་མ་མཇལ་བར་བྱོན་ཡོད་འདུག་པས་འོང་དགོས་གསུངས་པ་ལྟར་ཕྱིན། རྗེ་རིན་པོ་ཆེའི་མདུན་ནས་བུ་ལུགས་དུས་འཁོར་དབང་དང་། ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ཚང་བ་གནང་འདུག་པ་ཞར་བྱུང་ཐོབ། སྤྱི་ཁྱབ་ནས་ཚེ་སྒྲུབ་ཅིག་དགོས་གསུངས་པ་ཞག་བཅུ་ཙམ་དང་ཚེ་དབང་མང་དུ་བགྱིས། རྗེ་བླ་མར་ཕུར་པ་རྒྱུད་ལུགས་དེའི་དབང་ཞིག་ཞུས་པར། མནལ་ལྟས་སུ་རྩ་བརྒྱད་པ་རྡོ་རྗེ་སེངྒེས་ཕུར་པའི་སྒོ་ནས་བླ་མའི་སྐུ་ཚེ་བསྲིང་བའི་ལོ་རྒྱུས་དེ་བཤད་པར་བྱུང་བས། དབང་སྒྲུབ་ཞར་བྱུང་ཞིག་ཀྱང་མཛད་སྐབས་དག་སྣང་དུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལས་ཉེ་བརྒྱུད་གསན་པར་བྱུང་འདུག་ཅིང་དབང་བསྐུར་རྒྱས་པར་བསྩལ། སླར་ཕྱིན་ནས་དགོན་ནང་ས་ག་ཟླ་བར་བུམ་སྒྲུབ་ཁྲོམ་དབང་བཅས་བགྱིས། ཕུན་རབ་པའི་བསུ་མ་འབྱོར་བས་རྫོང་སར་དུ་ཁོང་པས་ཀུན་མཁྱེན་བླ་མ་རིན་པོ་ཆེར་ཞབས་བརྟན་ཕུལ་བའི་ཆོ་ག་པ་བྱས། ཁོང་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བྱ་རྩིས་ཀྱིས་བྱེད་ལུགས་བསླབ་སྟོན་ཞུས་འདུག་པ། ཁོང་ནི་ད་ཕྱིན་སྒོ་ཐེམས་འདི་བརྒལ་ནས་བྱོན་རྩིས་མིན། གཞན་ངེད་རང་མ་གཏོགས་ལག་ལེན་ཤེས་མཁན་སུའང་མེད་ཚུལ་གསུངས་པ་ལ་བརྟེན་ངེད་རང་ཉག་ཁོག་མ་འོང་ཐབས་མེད་སྨྲས་སོང་། འདི་སྐབས་རྨེ་ཤོད་ཧག་མདའི་ཁང་ལེབ་ཞིང་བདག་ཕུན་རབ་པའི་བཀའ་བཀྱོན་ཕོག །ཞིང་ཚང་མ་ཡང་ཁྲོད་དུ་ཀླ་ཀློའི་ཁ་གནོན་ལོ་བསྟར་དུས་འཁོར་སྒྲུབ་མཆོད་ཚུགས་དགོས་པའི་ཐེབས་སུ་སྦྱར་སོང་། ངེད་རང་དཔོན་སློབ་བགྲོས་ནས་དགོས་ཆའི་རྫས་ཐོ་ཞིབ་པར་བཀོད་ནས་སྤྲད། དེ་སྐབས་ཆར་དཀོན་པས་ཆར་སློང་སོགས་འདོན་བྱ་མང་། འདི་ལོར་ཙ་འདྲའི་གནས་འདུས་ཡིན་པས་བསྐོར་བའི་ཕན་ཡོན་སོགས་ལོ་རྒྱུས་ཡི་གེ་མཛད་སོང་བའང་སྒོ་ཡིག་བྱས། ཚུར་སླེབས་ནས་ཟླ་བ་དྲུག་པའི་ནང་དབོན་སྤྲུལ་སོགས་ངེད་རང་དཔོན་སློབ་ཆ་ཤས་བསྐོར་ལམ་གཏོད་པར་ཕྱིན། དགོས་ཆས་རྣམས་དང་བསང་གསེར་སྐྱེམས། ཚོགས་སྨོན་ལམ་སོགས་བཤད་ཚོད་ལྟར་བྱས། བྱང་སྒོའི་ལྗོན་པའི་དྲུང་བསང་གསེར་སྐྱེམས་བགྱིས་སྐབས་ཤར་ཕྱོགས་ནམ་མཁའ་ཕྱེད་ཁེབས་པའི་འཇའ་སྤྲིན་སྔོ་ལྗང་འདྲེས་མས་གཞི་བྱས་པ་ལ་ཁ་དོག་སྣ་ཚོགས་འདྲེས་པས་ལྷོ་བྱང་གཉིས་སྦྲེལ་བ་སྔ་དྲོའི་ཡུན་ལ་བསྡད། སྔར་མཆོག་གླིང་གཏེར་བྱོན་གྱི་གནས་ཡིག་ཏུ་མེད་ཀྱང་ཕྱིས་རྗེ་བླ་མའི་གཏེར་བྱོན་དཔལ་དེའུ་དང་སྐུ་རྗེས་རྣམས་ཀྱི་དཀར་ཆག་ཡོད་པ་ལྟར་སྐུ་རྗེས་བཙལ་བས་རྙེད། གཞན་ཡང་བཀྲ་ཤིས་དཔལ་ཕུག་དང་། ཨ་དཀར་ཐོག་ཚད་ཙམ་པ་སོགས་སྔར་མེད་པའི་རང་བྱོན་འགའ་ཞིག་ཀྱང་རྙེད། ཟླ་བ་དྲུག་པ་ནས་ཉིན་རེ་བཞིན་ཕྱི་དྲོ་འཇའ་དཀར་སྐུ་ཤ་ལྟ་བུ་ནུབ་ནས་ཤར་དུ་ཇེ་རྒྱས་སུ་སོང་བས་ནམ་མཁའ་ཕྱེད་ཁེབས་པ་སྟུད་མར་བྱུང་། གནས་བསྐོར་བ་ཤིན་ཏུ་མང་པོ་བསྐོར་ལམ་བར་མེད་དུ་འཁོར་བ་འདུས། ཐམས་ཅད་རྩོད་འཛིང་སོགས་མེད་པ་དང་ཞྭ་ལོང་ཁུར་ཁྲིད་དགོས་པ་རྣམས་ཀྱང་རོང་བཞི་འཕྲང་བརྒྱད་སོགས་ནས་བསྣད་ཡར་ཅུང་ཟད་ཀྱང་མ་བྱུང་བས་གྲུབ་རྟགས་ཡིན་བྱས་ཀྱང་ཆོག་པ་ཞིག་བྱུང་། འདི་སྐབས་ཡང་ཁྲོད་དུ་སྒྲོལ་སྐུ་ཞལ་མཇལ་དང་འགྲིམ་མང་གཏུགས་འགྲུལ་ཟིང་ཆ་ཆེ་བས་ཉིན་འཕུལ་བ་ཤ་སྟག་བྱུང་། རེ་ཏཱིའི་མཚོ་ལ་ཆར་སློང་ཕྱིན་སྐབས་མཚོ་ཐད་དུ་སྤྲིན་ཆོས་འབྱུང་དབྱིབས་ཅན་ཡུན་རིང་བསྡད་པ་གནས་བསྐོར་མཁན་རྣམས་ནས་མཐོང་སྐད། ཆར་ཡང་བབས། དྲུག་པའི་ཚེས་བཅུར་དཔལ་དེའུའི་གནས་ངོ་སྤྲོད་པ་དང་བསྐོར་ལམ་ཡང་གཏོད། དབོན་སྤྲུལ་ཞབས་ཕྱི་གཉིས་ནས་སྦྱིན་བདག་བྱས་ཏེ་ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་བླ་མ་དགོངས་འདུས་ཀྱི་སྨན་སྒྲུབ་ཚུགས། ཉིན་གཉིས་པའི་ནངས་མོར་སྐྱོན་མེད་པར་སིལ་སྙན་ཆག་འདུག་པ་ཕྱིས་ཁོང་དཔོན་སློབ་ལ་རྐྱེན་ཆག་ཡོད་པའི་ལྟས་སུ་སྣང་། ཟླ་བ་བདུན་པར་ལྷ་རུའི་སྡེ་སྤྱིའི་རིམ་གྲོ་དང་འབྲེལ་བར་དབུ་ཆེ་རྩེར་བཀའ་ནན་རབ་བརྗིད། བསང་བརྔན་ཁེངས་མདོས་སོགས་བཏང་ནས་གཏེར་གསར་ཐུགས་སྒྲུབ་ལྟར་གནས་ཆེན་བྱིན་འབེབ་རྒྱས་པར་བྱས། རྒྱལ་ཁབ་བདེ་ཐབས་སུ་དམིགས་ནས་མ་མོ་སྤྱི་བསྡུས་ཀྱི་སྨན་རཀ་གཏོར་གསུམ་གྱི་མདོས་ཀྱང་བཏང་། སྔར་རྗེ་བླ་མ་རིན་པོ་ཆེས་ཙ་འདྲའི་ཡན་ལག་གི་གནས་གསུམ་གྱི་མདོ་བྱང་གཏན་འབེབ་གནང་བ་ཡོད་པ་འདི་རེས་སྐུལ་བ་པོ་བྱུང་བ་ལྟར་གླིང་ཚ་བརྟེན་སྐྱོབ་གནས་པདྨ་དྲྭ་བར་ཕྱིན། འདི་སྐབས་ཀྱང་འཇའ་ཚོན་ཤར་བ་སོགས་ལྟས་དང་རྟེན་འབྲེལ་ལེགས། ཞི་བསང་། ལྷ་སྲིན་དམ་བསྒྲག་གནས་ཆེན་བྱིན་འབེབ། བསྐོར་ལམ་གཏོད་ཅིང་གནས་ཀྱི་ངོ་སྤྲོད་བྱས་ནས་སླར་ཕྱིན། དབྱར་གནས་ཁང་དུ་དབྱར་ཞུགས་མཁན་རྣམས་ལ་སྡོམ་གསུམ། རྒྱུད་བླ་མ། ཟབ་མོ་ནང་དོན། དགྱེས་རྡོར་དབང་སྔོན་དུ་འགྲོ་བའི་རྒྱུད་བཤད། ཤེས་བྱ་ཀུན་ཁྱབ་མདོར་བསྟན་རྣམས་རིམ་པར་བཤད་གྲུབ་ནས་ཡང་ཁྲོད་དུ་ཕུར་པའི་གནད་ཏིག་གི་བསྙེན་པ་ཁ་གསོ་བགྱིས། ཟླ་བ་བརྒྱད་པར་ཕུར་ཁང་དུ་ལོ་བསྟར་ཕུར་སྒྲུབ་ལ་ཕྱིན། དེ་གྲུབ་མཚམས་བླ་བྲང་སྐུ་རིམ་གུར་དྲག་མེ་འཁྱིལ་ཟློག་པ་དང་སྦྲེལ་མར་རྒྱལ་བསེན་དགུ་སྦྲགས་ཀྱི་མདོས་ཆེན་བཏང་། འཚུབས་ཆེ་ཙམ་བྱུང་། ཕྱོགས་འདུས་ཀྱི་བླ་གྲྭ་ཆེ་ཕྲ་མང་པོར་དབང་ལུང་ཁྲིད་སོགས་འདོད་སྐོང་བྱས། ཡང་ཁྲོད་དུ་བསྙེན་མཚམས་མུ་མཐུད་དང་། ཐུན་བར་ལ་སྔོན་རྩོམ་འགྲེལ་པའི་རིགས་ཞུ་དག་གྲུབ། ཟླ་བ་བཅུ་གཅིག་པའི་གནམ་སྟོང་ལ་བླ་རྒན་གསང་སྔགས་ཞི་བར་གཤེགས་པ་ལ་འབོད་ནན་བྱུང་ཡང་མཚམས་རྒྱ་མ་གྲོལ་བས་མ་སླེབས། ཆོས་དབང་ཡང་དག་བསྙེན་པ་གཏང་བའི་སྐབས་ཨ་རུ་ར་རྣམ་རྒྱལ་རློན་པ་སྙིམ་པ་ཁ་སྦྱོར་ཙམ་རྙེད་པ་དང་། དངོས་གྲུབ་ལེན་ཆོག་གི་ཐོ་རངས་དངོས་གྲུབ་ལེན་ཚུལ་གྱི་བརྡ་དོན་ཤིན་ཏུ་མང་པོ་ཞིག་བཤད་བྱུང་བའི་མཐར་ཡི་དམ་འདི་བསྒྲུབས་ཀྱང་དངོས་གྲུབ་བླ་མ་དགོངས་འདུས་ལས་ལེན་རྒྱུ་ཡིན་ཟེར་མ་ཐག །པདྨ་བཛྲའི་སྐུ་ཆེན་པོ་ཞིག་མཇལ་བ་ལས་འོད་ཟེར་ལྗང་གུའི་སྤྲོ་བསྡུ་བྱས་པ་སོགས་རྨི་ལམ་ཉམས་མཚར་བ་བྱུང་བས་བཀོད། མཆོག་གླིང་ཟངས་བྱང་མ་དང་སྙན་བརྒྱུད་ཡང་དག་སོགས་རིམ་པར་བསྙེན། ནུབ་ཅིག་ལྷ་ཁང་དུ་འཕགས་ཡུལ་གྲུབ་ཆེན་དགུ་པོ་ལྷན་ཅིག་ཏུ་བཞུགས་པ་གཞན་རྣམས་འོལ་ཙམ་ལ། རྡོ་རྗེ་དྲིལ་བུ་པ་ཡུམ་བཅས་དང་། ཀུ་ཀུ་རི་པ་ཡུམ་མེད་པ་ཆེས་གསལ་ཞིང་། ཐམས་ཅད་ཡུམ་གཅིག་ལ་བརྟེན་ནས་ཚོགས་ཀྱི་འདུ་བ་ལ་སྤྱོད་པས་ཡེ་ཤེས་རོལ་པའི་བརྡ་དོན་ངོ་མཚར་བས་སྔར་མེད་ཀྱི་གོ་བ་སྐྱེས་པ་རྨིས། ལོ་བསྟར་གྱི་འདོན་བྱ་རྣམས་ཆག་མེད་དང་ལོ་མཇུག་གཏོར་སྒྲུབ་སྐབས་རྟེན་ཐོད་ཀྱི་བདུད་རྩི་འཕེལ་ཞིང་ཁོལ་ཏེ་ཕྱུར་ལ་ཁད་པར་བྱུང་འདུག །སྐུ་ཞབས་རིན་པོ་ཆེ་ཡང་བོད་ནས་ཕྱིར་ཕེབས་གྲུབ། ཆུ་སྤྲེལ་གནམ་ལོ་གསར་ཚེས་བཅུའི་ཉིན་སྐུ་ཞབས་རིན་པོ་ཆེ་ཕེབས་ནས་སྐུ་སྐྱེས་གནང་། གཏང་རག་དཀོན་སྤྱིའི་ཚོགས་བརྒྱ་ལྷག་ཅིག་མཛད། དབུ་ཐོན་ཕུལ་ནས་ཕྱིར་ཕེབས། འདི་སྐོར་བྱད་ལྟས་འགའ་ཞིག་བྱུང་བར་ཚེ་བདག་གི་དབྱུག་ཏོས་བཅོམ་པ་དང་དྲག་པོ་ཀཱི་ལ་ཡའི་ཏིང་འཛིན་དང་སྔགས་ཀྱིས་བཏུལ་བ་སོགས་རྨིས། ཉེར་གསུམ་ལ་བསྙེན་པ་གྲོལ། ཉེར་བཞི་ནས་དཔོན་སློབ་སུམ་ཅུ་སྐོར་གྱིས་ཡང་དག་བཀའ་མ་སོ་ལུགས་ཀྱི་སྒྲུབ་ཆེན་སྒྲུབ་ཁོག་གསར་བསྒྲིགས་ལྟར་ཚུགས། འདི་སྐབས་རང་བྱུང་མཆོད་རྟེན་བཀོད་པ་ངོ་མཚར་བའི་སྟེགས་བུའི་ཆབ་དྭངས་པ་འཐུང་ཞིང་ཚད་མེད་ཡན་བཏེགས་ནས་མི་མང་པོ་ལ་དབང་སྦྱིན་པ་དང་། དབྱར་ཁ་མེ་ཏོག་སེར་པོའི་ཚལ་ཆེན་རྒྱས་པ་དང་། ཤེལ་རྡོ་མང་པོ་ས་ནས་དོན་ཏེ་རྙེད་པ་དང་། ཞིང་མང་པོ་ལོ་ཏོག་ལེགས་པ་དང་། སྐྱེ་བ་ཕྱི་མའི་བརྡ་དོན་ཉམས་མཚར་བ་སོགས་རྨིས་ལྟས་བཟང་པོའང་མཐོང་། སྒྲུབ་པ་རྣམས་ཀྱང་གྲོལ། ཉག་ཁོག་སྤྱི་ཁྱབ་ནས་གཉེར་པ་བསུ་མི་བཏང་བྱུང་བས་འགྲོ་ཆས་བསྒྲིགས། ཟླ་བ་གཉིས་པའི་ཚེས་བཅུ་གཉིས་ལ་རི་ཁྲོད་ནས་བཏེགས། རྫོང་སར་དུ་རྗེ་བླ་མ་རིན་པོ་ཆེ་མཇལ་བས་མི་ཟད་རྒྱན་འཁོར་ལྔའི་རྟེན་དང་ཞབས་བརྟན་གནང་། དངུལ་ཆུ་བཙོ་བཀྲུ་དང་ཐལ་སྨན་རྣམས་ཀྱི་ལག་ལེན་ད་རེས་ཞར་བྱུང་གསལ་རྒྱས་སུ་བཀོད་དགོས་པ་དང་། རིམ་པར་སྡེབ་སྦྱོར་རིན་འབྱུང་འགྲེལ་པ་སོགས་རིག་གནས་ཀྱི་ཡིག་ཆ་འགའ་ཞིག་ཤེས་བྱ་ཀུན་ཁྱབ་ཡན་ལག་ཏུ་འབྲི་དགོས་པའི་བཀའ་ཕེབས་ཀྱང་བསྩལ། འདི་སྐབས་རྨི་ལམ་དུ། ངོར་དགོན་དུ་སླེབས། ཁང་སར་མཁན་པོའི་ལྷ་ཁང་ཁྱད་པར་ཅན་དུ་གསེར་ལས་གྲུབ་པའི་མཆོད་རྟེན་ཆ་བརྒྱད་དང་མཁའ་སྤྱོད་མའི་སྐུ་དངོས་ལྟ་བུ་མཇལ་བ་དང་། ནུབ་ཅིག་རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་བགྲེས་སོང་ཐོར་ཚུགས་ཅན། སླས་ཀྱི་འཁོར་དང་བཅས་པ་མཇལ་བའི་ཞབས་ལ་བཏུད་དེ། བདག་ནི་སྐྱེ་བ་ཐམས་ཅད་དུ། །སོགས་ལན་གསུམ་ཡིད་ཀྱིས་བརྗོད། འདི་ཕྱི་བར་དོ་ཀུན་ཏུ་རྒྱལ་བ་ཀརྨ་པས་ཐུགས་རྗེས་ཟུངས་ཞེས་ངག་གིས་ཞུས་པས་རྗེས་སུ་གདམས་པའང་བསྩལ། གནང་རྒྱུ་ཞིག་ཡོད་པས་ལེན་མི་གཏང་ཤོག་གསུངས་པ་ཞིག་རྨིས། རྫོང་སར་ནས་ཐེག །ལམ་སྐབས་རྟ་ཁོག་ཕ་བོང་བོན་མོར་བསང་དང་ཚོགས་མཆོད་ཕུལ། རི་རྒྱལ་རྫོང་དུ་སླེབས་ནས་བཙོ་བཀྲུའི་ཆས་འཁོར་ཉིན་ཁ་ཤས་བསྒྲིགས། ཟླ་བ་གསུམ་པའི་ཚེས་གཅིག་ཉིན་བསང་གསེར་སྐྱེམས་དང་། གཡུ་ཐོག་སྙིང་ཐིག་ཚོགས་མཆོད་དང་བཀའ་སྲུང་གསོལ་ཁ་བགྱིས་ནས་ལས་འགོ་བཙུགས་པས་འཇའ་ཚོན་ཤར་བ་དང་ཆར་ཐོག་མར་འབབ་པ་སོགས་ལྟས་ལེགས། ལག་ལེན་ཡང་རིམ་པར་བྲིས། བཙོ་བཀྲུ་དང་ཐལ་སྨན་སོགས་ཁ་སྨྲ་མེད་པའི་ལམ་འགྲོ་བྱུང་། ཉེར་མཁོར་དམིགས་ནས་སྨན་གཏང་ལུགས་ཉམས་ཡིག །ཟླ་ཤེལ་ལག་ལེན་ཞིག་ཀྱང་བྲིས། འདི་སྐབས་དཔྱད་དཀའ་བའི་རྨི་ལམ་མཚར་པོ་འགའ་དང་། ནུབ་ཅིག་གཏེར་ཆེན་མཆོག་གྱུར་གླིང་པས་རང་ལ་གནང་བ་སྙམ་པའི་མཁའ་འགྲོའི་སྐོར་གྱི་ཤོག་སེར་ཁྱད་པར་ཅན་གཅིག་ལ་གཟིགས་ནས་བརྡ་འགྲོལ་འགའ་ཞིག་མཛད། འགྲོ་དུས་སྲུང་བ་ཡིན་ཅེས་རིམས་ངན་ཀུན་ཐུབ་སྔགས་རྒོད་ཡིག་ཕྲེང་བཞི་ཡོད་པའི་ཤོག་དྲིལ་ཞིག་གནང་བ་དང་། གནས་གཏེར་གྱི་བཀོད་པ་འགའ་ཞིག་གསལ་སྣང་དང་ཁ་བྱང་ཡང་མཐོང་། བཙོ་བཀྲུའི་བྱ་བ་གྲུབ་ནས་སྨན་བླ་ལོངས་སྐུའི་ཆོ་གས་རབ་གནས་བྱས། སྤྱི་ཁྱབ་པས་གསུང་ནན་ཆེ་བས་ཉག་རོང་བླ་གྲྭ་སྟོང་ཕྲག་སྐོར་ལ་སེམས་བསྐྱེད་ལུགས་གཉིས། བཀའ་བརྒྱད་བདེར་འདུས་དང་དུས་འཁོར་བྱིས་འཇུག་དབང་ཆེན། ཀློང་སྙིང་ཡུམ་བཀའི་བྱིན་རླབས་སོགས་དགོས་ཟེར་ཚད་བྱས། ལས་ཆ་སོ་སོའི་འདོད་སྐོང་ཡང་གྲུབ་ནས་ཡར་ཐེག་ལམ་འཕེལ་ཚ་འོད་ཕུང་དགོན་དུ་ཕྱིན། བླ་གྲྭ་རྣམས་ལ་དབང་ལུང་ཅི་རིགས་བྱས་ནས་རིམ་པར་རྨེ་ཤོད་དུ་འབྱོར། རྫོང་དགོན་དུ་རིན་པོ་ཆེར་མཇལ་ཕྱག་ཞུས་ནས་རང་གནས་སུ་སླེབས། ཟླ་བ་ལྔ་པའི་ཚེས་བཅུའི་མཆོད་པ་ཞི་བསང་སོགས་ལོ་བསྟར་བགྱིད་འོས་རྣམས་གྲུབ་ནས་བསྟན་རིམ་དུ་རྨེ་ཤོད་སོག་མོ་ཕོ་བྲང་ལ་གཏེར་གསར་མ་མོའི་མདོས་ཆེན་བཅའ་སྒྲུབ་དགོས་ཚུལ་སྡེ་དགེའི་བཀས་བསྐུལ་ལྟར་ཕྱིན། མདོས་ཟློག་བཏང་ཉིན་འཚུབས་ཆ་ཆེན་པོ་བྱུང་། དེ་གྲུབ་མཚམས་རྗེ་བླ་མ་རིན་པོ་ཆེའི་བཀའ་བཞིན་ཤར་ཁ་ཕྱོགས་ཀྱི་གནས་རྣམས་སུ་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་སོགས་དགོས་འདུག་པས་ཐོག་མར་པདྨ་ཤེལ་ཕུག་ཏུ་དེ་རིགས་བྱས་པར་འཚུབས་སློང་སྔར་དང་འདྲ་བ་བྱུང་། ཕྱིར་ལམ་རྫོང་སར་དགོན་པའི་བླ་གྲྭ་རྣམས་དང་རྫོགས་ཆེན་མཁན་པོ་པད་རྡོར་སོགས་ཀྱི་བཞེད་ངོར་བྱང་སྡོམ་ཆེན་མོ་དང་། ཐུབ་དབང་ཉེ་སྲས་རྣམས་ཀྱི་སྒོམ་ལུང་། ཉེ་སྲས་བརྒྱད་ཆོག་གི་ལུང་བཅས་བྱས། ཡུལ་སྐད་བུ་ལའི་མཆོད་རྟེན་ཟེར་བ་གསས་ཁང་དཀར་ནག་བཀྲ་གསལ་གྱི་གནས་ཡིག་སྔར་རྗེ་བླ་མས་གཏན་ལ་ཕབ་པ་ཡོད་ཀྱང་། འདི་རེས་ངེད་ཆེད་བཏང་གིས་གནས་སྒོ་འབྱེད་དགོས་པར་གསུངས་པས་གནས་ཀྱི་ཚུལ་རྣམས་བཀའ་འདྲི་ཞིབ་མོར་ཞུས་ཏེ་ལྕང་ལུང་བོན་དགོན་བརྒྱུད། ལྕང་སྤྲུལ་དང་ལྷན་ཅིག་མཆོད་རྟེན་སུམ་མདོར། བསང་བརྔན་བཀའ་ནན་རབ་བརྗིད་སྔོན་དུ་འགྲོ་བའི་ཚེ་གཡང་ཆོས་གསུམ་གྱི་སྒྲུབ་པ་མདོར་བསྡུས་བྱས། ལྕང་སྤྲུལ་སོགས་བོན་འཚོགས་རྣམས་ནས་སྒྲུབ་ཁག་སོ་སོར་མཛད་སོང་། གནས་ཀྱི་གཙོ་བོ། གཡས་རི་གཡོན་རི། སྒྲུབ་ཕུག་བཀའ་རྟགས་རང་བྱོན་སོགས་གནས་ཀྱི་བཞུགས་ཚུལ་རྣམས་ངོ་ཞིབ་པར་སྤྲད། ཕྱི་ནང་གི་བསྐོར་ལམ་ཡང་མཚོན་པར་བྱས་ནས། འཛིང་ཁྲོ་བོ་གནས། གཡུ་ལུང་ཤེལ་བྲག་རྣམས་སུའང་དགོས་བྱ་རྣམས་བསྒྲུབས། པདྨ་ཤེལ་རི་དང་ཟླ་གམ་དབང་ཕུག་རྣམས་སུ་ཚོགས་བརྒྱ་བཏང་བ་སོགས་བྱས་ནས་རྫོང་སར་བརྒྱུད་རང་གནས་སུ་སླེབས། ཁྲོམ་དགེ་དང་ཨ་འཛོམ་སྤྲུལ་སྐུ། གཏེར་སྲས་སོགས་ལ་འདུས་མདོ། སྒྱུ་འཕྲུལ་ཞི་ཁྲོ། སེམས་སྡེ་རྣམས་ཀྱི་དབང་ཚང་བར་བགྱིས། དབོན་སྤྲུལ་དང་ཀཿཐོག་དགེ་སྤྲུལ། གཏེར་སྲས། བླ་མ་པདྨ་ནོར་བུ་རྣམས་ཀྱི་བཞེད་ངོར་ཡང་ཁྲོད་དུ་གཏེར་མཛོད་བཅའ་གཞི་བསྒྲིགས་ནས་དབང་ལུང་གཉིས་པ་ཚུགས། ལུང་ཐམས་ཅད་རྡོར་སློབ་བླ་མ་རཏྣས་མཛད་པས། ཟླ་བ་བདུན་པའི་ཚེས་བཅུ་ནས་དབུ་བཟུང་། དགུ་པའི་ཚེས་བཅོ་ལྔར་དབང་ལུང་རྫོགས་པར་གྲུབ། དང་པོ་དབུ་ཚུགས་མ་ཐག་རྗེ་བཅུ་པའི་ཕྱག་རྡོར་ཞལ་ཐང་འབྱོར། གྲོལ་ནས་འབུལ་བ་དང་ཞབས་བརྟན་གནང་སྐབས་གསེར་གཡུ། ཤེལ་སྡེར། རྡོ་རྗེ་འབྱོར་པ་སོགས་རྟེན་འབྲེལ་ལེགས་པར་བྱུང་། དེ་ནས་དབོན་སྦྲུལ་གསུངས་ལས། ཁོང་གིས་འཆད་སྤེལ་མི་འོང་། ཉམས་ལེན་ཐོན་པའང་དཀའ་བས་དཔེ་འདི་རྣམས་སྤར་ཞིག་ཨི་འགྲུབ་བལྟ་གསུངས་ནས་ཞལ་བཞེས་གནང་སོང་། གླིང་རྒྱལ་པོས་དབང་ལུང་དོན་ལ་འོང་དགོས་ཚུལ་སྔ་རྗེས་འགའ་ཞིག་གསུངས་ཀྱང་མ་སླེབས། རྫོང་སར་ནས་རྗེ་བླ་མས་གླིང་དཔོན་དེའང་ཆོས་ཁོ་ན་འདོད་པའི་ཆོས་རྒྱལ་ཡིན་པར་འདུག་པས་ཅིས་ཀྱང་འགྲོ་དགོས་པའི་བཀའ་གནང་བ་ལྟར་ཡང་ཁྲོད་ནས་བཏེགས། ཐོག་མར་གཏེར་སྟོན་ཚེ་དབང་གྲགས་པ་རོང་རྒྱབ་ཏུ་ཕེབས་ནས་དེར་འོང་དགོས་བང་མི་སླེབས་པས་ཕ་ཡུལ་དུ་ཟླ་བ་བཅུ་པའི་ཚེས་གསུམ་ལ་ཕྱིན། གཏེར་སྟོན་ཀྱང་ལ་ཐོག་བར་བསུ་མར་ཕེབས་འདུག །དགོན་དུ་བསྡད་ནས་ཁོང་གི་གཏེར་གསར་པོད་བཅུ་གསུམ་མཇལ་ཁ་བགྱིས། གནས་མདུན་བུར་དཀར་མར་བསང་བརྔན་དང་ལྷ་སྲིན་དམ་བསྒྲག་བྱས། གནས་རི་དངོས་མཐོ་ཆེས་པས་དེ་སྐབས་ཁ་བས་བཟུང་ནས་མ་ཐར། དགོན་ཡུལ་རྣམས་ཀྱི་རེ་སྐོང་གྲུབ། གཏེར་སྟོན་སྲས་ཡུམ་བཞི་ལའང་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ལུང་རྫོགས་པར་བགྱིས། སྔར་རྗེ་བླ་མས་ཚེ་དབང་ཙམ་ཞུས་ན་ལེགས་ཚུལ་ཕེབས་པས་ཚེ་དབང་ཞིག་ཞུས། དེ་ནས་གླིང་རྫོང་མགོར་ཕྱིན། ཞེ་ཆེན་རབ་འབྱམས། རྗེ་དྲུང་སོགས་བླ་སྤྲུལ་མང་པོ་དང་། གླིང་རྗེ་སོགས་འདུས་པ་མང་པོར་དབང་ལུང་གི་དབུ་ཚུགས་པ། སྨིན་གླིང་འདོད་འཇོ་བུམ་བཟང་། སྒྱུ་འཕྲུལ་ཞི་ཁྲོ། འདུས་པ་མདོ། སེམས་སྡེ་ཨ་དོན་བཅོ་བརྒྱད། བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག །རྙིང་མ་བཀའ་མ་པོད་དགུ། བཀའ་བརྒྱད་རྣམ་གསུམ་གྱི་དབང་། ཀློང་སྡེ་རྡོ་རྗེ་ཟམ་པ། སྨིན་གླིང་ཨ་ཏི་ཟབ་དོན་རྣམས་ཀྱི་དབང་དང་། སྙིང་ཐིག་ཡ་བཞི་སོགས་དེ་དག་ཐམས་ཅད་ཀྱི་ལུང་། ཁྲིད་ཡོངས་རྫོགས་བྱས། འདན་ཆོས་སྡེ་དཔོན་གྱིས་འབོད་ནན་ལྟར་ཕྱིན་ལམ་ནས་རྣམ་གླིང་བརྒྱུད་ཆོས་སྡེ་ཕོ་བྲང་དུ་ཕྱིན། བུམ་གཏེར་སུམ་བརྒྱ་སྐོར་དང་། གནས་ཆེན་བྱིན་འབེབ་ཆ་གསུམ་གྱི་ཆས་རྣམས་བསྒྲིགས། ཐུགས་སྒྲུབ་ཞག་ལྔ་བསྙེན་རྒྱུན་བཅས་པས་བསྒྲུབས། དྲན་ཐང་དུ་ཕྱིན། ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བཅས་བགྱིས། འཚོགས་དབང་དང་ཁྲོམ་དབང་སོགས་གང་དགོས་བྱས། རང་ལོ་རེ་གཅིག་ཆུ་བྱ་གསར་ཚེས་ནང་ཆོས་སྡེར་སླར་ཕྱིན། ཞང་འགུ་དང་ཚེ་བྷྲཱུྃ་སོགས་ཀྱི་བླ་གྲྭ་རྣམས་བྱོན་པར་ཕྱག་ཆེན་ཆོས་འབྲེལ་བགྱིས། ཕོ་བྲང་ལ་རབ་གནས། ཚེ་དབང་གཞན་དག་གི་རེ་སྐོང་གྲུབ་ནས་ཕྱིན་ལམ་སེང་གེ་རྣམ་རྫོང་དུ་བསང་བརྔན་རི་ཁྲུས་ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བགྱིས་པས་དབྱར་ཁ་ལྟ་བུའི་གནམ་གཤིས་འཇམ་ཞིང་དྲོད་དང་ལྡན་པ་བྱུང་། སྒྲོལ་མ་ལྷ་ཁང་དུའང་གནས་ཆེན་བྱིན་འབེབ་བགྱིས། གནམ་གླིང་བླ་བྲང་དུ་གཡང་སྐྱབས་དང་། ལྷ་ཁང་མགོན་ཁང་དུ་ཁྲུས་གསོལ་རབ་གནས། སྦྱིན་བདག་རྣམས་ཀྱི་རེ་སྐོང་གྲུབ་ནས་གླིང་རྫོང་མགོར་སླེབས། རི་མགུལ་བྱང་སྤྲུལ་དཔོན་སློབ་གླིང་རྗེ་སོགས་ལ་ཀར་ལུགས་ཕག་མོ་བདེ་མཆོག་རྒྱལ་རྒྱམ་རྣམས་ཀྱི་དབང་ལུང་། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་བྱས། བཅའ་གཞི་དང་སྒྲུབ་པ་སྔོན་དུ་འགྲོ་བས་ཕོ་བྲང་རྩེར་ལྷ་སྲིན་དམ་བསྒྲག །གནས་ཆེན་བྱིན་འབེབ་བཅས་གྲུབ་པ་དང་རྫོང་མགོ་ནས་བཏེགས། ལམ་བར་དུ་སྡེ་དགེའི་མདུན་ནས་དགོན་ཆེན་དུ་འོང་དགོས་པའི་གསུང་ཤོག་འབྱོར། ཟླ་བ་གཉིས་པའི་ཚེས་ལྔར་ཕོ་བྲང་གསར་བཞེངས་སུ་སླེབས། ཚོམས་ཆེན་དུ་ཁང་སྟོན་ཁྲིར་ཕེབས་ཀྱི་དགའ་སྟོན་མཆོད་ཡོན་ལྷན་རྒྱས་སུ་ཕྱིན། ཕུར་པ་ཀིང་ཀང་ས་བདག་སོགས་བཅའ་སྒྲུབ་དང་དབང་ཀ་ཁ་ཤས་བཞེད་སྐོང་གྲུབ་ནས་ཕྱྭ་གཡང་གཞིས་ཀར་ཕྱིན། འདོན་བྱ་ཕྲན་ཚེགས་བྱས། ཡང་ཁྲོད་དུ་སླེབས་སྐབས་སྒ་སྟོད་ནས་རོང་མཐའ་སྤྲུལ་སྐུ་དང་ཛི་ཐང་ཆོས་རྗེ། དཔལ་ཁྱིམ་ཨ་མྱེ་རྣམས་སོགས་མང་དུ་འདུས་པར་སོ་སོའི་རེ་སྐོང་རིམ་པར་བྱས། ཟླ་བ་བཞི་པར་སྡེ་དགེའི་མདུན་ནས་ལྕང་རར་འོང་དགོས་གསུངས་པ་ལྟར་ཕྱིན་ནས་ལོ་བསྟར་བུམ་སྒྲུབ་བཙུགས། བཀའ་བརྒྱད་ཁྲོ་རོལ་དང་རྒྱལ་མདོས་གཏང་བ་སོགས་ཀྱང་བགྱིས། སླར་འཁོར་ནས་ལོ་བསྟར་གྱི་འདོན་བྱ་རྣམས་དང་། དབྱར་གནས་ཁང་ལ་རབ་གནས་རྒྱས་པ་བྱས། འདི་ལོ་ཡང་ཁྲོད་སྒྲུབ་ཐེབས་གསུམ་པ་གསར་བཞུགས་རྣམས་དང་སྒྲུབ་ཁང་འོག་མར་དབང་ལུང་ཁྲིད་རྣམས་སྔར་རྒྱུན་ལྟར། གསར་རྩོམ་དགོས་རིགས་རྣམས་ཀྱང་མུ་མཐུད་ཁོ་ནར་བྱས། སྐུ་ཞབས་རིན་པོ་ཆེ་རེ་ཞིག་སྐུ་མཚམས་བཞུགས་པ་ལེགས་ཚུལ་རྫོང་སར་སྤྲུལ་སྐུ་རིན་པོ་ཆེའི་བཀའ་བརྟགས་བབས་པ་ལྟར་སྡེ་དགེའི་མདུན་ནས་གསུང་བྲིས་མཛད་ཀྱང་གསན་དགོངས་མ་གྲུབ་པས། དབོན་སྤྲུལ་ངེད་གཉིས་ལ་གུས་བཀལ་མཛད་བྱུང་བས་ཕྱི་མཐར་ཕན་པ་ཨི་འོང་རེ་བས་རྒྱུ་མཚན་གནད་བཀྲོལ་ཐབས་སྐོར་གང་དྲགས་ཞུས་པར་ཞལ་བཞེས་ཐོབ་རྩིས་བྱས་ནས་གྲོ་ལོད་ཀྱི་དབང་ལུང་ཕུལ་ནས་མཚམས་དབུ་ཚུགས། དབྱར་གནས་བཞུགས་མཁན་རྣམས་ལ་དབང་ཁྲིད་སྔར་ལོ་ལྟར་བགྱིས། ཡང་ཁྲོད་མགོན་ཁང་དུ་གསར་རྙིང་རྟེན་གཏོར་རྣམས་དང་སྲོག་འཁོར་བླ་རྡོ་བཅའ་བསྒྲིག་རྟེན་འཛུག་རྣམས་ཚད་ལྡན་དུ་བསྒྲུབས། ཕུར་ཁང་དུ་ཕུར་སྒྲུབ་འཚོགས་ལ་ཕྱིན། ཟླ་བ་དགུ་པར་དབྱར་གནས་ཁང་དུ་དབོན་སྤྲུལ་ནས་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་མཛད་པའི་རྡོར་སློབ་བགྱིས། འདི་སྐབས་བྱིན་རླབས་ཀྱི་རྨིས་ལྟས་བཟང་པོ་འགའ་ཞིག་དང་། ཁྱད་པར་ངོ་བོ་ཨོ་རྒྱན་ཡིན་པ་ལ་རྣམ་པ་གྲུབ་ཆེན་ངོས་མ་ཟིན་པ་ཞིག་ལ་དབང་བསྐུར་ཞུས་པས་བུམ་དབང་གསང་དབང་དངོས་སུ་གནང་། དེ་དག་མི་སྣང་ཤེར་དབང་ནུས་འབྱིན་དངོས་དབང་གི་རེག་བདེའི་ངོ་སྤྲད། རྨི་ལམ་ཡལ་ནས་མ་སད་པའི་ཉམས་ལ། ཀུན་བཟང་དགོངས་པ་ཀ་ནས་དག །ཤེལ་གོང་བཞིན་དུ་དྲི་མ་མེད། །རིག་པ་རྩལ་གྱི་དབང་བསྐུར་བས། །གདོད་མའི་མགོན་དང་དབྱེར་མེད་ཤོག །ཅེས་པ་ལྷང་གིས་ཐོས་ནས་ཉམས་དེ་སད། སྨན་བཏགས་བཙག་གྲུབ་པའི་ཕྱི་དྲོ་མགོ་ནད་ལྡངས་པས་འཚོགས་ལ་མ་ཕེར། དུར་ངོ་ཞིག་ཀྱང་རྨིས་པ་ཕྱིས་འབྱུང་འཚུབས་ལྟས་ཡིན་ཡོད་པར་འདུག །བྲག་ཡབ་དང་ལྷ་རྩེ་སོགས་འདུས་པ་མང་པོར་སྙིང་ཐིག་ཡ་བཞི། ཀློང་སྡེ། རྒྱུད་བླ། ཤེས་བྱ་ཀུན་ཁྱབ་བཤད་པ་ཁྲིད་ཀ་སོགས་དབང་ལུང་ཁྲིད་མང་བར་མེད་དུ་བྱེད་དགོས་པ་བྱུང་། བཅུ་གཅིག་པ་ནས་སྙན་བརྒྱུད་ཕུར་པ་དང་ཨ་ཏི་ཟབ་དོན་སྙིང་ཐིག །ལོ་བསྟར་བསྙེན་མཚམས་རིམ་པར་ཚུགས། ཟབ་དོན་སྙིང་ཐིག་སྐབས། ནུབ་ཅིག་ཟུར་ཆུང་ཤེས་རབ་གྲགས་པ་སྐུ་གཟི་བརྗིད་ཤིན་ཏུ་ཆེ་བ་ཞིག་གིས་ནས་ཡ་གང་འབུལ་བའི་ཚུལ་དུ་བཞག །གཞན་ཅི་མེད་གསུངས། འདི་ཧེ་རུ་ཀཿདངོས་ཡིན་སྙམ་དད་པ་སྐྱེད་པ་ཞིག་རྨིས། ལན་གཅིག་ལྷ་ཁང་རྙིང་པ་ཞིག་ཏུ་སྲོང་བཙན་སྒམ་པོའི་ཐུགས་དམ་རྟེན་ཡིན་ཟེར་སྒྲོལ་སྐུ་ཆེན་པོ་དུད་པའི་དྲེགས་པས་གོས་པ་ལྟ་བུ་ཞིག་མཇལ་བ་རྨིས་པའི་ཕྱིར་ནངས། ད་ནི་དཀོར་སྒྲིབ་སོགས་ཀྱིས་ལས་སྒྲིབ་ཇེ་ཆེ་ལ་སོང་བའི་བརྡར་འདུག་སྙམ་བློ་མི་བདེ་བ་ཞིག་བྱུང་ཡང་། སྐུ་ཞབས་སྔར་ནས་སྐུ་མཚམས་སོགས་ཐུགས་ལ་མི་འཕྲོད་ཅིང་དབྱེན་ཞུས་མང་བས་ཐུགས་ཚོམས་ཆེ། དགོན་ཐོག་ཏུ་སྡེ་དགེ་རྫོང་སར་དུ་བྱོན་པའི་ཞག་བཞུགས་སྐབས་མི་འགའ་རས་ཕུགས་སྡོད་བྱས། གྲྭ་ངན་མང་ཞིག་གིས་དབོན་སྤྲུལ་དང་ངེད་རང་གཉིས་ལ་གྱོད་རྩ་མང་པོ་ཡོད་ཚུལ་ཡི་གེ་བྲིས་ནས་ཕུལ་བ་དང་། སྒོ་ཡིག་སྦྱར་བ་བཅས་དམ་སེལ་ཆེན་པོའི་ཐོག་མ་ཚུགས་པས་དེའི་ལྟས་ཡིན་པར་འདུག །རྫོང་སར་རྗེ་བླ་མ་རིན་པོ་ཆེས་འདི་འདྲ་བསྟན་པའི་སེལ་ཆེན། ཕུང་བརླག་ཆེན་པོའི་གཞི་རེད་པས་རང་བཞིན་བཞག་ན་ལེགས་ཚུལ་གསུངས་པ་ལྟར་སྡེ་དགེའི་མདུན་ནས་རྩ་བདག་གང་ཡང་མ་མཛད་ཀྱང་། སྐུ་ཞབས་རིན་པོ་ཆེས་གྱོད་རྩ་མཐའ་མ་བུད་པར་གཞག་ཐབས་མེད་པའི་བཀའ་ལྗི་བས་བསྐོར་བརྒྱུད་མང་པོའི་མཐར་སྡེ་དགེའི་གཉེར་ཆེན་ཚེ་རིང་དོན་གྲུབ་ནས་ཞིབ་གཅོད་མཛད། གྱོད་རྩ་ཕལ་ཆེར་ཡང་དོན་མེད་སྟོང་བཤད་དུ་སོང་བས་དེ་འདྲའི་ལས་བྱེད་མཁན་གྲྭ་ངན་ཁ་ཤས་བཙོན་འཇུག་དང་། དབོན་སྤྲུལ་དྲན་ཐང་དུ་བཞུགས་རྒྱུ། ངེད་རང་རང་གནས་སུ་སྡོད་དགོས་པ་སོགས་སོར་ཆོད་རེད་སོང་། སྐུ་ཞབས་རིན་པོ་ཆེས་ངེད་ལ་ནི་ཐུགས་ལོག་གཏན་ནས་མེད་ཅིང་གྱོད་ཀྱི་མགོ་རྐང་བར་གསུམ་ལའང་ཁོང་མི་གཏོགས་ཚུལ་གྱི་གསུང་དང་གནང་སྦྱིན་མཛད། ལོ་མཇུག་གསོལ་ཁ་མགོན་སྒྲུབ། ཤིང་ཁྱི་གནམ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་འདོན་བྱའི་རིགས་སྔ་རྒྱུན་ལྟར་མ་ཆག་པ་དང་། ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་རྫོགས་པར་བྲིས། ཟླ་བ་གསུམ་པར་ཀཿཐོག་དགེ་སྤྲུལ་ནས་སྔར་གཏེར་མཛོད་ཀྱི་ཁྲིད་མ་གསན་པ་ཐམས་ཅད་གསན་ཆེད་བསུ་མི་བཏང་བྱུང་བ་ལྟར་ཀཿཐོག་ཏུ་ཕྱིན། བླ་སྤྲུལ་མང་པོར་དབང་ཆོས་བཞེད་སྐོང་དང་། ལྷ་རྟེན་རྣམས་མཇལ་ཁ་ཞུས། སྐུ་འབུམ་སོགས་འདི་གའི་རྟེན་ཁྱད་པར་ཅན་སྔར་ནས་མཇལ་འདོད་ཕྱག་བསྐོར་ཕྲན་བུ་འགྲུབ་རེ་ཆེ་བས་འདི་རེས་དལ་སྡོད་ཅིག་བསམས་ཀྱང་། དཔལ་སྤུངས་ནས་དབོན་སྤྲུལ་དམ་གྲིབ་རྐྱེན་གྱིས་གློ་བུར་དུ་ཞི་བར་གཤེགས། དགོངས་རྫོགས་སོགས་མགོ་ལྟས་བྱེད་མཁན་མེད་པའི་བདག་མེད་དུ་གྱུར་པས་གྲྭ་རྒན་གཉིས་ནས་ངེད་རང་མ་འོང་ཐབས་མེད་ཀྱི་བང་མི་སྔ་རྗེས་འབྱོར་བས་མགྱོགས་པ་ཡར་ཕྱིན། སྡེ་མདུན་ནས་བརྐོས་མི་གཉིས་ཀྱིས་ལག་ལེན་དང་ངོས་ནས་དགོངས་རྫོགས་བཀྲམ་ལུགས་རྒྱུས་ཡོད་བྱས་ནས་ཕྱག་རྫས་བླ་དགོན་རྣམས་ལ་བཀྲམ། གསོལ་དགུང་ལ་བླ་ཁག་ཁ་ཤས་གདན་འདྲེན་དང་། གསོལ་དགུང་རྫོགས་སྐབས་རང་ནས་ཀྱང་བླ་མ་དགོངས་འདུས་སྐོང་ཆོག་བདུན་གཅིག་བཏང་། སྔ་མ་ཞལ་བཞུགས་སྐབས་གཏེར་མཛོད་སྤར་ཡོན་དངོས་ཇ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ནོན་ངེས་གཉེར་པད་ལེགས་རྩར་སོང་ཐོག །འདི་སྐབས་དགོངས་རྫོགས་བསྒྲུབ་འཕྲོས་དངོས་ཇ་སྟོང་རྩ་ཕྱེད་གསུམ་ཙམ་གྱི་བབ་འདུག་པ་སྤར་ཡོན་པད་ལེགས་རྩར་ཕུལ་རྒྱུ་བྱས། དགོན་ཐོག་གཟིམས་ཆུང་དུ་སྐུ་ཞབས་རིན་པོ་ཆེ་དང་ངེད་ལའང་ལྷན་ཅིག་གྲྭ་མང་ནས་ཞབས་བརྟན་ཞིག་མཛད་བྱུང་། དཔལ་སྤུངས་གྲྭ་མང་སྤྱིས་ནི་རང་ལ་ཆོས་དམ་གྱི་སེལ་གཏན་ནས་མེད། མི་རེ་ཟུང་ནི་སྔོན་ལས་ལྟ་བུས་སེམས་འཐད་མིན་ཅི་རིགས་ཡོད་པ་ནི་སྤྱི་ལུགས་ཡིན་པར་སྣང་། འདི་སྐབས་རྗེ་བླ་མ་རིན་པོ་ཆེས་ཕྱག་བྲིས་གནང་བར། དེ་སྔ་ཁྱེད་རང་ནས་དགོན་དེར་དབང་ལུང་ཁྲིད་གསུམ་གྱི་འཆད་སྤེལ། གསར་རྙིང་སྒྲུབ་མཆོད་སྒྲུབ་ཆེན་མང་པོའི་ལག་ལེན་བསླབ་པ་དང་རྡོར་སློབ། རིག་གནས་བཤད་པ་བཅས་ད་བར་དུ་བྱས་པ་དང་། རི་ཁྲོད་དེར་ཡང་ཡུན་རིང་སོང་བའི་མཐར་གྱོད་དེ་ལས་ཚབས་ཆེ་བ་ནི་བླ་མ་དེ་གསད་བཞག་ན་མ་གཏོགས་འབྱུང་རྒྱུ་མེད་པས། ཇོ་བོ་རྗེས། གང་དུ་རྩོད་པ་འབྱུང་བའི་ས་ཕྱོགས་ནས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ། །ཞེས་གསུངས་པ་ལྟར་འདི་སྐོར་སོགས་གར་བདེར་བྱོན། ཚེ་སོགས་ལ་གནོད་ངེས་པས་དགོན་ནང་དུ་རྡོག་པ་བཞག་མི་ཉན་ཚུལ་ཕེབས། འོན་ཀྱང་ཁོང་ཚོའང་དམ་སྲིས་རྒྱུད་དཀྲུགས་པའི་དབང་མེད་བྱ་བ་ཨི་ཡིན་སྙམ་སྙིང་རྗེ་བ་ལས་མཁོན་འཛིན་ནི་གཏན་ནས་མེད། དབོན་སྤྲུལ་ལ་དྲིན་ལན་ལོག་འཇལ་བྱས་པ་དེ་ཐད་བླ་གྲ་ཚང་མར་ཡི་ག་ནི་ལྡོག་པས་དེ་ཕྱིན་ལོ་བཅུ་བཞི་སྐོར་དགོན་དུ་གཏན་ནས་མ་ཕྱིན་ཅིང་སྒྲུབ་ཁང་དུའང་ཁྲིད་ཀ་སོགས་ཀྱི་བྱ་བ་ཤུགས་འབྱུང་དུ་འགག །རང་གསར་རྙིང་དགོན་པ་ཆེ་ཕྲ་གང་དུ་ཕྱིན་ཀྱང་ཆོག་པ་གཞིར་བཅས་ཀྱང་། རྗེ་པདྨ་ཉིན་བྱེད་མཆེད་ཞལ་གྱི་དམ་ཚིག་ལ་བསམ་ནས་རེ་ཞིག་སྡོད་ཚུགས་པར་བྱས་སོ། །ཟླ་བ་དྲུག་པར་རྫོང་སར་དགོན་དུ་ཕྱིན། རྗེ་བླ་མར་ཞབས་བརྟན་གྱི་ཚེ་སྒྲུབ་གསང་འདུས་བདུན་གཅིག་བསྒྲུབས། བོན་གཏེར་ཚེ་དབང་གྲགས་པའང་ཕེབས་པ་སོགས་རིས་མེད་ཀྱི་བླ་སྤྲུལ་སྦྱིན་བདག་དད་འདུས་མང་པོ་དང་བཅས་ཞབས་བརྟན་ཕུལ། གཏེར་སྟོན་ནས་སྐུ་རིམ་སྒྲུབ་འོས་མང་ཙམ་དང་གནས་ཆེན་རྣམས་སུ་འཕགས་མའི་སྙིང་ཐིག་གི་ཚོགས་འབུམ་ཐེར་ཐོན་དགོས་ཚུལ་གསུངས་པས་ངེད་རང་དང་ཞབས་ཕྱི་རྣམས་ཀྱིས་མི་རེས་ཁྲི་རེ་གནས་སོ་སོར་བསྒྲུབས་པར་བྱས་ཏེ་ཚུར་འོང་། ཙ་འདྲའི་སྒྲུབ་ཕུག་རྣམས་དང་། བཀྲ་ཤིས་ཉི་ཟླ་དཔལ་ཕུག །ཞི་ཁྲོ་ཤེལ་ཕུག །དཔལ་དེའུ་སོགས་སུ་ཚོགས་མཆོད་ཁྲི་གྲུབ་པར་བྱས། ཟླ་བ་བརྒྱད་པར་རྨེ་ཤོད་ནས་མ་ཡུམ་གྱིས་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་འཛུག་དགོས་ཀྱིས་འབོད་མི་བཏང་བ་ལྟར་བཀྲ་ཤིས་ཕོ་བྲང་དུ་ཕྱིན། སྡེ་དགེ་སྐུ་མཆེད་ཀྱང་ཕེབས། སྒྲུབ་ཆེན་དབུ་ཚུགས་ནས་གནམ་གཤིས་དབྱར་ཁ་ལྟར་སོང་བ་སོགས་ལེགས་ལམ་གྱུར། རྗེ་བླ་མའི་བཀའ་ལྟར་ཉིན་རེ་བཞིན་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་པ་རེའང་བྱས། མཐར་སྐུ་ངོ་སོགས་ནང་མ་ལ་མདོ་བྱང་ལྟར་དབང་ཆེན་དང་ཕྱི་རོལ་ཁྲོམ་དབང་བཅས་མཐའ་རྒྱས་གྲུབ། སྡེ་དགེའི་མདུན་གཏེར་མཛོད་སྤར་གྱི་འཕྲོས་འབུལ་ཞུས་པ་ཀླད་གཟིགས་མཛད་པའི་ཞལ་བཞེས་གནང་། མ་ཡུམ་རྟེན་བཞེངས་རྣམས་འདི་ལོར་གཟུངས་གཞུག་འབུལ་རྒྱུ་དང་ངེད་ལ་གྲོགས་དན་དགོས་ཚུལ་གསུངས་པས་འདི་སྐབས་གནོད་སྦྱིན་འཁོར་ལོ་དང་མགོན་དཀར་བུམ་གཏེར་རྣམས་བདུན་གཅིག་བསྒྲུབས། རྨི་ལམ་དུ་མེ་ཏོག་དཀར་པོའི་ཆར་བབས་པ་དང་། གྲུབ་ནས་བཀྲ་ཤིས་བརྗོད་སྐབས་འབྲུག་ལྡིར་ཅིང་ཆར་ཆེན་བབས་པ་བཅས་ལྟས་ལེགས། རྫོང་དགོན་དུ་རྗེ་རིན་པོ་ཆེ་མཇལ། དབང་ལུང་གནད་ཆེན་ཁ་ཤས་ཞུས་ནས་རང་གནས་སུ་འཁོར། འདོན་བྱ་འོས་རིགས་གྲུབ་ནས་ཟླ་བ་དགུ་པའི་ཉེར་གཉིས་ལ་དགོན་ཆེན་དུ་ཕྱིན། ཕྱིར་ཉིན་ནས་བུམ་གཏེར་འཁོར་ལོ་མཐོང་གྲོལ་སོགས་བཅའ་གཞི་བསྒྲིགས། མཁན་བཀྲ་ཤིས་འོད་ཟེར་སོགས་བླ་ཁག་རྣམས་ཀྱིས་རིམ་པར་བསྒྲུབས། ཐར་རྩེ་ཞབས་དྲུང་དང་རང་བཅས་ཀྱིས་གཟུངས་སྒྲུབ་དང་། ནང་གཞུག་རྣམས་ལ་སྦྱོང་ཁྲུས་རབ་གནས་སོགས་གྲུབ་ནས། ཐུབ་ཆེན། ཨོ་རྒྱན་རིན་པོ་ཆེ། མཆོད་རྟེན། ཁང་སྟེང་གསེར་འཕྲུ་བཅས་ལ་གཟུངས་གཞུག་སྐབས་སུ་བབས་ཤིང་སོ་སོར་འབྲེལ་བའི་ཆོ་ག་རྣམས་གཅིག་ཀྱང་མ་ལུས་པ་བྱས། ཐར་རྩེ་ནས་རབ་གནས་ཉིན་གསུམ་མ་དང་། ཁོ་བོས་ཀྱང་བདེ་མཆོག་རབ་གནས་ཉིན་གཉིས་མ་སོགས་དེ་གའི་བགྱི་འོས་རྣམས་གྲུབ། ཕྱྭ་གཡང་དུ་ཕྱིན། ཨ་ཁྲི་གསོལ་དཔོན་ཚང་བཀྲ་ཤིས་བསམ་འགྲུབ་ནས་ར་མེ་ཤྭ་རའི་གནས་ཡུལ་སྐད་ར་ཝེ་གནས་སུ་གྲགས་པ་དེར་སྒྲུབ་ཆེན་འཛུག་རྒྱུའི་ལམ་དུ་ཕྱིན་པའི་སྔ་དྲོ་འཇའ་ཚོན་ཤིན་ཏུ་བཀྲ་བ་ཤར་བ་སོགས་ལྟས་ལེགས། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒྲུབ་ཆེན་ཚུགས། རྨི་ལམ་དུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོས་གར་བྱེད་པ་སོགས་ལེགས་པ་དང་། རྟེན་འབྲེལ་བཟང་པོ་ཞིག་ཤེས་བཞིན་ཕྱིར་ལྡོག་པའི་ལྟས་ཀྱང་བྱུང་། སྒྲུབ་པ་གྲུབ་ནས་ནང་དབང་དང་ཁྲོམ་དབང་བྱས། སྒྲུབ་པའི་སྐབས་གནས་ཆེན་བྱིན་འབེབ་བཅའ་གཞི་བསྒྲིགས་ཡོད་པས། གནས་རྩེར་བཀའ་ནན་རབ་བརྗིད་སོགས་དང་གནས་ཆེན་བྱིན་འབེབ་བཞག །གནམ་གཤིས་དབྱར་ཁ་ལྟ་བུ་དང་། རྨིས་ལྟས་གནད་ཡོད་མཐོང་། ལམ་ཞོར་ཨ་རབ་སྒ་རྗེ་ཁག་རྩར་ཕྱིན། གནས་རྩེར་ལྷ་སྲིན་དམ་བསྒྲག་དང་གནས་ཆེན་བྱིན་འབེབ་ཚོགས་བརྒྱ་སོགས་ཉིན་གཉིས་བགྱིས་པར་རླུང་ཆེན་ལྡངས། གནམ་གཤིས་ཤིན་ཏུ་འཚུབས་པས་ཕྱིས་སྦྱིན་བདག་ལ་མི་དགེ་བའི་ལྟས་སུ་སྣང་། རིམ་པར་ཡང་ཁྲོད་དུ་སླེབས། ཉི་ལྡོག་ལ་ཕུར་ཟློག །རྟག་གཏོར་བརྗེ་བའི་གསོལ་ཁ། མགོན་སྒྲུབ་རྣམས་བགྱིས། འཕགས་མའི་སྙིང་ཐིག་ཆ་ལག་རྣམ་རྒྱལ་མའང་རིང་ཞིག་བསྙེན། འདི་ལོ་ནས་གཉེར་པད་ལེགས་ཀྱིས་འགན་ཁུར་བླངས་ནས་ཤེས་བྱ་ཀུན་ཁྱབ་འགྲེལ་པ་པོད་གསུམ་དང་། གཏེར་མཛོད་སྤར་རིམ་པར་བརྐོ་བའི་དབུ་ཚུགས་རྩིས་ཤིང་ཕག་གནམ་ལོ་གསར་ཚེས་སྐབས་སྒྲུབ་སྡེའི་དུས་མཆོད་རྣམས་ཙམ་ལས་འདོན་བྱ་གཞན་མ་ཁོམས། གཏེར་མཛོད་ཀྱི་ཆོག་བསྒྲིག་ཁོ་ནར་བརྩོན། ཟླ་བ་གཉིས་པར་རིག་འཛིན་ནས་སྦྱིན་བདག་ཞུས་ཏེ་རྫོགས་ཆེན་མཁན་པོ་དཀོན་མཆོག་འོད་ཟེར་སོགས་དང་ལྷན་ཅིག་བླ་མ་དགོངས་འདུས་སྒྲུབ་ཆེན་དང་སྨན་སྒྲུབ་འབྲེལ་མ་ཞག་བཅུ་དྲུག་སྐོར་བྱས། འདི་སྐབས་ཌཱ་ཀིའི་འདུ་བ་སོགས་རྨིས་ལྟས་ལེགས་ཤིང་། ཨོ་རྒྱན་ཟ་ཧོར་མ་ཚེ་མདའ་ཆེ་ལེགས་བསྣམས་པ་ཞིག་མཇལ་བར་རྨིས། ཉི་ཤུ་ནང་དུ་མཁན་པོ་དང་བླ་མ་པད་ནོར་སོགས་དབྱར་གནས་ཁང་དུ་བྱོན། དབོན་སྤྲུལ་གཤེགས་པའི་སྐུ་གདུང་སྔ་ལོ་བསྲེག་ཆོག་མ་ཕོད་ལུས་ཡོད་པ་འདི་རེས་ཆོ་ག་ཁག་བཞིས་བསྲེག་བཞུ་ཕུལ་ཉིན་ནམ་མཁའ་གཡའ་དག་པ་ལ་འཇའ་ཚོན་ཤར་བ་སོགས་ལྟས་ལེགས། སྔ་ལོ་སྐུ་གཤེགས་སྐབས་ཀྱང་འཇའ་ཚོན་སྔ་ཕྱི་མང་དུ་ཤར་བ་ཐམས་ཅད་ཀྱིས་མཐོང་བ་བྱུང་འདུག །ཀཿཐོག་དགེ་སྤྲུལ་དང་མདོ་སྤྲུལ་རིན་གཏེར་གསར་ཐོན་གྱི་དབང་ལུང་གསན་པར་བྱོན་པ་དང་། གཏེར་སྲས་ཚེ་དབང་ལ་གཏེར་གསར་བཀའ་རྒྱ་ཅན་རྣམས་ཀྱི་དབང་ལུང་། དིལ་ཆུང་འཇམ་དབྱངས་དགེ་ལེགས་ཁྱིམ་སྤངས་རབ་ཏུ་བྱུང་ནས་སྒྲུབ་པ་རྩེ་གཅིག་བྱེད་པ་ལ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཁྲིད་སོགས་འདོད་སྐོང་མང་པོའང་རྒྱུན་དུ་བྱས། གཏེར་སྟོན་ཚེ་དབང་གྲགས་པ་རྫོང་སར་དུ་བྱོན། འདི་རེས་རྗེ་རིན་པོ་ཆེས་བཀའ་བསྒོས་ལྟར་པདྨ་ཤེལ་རིའི་གཏེར་ཁ་མཁའ་འགྲོ་བྱ་རྒོད་ཀྱི་རྣམ་པ་ཅན་གྱིས་དངོས་སུ་ཕུལ་བ་གྲོགས་རྣམས་ཀྱིས་མཐོང་བ་སོགས་མཛད་པ་ཡ་མཚན་ཅན་བྱུང་འདུག །རང་གིས་དབང་ཆོས་ཐོབ་ཡིག་ཐོ་ཛར་ཙམ་ལས་རྐང་ཐུབ་མེད་པས་བལྟ་ལོ་བ་ཞིག་ཐོན་རེས་མགོ་རྒྱན་སོགས་བྲི་བཀོད་བྱས། དངོས་གཞི་ལྷག་བསམ་ལ་གོ་རིམ་སོགས་བརྡ་སྤྲོད་ཞིབ་པར་བྱས་ནས་བྲི་བཅོལ་བས་ཕྱེད་ཀ་ཙམ་ཐོན། འཕེལ་ཚ་བླ་མ་མགོན་པོ་རྡོ་རྗེའི་མདུན་ནས། སྟག་ཤམ་གཏེར་མ་ཐུགས་སྒྲུབ་རྣམ་གསུམ་གཙོས་སྔར་མ་ཐོབ་པ་ཐམས་ཅད་ཀྱི་དབང་ལུང་གཉིས་ཀ་ཆད་ལུས་མེད་པར་ཞུས། ལྷ་བབས་དུས་ཆེན་དུ་ལྷ་མདོ་འབུར་མོར་ཕྱིན། བསང་བརྔན་ཚོགས་འཁོར་སོགས་བྱས། ལྟས་དང་རྟེན་འབྲེལ་ལེགས། ཡང་ཁྲོད་འདོན་བྱ་འོས་རིགས་བགྱིས་ནས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེས་ཐུགས་དགྱེས་ཚོར་ཆེན་པོ་མཛད། དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་ཕབ་འཕྲོས་འགའ་ཞིག་གི་ཡི་གེ་པ་ཞུས། རྩ་དབང་། ཚེ་དབང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབང་རྣམས་གནང་། འདིའི་ཆོས་སྡེ་རྣམས་ཀྱང་ཕྱིས་སུ་ཞལ་མཇལ་མང་བའི་རྐྱེན་གྱིས་འཕྲོ་ལུས་སུ་གྱུར། ཡང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་འབེབ་རིམ་དབང་ལུང་གནང་། འདི་སྐོར་འགྲིམ་རྐྱེན་གྱིས་བསྙུན་གཞི་འཕར་ལྡང་ངན་པ་ལན་མང་དུ་བྱུང་། ངོས་ནས་བཀའ་མའི་གཤིན་རྗེ་གདོང་དྲུག །མ་མོ་སྒང་ཤར་གཞུང་པོད་སོགས་ཀྱི་ལུང་དང་། སངས་གླིང་ཕུར་པ་ཐུགས་ཀྱི་ཉིང་ཁུའི་དབང་ལུང་ཕུལ། ཕུར་པའི་དབང་གི་ནུབ་སྦྲ་ནག་ཅིག་ཏུ་ཉིད་ཀྱི་མ་ཡུམ་དེས་ལྕི་མེ་འདྲ་བ་ཉབ་ཉོབ་ཅིག་སྤར། ཉིད་ཀོ་རྡི་སེར་ཁུག་ཅིག་ལ་དབུ་གཏད་ནས་གཟིམས་འདུག་པར། མ་རྒན་ནས་ཁྱོད་ཁ་སྟབས་ཞན་ཆེས་པས་རང་རེ་མ་བུ་འདི་འདྲ་འོང་བ་རེད་ཟེར་མྱ་ངན་བྱེད། ཕྱི་རོལ་ཏུ་སྤུ་མི་འདྲ་བ་གྲི་ཐོགས་པ་མང་པོ་ཞིག་གིས་བསྐོར་འདུག་པས་དེ་རྣམས་ཀྱིས་སྐད་ཆེར་དྲག་མི་ཕོད་པའི་སྐྲག་སྔངས་ཆེན་པོ་ཡོད་ངང་། ལྟག་དེར་ཁྲི་མཐོན་པོ་ཞིག་གི་སྟེང་ངེད་རང་སླེབས་བྱུང་བས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་ཕུར་པའི་སྙིང་པོ་སྐད་ཆེན་པོས་བཏོན་བྱུང་བས་ཕྱི་རོལ་ཡོད་པ་དེ་རྣམས་ཀྱིས། ད་འདྲེ་གྲགས་བྱུང་། འགྲོ་འགྲོ་ཟེར་ནས་གྱེས་སོང་བས་ཐུགས་ཤིན་ཏུ་བདེ་བ་ཞིག་རྨིས་པས་ད་རེས་བར་ཆད་ཆེན་པོ་ཞིག་ཡོད་པར་སྣང་ཡང་ཕུར་དབང་དེས་བཟློག་འགྲོ་བར་འདུག་གསུངས། རྗེ་ཉིད་དང་ཁང་སར་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་ཉི་ཤུ་ཙམ་ནས་ཤེས་བྱ་ཀུན་ཁྱབ་གསན་པར་མཛད་པས། རྩ་བ་དང་འགྲེལ་པ་སྦྱར་བའི་བཤད་ལུང་སྦྲགས་མ་ཉིན་བཅུ་ཙམ་བགྱིས། གྲུབ་མཐར་བསྔོ་སྨོན་ཤིས་བརྗོད་དང་། དུས་གསུམ་ཁེགས་པའི་བསྟན་བཅོས་ཡིན་ཚུལ་གྱི་ལྗགས་བཤད་སྙན་འཇེབས་རྒྱ་ཆེར་གནང་། སོ་སོའི་དགོན་ཁག་རྣམས་སུ་འཆད་སྤེལ་དགོས་པའི་བཀའ་བསླབ་གནང་བས། མཁན་རིན་པོ་ཆེས་ངོར་ལ་འཆད་སྤེལ་སོགས་སོ་སོས་ཞལ་བཞེས་ནི་ཞུས་སོང་། རྗེས་སུ་ཐུགས་ལ་ཡོད་མེད་མ་ངེས། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དབང་གི་མཁའ་འགྲོའི་སྦྱིན་སྲེག་ནུབ་རྗེ་བླ་མར་གཟིགས་སྣང་ཁྱད་པར་ཅན་དང་རང་ལའང་རྨིས་ལྟས་མཚར་བ་བྱུང་། ར་ཤག་མ་མོ་སྒང་ཤར་དེའི་དབང་རྒྱུན་ཉེ་བརྒྱུད་ཅིས་ཀྱང་ཐུགས་ལ་འདོགས་པར་གསོལ་བ་བཏབ་པས་དག་པའི་སྣང་བར་ཨོ་རྒྱན་གླིང་པ་ལས་ཉེ་བརྒྱུད་གསན་པ་ལྟར་བཀའ་དྲིན་བསྩལ་ནས། ལས་བྱང་དང་དབང་ཆོག་རྣམས་གསར་བསྒྲིག་གལ་ཆེ་བའི་བཀའ་ཕེབས་སྐབས་ཤིག་ས་སྐྱའི་རྗེ་བཙུན་མ་རྟ་མགྲིན་དབང་མོ་བྱོན་པ་ལ་དཀོན་སྤྱིའི་དབང་དང་འཕོ་ཁྲིད་མཛད། ཕྲན་ལའང་སྒྲོལ་དཀར་རྗེས་གནང་དགོས་གསུངས་པ་ལྟར་ཕུལ། དེའི་ཕྱིར་ཉིན་ནས་སྐུ་ཁམས་ཤིན་ཏུ་བལྟེམས། རང་གི་བྱ་བ་གལ་ཆེན་སྒྲུབ་འཕྲོ་ཡོད་པའང་ལུས། རང་གར་སྡོད་སྐབས་མཁས་མཆོག་མི་ཕམ་རྒྱ་མཚོ་སོགས་ལ་ཙཱནྡྲ་པའི་རི་མོ་སོགས་མདོར་བསྡུས་ཙམ་བཤད། འདི་སྐོར་རྨི་ལམ་ལ་རྟག་ཏུ་བུད་མེད་ཀྱི་འདུ་བ་མང་པོ་དང་བརྡ་སྟོན་མ་ངེས་པ་སྣ་ཚོགས་དོན་ལྡན་དང་གསལ་པོ་ཅན་མང་དུ་བྱུང་ཡང་ཡི་གེ་མང་དུ་དོགས་པས་བཞག་གོ །འདི་སྐོར་བོད་ནས་རྒྱལ་བ་རིན་པོ་ཆེས་དངུལ་ཆུ་བཙོ་བཀྲུ་རིན་ཆེན་རིལ་བུའི་བསྡུས་སྦྱོར་ལག་ལེན་བྱེད་པར་རྗེ་བླ་མ་དང་ངོས་གཉིས་གང་རེད་འོང་དགོས་པའི་བཀའ་ཉག་སྤྱི་ཕུན་རབ་པ་ལ་ཕེབས། དེས་ངོས་མ་སོང་ཀ་མེད་ཀྱི་བཀའ་ནན་བཅས་ཤིན་ཏུ་ཟོས་མི་བདེ་བ་བྱུང་ནས། ལུས་ཁམས་ཀྱང་འཁྲུགས་པ་བཅས་དགོངས་ཁྲོལ་ནན་དུ་ཞུས་ཀྱང་གནང་སྐབས་མེད་པ་ལྟ་བུར་ཕྱོགས་པ་ན། བོད་ནས་རྒྱལ་བ་སྐུ་གཤེགས་སོང་བ་ཐོས་པ། དེས་ན་འདི་དོན་སྒྲ་རང་ཡལ་དུ་སོང་། ཟླ་བ་བཅུ་གཉིས་པའི་ཉི་ཤུ་སྐོར་སྐུ་ཁམས་ཅུང་ཟད་དྭངས་ནས་མཇལ་ཕྱག་ཞུས་པར། མནལ་ལྟས་གནད་དོན་ཆེ་བ་གསུམ་ཙམ་བྱུང་འདུག་པའི་ནང་ཚན། ནུབ་བྱང་རྒྱང་རིང་ཞིག་ཏུ་རེ་མ་ཏཱིའི་བླ་མཚོ་བླ་རི་བཅས་ཡོད་པ་དེས་ཕྱི་ནང་གཉིས་ཀ་ལ་སྐྱོབ་པས་ཀླ་ཀློ་རྣམས་ཀྱིས་དེར་མཆོད་པ་དང་མདོས་ཡས་མཚོ་ནང་འཕང་ན་སྤྱིར་ནང་པ་ལ་གནོད། སྒོས་ཁྱེད་རང་གཉིས་ལ་གནོད་པའི་རྒྱུ་མཚན་ཡི་གེ་ཐེལ་དམར་ཡོད་པ་ཞིག་སྔར་འབྲེལ་ཡོད་པའི་མི་ཞིག་གིས་སྤྲད། ཁོའང་ཡུན་རིང་འཁྱམས་པས་ལམ་སྟོན་དགོས་ཟེར་བ་ལྟར་མཛད་པ་རྨིས། ཡི་གེ་དེ་ནང་། མདོས་ཀྱི་གནོད་པ་ཚོགས་ཀྱིས་སེལ། །ཡས་ཀྱི་གནོད་པ་ཐགས་ཀྱིས་ཟློག །ཟེར་བ་འདུག་པས་ཐགས་བྲན་པའི་མདོས་དགོས་འདུག་པས་ཁྱོད་ནས་ཀྱང་ཕར་སླེབས་འཕྲལ་ཕུར་པའི་དབལ་མདོས་ཤིག་གལ་ཆེ་འདུག་གསུངས། ཡང་གཏེར་རྡོ་རྗེ་བདུད་རྩི་སྐོར་ཕབ་གྲུབ་འདུག་པས་དཔེ་གནང་ནས་སྡོམ་གཏད་བསྩལ། རིམ་པར་སྦྱིན་བདག་འགའ་ཞིག་གི་རེ་བསྐངས་བྱས་ནས་ཡང་ཁྲོད་དུ་སླེབས། མགོན་སྒྲུབ་སྔོན་རྒྱུན་ལྟར་བཏང་། མེ་བྱི་གནམ་ལོ་གསར་ཚེས་ནང་སྒྲུབ་པ་རྣམས་ལ་བླ་མ་ཡང་ཏིག་སྔ་རྒྱུན་ལྟར་གྲུབ་ཟིན་ཀྱང་། སྒྲུབ་བླ་འགའ་རེ་དང་ལྷ་སྤྲུལ་གཉིས་རྣམས་ཀྱི་ངོར་སེམས་སྡེ་དང་ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད་བཅས། མཉན་པ་སྤྲུལ་སྐུར་མ་མགོན་དབང་ཆེན། མཆེད་ཟླ་སོགས་མང་ཚན་སོ་སོའི་འདོད་སྐོང་བྱས། དམར་ཕྱོགས་སུ་བསྙེན་སོང་བཅུ་གསུམ་ཙམ་གྱིས་དབལ་མདོས་བཏང་། འཚུབས་ཤིན་ཏུ་ཆེ་བ་བྱུང་། ཟླ་བ་གཉིས་པའི་ཚེས་མགོར་རྡོར་སེམས་སྒྲུབ་ཆེན་ཚུགས། སྐུ་ཞབས་རིན་པོ་ཆེ། དབོན་རྒན། ཛཾ་ཐང་ཆོས་རྗེ་སྤྲུལ་སྐུ་སོགས་ལ་སྒྲུབ་ཐབས་རིན་འབྱུང་དབང་ལུང་གི་དབུ་ཚེས་ཉེར་གསུམ་ལ་བཟུང་། གསུམ་པའི་ཉེར་གསུམ་ལ་གྲུབ་ནས་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་གནམ་ཆོས་དབང་བསྒྲིགས་ཚང་མའང་བགྱིས། ཟླ་བ་བཞི་པར་སྒ་རྗེ་གྲོ་རྡོག་ནས་སྦྱིན་བདག་བྱས་ཏེ་བཀྲ་ཤིས་གནས་ནང་དུ་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བཙུགས་པར་ཕྱིན། སྒྲུབ་ཆེན་ཕྱི་ནང་དབང་བཅས་ལམ་ལེགས་གྲུབ་ནས་ཚོགས་བརྒྱ་ཁ་ཤས་བཏང་། ལམ་ཞོར་ཕྱྭ་གཡང་དང་སྦྱིན་བདག་ཁ་ཤས་ཀྱི་རེ་སྐོང་གྲུབ་ནས་ཟླ་བ་ལྔ་པར་མེ་ལིང་རྡོར་བྲག་དགོན་དུ་ཚེས་བཅུ་གསར་འཛུག་གི་དབུ་བཞུགས་ལ་སྤྲུལ་སྐུ་ཉིད་ནས་འབོད་ནན་ལྟར་ཕྱིན། འཆམ་ཆས་སོགས་ལ་བགེགས་བསྐྲད་རབ་གནས། སྒྲུབ་མཆོད་དངོས་གཞི་མཐའ་རྒྱས་སྦྱིན་སྲེག །ཕྱི་ནང་དབང་སོགས་གྲུབ་ནས་ཡང་ཁྲོད་དུ་ཕྱིན། སྐུ་ཞབས་རིན་པོ་ཆེར་ཞབས་བརྟན་དངོས་འབུལ་ཕུལ་ནས་དབྱར་སྒར་ཐེག་སོང་། སོ་ལུགས་ཡང་དག་གི་སྒྲུབ་ཆེན་ཚུགས། ཕྱོགས་འདུས་མང་པོར་སོ་སོའི་འདོད་དོན་དབང་ལུང་བར་མ་ཆད་པ་བགྱིས། ཟླ་བ་དྲུག་པའི་མར་ངོར་སྡེ་དགེ་ནས་གསུང་བསྐུལ་ལྟར་རྫོང་དགོན་དུ་ཕྱིན་ནས་བསྟན་སྲིད་སྤྱི་རིམ་མ་མོའི་མདོས་ཆེན་དང་བརྟན་མའི་མདོས་ཆེན་བཏང་དགོས་ཆས་ཐམས་ཅད་སྡེ་ཡུལ་ནས་གྲྭ་བསྒྲིག་དགོས་རྩིས་ཡིན་འདུག་ཀྱང་། ཅིའང་མ་འཛོམ་པས་སྤྲུལ་སྐུ་རིན་པོ་ཆེའི་མདུན་ནས་གང་དགོས་ཚང་མ་བཏང་སོང་། རྨི་ལམ་སོགས་འཚུབས་ཤིན་ཏུ་ཆེ། སྡེ་དགེའི་མདུན་ནས་སྟོབས་ཆེན་མཆོད་རྟེན་བཅའ་སྒྲུབ་དགོས་པའི་གསུང་བསྐུལ་ཐོག་མར་སླེབས། རྗེ་རིན་པོ་ཆེ་ལས་ཉང་གི་བླ་མ་དམར་ཁྲིད་ལྗགས་ལུང་སོགས་ཞུས། རྣམ་རྡོར་ཡང་ཞལ་མཇལ་བྱུང་བར་འཇམ་དབྱངས་རྗེས་གནང་དང་བླ་མར་མངའ་གསོལ་མཛད། འདི་སྐབས་རྗེ་བླ་མའི་དག་པའི་གཟིགས་ངོར། གངས་ཏི་སེ་ཡིན་ཟེར་ཤེལ་དཀར་མཆོད་རྟེན་དབྱིབས་ཅན་བང་རིམ་བརྒྱད་པའི་སྟེང་དུ་ཕེབས། དེར་གཏེར་རྟགས་ཁ་ཡིག་ཡོད་པའི་བྲག་ཕུག་ཅིག་ཏུ་ཆོས་གོས་ལྷུང་བཟེད་ཕྱག་འཁར་བཅས་ཕེབས་ནས་བཞུགས། བུད་མེད་འགའ་ཤས་དང་མཉམ་ཚོགས་འཁོར་ཞིག་མཛད་པར། ཤར་ཕྱོགས་ནས་ཉི་མ་ཞིག་ཤར། དེའི་ཟེར་ལ་འཇའ་འོད་མེ་ཏོག་གི་ཆར་བབས་པ་དང་ལྷན་ཅིག་ཨོ་རྒྱན་རིན་པོ་ཆེ་ཕེབས་ནས་མདུན་དུ་སྟེགས་ཞིག་ལ་བྱམས་བཞུགས་མཛད། ཟ་མ་ཏོག་ལྟ་བུའི་དམར་སེར་ཞིག་བསྣམས་ནས། འདི་རྒྱུད་ལུང་མན་ངག་ཆུ་བོ་བཞི་འདུས་པའི་དབང་ཡིན་གསུངས་ཏེ་གནས་གསུམ་དུ་བཞག །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་སོགས་སྔགས་རྣམས་གསུངས་མཐར་ཕྱག་ཏུ་གནང་བ་ཞུ་ལ་ཁད་པ་ལྟ་བུའི་སྙི་ཉོར་ཉོར་ཞིག་འདུག་པ་ཞལ་དུ་བཞེས་པས་རོ་མངར་བ་ཞིག་གི་ཁུ་བས་སྐུ་ལུས་ཐམས་ཅད་གང་བའི་སྣང་བ་བྱུང་། ད་ཚིག་བདུན་གསོལ་འདེབས་འབུམ་ཐེར་ཞིག་གྲུབ་པ་གྱིས་དང་ཨོ་རྒྱན་པདྨ་བབས་འོང་གསུངས་པའི་འཕྲོ་ལ་ཉམས་སད་འདུག་པས་ད་བབ་ཚིག་བདུན་གསོལ་འདེབས་འབུམ་ཐེར་གྲུབ་པ་གལ་ཆེ་གསུངས། རྗེ་ཉིད་ནི་ཨོ་རྒྱན་པདྨ་དུས་རྒྱུན་བབས་བཞིན་བཞུགས། ཁོ་བོ་ལ་ནི་དེ་འདྲའི་རེ་བ་ཟད་ཀྱང་ཚིག་བདུན་གྲུབ་པར་བྱེད་དང་མ་འོངས་པར་རྗེས་སུ་གཟུང་བའི་རྒྱུར་འདུག་ཞུས་ནས་དེ་འཕྲལ་ཡང་ཁྲོད་སྒྲུབ་སྡེ་གཙོས་གནས་ཁག་རྣམས་སུ་བཞུགས་པའི་སྒྲུབ་པ་སོ་སོར་ཡོན་ཕུལ་ནས་གྲུབ་པར་བྱས། འདི་ལོ་རྫོང་སར་དུ་གཏེར་མཛོད་དབང་ལུང་ཚུགས་དགོས་པར་བཀའ་གནང་བས་སླར་ཕྱིན་ནས་དཔེ་དང་དཀྱིལ་ཙག་དབང་ཆས་རིགས་བསྡུས་ནས་རྫོང་དགོན་དུ་ཕྱིན་ནས་སླེབས་ཉེའི་སྐབས་སྔར་མཐོང་མ་མྱོང་བའི་འཇའ་ཚོན་ཁ་དོག་སྣ་ལྔའི་རི་མོ་དུ་མ་ཐིག་ལེ་ཐིག་ཕྲན་ཡུད་ཙམ་ནས་འདྲ་མིན་མང་དུ་འགྱུར་འགྲོ་བ་ནམ་མཁའི་ཕྱེད་ཁེབས་པ་བྱུང་། དཔལ་ཡུལ་རྒྱ་སྤྲུལ། ཀཿཐོག་རྨོག་ཚ། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། གླིང་རྗེ་དྲུང་། ལྷ་སྤྲུལ་གཉིས། རྫོགས་ཆེན་མཁན་པོ་ཨ་དཀོན་སོགས་བྱོན་འདུག་པ་རྣམས་དང་མཇལ་འཕྲད་ཞུས། ཟླ་བ་བདུན་པའི་ཉེར་ལྔར་ལྷ་གསར་དུ་བཀའ་བརྒྱད་བདེར་གཤེགས་འདུས་པའི་སྒྲུབ་ཆེན་གྱི་དབུ་གཟུང་། མདོ་བྱང་ཆེན་མོའི་འཇུག་པ་སྔོན་འགྲོས་སྒྲུབ་ཆེན་གྲུབ་ནས་ཕན་ནུས་ཟབ་དབང་རྣམས་རིམ་པར་བསྐུར། ཟླ་བ་བརྒྱད་པར་རྗེ་བླ་མས་གསན་མི་དགོས་པའི་རིགས་ཀྱི་དབང་ལུང་རྣམས་གོང་སྨྲོས་བླ་སྤྲུལ་རྣམས། རབ་འབྱམས་པ་ཀུན་བཟང་བསོད་ནམས་སོགས་ལ་རིམ་པར་བགྱིས། བླ་མ་གསང་འདུས་སོགས་ཀྱི་གཞུང་པོད་འགའ་ཞིག་གི་ལུང་ཡང་བཀླགས། བར་མཚམས་ཤིག་ཏུ་དཔའ་བོ་རིན་པོ་ཆེ་དཔལ་སྤུངས་སུ་ཕེབས་པས་སླར་ཕྱིན། ཡང་ཁྲོད་དུ་རབ་གནས་དང་ཚེ་དབང་ཞུས། གསོལ་སྟོན་དང་འབུལ་བ་ཕུལ། རྟེན་མཇལ་ཞུ་བ་སོགས་མགྱོགས་པར་བགྱིས་ཏེ་རྫོང་སར་དུ་ཕྱིན་ནས་སྔ་འཕྲོས་དབང་ལུང་ཚུགས། དཔའ་བོ་རྫོང་སར་དུ་ཕེབས། ཐུགས་བཞེད་ལྟར་མར་ལུགས་དགྱེས་རྡོར་གྱི་དབང་སྔོན་དུ་འགྲོ་བས་བརྟག་གཉིས་སྤྱི་དོན། ཚིག་འགྲེལ། ཟབ་མོ་ནང་དོན་རྣམས་ཀྱི་བཤད་ལུང་། ཆོས་སྐྱོང་གློག་ཕྲེང་ཚང་བ་སོགས་དབང་ལུང་མང་དུ་གསན་སོང་། ལོ་འདིར་ཡང་ཁྲོད་སྒྲུབ་པ་སྔ་མ་རྣམས་གྲོལ། སྒྲུབ་ཐེབས་བཞི་པ་སླར་སྡོད་སྐབས་ཁེལ་བས་ཟླ་བ་བཅུ་གཅིག་པར་གཏེར་མཛོད་དབང་རྣམས་གྲུབ་སོང་བ་དང་། ཡང་ཁྲོད་དུ་ཕྱིན་ནས་སྒྲུབ་པ་གསར་སྡོད་རྣམས་ལ་ཐོག་མར་མཁོ་བའི་དབང་ལུང་ཁྲིད་དང་། བཅའ་ཡིག་བསླབ་བྱ་སོགས་བྱས། ཟླ་བ་ཕྱེད་ཙམ་འགོར་ནས་སླར་སོང་སྟེ་སྔ་འཕྲོས་ལུང་རྣམས་བཀླགས། བཅུ་གཉིས་པའི་ཚེས་དྲུག་ལ་བཀའ་རྒྱ་པོད་བཞི་བཅས། ལུང་གཞན་གང་དགོས་ཀྱང་གྲུབ་ནས་ཚེས་བདུན་ནས་གཟིམས་ཆུང་དུ་འཚོགས། རྗེ་བླ་མ་རིན་པོ་ཆེས་གསན་དགོས་རིགས་ཀྱི་ལུང་རྣམས་ཐོག་མར་བཀླགས། མེ་གླང་གསར་ཚེས་ནང་། ཚེ་བདག་ལྕགས་འདྲ་སྡིག་གཞུང་པོད་ཀྱི་ལུང་བཀླགས་མཚམས། བོད་ནས་ལྕགས་ལ་མཁན་སྤྲུལ་ཡང་བྱོན་པ་ལ་བྱང་གཏེར་དགོངས་པ་ཟང་ཐལ་གྱི་དབང་ལུང་ཡོངས་རྫོགས་སོགས་དཔོན་སློབ་ལྷན་ཅིག་ཏུ་གསན་དགོས་པ་རྣམས་དང་། མཁན་སྤྲུལ་ལ་བླ་མ་ཡང་ཏིག་དབང་ལུང་ཁྲིད། སྔར་མ་གསན་པའི་བྱང་གཏེར་སྐོར་འགའ་ཞིག་གྲུབ་ནས་ངེད་རང་དཔོན་སློབ་ལྷན་ཅིག་ཏུ་ཞབས་བརྟན་དང་འབུལ་བ་གནང་ནས་ཕེབས་སོང་། ཟླ་བ་གཉིས་པའི་ཚེས་གསུམ་ལ་ལུང་ཚང་བར་གྲུབ་ནས་དབང་གི་དབུ་ཚུགས། ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་དབང་རྣམས་གྲུབ། སྐུ་ཞབས་ཁམས་པ་ཆེད་འབྱོན་དོན་གཉེར་དང་ཐར་རྩེ་དཔོན་སློབ་རྫོགས་ཆེན་སྤྲུལ་སྐུ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོངས་རྫོགས་ཉིན་ལྔ། རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ཕོག །སླར་ཡང་རྗེ་བླ་མའི་གཟིམས་སྤྱིལ་དུ་འདོད་འཇོ་བུམ་བཟང་གི་དབང་ལུང་ཚང་བ་ཉིན་བདུན་ལ་བགྱིས། གཏེར་མཛོད་ཁྲིད་རྣམས་ཀྱང་མཐར་ཆགས་སུ་བཏང་། གཏང་རག་སྲུང་མའི་གསོལ་སྐོང་བརྒྱ་རྩ་སོགས་གྲུབ་སྟེ་རྗེ་བླ་མ་རིན་པོ་ཆེའི་མདུན་ནས་ཚེ་དཔག་ལྷ་དགུའི་ཆོ་ག་དང་འབྲེལ་བའི་ཞབས་བརྟན་དང་འབུལ་ཆེན་གནང་། བླ་སྤྲུལ་ཁག་སོགས་ནས་ཀྱང་ཡོན་འབུལ་བསྟབས། འདི་སྐབས་རྨི་ལམ་ཞིག་ཏུ་དཔལ་ཡུལ་རྒྱ་སྤྲུལ་ནས་གསེར་གྱི་ཉག་ཐག་འདྲ་བ་ཞིག་ཕུལ་ནས་གུས་པ་ཆེན་པོ་མཛད་འདུག་པ་ལ་ཉག་ཐག་སླར་མགུལ་དུ་བསྐོན། ཁོང་དང་རྨོག་སྤྲུལ་གཉིས་ལ་བསྟན་པའི་གཉེར་གཏད་ནས་ཤིས་བརྗོད་རྒྱས་པར་སྤེལ་བ་རྨིས་པ་ལྟར་རྒྱ་སྤྲུལ་ནས་ཕྱིས་གཏེར་མཛོད་ཚར་གསུམ་ཙམ་གནང་རྒྱུ་བྱུང་ཡོད་འདུག །རྨོག་སྤྲུལ་བསྟན་འཛིན་སྐྱེས་བུ་ཁྱད་པར་འཕགས་པ་ཞིག་འབྱུང་བར་ཡོད་ཀྱང་སྐུ་ཚེའི་བར་ཆད་དབང་དུ་སོང་། རྩེ་ཟུལ་མདོར་སྟོབས་ཆེན་མཆོད་རྟེན་བཞེངས་དགོས་པ་མཆོག་གླིང་སོགས་ལུང་བསྟན་མང་། ཕྱིས་ཚོད་དེར་འབྱུང་པོ་གདུག་པ་ཅན་གྱིས་འདུ་འཚོགས་ཇེ་མང་སོང་བས་ལམ་འགྲིམ་མགོ་མི་ཐོན་པའི་འཚུབས་ཆེ་སྟབས་སྡེ་དགེ་ཚང་ནས་ངེད་ལ་བཅའ་སྒྲུབ་དགོས་པའི་བཀའ་ནན་སྔ་རྗེས་དང་། འདི་རེས་བསུ་མ་འབྱོར་བ་བཅས་ཀྱིས་རྗེ་བླ་མའི་མདུན་ནས་ཐོག་མཐའ་བར་གསུམ་གྱི་བསྒྲུབ་བྱ་རྣམས་བསླབ་སྟོན་ཞིབ་པར་ཞུས་ནས་ཐེག །ཡང་ཁྲོད་དུ་འོང་ནས་དཔེ་སོགས་དགོས་ཆས་བསྒྲིགས་ནས་ཨ་ལོ་རྩེ་ཟུལ་མདོར་ཕྱིན། སྐུ་ཚབ་བཀྲ་ཤིས་དགེ་ལེགས་ནས་གྲ་བསྒྲིགས། གཏེར་སྟོན་ཚེ་དབང་གྲགས་པ་དང་རྡོར་བྲག་བླ་སྤྲུལ་སོགས་བསྙེན་སོང་ནུས་ལྡན་རྣམས་ཀྱང་བྱོན། ཕུར་པ་བླ་མ་དཔོན་སློབ་ནས་ས་བཅག་འདུར་རྩ་འཆམ་བྱས། བསང་བརྔན་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག །ས་དམིགས་བཙལ་ཞིང་ལྟོ་འཕྱེ་བརྟགས་ནས་བུམ་གཏེར་སྦ་བ་སོགས་བགྱིས། འཁོར་ལོ་སོགས་བཅའ་གཞི་བསྒྲིགས། དགྲ་དུར་ཕུང་འཁྲུགས་དམ་སྲི་རྣམས་ཀྱི་བླ་རྡོ་ཕྱོགས་བཞི་དབུས་ལྔར་བཙལ་འོས་རྣམས་སེམས་ཀྱི་གསལ་སྣང་ལ་གང་ཤར་ཐམས་ཅད་འཁྲུལ་མེད་དུ་རྙེད་པ་སོགས་ཡིད་ཆེས་བྱུང་། ཟླ་བ་ལྔ་པའི་ཚེས་གསུམ་ལ་མཁན་བླ་མ་བཀྲ་ཤིས་འོད་ཟེར་སོགས་ནས་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་མཆོད་རྟེན་རྨིང་གཞི་བཏིང་། གཙུག་ལག་ནས་བཤད་པའི་རྟེན་འབྲེལ་རྣམས་ཀྱང་མ་ལུས་པ་བྱས། ཉི་ཤར་འཇའ་ཚོན་སོགས་དག་པའི་ལྟས་སུ་ཀུན་གྱིས་གླེང་། ཚེས་དགུར་སྒྲུབ་ཁག་སོ་སོས་གཏོར་འཕེན་དང་མནན་པའི་རིགས་ལེགས་པར་གྲུབ། གཏེར་སྟོན་གྱིས་སྤོམ་བྲག་ནས་མཆོད་རྟེན་ནང་གཞུག་གཙོ་བོ་ཆོས་རྒྱལ་སྲོང་བཙན་ཕྱག་ཚ་སྤྱན་དྲངས་འདུག་པ་ཚེས་བཅུའི་ཉིན་དཔའ་བོ་དཔའ་མོའི་སྟོན་མོ་བཅས་གཏེར་ཞལ་ཕྱེས། ཚེས་བཅུ་གཅིག་ནས་འོག་བཅས་རྣམས་རིམ་པར་བསྒྲུབས། བཅུ་དགུ་ཉིན་སྟེང་འོག་བཅའ་གཞི་མངའ་གསོལ་བཅས་བགྱིས། དེ་ནས་སྒྲུབ་པ་ལས་སྦྱོར་བཅས་བགྱིས་ཏེ་གནམ་སྟོང་ཉིན་བཞུགས་གནས་མཆོད་རྟེན་ཆེན་མོའི་ནང་བརྟན་པར་བཞུགས་སུ་གསོལ། ཚོགས་སྐོང་སྲེག་བླུག་སོགས་མཐའ་རྒྱས་བྱས། ཕྱིའི་མཆོད་རྟེན་འཕྲོས་བརྩིགས་པའི་སྐབས་གྱང་ཁང་ཡར་མགོ་རྣམས་ཀྱི་འབོད་ནན་ལྟར་འབྲི་ཆུ་ཕར་ཁར་ཕྱིན། ལོ་སྔ་མར་སྐུ་ཞབས་རིན་པོ་ཆེ་གློ་བུར་བོད་དུ་ཕེབས་སོང་ཡོད་འདུག །འདི་ལོ་བསྟན་དོན་ལྟས་ཤིན་ཏུ་འཚུབས་པས་རྔད་ལ་སྒྲོལ་མ་བྲག་དཀར་དུ་ཕྱིན། ཚོགས་བརྒྱ་དང་རི་རྩེ་ནས་ཟོར་ཟློག་རྟེན་འབྲེལ་ཆེད་ཙམ་བྱས་པར་འཇའ་ཚོན་ཤར་བ་སོགས་ལེགས་ལམ་བྱུང་། སྦྱིན་བདག་རྣམས་ཀྱི་རེ་བསྐངས་ཟིན་ནས་ཚུར་སླེབས་ཏེ་མཆོད་རྟེན་སྤྱིར་རབ་གནས་དང་དགེ་བསྙེན་རྟེན་འཛུག་བཅས་དེ་གའི་བྱ་བ་རྒྱས་པར་གྲུབ་ནས་ཟླ་བ་དྲུག་པར་སླར་འཁོར། དགོན་གྱི་མགོན་ཁང་དུ་བསྟན་དོན་ཆེད་དམིགས་དགྲ་ཆོས་དགོས་ཚུལ་བསྐུལ་བ་ལྟར་དེར་ཡང་འཚོགས་ལ་ཕྱིན། ཡང་ཁྲོད་ཀྱི་སྒྲུབ་པ་རྣམས་སོགས་ཕྱི་ནང་ལ་དབང་ཁྲིད་དགོས་བྱ་སྣེ་མང་བགྱིས། ཟླ་བ་བདུན་པར་སྔ་མའི་བཀའ་ལུང་ལྟར་གནས་ཆེན་རྣམས་སུ་ཚིག་བདུན་སྒྲུབ་ཆེད་རྫོང་སར་དུ་ཕྱིན། གཏེར་སྟོན་མཆོག་གླིང་སྤྲུལ་སྐུ་ལ་རྗེ་བླ་མ་དང་ལྷན་ཅིག་སྦྱོང་ཁྲུས། བྱིན་འབེབ་མངའ་གསོལ་ཤིས་བརྗོད་བགྱིས་སྐབས་ཉམས་ལྟས་ལེགས། ཕྱི་རོལ་ཏུའང་འཇའ་ཚོན་དང་མེ་ཏོག་ཆར་པ་འདུག་ཟེར། རྩ་འདུས་ཀྱི་གཏེར་སྒྲུབ་ཞར་བྱུང་ཚིག་བདུན་གསག་ལུགས་འདི་ལྟར་འོས་ཞེས་རྗེ་རིན་པོ་ཆེས་བཀའ་སློབ་བསྩལ་བ་ལྟར་པདྨ་ཤེལ་ཕུག་ཏུ་ཞག་བདུན་ཉིན་བརྒྱད་བཟླས་སྒོམ་བགྱིས། འདི་སྐབས་སྔ་དྲོ་ཞིག་གི་གསལ་སྣང་དུ་ལུང་པའི་ནང་གི་བྲག་ལ་ཛཾ་ལྷའི་སྐུ་གསུང་ཐུགས་རང་བྱོན་ཡོད་པས་ཛཾ་ནང་དུ་མིང་ཐོགས། ཁྱད་པར་ཛཾ་ལྗང་གནས་པ་གསལ་བ་དང་། རྗེས་ཤེས་སུ་འདིར་ཕུ་པ་རྣམས་ཀྱིས་སྤྱི་རིམ་གཡང་སྐྱབས་བྱས་ན་ལེགས་སྙམ་པ་ཤར། ཚོགས་བརྒྱ་གསོལ་སྐོང་གྲུབ་པ་དང་ལ་བརྒལ་ནས་རོང་མེ་དཀར་མོ་སྟག་ཚང་དུ་འདོན་སྒྲུབ་ཞག་བདུན་བགྱིས། རྨི་ལམ་འཚུབས་ལྟས་དང་ལེགས་པའི་ལྟས་གཉིས་ཀ་བྱུང་། གྲོལ་ནངས་རཀྟ་ཕྱུར་ནས་ས་ལ་འཁྱིལ་བ་བྱུང་འདུག །འདིར་སྡེ་དགེ་མ་ཡུམ་ནས་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་བཅས་མཛད་རྩིས་ཀྱིས་འབོད་མི་སྔ་ནས་བྱུང་བ་ལྟར་ཕྱིར་འོང་བའི་ལམ་ཁར་སྦྱིན་བདག་ཅིག་འཆི་བའི་སྒྲིབ་སྦྱོང་ཆོ་ག་བཏང་། ཞག་གཅིག་བསྡད་པའི་ནངས་སྔ་མོར་བུ་མོ་དེས་དར་ལྗང་གུ་དང་སྒྲོལ་སྐུ་ཞིག་བྱིན་བྱུང་། སླར་ཅུང་ཟད་འཐུམ་པའི་རྨི་ལམ་དུ་སྔར་དང་འདྲ་བའི་རྒྱལ་གདོན་གྱིས་འཚེ་བ་ལ་ཕུར་པའི་ཏིང་ངེ་འཛིན་གྱིས་གཟིར། མཁའ་འགྲོ་བྱེ་རུའི་མགོ་རྒྱན་ཅན་ཆེ་ཆུང་གཉིས་ཀྱིས་བརྡའི་ལུང་བསྟན་མང་དུ་བྱེད་པ་ཞིག་བྱུང་། བཀྲ་ཤིས་ཕོ་བྲང་དུ་ཕྱིན། སྡེ་དགེ་སྐུ་མཆེད་དང་བླ་གྲྭ་རྣམས་ཀྱང་བྱོན། ཟླ་བ་བརྒྱད་པའི་ཚེས་བདུན་ལ་དབུ་ཚུགས། སྒྲུབ་ཆེན་སྨན་སྒྲུབ་གཉིས་ཀ་ཞག་བདུན་རེ་མཛད་སོང་། འདི་སྐབས་རྨིས་ལྟས་གསལ་ཞིང་ལེགས་པ་མང་ཞིང་། བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ་སྨིན་གླིང་གཏེར་ཆེན་སྒྲུབ་པར་བཞུགས་པ་མཇལ་ཞིང་ཉི་དྲོས་འཇའ་ཚོན་ཤར་བས་ཉམས་དགའ་བ་དང་ཌཱ་ཀི་ཆེ་ཆུང་གཉིས་ཀྱིས་ཤར་ཕྱོགས་སུ་ནོར་གཏེར་གནད་ཆེན་ཡོད་ཟེར་བས་སྔགས་པ་ཟིལ་ཅན་གཏེར་སྟོན་ཡིན་སྙམ་ཞིག་འདུག་པ་ལ་བཏོན་རོགས་མཛོད་བྱས་པས་ཞལ་བཞེས་ཐོབ་པས་དགའ་བ་སྐྱེས། གཏེར་གྱི་གནས་ཚུལ་ཡང་ཡིད་ལ་གསལ་སྙམ་བྱེད་པ་དང་། རྗེ་བླ་མ་རིན་པོ་ཆེས་ལུང་བསྟན་འགའ་ཞིག་དང་ཤོག་སེར་མང་པོའི་བརྡ་འགྲོལ་མཛད་པ་དང་། གནས་གཏེར་གྱི་བཀོད་པ་མང་དུ་གསལ་བ་སོགས་བྱུང་། དངོས་གྲུབ་ལེན་ཆོག་སྐབས་མ་ཡུམ་ནས་པད་ཞྭ་དང་དཀར་ཆས་འཚོགས་པས་ཞབས་བརྟན་གནང་། སྐུ་ངོ་རྣམས་དང་། རྫོགས་ཆེན་རིན་པོ་ཆེ། གླིང་སྤྲུལ། གཏེར་སྤྲུལ། གདོང་ཀཾ་སྤྲུལ་སྐུ་སོགས་ལ་དབང་ཆེན་དང་། བར་དབང་ཁྲོམ་དབང་སོགས་མཐའ་རྒྱས་བསྒྲུབས། ཞི་ཁྲོའི་གནས་བརྒྱ་འཚོགས། གནམ་གང་ཉིན་སྟོང་མཆོད་རྒྱས་པ་བཅས་རབས་བདུན་རིང་བསྲེལ་མཆོད་པ་མཛད་སོང་བས་རྨེ་ཤོད་ཕུ་མདའ་ཁེངས་པའི་འཇའ་ཚོན་ཀུན་གྱིས་མཐོང་བར་བྱུང་། དེ་ནས་བཏེགས། ཟླ་གམ་དབང་ཕུག་ཏུ་དགུ་པའི་ཚེས་བཞི་ལ་སྒྲུབ་པའི་དབུ་ཚུགས་པའི་ཐོག་མའི་ནུབ་ཨོ་རྒྱན་རིན་པོ་ཆེ་ཉིད། རྗེ་བླ་མ་མཁྱེན་བརྩེའི་རྣམ་པར་བཞུགས་པས་ཤོག་སེར་ལ་བརྡ་ཡིག་གྲུ་ཆོད་མང་པོ་ཡོད་པའི་གླེགས་བམ་ཞིག་ཁ་ཕྱེ་ནས་ཚིག་བདུན་འདོན་ཐབས་ནས་བརྩམ་ཚང་བ་བརྡ་སྤྲད་པ་ཞིག་རྨིས། གཞན་རྨི་ལམ་ལྟས་ཡོད་མང་ཡང་མ་བཀོད། འདི་སྐོར་སྤྲིན་འཇའ་དཀར་པོ་མང་དུ་ཤར་བ་དང་། ཁྱད་པར་ནུབ་ནས་ཤར་དུ་རྒྱས་པའི་སྤྲིན་འཇའ་སྐུ་ཤ་ལྟ་བུས་ནམ་མཁའ་ཕྱེད་ཁེབས་པའི་ཡ་མཚན་ཆེ་བ་རྒྱུན་རིང་དུ་བྱུང་སོང་། ལན་གཅིག་མཆོད་རྟེན་ཆེན་པོ་ཞིག་གི་ནང་དུ་ཕྱིན་པས་ས་དགྲའི་སྐྱོན་གྱིས་བང་རིམ་འོག་མའི་ལྷོ་ནུབ་ཏུ་སྐྱོན་ཡོད་སྐད། ཇོ་ནང་ལྟ་གྲུབ་སྔར་ཡོད་ལ་བཅོས་མ་ཕོག་ན་མཆོད་རྟེན་ལ་སྐྱོན་མི་འབྱུང་། དེ་མཚུངས་གྲུབ་མཐའ་གཞན་རྣམས་ཀྱང་ཐོག་མའི་སྲོལ་འབྱེད་དེའི་ལུགས་རང་སོར་བཞག་དགོས་ཚུལ་གྱི་རྒྱུ་མཚན་ཡི་གེ་མང་པོ་དགེ་བཤེས་འདྲ་བ་ཞིག་གིས་ཀློག་ནས་བཤད་པ་སོགས་ཉམས་མཚར་ཡང་བྱུང་། ཚེས་ཉེར་ལྔ་ལ་ཚོགས་བརྒྱ་གསོལ་ཁ་རྣམས་གྲུབ་ནས་པདྨ་ཤེལ་རིར་ཕྱིན། སྒྲུབ་པ་ཚུགས། སྔ་དྲོ་ཞིག་གི་ཉམས་སྣང་དུ་མཁའ་འགྲོ་དཀར་མོ་དར་དང་རུས་རྒྱན་ཅན་རྡོར་དྲིལ་ཐོགས་པ་ཞིག་གནས་འགྱུར་ཏེ། གཡས་ཚེ་བུམ་དང་གཡོན་པད་སྟེང་ནོར་བུ་ཡོད་པ། སྟག་ཤམ་ཅན་ཞིག་གསལ་བ་དང་། རེས་ཤིག་རྨི་ལམ་དུ་རྗེ་བཙུན་མི་ལ་རས་པ་སྐུ་ཤ་དང་ན་བཟའ་དཀར་པོ། དབུ་སྐྲ་ལྕང་ལོས་སྐུ་རྒྱབ་ཁེབས་པ། ཕྱག་གཉིས་སྐུ་རྒྱབ་ཏུ་བསྣོལ་ནས་ཌཱ་རུ་དང་རྐང་གླིང་བསྣམས་པ་མི་ཚད་ཙམ་གྱི་སྐུ་ཞིག་མཇལ་བ་ལ་གུས་འདུད་བྱས་པས། དེ་ཉིད་སྐུ་དངོས་སུ་གྱུར། ཕྱག་གཉིས་མདུན་དུ་བསྣོལ་ནས་བྱིན་རླབས་བསྩལ་བ་རྨིས། འདི་ཡན་ཚིག་བདུན་འབུམ་ཐེར་གཅིག །ལྔ་སྟོང་སུམ་བརྒྱ་ལྷག་སོང་། གནས་ཕུག་ཐམས་ཅད་དུ་ཚོགས་སྐོང་གསོལ་ཁ་བྱས། ཐེག་ལམ་གྱང་གནས་པོ་རྩར་ཞག་གཅིག་བསྡད་ནུབ་རྫོང་ཤོད་གཏེར་གྱི་ལྟས་མང་དུ་རྨིས། བཅུ་པའི་ཚེས་བདུན་ལ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་ཕྱིན། གནས་ལྔར་སོ་སོར་ཚོགས་མཆོད་དང་། ཚེས་བཅུ་ཉིན་ཐུགས་གནས་ཚོགས་ཁང་ཆེན་མོར་བརྒྱ་མཆོད་སོགས་འབྱོར་ཚོགས་རྒྱས་པ་བཤམ་ནས་ཚོགས་འཁོར་བརྒྱ་རྩ་བགྱིས། འདི་གར་སྤྲུལ་སྐུ་རིན་པོ་ཆེ་དང་མཆོག་གླིང་གཉིས་ཀྱིས་ས་གནད་ལྷ་ཁང་དགོས་ཚུལ་གསུངས་ཀྱང་དབོན་སྤྲུལ་སྐུ་གཤེགས་པ་སོགས་ཀྱིས་ཐོན་མ་སོང་། ད་སྟེ་རང་ནས་ཁང་བརྩེགས་མཆོད་རྟེན་ཙམ་ཨི་འགྲུབ་རེ་བ་ཡོད་ཚུལ་འཕྲོས་མོལ་བྱས་པར། དཔལ་སྤུངས་སྐུ་ཚབ་མ་ད་ནས་ཐུགས་ཉམས་འུར། ཁོས་ལྷ་ཁང་རྨིང་བཏིང་ཟེར། རག་ཆབ་ཤོག་དཔོན་ནས་ཁོས་གྲོགས་བྱེད་ཟེར་བའི་རྟེན་འབྲེལ་ལེགས་པ་འདྲ་ཞིག་བྱུང་བས་ཕྱིར་ལོ་སྒྲུབ་ཁང་བཟོ་རྒྱུའི་གྲོས་འགྲིགས་ནས་དེར་བྱུང་བའི་དཀོར་རྫས་རྣམས་ཀྱང་ངོས་སྤྲད། ཕྱིར་འོང་ལམ་སྦྱིན་བདག་རྣམས་ཀྱི་འདོད་སྐོང་དང་། མཛེས་བུམ་ཕོ་བྲང་དུ་བསྟན་རིམ་ཡང་བསྒྲུབས། འདི་སྐོར་རྣམས་སུའང་རྨི་ལམ་གྱི་བརྡ་དཔྱད་དཀའ་བ་དང་། གནས་གཏེར་གྱི་ལྟས་དང་བུད་མེད་འདུ་བ་མང་ཞིང་། གནས་རི་ལྷ་ཁང་ལྟ་བུར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་འཇའ་ཚོན་སྙིང་པོ་དབྱེར་མེད་པ་ཞིག་མཇལ། མོས་གུས་ཆེན་པོས་གསོལ་བ་བཏབ་པས་ལམ་མཆོག་རིན་ཆེན་ཕྲེང་བ་ཞིག་གནང་བ་དང་། པདྨ་ཉིན་བྱེད་དབང་པོ་དང་རྒྱལ་དབང་ཐེག་མཆོག་རྡོ་རྗེ་མཇལ། ཤིན་ཏུ་དགྱེས་པ་ཆེན་པོས་ཁྱོད་ཀྱི་གཏེར་ཆོས་སོགས་བཀའ་ཆོས་མང་ཙམ་གསན་དགོས་གསུངས་པ་དང་། བན་བོན་འདྲེས་པའི་ལྷ་འདྲེས་ཧོན་ནད་དཀར་པོར་སྒྱུར་བའི་ཁས་ལེན་ལན་མང་དུ་བྱེད་པ་དང་། སྔར་ཡོད་སྐུ་ཚབ་ལ་སྤྲུལ་སྐུ་རིན་པོ་ཆེས་དབུ་པཎ་ཆེས་མཐོ་བ་གསོལ། མཐའ་སྐོར་ནོར་བུ་སྤུངས་པ་མཐོ་གང་ལྷག་ཙམ་ཞིག་མཛད་ནས་གནང་བས་ཆེས་དགའ་སྤྲོ་སྐྱེས་པ་སོགས་རྨིས་ཤིང་། ཐོ་རངས་གསལ་སྣང་ཞིག་ཏུ་ནམ་མཁར་ཐིག་ལེ་ཤིན་ཏུ་རྒྱ་ཆེ་བ་མཐའ་སྐོར་འཇའ་ཚོན་གྱིས་བསྐོར་བའི་ནང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཞི་ཁྲོ་རིགས་བརྒྱའི་ལྷ་དུ་མས་བསྐོར་བ་མཐོང་བ་དང་ཉམས་སད། བཅུ་གཉིས་པའི་ཚེས་གཅིག་ལ་རྫོང་དགོན་དུ་སླེབས། ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ། གསུང་གླེང་སྣ་ཚོགས་དགྱེས་པས་གནང་། ཚིག་བདུན་སྐོར་ཞུ་འཕྲོས་བྱུང་བས་རྟེན་འབྲེལ་ཆེ་བའི་ལྔ་ཚན་དང་འབྲི་གཞི་གནང་ནས་འབྲི་དགོས་ཚུལ་ནན་དུ་གསུངས། དེ་ནུབ་རྨི་ལམ་དུ་ཆོས་གོས་དམར་སེར་གསར་པ་ཞིག་གྱོན་ནས་བསྡད་པས་སྨྱུ་གུ་མང་དུ་རྙེད། མཚུར་ཕུ་རྗེ་བཙུན་རྣམ་རྒྱལ་འདྲ་བའི་མཁའ་འགྲོ་མ་སྐྲ་གྲོལ་བ་ཞིག་གིས། རས་ལ་བརྡ་ཡིག་བྲིས་པའི་གཏེར་གྱི་ཁ་བྱང་ལྕགས་ཕུར་ཆུང་ངུ་ལ་བཏགས་པ་ཞིག་བྱིན། ངེད་རང་གཉིས་ནས་འདོན་དགོས་རྒྱུ་ཡིན་ཟེར་བ་སོགས་རྨིས། རྗེ་བླ་མས་ཐོ་རངས་མནལ་ལམ་ཞིག་ལ། རིགས་ལྔ་ལྟ་བུའི་སྐུ་བཞི། སྐུ་སྨད་མེད་པ་གཅིག་རྣམས་ངེད་ལ་གནང་ནས་གཅིག་འདི་གསོ་དགོས་གསུངས་པས་འདི་ངོས་ནས་ཐོན་དཀའ་ཞེས་འཚེར་བག་བྱེད་པའི་མནལ་ལམ་བྱུང་གསུངས་པ་འདི་ཕྱིས་འབྱུང་ལྟས་སུ་འདུག །འདི་སྐབས་རྩ་གསུམ་བཀའ་འདུས་རྟེན་གུ་རུའི་དམ་ཚིག་རྡོ་རྗེ་ཛྷཻ་ཀྵིཾ་ལས་གྲུབ་པ་མུན་ནང་འོད་འབར་བ་དང་། ཟབ་བུ་ལུང་མཚོ་རྒྱལ་སྐུ་ཚབ་རྣམས་གཏེར་སྲུང་གིས་དངོས་སུ་ཕུལ་འདུག་པ་སོགས་མཇལ་ཁ་དང་བྱིན་རླབས་གནང་། འདི་དག་རྩོལ་མེད་བྱུང་བ་ལས་ཆོས་སྡེ་དངོས་ཀྱང་རྙེད་རྒྱུ་ཡིན་ནམ་གསུང་བ་ཞིག་ཡོད་ཀྱང་ཕྱིས་སུ་མ་འབྱོར་བས་རྡོ་རྗེ་དེ་སོགས་ཤོག་སེར་དང་གཏེར་རྫས་གཏེར་ཆོས་མང་ཞིག་གཏེར་སྲུང་ལ་ཕར་གཉེར་དུ་གཏད་པ་ཡིན་འདྲ། སྐུ་གཤེགས་རྗེས་གཅིག་ཀྱང་མི་འདུག །ལན་གཅིག་བན་རྒོད་སྨྱོན་པ་ཞིག་བྱིན་རླབས་ཞུ་བར་འོང་བས་རྐྱེན་བྱས་སྐུ་ཁམས་ཆེར་འཁྲུགས་པས་ངེད་རང་ནས་ཚིག་བདུན་འདོན་ཐབས་སོགས་རིམ་པར་བྲིས། མི་ཕམ་སོགས་སྒྲ་ཙཱནྡྲ་པའི་འགྲེལ་ཆེན་སྔ་འཕྲོས་གྲུབ་པར་བགྱིས། ནུབ་ཅིག་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་གཞོན་ནུ་ཟིལ་ཅན་གྱི་རྣམ་པ་མཇལ་བ་དང་། ལྷ་ཁང་ཤིན་ཏུ་བཀོད་ལེགས་པའི་ནང་ཚེ་དཔག་མེད་ལ་སངས་རྒྱས་སྟོང་རྩས་བསྐོར་བ་ཐམས་ཅད་གསེར་མདོག་འོད་འབར་བ་མཇལ་བ་སོགས་ཀྱང་རྨིས། རིང་བསྲེལ་མང་པོ་དང་ཤོག་སེར། སངས་རྒྱས་མཉན་པའི་དབུ་ཐོད་རྣམས་རྙེད་ཚུལ་དགོད་བྲོ་བའི་རྨི་ལམ་ཡང་བྱུང་། ཕྱོགས་འདུས་མང་པོར་དབང་ཆོས་ཀྱི་རེ་སྐོང་ཡང་གྲུབ་ནས་ཡང་ཁྲོད་དུ་ཕྱིན། རྟག་གཏོར་བརྗེ་བའི་གསོལ་ཁ། མགོན་པོའི་གཏོར་སྒྲུབ། མི་མང་འདུས་པའི་ངོ་ལེན་བྱས། ས་སྟག་གསར་ཚེས་ནང་སྔ་རྒྱུན་འདོན་བྱ་དང་། སྒྲུབ་པ་རྣམས་ལ་དབང་ཁྲིད། གཏེར་མཛོད་ཞུ་དག་སོགས་དལ་མེད་བྱས། ཟླ་བ་གཉིས་པར་རིག་འཛིན་ནས་སྦྱིན་བདག་བྱས་ཏེ་བླ་མ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་ཚུགས། སྒྲུབ་ཆེན་འདི་དག་གི་སྐབས་སུ་སྐོང་ཆོག་མཁན། ཕུར་སྒྲུབ། ཚེ་སྒྲུབ་རྣམས་ཀྱི་ཟུར་འཚོགས་རྒྱས་པ་རེའང་ཡོད། འདི་སྐབས་བྱིན་རླབས་ཀྱི་ལྟས་དང་། ཁྱད་པར་ནུབ་ཅིག་ཀུན་མཁྱེན་བླ་མ་རིན་པོ་ཆེས་ལྷ་མདོ་ནས་བཞེས་པ་ཡིན་གསུངས་པའི་རྡོ་རྗེ་བསྐུམ་ཁྲུ་གང་ཙམ་དང་། དུང་དཀར་བང་གང་ཙམ་པ་ལག་ཏུ་སྤྲད། རྡོར་དྲིལ་ཞིག་ཕྱག་ཏུ་བསྣམས་ནས་བསྟན། གེ་སར་སྒྲུབ་ཐབས་མང་ཉུང་འཚམས་པ་ཞིག་ཕབ། དེ་མ་ཐག་གཏོར་མཆོད་བཀོད་པ་ཁྱད་མཚར་ཅན་བཤམས་ནས་དཔོན་སློབ་ཁ་ཤས་ཀྱིས་དེའི་ཆོ་ག་བཏང་བ་དང་། སྨན་སྒྲུབ་སྐབས་ཕྱོགས་མེད་ཉུལ་བའི་བནྡེ་ཞིག་གིས་རྭ་ཅོ་ནང་ནས་སྲོལ་གང་བ་འདྲ་བའི་སྨན་ཞིག་བཏོན་ནས་བྱིན། འདི་སྨད་ཕྱོགས་ལ་སྨན་གྱི་རྒྱལ་པོར་བྱེད། ནད་རིགས་ཐམས་ཅད་འཇོམས་པ་ཡིན་སོགས་ཟེར་བ་རྨིས། ཟླ་བ་གསུམ་པར་སྦྱིན་བདག་རེ་སྐོང་དང་རྫོང་དགོན་དུ་ཆེད་གཏད་ཕྱིན་ཀྱང་རྗེ་བླ་མ་སྐུ་ཁམས་མ་དྭངས། བླ་སྤྲུལ་མང་པོར་ཇོ་ནང་ཁྲིད་བརྒྱ་སོགས་འདོད་ཆོས་མང་པོ་དང་ཞུ་དག་ལྟ་བ་སོགས་ཀྱིས་གཡེངས། ཚིག་བདུན་སྒྲུབ་ཐབས་ཀྱང་བྲིས། འདི་སྐབས་ནུབ་ཅིག་སྨིན་གླིང་ནས་ལོ་ཆེན་གྱིས་བསྐུར་བའི་ཡི་གེ་དང་། དེའི་རྟེན་སྒྲིལ་ཁ་རློག་པས་དེ་ནང་དུས་མཚན་མ་ཡིན་ཟེར་བའི་བུད་མེད་སྔོན་མོ་ཆེན་མོ་རྐང་གཡོན་གནམ་དུ་བསྐུམ་པ་ཞིག་བྱུང་བས་འདོམ་བར་དུ་བཅུག །འགྲམ་དེར་བུད་མེད་དམར་མོ་གཅེར་བུ་རིན་ཆེན་རྒྱན་ལྡན་ཞིག་གིས་འཛུམ་ཞིང་བལྟ། གཞན་བུད་མེད་བཞི་ཙམ་འཚོགས་བྱུང་བའི་ནང་རིག་འཛིན་སྒྲོན་མས་ཕུར་པ་ཟངས་ས་ལེ་སྦྲམ་ལས་བྱས་པ་ལྟ་བུ་ཁྲུ་གང་ཙམ་པ་དར་ངུར་སེར་ཅུང་ཟད་རྙིང་པ་བརྡ་ཡིག་མང་དུ་བྲིས་པ་ཞིག་བྱིན་བྱུང་བ་དགའ་སྤྲོ་དང་བཅས་ཏེ་བཅངས་པའི་སྐབས། རྗེ་བླ་མའི་མདུན་ནས་ཕྱག་བྲིས་གནང་བ་ལ་བལྟས་པས་དེའི་དོན་འགྲོལ་དང་གཏེར་ཁའི་རྣམ་དབྱེ་ངོ་མཚར་ཆེ་བ་མང་དུ་འདུག་པའང་རྨིས། ཟླ་བ་ལྔ་པར་སླར་ཕྱིན། དུས་འཁོར་དབང་ཆེན་སོགས་རྒྱུན་གྱི་དགོས་རིགས་བགྱིས། སྡེ་དགེ་ནས་བཀའ་རྒྱ་བྱུང་བས་ལྕང་རར་ཕྱིན། བསྟན་སྲིད་རིམ་གྲོར་འགོང་པོ་སྐྱས་འདེགས་དང་བུམ་གཏེར་མང་དུ་བསྒྲུབས། གཉན་ལྡང་དུ་འདུ་བའི་ལྟས་འདུག་པས་གནས་འབྲེལ་ཕྱིན། ཚུར་ལམ་རྩེ་མདོའི་མཆོད་རྟེན་ལ་རབ་གནས་བསྐྱར། ཐང་ལྷའི་རྟེན་འཛུག་བྱས། གནས་རྣམས་ལ་ཚོགས་མཆོད་དང་སྦྱིན་བདག་རྣམས་ཀྱི་རེ་སྐོང་གྲུབ་ནས་ཡང་ཁྲོད་དུ་ཕྱིན། ཟླ་བཟང་ཡང་སྲིད་སོགས་དགེ་རྒྱལ་ཕྱོགས་ཀྱི་བླ་སྤྲུལ་དང་དཔོན་སོགས་བྱོན་པར་ཀར་ལུགས་དཀྱིལ་འཁོར་རྣམས་ཀྱི་དབང་ལུང་སོགས་དགོས་བྱ་ཕལ་ཆེར་གྲུབ། རང་ཡུལ་ནས་གཏེར་སྟོན་ཚེ་དབང་གྲགས་པས་འདི་ལོ་ཡར་མ་སླེབས་ཐབས་མེད་ཀྱི་གསུང་བྲིས་སྔ་རྗེས་འབྱོར་བ་སོགས་ཀྱིས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་མཇལ། གསུང་འཕྲོས་ཡིད་ལ་གཞག་དགོས་པ་མང་དུ་གནང་། ཁྱད་པར་དག་སྣང་དུ་ཨིནྡྲ་བོ་དྷི་དང་ས་ར་ཧ་དབྱེར་མི་ཕྱེད་པ་ལས་ཟབ་དབང་དངོས་སུ་གསན་པ་སོགས་ཐུན་མོང་མ་ཡིན་པའི་གཟིགས་སྣང་འགའ་རེའང་བཀའ་བསྩལ། ཁོང་ལ་ཁམས་བོད་གཉིས་སུ་བཀའ་ཆོས་གསན་ཡུལ་བླ་མ་ཉིས་བརྒྱར་ལོངས་པ་ཡོད་པ་ལས་རྩ་བའི་བླ་མ་བཞི་ཡིན། དེ་དག་ཞལ་བཞུགས་ན་རྟོགས་པ་རེ་འབུལ་འདོད་ཀྱང་གཞན་གསུམ་མ་བཞུགས། ད་སྟེ་ཁྱེད་རང་ཁོ་ནར་འདུག་པས་ད་ལན་རྟོགས་པ་ཞིག་ཀྱང་འབུལ་དགོས་གསུངས་ནས་རྫོགས་རིམ་མཚན་བཅས་མཚན་མེད་ཀྱི་འཆར་ཚུལ་མདོར་བསྡུས་ཙམ་བཀའ་ཕེབས་པས་རང་ལ་དེ་ལྟ་བུའི་མྱོང་རྟོགས་ཀྱི་ཆ་ཤས་ཙམ་ཡང་མེད་མོད། གསར་རྙིང་ཁྲིད་དཔེ་མང་པོ་ལས་གོ་ཚོད་ཀྱིས་དཔག་ན་རྩ་ཐིག་རླུང་གསུམ་ལ་རང་དབང་འབྱོར། སྲོག་རྩོལ་ཕལ་ཆེར་དབུ་མར་དག །ཕྱག་ཆེན་ལྟར་ན་རོ་གཅིག་རྟོགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་རྩལ་རྫོགས་པ་ཡིན་འདུག་པས་ཨོ་རྒྱན་ཆེན་པོ་དང་བི་མ་ལ་ཉིད་ལས་གཞན་དུ་མ་མཆིས་པའི་ངེས་ཤེས་སྐྱེས། རང་ནས་ཀྱང་རྟོགས་ཚོད་ཕྲན་བུ་ཞུས་པས་ཁྲེགས་ཆོད་ཀྱི་རིག་པ་ཚད་ཕེབས་ཡིན་གསུངས། བར་མཚམས་རྣམས་སུ་ཐར་རྩེ་དཔོན་སློབ་ལ་སྒྲ་ཙཱནྡྲ་པ་མདོར་བསྡུས་བསླབས། དཔལ་ཡུལ་སྤྲུལ་སྐུ་དང་རྒྱལ་རོང་གཏེར་སྟོན་རྣམས་ལ་དགོངས་པ་ཟང་ཐལ་གྱི་དབང་ལུང་སོགས་བླ་སྦྲུལ་མང་པོར་འདོད་ཆོས་མང་དུ་བྱས། ཟླ་བ་དགུ་པར་དྲི་མེད་ཡང་གཏེར་རྒྱལ་རྒྱམ་གྱི་སྒྲུབ་ཆེན་མདོར་བསྡུས་མཛད། དབང་ལུང་ཁྲིད་གསུམ་ཆིག་རྫོགས་སུ་བསྩལ། ཟབ་དབང་དེའི་རྒྱུན་སྩོལ་བར་གསོལ་བ་བཏབ་པས་དེའི་དབང་གི་སྐབས་སུ་དགོངས་གཏད་ནན་དུ་གནང་བས་དངོས་མཚུངས་ཀྱི་མི་འགྱུར་བའི་བདེ་བ་བརྟན་ཅིང་རྗེས་གནང་དགྱེས་བཞིན་བསྩལ་བས་རྡོ་རྗེ་ཐེག་པ་མཇལ་བ་དོན་ལྡན་དུ་གྱུར་སྙམ་པ་བྱུང་། འདི་སྐབས་ད་རེས་ཉིད་ལ་ཞབས་ཕྱི་ཆེན་པོ་རང་གྲུབ་སོང་། ད་ཕན་དགུང་ལོ་བདུན་ཅུ་དོན་གསུམ་བར་ཉེར་འཚེ་བར་ཆད་གང་ཡང་མེད་ངེས་ཡིན། དེ་ཕན་བསྟན་འགྲོའི་བསོད་ནམས་ལ་རག་ལས་པ་ཡིན་མོད་ཅེས་གསུངས། ཚིག་བདུན་ལས་མཚོ་སྐྱེས་རྡོ་རྗེ་དང་གྲོ་ལོད་ཀྱི་ཚོགས་ཉིན་གཅིག་མཛད་སོང་བས། སྣང་སྲིད་མཚོ་སྐྱེས་རྡོ་རྗེའི་དཀྱིལ་འཁོར་དུ་ཤར་བ་སོགས་བྱིན་རླབས་ཀྱི་བབ་ཆེ་འདུག་གསུངས། རོང་རྒྱབ་ཕྱོགས་སུ་འགྲོ་དགོས་ཐད་ཅི་དགའ་བརྟག་བསྒྲིལ་མཛད་སོང་བར་སོང་ན་ལེགས་པར་བབས་པས་འགྲོ་ཐག་ཆོད་པའི་ནུབ་ཅིག་རྗེའི་མདུན་ལྷ་བཙན་ཚངས་པ་དངོས་སུ་འོང་ནས་ཤོག་དྲིལ་ཞིག་སྤྲད་པ་ལ་གཟིགས་པས། ཁྱེད་རང་རྣམས་ཀྱིས་ལས་དོན་འགའ་རྩོམ་པ་དེ་ལ་བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཚོགས་བརྒྱ་ཞིག་མ་བྱས་ན་འགྲིགས་མི་འོང་། ཞེས་སོགས་ཉམས་མཚར་ལྟ་བུའི་བསླབ་བྱའང་འགའ་ཞིག་འདུག་པས་ད་ལྟར་དགོས་འདུག་གསུངས། ཕྱིར་ཉིན་རྒྱ་ལོ་ཙཱའི་ཡང་གཏེར་བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཚོགས་བརྒྱ་དང་། དེའི་དོན་དབང་ཡང་བཀའ་དྲིན་དུ་བསྩལ། སྐུ་ཚབ་རྣམས་ལ་གསོལ་འདེབས་སྨོན་ལམ་དེ་དག་དང་གཏེར་ཕུར་གྱི་བྱིན་རླབས་ནན་དུ་བསྩལ། སླར་རང་གནས་སུ་ཕྱིན། འགྲོ་ཆས་སོགས་བྲེལ་གཡེང་རིམ་སེལ་མཐར་དཔོན་སློབ་ཁ་ཤས་ཁྱོགས། རོང་རྒྱབ་བོན་དགོན་དུ་སླེབས། གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་འཚོགས། སྒྲོལ་མའི་མཎྜལ་ཚར་གྲངས་དང་། ཚེས་བཅུར་རྩ་གསུམ་དགོངས་འདུས་ཚོགས་སྐོང་བཏང་ནུབ་མཁའ་འགྲོ་མ་དར་ཡོལ་རྣམ་པ་སྐྲ་ཕྱུག་པ་ཞིག་གིས་ཟ་འོག་འཕན་སོགས་ཡིད་འཕྲོག་པའི་ཆས་དང་། པད་ཞྭ་ཆེ་ལེགས། པུསྟི་དར་དྲིལ་བདུན་ཙམ་བྱིན་བྱུང་བར་གཅིག་གཉིས་ཀྱི་དོན་ཤེས་སྙམ་བྱེད། མི་ཞིག་གིས་ཁྱེད་རང་དེ་དང་འབྲེལ་བས་ལོ་ཤས་ཞིག་གི་དོན་འགྲུབ་སོང་ཟེར། སེམས་ལ་དགའ་བདེ་སྐྱེས་པ་རྨིས། དེ་སྐབས་གཏེར་སྟོན་ལྷོ་ཁོག་ཏུ་གདུལ་བྱར་ཕེབས་ནས་བྱོན་མི་འདུག་པས་ངེད་རང་དཔོན་སློབ་ཁ་ཤས་ནས་ཚིག་བདུན་གྱི་སྒྲུབ་པ་བྱས་པའི་ཐོག་མར་བླ་མ་ཆོས་སྐུ་ཚུགས་པ་དང་སྤུ་བོ་ནས་སྐུ་ཞབས་རིན་པོ་ཆེའི་གསུང་བྲིས། སྤུངས་རི་སྤྲུལ་སྐུའི་ཡིག་རྟེན་རྩ་རིའི་ཤེལ་རྡོ། ཕག་མོའི་གསང་མཚལ་བཅས་འབྱོར་བས་རྟེན་འབྱུང་ཤིན་ཏུ་དགེ །རིམ་པར་རྨིས་ལྟས་ལེགས་པ་མང་པོ་དང་། གྲུབ་ཆེན་ཀརྨ་པཀྴིའི་ཞལ་འགྲམ་ཁྲུ་ཚད་ལ་ཨ་དཀར་རང་བྱོན་ཅན་སྐུ་ཤ་འབྱར་བ་ཞིག་གཞན་ཞིག་གིས་བྱིན་བྱུང་བ་ཤིན་ཏུ་དད་སྤྲོ་བས་གཏའ་སྤེལ་བྱེད་ནས་གཞན་ལ་སྦྱིན་དགོས་སྙམ་པ་དང་། གནས་དེའི་ལྟས་ཀྱང་རགས་པར་གསལ་བ་བྱུང་། གནས་མདུན་གྱི་ཕ་བོང་གུར་དཀར་མ་ཟེར་བར་ཕྱིན་ནས་ཚོགས་འཁོར་བྱས་པས་སྤྲིན་འཇའ་དང་། བྱ་རྒོད་དཀར་སྨུག་མང་པོ་བབས་པ་སོགས་ལྟས་ལེགས། གླིང་ནས་དབུ་མཛད་བོས། བོན་འཚོགས་རྣམས་ལ་དབང་ལུང་བྱས། གཏེར་སྟོན་ཡང་ཕེབས་པས་གཏེར་གསར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྒྲུབ་ཆེན་རིལ་སྒྲུབ་ཁྲོམ་དབང་རིལ་འགྱེད་སོགས་བྱས། གཏེར་སྟོན་དང་ལྷན་ཅིག་གནས་མདུན་བསང་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག་བྱས། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ནང་ཚན་པདྨ་རིགས་ཀྱིས་འདུལ་བའི་གནས་པདྨ་ལྷ་རྩེ་ཡིན་ཚུལ་དང་། བསྐོར་ལམ་མཛུབ་སྟོན་གྱིས་བསྐོར་བ་བཏང་། སྤྲིན་འཇའ་བྱ་རྒོད་སོགས་སྔར་ལྟར་དང་ཉིན་གཉིས་ལ་དྲོད་སོགས་གནམ་གཤིས་དབྱར་ཁ་ལྟར་འཇམ། འདི་སྐོར་ཉིན་རེ་བཞིན་གྱི་དགོང་མོར་ནུབ་ནས་གནས་རྩེའི་ཐད་ཀར་སྦྲེལ་བའི་འཇའ་ལྗང་སྔོན་སྣམ་བུ་བརྐྱངས་པ་ལྟ་བུ་རེ་ཤར་འདུག །འདི་སྐབས་ནུབ་ཅིག་མི་དྲག་པ་ཞིག་ལ་ཚེ་དབང་བསྐུར་བའི་ཡོན་དུ་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་གཡུ་དྲུས་དཀར་ཆེ་ལེགས་དངུལ་རྡིལ་ཚད་གསུམ་འགྲོ་བ་ཡིན་ཟེར་བ་ཞིག་བཞག་བྱུང་བ་རྨིས་པ་ཚེ་སོགས་ཀྱི་ལྟས་སུ་མངོན། བོན་དགོན་ལ་མཆོད་ཐབས་ས་ཞིང་། སྐུ་གསུང་ཐུགས་རྟེན་དང་། མཆོད་རྫས་ཡོ་བྱད་རོལ་མོའི་རིགས། འཆམ་ཆས་གདན་ཆ་ཡན་རྟེན་བཞག་མང་དུ་བགྱིས་པ་དང་། གྲྭ་པ་གྲྭ་ཁང་དོན་སོགས་མཁར་མདོ་ཆོས་རྣམ་ནས་ཞིབ་དཔྱོད་བསླབ་སྟོན་མ་དེབ་བཀོད་པ་སོགས་མཛད་དུ་བཅུག །འདན་ནས་དབེན་ཐོག་ཚང་བུ་འཆི་བའི་སྟབས་མ་འོང་ཐབས་མེད་འབོད་ནན་ལྟར་ཕྱིན་ནས་སྒྲིབ་སྦྱོང་ཆོ་ག་བཏང་། མཉན་དང་ས་དཀར་སོགས་ལམ་ཞོར་སྦྱིན་བདག་སོ་སོའི་རེ་སྐོང་བྱས་ནས་རྨ་རོང་གྲུ་གུ་དིལ་མཁར་དུ་གཏེར་སྟོན་དང་ལྷན་ཅིག་འཛོམ། བསང་གསེར་སྐྱེམས་དང་ཚོགས་མཆོད་མང་དུ་བྱས། འདི་ཟངས་མདོག་དཔལ་རི་ནས་རྡོ་དུམ་བུ་ཞིག་གུ་རུའི་རྫུ་འཕྲུལ་གྱིས་འཕངས་ནས་བྱིན་གྱིས་བརླབས་པའི་ལོ་རྒྱུས་ངོ་མཚར་ཅན་འདུག །མགོ་ཟླ་བའི་ཚེས་བཅུ་ནུབ་ཐོག་མར་ཁང་པ་དཀྱུས་མ་ཞིག་གི་སྒོ་ཕྱེས་པས་ལྷ་ཁང་བཀོད་ལེགས་ཁྱད་འཕགས་དང་སྤྲོ་བ་ཞིག་གི་དབུས་སུ་མཚོ་སྐྱེས་རྡོ་རྗེ། དབུ་ཀླད་དུ་བདེ་ཆེན་རྒྱལ་མོ་ཀློང་སྙིང་ཡུམ་བཀའི་མངོན་རྟོགས་ལྟར་བར་སྣང་ལ་གར་མཛད་པ། གུ་རུའི་སྐུ་གཡས་པད་འབྱུང་དང་པདྨ་སཾ་བྷ་ཝ། དེ་གཡས་པད་རྒྱལ་དང་བློ་མཆོག་རབ་རིབ་ཙམ། གཡོན་དུ་གྲོ་ལོད་དང་སེང་སྒྲོག །ལྷག་པར་ཤཱཀ་སེང་དང་ཉི་མ་འོད་ཟེར་གཟི་མདངས་ཆེས་གསལ་བ། ཉི་ཟེར་གྱི་མདུན་དུ་བཻ་རོ་ཙ་ན་བཞུགས་འདུག་པ་ལ་གཟིགས། ཕྱག་གཡོན་བཻ་རོའི་དབུར་བཞག །བཀའ་ལུང་མང་དུ་སྩོལ་འདུག་པ་ཡུན་ཅིག་མཇལ་བ་རྨིས། དེ་གའི་བྱ་བ་གྲུབ་ནས་སླར་རོང་རྒྱབ་ཏུ་འོང་། ཚོགས་སྐོང་གསོལ་ཁ་སོགས་བགྱིས་ནས་དཀར་ཡག་ཅེས་པ་པདྨ་ལྷ་རྩེར་ཕྱིན། གནས་ཆེན་ཉེར་ལྔའི་མདོ་བྱང་དུ། བྲག་རི་པདྨའི་ཞྭ་འདྲ་དཀར་ལུང་ཞེས༔ ཞྭ་རྩེ་འདྲ་བར་ཨོ་རྒྱན་སྒྲུབ་ཕུག་ཡོད༔ ཅེས་གསུངས་པ་ལྟར་བྲག་དཀར་ཤོག་གསུམ་པ་ཞིག་བཞུགས་པའི་དབུས་མར་སུའང་བགྲོད་དཀའ་བས་སྒྲུབ་ཕུག་ཡོད་འདུག་པའི་ཐོས་མཐོང་གཏན་ནས་མེད་འདུག་ཀྱང་ཤིང་དང་ཐག་སྐས་སོགས་ལ་བརྟེན་ནས་བཙལ་བཅོལ་བ། རྐེད་པར་བྲག་ལྟེམས་འདྲ་བ་ཞིག་གི་ཁུད་དུ་སྒྲུབ་ཕུག་ཆེ་ཞིང་ཡངས་པའི་སྦུག་ཏུ་པདྨ་སཾ་བྷ་ཝའི་སྐུ་རང་བྱོན་མི་ཚད་ཙམ་བཞུགས་པ་རྙེད། གཡས་ཕྱོགས་བཤེས་གཉེན་ཕུག་དང་། གཡོན་ཕྱོགས་འཆི་མེད་ཚེའི་ཕུག་པ། གུ་རུ་རིན་པོ་ཆེ་སོགས་བན་བོན་གྲུབ་ཐོབ་རྣམས་ཀྱི་ཞབས་རྗེས་བཀའ་རྟགས་མཐོང་ཚད་ངོ་སྤྲད། སྐུ་དང་དམ་རྫས་སོགས་དངོས་གྲུབ་ཕྲན་བུའང་ཐོབ་ནས་ཕྱིར་འོང་སྐབས་འཐོར་རླུང་དྲག་པོར་ལྡངས་པས་བགྲོད་དཀའ་བ་ཙམ་བྱུང་། གླིང་ནས་འོང་དགོས་གསུངས་པ་ལྟར་ཕྱིན་ནས་རད་གླིང་ཕུར་པའི་སྒྲུབ་ཆེན་སོགས་བཞེད་སྐོང་རིགས་གྲུབ་ནས་སྙན་ལ་བརྒལ། མཁར་མདོ་རོང་ཁ་ནང་ཕྱིན། ལུང་པའི་ཕུ་གནས་ཆེན་ཤེལ་བྲག་འོད་རྫོང་དུ་ཚོགས་འཁོར་སོགས་བགྱིས། འདི་ནུབ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་མཇལ་བ་དང་། བདེ་མཆོག་ཕོ་བྲང་དུ་དཔའ་བོ་དཔའ་མོའི་ཚོགས་ཀྱི་འདུ་བ་ལ་སྤྱོད་པའང་རྨིས། བདུད་འདུལ་ཚེའི་ཕུག་པར་བགྲོད་ནས་མཁར་མདོ་དགོན་དུ་ཕྱིར་ཉིན་ནམ་མཁའ་འཇའ་ཚོན་གྱིས་གང་བར་བྱུང་འདུག །དེར་དགོན་ཡུལ་རེ་བསྐང་ཅི་རིགས་བྱས། ས་ཡོས་གནམ་ལོ་གསར་ཚེས་ལ་གཏེར་སྟོན་བཀའ་བཞིན་མཛོད་གདོང་ལྷ་ཁང་དུ་ཕྱིན་ནས་རབ་གནས། གནས་ཆོག་སྤྲུལ་སྐུ་རིན་པོ་ཆེའི་ཞབས་བརྟན་ལུང་བབ་ཁ་ཤས་བསྒྲུབས། གཙང་རོང་བཀྲ་ཤིས་བརྩེགས་རྫོང་དུ་ཕྱིན། འདི་ཉིན་ཀྱང་འཇའ་འོད་དང་བྱ་རྒོད་བྱ་རོག་འདུ་བ་སོགས་ལྟས་མཚར། བི་མ་མི་ཏྲའི་འཆི་མེད་ཀེའུ་ཚང་དུ་རྡོ་རྗེ་ཕུར་པའི་ཚོགས་མཆོད། སྤྱི་རིམ་དང་འབྲེལ་བར་བསང་བརྔན་གསེར་སྐྱེམས་བཏང་། དེ་དོན་གྲུབ་ནས་སླར་ལྡོག །སྡེ་དགེའི་མདུན་ནས་འོང་དགོས་པའི་བཀའ་རྒྱ་འབྱོར་བས་ལམ་ཞོར་དབོན་སྟོད་ལྷ་འབྲང་དགོན་དུ་ཕྱིན་ནས་བླ་གྲྭ་རྣམས་ཀྱི་བཞེད་སྐོང་བྱས། དགོན་ཆེན་དུ་ཕྱིན་ནས་བླ་མ་ནོར་ལྷའི་སྐུ་བརྙན་རྣམས་ཀྱི་གཟུངས་གཞུག་དང་རྩ་བ་ཡན་ལག་གི་སྒྲུབ་པའི་ཆས་ལེགས་པར་བསྒྲིགས། སྡེ་དགེ་མཆེད་སོགས་དཔོན་སློབ་མང་ཙམ་གྱིས་བླ་མ་ནོར་ལྷའི་སྒྲུབ་པ་བསྙེན་རྒྱུན་བཅས་ཚད་ལྡན་བགྱིས། བཞེད་སྐོང་ཅི་ལྟར་འོས་པ་རྣམས་གྲུབ་ནས་ཚུར་ལམ་ཕྱྭ་གཡང་སོགས་བརྒྱུད། ཟླ་བ་གཉིས་པར་ཡང་ཁྲོད་དུ་སླེབས། རྨ་ཉེས་ཀྱིས་ཐུ་ཙམ་བྱས་པར་རིམ་གྲོ་མང་དུ་བསྒྲུབས་སོང་། དབང་ལུང་འདོད་སྐོང་དང་གཏེར་མཛོད་ཆོག་བསྒྲིག་ཁོ་ན་བྱས། དབོན་རྒན་མདུན་སོགས་ནས་འདི་ལོ་དགོན་དུ་བུམ་སྒྲུབ་ལ་འོང་དགོས་ནན་གསུངས་ལྟར་ཕྱིན། ཞར་བྱུང་ལྷ་གསར་གསར་བཅོས་ལ་རབ་གནས་བསྐྱར། རྫོང་དགོན་ནས་ཉེ་གནས་བགྲེས་པོ་ཚུལ་རྒྱམ་འདས་པའི་དགེ་སྒྲུབ་བྱས། ཟླ་བ་ལྔ་པར་རྡོར་དྲག་སྤྲུལ་སྐུས་བཀའ་བརྒྱད་སྨན་སྒྲུབ་ལ་འོང་དགོས་གསུངས་པ་ལྟར་དེར་སོང་ནས་མཐར་ཕྱིན་བསྒྲུབས་ནས་སླར་འཁོར། སྔར་བཞེངས་པའི་རྡོར་སེམས་ཧེ་རུ་ཀཿསོགས་སྐུ་བརྙན་ཆེ་ཆུང་མང་པོར་གཟུངས་འབུལ་རབ་གནས་བགྱིས། རིག་འཛིན་སྒྲོན་མ་བོད་ཕྱོགས་གནས་མཇལ་འགྲོ་རྒྱུའི་ལམ་སེལ་དབང་དང་བསང་བརྔན་སོགས་བགྱིས་ནས་ཐེག །བླ་མ་པད་ནོར་ལས་སྨན་བསྡུས་ཨེ་ཝཾ་ལུང་ཞུ་བ་སོགས་བྲེལ་གཡེང་དང་། རྫོང་སར་དུ་ཕྱིན་ནས་ཕྱོགས་འདུས་མང་པོ་ལ་དབང་ལུང་ཁྲིད་སོགས་རེ་སྐོང་ཡུན་རིང་འགོར། རྗེ་བླ་མ་སྐུ་ཁམས་བལྟེམས་པས་ཞལ་མཇལ་ཙམ་ཞུས་ནས་རྫོང་ཤོད་དུ་འདི་ལོ་སྒྲུབ་ཁང་གསར་བཟོས་ལ་ཕྱིན་ལམ་སྦྱིན་བདག་རྣམས་ཀྱི་རེ་སྐོང་བྱས། སང་ཉིན་གནས་ནང་སླེབས་རྒྱུའི་ནུབ་མོར་འཁྱག་ཐོག་ཅིག་ནས་ཆུས་ཁྱེར་ཤོམ་ལ་ཏཱ་རེས་ལག་ནས་འཐེན་ཏེ་བདེ་སར་ཕྱིན་པ་དང་། རྨ་བྱ་ལས་ཀྱང་ལྷག་པའི་ཕོད་ལྡེམ་ཅན་གྱི་སེར་སྦྲེང་མང་པོས་བསུས། སྤྲུལ་སྐུ་རིན་པོ་ཆེས་གཏེར་ཁ་འགའ་ཞིག་ཡོད་པའི་ལུང་བསྟན་གསལ་བར་གནང་བ་ལྟར་རྙེད་ནས་རྒྱ་བཀྲོལ་བས་གླེགས་བམ་གཉིས་བྱུང་བའི་གཅིག་གི་སྟོད་ཆར་ཀློང་ཆེན་སྙིང་ཐིག་འདྲ་ལ་ཁད་པ་དང་། གཅིག་ལ་ལོ་རྒྱུས་ལུང་བསྟན་ལེ་ཚན་གནད་ཆེན་འགའ་ཞིག་འདུག་པ་རྨིས། རྫོང་ཤོད་སྒྲུབ་ཁང་གསར་བཟོ་སྡོད་ལོ་ཙམ་ཐོན་འདུག་པའི་ནང་དུ་སླེབས། རྩ་གསུམ་དགོངས་འདུས་ཀྱི་ཚོགས་འཁོར་ཁ་ཤས་བཏང་། ཡང་གཏེར་དྲི་མེད་རྒྱལ་རྒྱམ་གྱི་སྒྲུབ་མཆོད་དཔོན་སློབ་གསུམ་གྱིས་ཉིན་ཁ་ཤས་བྱས། གྲོལ་ཉིན་དངོས་གྲུབ་ལེན་ཆོག་དང་འབྲེལ་བར་ཁྲོམ་དབང་མདོར་བསྡུས་བྱེད་སྐབས་ཟླ་སྤྲུལ་གསུང་བྲིས་གཡུ་བཟང་གི་རྟེན་དང་། བོད་ནས་ལྷོ་བྲག་གསུང་སྤྲུལ་གྱིས་ཐོར་སྣམ་དམར་སེར་གྱི་གཟན་གནང་བ་འབྱོར་བས་རྟེན་འབྲེལ་ལེགས་ཤིང་འདི་སྐོར་གནམ་གཤིས་ཤིན་ཏུ་འཇམ། སྤྲིན་འཇའ་རྒྱུན་དུ་ཤར་བ་སོགས་ལྟས་ལེགས། མཐའ་དམག་ཁ་གནོན་ཆེད་འཛིང་གསས་མཁར་མདོ་ལ་མཆོད་རྟེན་ཞིག་བཞེངས་དགོས་པའི་ལུང་བྱང་སྔ་རྗེས་ཡོད་འདུག་པའི་དོན་བཞིན། སྡེ་དགེའི་མདུན་ནས་དེར་འགྲོ་དགོས་ཚུལ་གསུང་བསྐུལ་དང་། གཏེར་སྟོན་ཚེ་གྲགས་ཀྱང་ཕེབས་པས་ལྷན་རྒྱས་ཕོ་བྲང་དུ་ཕྱིན་ནས་བཅའ་གཞི་བསྒྲིགས། ཕུར་སྒྲུབ་ཞར་བྱུང་མནན་པ་བསྒྲུབས། གསས་མཁར་མདོར་བསང་བརྔན་གསེར་སྐྱེམས་ལྷ་སྲིན་དམ་བསྒྲག་བྱས། ས་དམིགས་བཙལ་ནས་མནན་པའི་སྐབས་བྱ་ཁྲ་ཞིག་གློ་བུར་དུ་དེར་ལྷུང་ནས་ཤི་སོང་བས་ཀུན་གྱིས་ལྟས་ལེགས་པར་སྒྲོག །མཆོད་རྟེན་རིམ་པར་བརྩེགས་ཏེ་གཟུངས་གཞུག་རབ་གནས་བྱས། དེ་ཀ་ཡས་མར་དང་ལམ་ཞོར་སྦྱིན་བདག་མང་པོའི་རེ་སྐོང་གྲུབ་ནས་རྫོང་སར་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ་བར། ད་སྐབས་ཁོང་གི་མནལ་ལམ་དུ་མདུན་དེར་ང་པདྨ་སཾ་བྷ་བ་ལྟ་བུའི་སྐུ་ཚབ་ཁྱད་ཅན་བཞུགས་ཁྲི་པད་སྡོང་རྒྱབ་ཡོལ་བཞུགས་ཁང་སོགས་ངོ་མཚར་བའི་བཀོད་པ་ཅན་གཅིག་འདུག་པ་བུད་མེད་ཅིག་ལ་འདི་ཅི་རེད་དྲིས་པར། འདི་བཻ་རོ་ཙ་ནའི་སྐུ་ཚབ་རེད་ཟེར། བཻ་རོ་མ་རེད་པདྨ་སཾ་བྷ་འདྲ་འདུག་གསུངས་པས་དེ་གཉིས་གཅིག་རེད་ཁྱད་པར་ཡོད་པ་མ་རེད་ཟེར་མ་ཐག །ཕག་ཅེས་པ་ལྟ་བུའི་སྒྲ་ཞིག་གྲགས་ནས་བཞུགས་ཁང་དེ་སིལ་གྱིས་འཐོར། སྐུ་ཚབ་དེ་ཡོ་བྱུང་བས་འདི་ཆག་ལེ་ཡོད་དགོངས་ཐུགས་ངལ་ཆེ་བས་མནལ་སད་པས་ཐུགས་མི་བདེ་ལྷང་བྱུང་། ཡང་དེ་རྗེས་མནལ་དུ་སོང་བས་ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེ་དེ་མཇལ་འདུག་པར་སྔར་གྱི་མནལ་ལྟས་དེ་ཅི་རེད་ཞུས་པས། ལོ་རྗེས་མར་ཀོང་སྤྲུལ་ལ་སྲི་ཀེག་གི་རྐྱེན་ཆག་ཡོད་པའི་ལྟས་རེད་གསུངས། སྲི་ཅི་འདྲ་རེད་ཞུས་པས། བླ་མའི་དུས་སྲི་ཟེར་བ་དེ་རེད། ཁོང་ཡང་དགུང་ལོ་རེ་བརྒྱད་ཐོག་གྲོངས་པ་ཡིན། ཀོང་སྤྲུལ་ཡང་ད་ཕྱིས་རེ་བརྒྱད་རེད་གསུངས། དེ་ལ་ཅིས་ཕན་ཞུས་པས་ལོ་གཅིག་ཏུ་སུ་དང་མི་འཕྲད་པའི་མཚམས་དམ་པོ་བསྡམས་ནས་བསྙེན་སྒྲུབ་དང་ཁྱད་པར་པདྨ་བཅུད་སྡུད་ཀྱི་ཉམས་ལེན་གནད་དུ་འགྲོ་བ་ཞིག་བྱས་ན་སྐྱོན་མེད་གསུངས་པའི་མནལ་ལམ་བྱུང་བ་མ་ཟད། སྐུ་ཞབས་མཆོག་སྤྲུལ་ཐོག་མར་བོད་ནས་གདན་སར་ཕེབས་སྐབས་བླ་མ་མགོན་དབང་གཙོར་བྱས་བླ་དགེ་དྲག་ཤོས་བདུན་འདས། བར་ལམ་ཕེབ་སྐབས་བླ་མ་གསང་སྔགས་གཙོར་བྱས་བླ་མ་མང་པོ་འདས་པའི་སྲི་ངན་ཀྱང་འདུག་པས་ལོ་རྗེས་མར་སྐུ་ཞབས་ཀྱང་ཕྱིར་ཕེབས་སྐད་བཅས། ད་ནི་ཁྱོད་རང་དཔལ་སྤུངས་རི་ཁྲོད་དུ་སྡོད་མི་ཉན་ངོ་མ་རེད་པས་འདི་ཕྱོགས་གནས་རྣམས་སུ་མཚམས་སྡོད་པ་གལ་ཆེ་འདུག །སྡོད་ས་གར་འབེན་ད་རེས་གཏེར་སྟོན་ཡོད་པས་མོ་འདེབས་བཅོལ་གཞག་གསུངས། ངེད་རང་རང་གནས་སུ་འཁོར། ལོ་མཇུག་མགོན་པོའི་གཏོར་སྒྲུབ་བྱས་སྐབས་གཏོར་ཆེན་མདུན་ངོས་ཉིལ་འདུག །ལྕགས་འབྲུག་གནམ་ལོ་གསར་ཚེས་ནང་སྔ་རྒྱུན་ལྟར་གྱི་རྡོར་སེམས་དང་། ཡང་དག་བཀའ་མའི་སྒྲུབ་ཆེན་རིམ་པར་གྲུབ་ནས་སྒྲུབ་རྣམས་ལ་བསླབ་སྟོན་གང་ཤེས་བྱས་ཏེ་གྲོལ། གཏེར་སྟོན་ཕེབས་པས་ཁོང་གིས་སྤྲུལ་སྐུ་ཚང་བཀའ་བཞིན་ཕྱག་མོ་བཏབ་པར། པདྨ་ཤེལ་ཕུག །དཀར་མོ་སྟག་ཚང་། ཟླ་གམ་དབང་ཕུག་རྣམས་སུ་གཏན་ནས་མི་ལེགས། རྫོང་ཤོད་དུ་ལེགས་ངོ་དང་ཉ་ལྷུང་ཞག་མལ་སྐབས་ཀྱང་དེར་ལེགས་པའི་ལྟས་བྱུང་བས་རྫོང་སར་དུའང་ཞུས་ཡོད་གསུངས། རི་ཆེན་དང་གནས་ཆེན་བཞིར་ཚོགས་འཁོར་ཟློག་པ་བབས་འདུག་པས་ཉེ་ཕྱོགས་རྣམས་སུ་གཏེར་སྟོན་དང་ཆབས་ཅིག་བགྲོད་ནས་དེ་དག་ཚང་བ་བསྒྲུབས། ཐུགས་རྗེ་དཀོན་ཕུག་དང་ཟླ་གམ་དབང་ཕུག་གཉིས་འཆི་མེད་ཚེའི་གནས་ཡིན་པས་ལོ་མཚམས་རེ་གཞག་དགོས་གསུངས་པ་ལྟར་བསྒྲིགས། སྐུ་མཆོད་བདེ་མཆོག་སྟོད་འགྲེལ་མཁན་རྣམས་ལ་དབང་དངོས་སྟ་རྒྱས་པ་སོགས་དང་། འདི་ཡན་གཏེར་མཛོད་སྤར་པོད་བཞི་བཅུ་ཙམ་བརྐོ་གྲུབ་འདུག་པས་ཞུ་དག་པ་ལྷག་བསམ་དང་ལྷན་ཅིག་གོ་རིམ་བསྒྲིགས། འགྲོ་ཆས་རགས་པ་གྲུབ་ནས་ཟླ་བ་གཉིས་པར་ཡང་ཁྲོད་ནས་བཏེགས་པས་ཁ་རླུང་གིས་རྒྱབ་ནས་དེད་པ་སོགས་ཡུལ་བདག་མ་དགའ་བའི་ལྟས་བྱུང་། རྫོང་སར་དུ་རྗེ་རིན་པོ་ཆེ་མཇལ། ཚེས་བཅུར་རྩ་གསུམ་སྤྱི་འདུས་གསར་ཕབ་མཛད་འདུག་པའི་ཚོགས་བཏང་། དབང་ལུང་ཞལ་ཁྲིད་ཞིབ་པར་གནང་། དང་པོ་འཚུབས། མཐར་ཞི་སོང་གསུངས། ཡང་གཏེར་གཉེན་པོ་ལྷ་ལྔ། ཕྱག་རྡོར་རྡོ་རྗེ་མེ་འབར། མངའ་རིས་གྲུབ་ཆེན་ཡིག་དྲུག་གསོལ་འདེབས་རྣམས་ཀྱང་བསྩལ། ཐེག་པའི་ནངས་མོར་ད་ནང་སྐུ་ཁམས་དྭངས་པ་ཞིག་རེད་འདུག་པས་ཕབ་པ་ཡིན་གསུངས། སྔར་མི་ཏྲ་སྙིང་ཐིག་གི་ཚེའི་ཕྱི་སྒྲུབ་ཙམ་ཕབ་པ་དེའི་འཕྲོས་ནང་སྒྲུབ་གསང་སྒྲུབ་བཅས་ཕབ་པའི་དབང་ལུང་ཁྲིད་བཅས་དགྱེས་བཞིན་གནང་། སྨིན་གླིང་ལོ་ཆེན་གསུང་ཤོག་ཡིན་ཟེར་བ་ཞིག་བཀླགས་པས་ཁ་བྱང་གསལ་བ་ཞིག་སྣང་བ་རྨིས། སྣང་བ་དེ་དང་གསར་འབེབ་འོས་རིགས་སོགས་ཅི་སྔ་བསྐུར་འོང་། རྫོང་ཤོད་ནས་རྡོ་ཞིག་རྙེད་ཀྱང་རས་སུ་བོར་མི་ཉན་ཚུལ་སོགས་ཞལ་བཀོད་ཞིབ་རྒྱས་གནང་ནས་ཐེག །ཚེས་བཅུ་བཞིར་སླེབས། བཅོ་ལྔར་བསང་བརྔན་གསེར་སྐྱེམས་རྒྱས་པར་བཏང་། ཕྱི་མཚམས་བཅད། བཅུ་བདུན་ནས་བསྙེན་སྒྲུབ་ཀྱི་དབུ་བཟུང་། བླ་མ་ཡི་དམ་མཁའ་འགྲོའི་གོ་རིམ་དང་མཐུན་པར་རྣམ་གྲངས་མང་དུ་བསྙེན། ཐུན་བར་རྣམས་སུ་གཏེར་མཛོད་ཆོག་ཁྲིགས་ཅི་ནུས་བྲིས། འཚུབས་སློང་གི་རྨི་ལམ་ཐར་ཐོར་དང་། ནུབ་ཅིག་རང་གིས་བཞེངས་སྙམ་ལྷ་ཁང་ཞིག་གི་གཡས་ལོགས་སུ་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་པའི་གདན་ལ་འཁོར་རྣམས་རྫོགས་པ་ཐོག་ཚད་ཙམ་གཟི་བརྗིད་བཟོད་དཀའ་བ་ཞིག་མཇལ་བ་དང་། ཡང་ལན་གཅིག་ལྷ་ཁང་ཤིན་ཏུ་བཀོད་ལེགས་དང་གྲུབ་ཐོབ་མང་པོ་གྲལ་དུ་བཞུགས་པའི་གཡོན་ཕྱོགས་སུ་ཤཱནྟིཾ་གརྦྷ་གཡས་གྲི་གུག་བསྣམས་པ་ཆེས་གསལ་བ་དང་། ཌཱ་ཀི་ཞིག་གིས་བདེ་བའི་རོལ་རྩེད་ཀྱིས་དགའ་བ་སྤེལ་བ་སོགས་རྨིས། སྔར་བཟོས་སྒྲུབ་ཁང་དེ་བྲག་ངོས་སུ་གཅར་ཆེ་བས་བྲག་ཆུ་སོགས་གནོད་པ་མང་། ལྷ་ཁང་ཡང་མེད་པའི་འབྲོག་ཁང་ལྟ་བུའི་ཐབས་རྡུགས་ཆེས་པས་གསར་བཟོ་ཞིག་མ་ཐོན་ཀ་མེད་རེད་འདུག་པས་མ་ཡུམ་བརྒྱུད་སྡེ་དགེ་ས་དབང་མདུན་གནད་བཀྲོལ་ཞུས་པས་སྡེ་ཤོག་གཉིས་ནས་ལས་མི་བཀའ་དྲིན་གནང་བ་ལྟར། བླ་མ་བསྙེན་སོང་གིས་ཀྱེ་རྡོར་སྒོ་ནས་ས་སློང་དང་རྨིང་བཏིང་ནས་ཁང་བཟོ་ཚུགས། འཇམ་དབྱངས་དགེ་ལེགས་ཀྱང་དཔལ་སྤུངས་ནས་མཚམས་གྲོལ། རྫོང་སར་བརྒྱུད་འདིར་འོང་ནས་འགན་ཁུར་དོ་ཚགས་བྱས་སོང་བས་དེ་ནས་ད་ལྟའི་བར་སྒྲུབ་སྡེ་འདིའི་རྟེན་བཞེངས་གཙོས་ཕྱི་ནང་གི་བྱ་བ་ཐམས་ཅད་འགྲུབ་པའི་རྩ་བར་གྱུར། འདིའང་སྔར་རྗེ་བླ་མ་དཔལ་འབྱོར་དུ་ངེད་དཔོན་སློབ་ལྷན་ཅིག་བཞུགས་སྐབས་དགེ་ལེགས་མདུན་དུ་བྱུང་བར། ཁྱོད་ཉང་པོ་སྔགས་འཆང་དོན་གྲུབ་རྒྱལ་པོའི་སྐྱེ་བ་རེད། ཁོང་རྩེ་ལེ་རིན་པོ་ཆེ་ཡིན་སྐབས་བླ་སློབ་འབྲེལ། ཁྱོད་ནས་དཀོན་མཆོག་སྤྱི་འདུས་ལ་ཡི་དམ་བྱས་པ་ནི་དེ་སྐབས་ཀྱི་ལས་འཕྲོ་རེད་པས་ཤིན་ཏུ་ལེགས་ཞེས་གསུང་སོང་བས་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ནི་ངེས་པར་ཡིན་འདྲ། ཁང་རྙིང་བཤིག་བཀྲལ་དགོས་པ་དང་གསར་བཟོ་མཐའ་འགྲུབ་མ་བྱུང་བའི་བར་རྣམས་སུ་གསུང་གནས་དབང་ཆེན་ཕུག་དང་ཐུགས་གནས་ཙིཏྟ་གསང་ཕུག་རྣམས་སུའང་ཐོག་རེ་བསྡད་ནས་མཚམས་སྒྲུབ་བགྱིས། ཟླ་བ་བརྒྱད་པར་སྒྲུབ་ཁང་གསར་བཟོས་ཀྱང་ལེགས་པར་གྲུབ་ནས་ལྷ་ཁྲི་དང་ཚོན་རྩི་སོགས་ཀྱི་ལས་འགོ་ལྷ་བཟོ་གསུམ་ནས་ཚུགས་ཏེ་གཙོ་བོ་ཨོ་རྒྱན་ཟ་ཧོར་མ་དང་། འཁོར་ལྷ་བླ་མ་ཡི་དམ་གྱི་སྐུ་བརྙན་མང་དུ་བཞེངས། གཟུངས་གཞུག་རབ་གནས་རྣམས་རིམ་པར་བསྒྲུབས། ཟླ་བ་དགུ་པར་རིག་འཛིན་དཔོན་གཡོག་རྣམས་ཀྱང་གནས་བསྐོར་མགོ་ཐོན་གྱིས་སླེབས་པར་རིབ་ཙམ་འཕྲད། འདི་སྐབས་རྨི་ལམ་དུ་གདོན་གྱི་ལྟས་སོགས་འཚུབས་པའང་འགའ་རེ་བྱུང་། ཕལ་ཆེར་མཆོད་རྟེན་ཁྱད་འཕགས་དང་སཱཙྪ་སོགས་ཚེ་ལ་ཕན་ངེས་ལྟས་མང་། བརྡ་དོན་འཕྲོད་དཀའ་བའི་ཡ་མཚན་ཅན་འགའ་ཞིག་ཀྱང་རྨིས། ལན་གཅིག་བསམ་ཡས་དབུ་རྩེར་སླེབས། གཙོ་བོའི་མདུན་དུ་ཡན་ལག་བདུན་པ་ཕུལ་ཞིང་བཤགས་པ་མང་དུ་བྱས་པའི་སྐབས་གཡས་ངོས་སུ་བདེ་མཆོག་ལཱུ་ཡི་ལུགས་སྐུ་མདོག་དམར་པོ་ཞིག་དངོས་སུ་མཇལ་བ་དང་། རྒྱ་ཞང་ཁྲོམ་རྣལ་འབྱོར་དར་ཡོལ་ཅན་མཇལ་བ་དང་། གཏེར་སྟོན་མཆོག་གླིང་བར་སྣང་ལྟ་བུ་ནས་པང་དུ་ཕེབས། ངའི་སྲིང་མོ་འདི་ལ་ཞུ་བདེའི་བདེ་བ་ཆེ་བས་ཤིན་ཏུ་ཆགས་པ་ཡིན་གསུངས་ནམ་མཁར་གཟིགས་པ་ལ་བལྟས་པས་ལྷོ་ནུབ་ཕྱོགས་ཀྱི་ནམ་མཁར་འོད་དཀར་པད་སྡོང་གི་དབྱིབས་ཅན་ཞིག་མཐོང་བ་དང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་འཇམ་དབྱངས་དཀར་པོའི་རྗེས་གནང་བསྩལ་བ་དང་། ཀརྨ་ཆགས་མེད་མཇལ་བས་འགྲོ་བ་གྲོལ་བའི་གསུང་འཕྲོས་མང་དུ་གནང་། ཐུགས་ཀར་མགོས་གཏུགས་ནས་མོས་གུས་ཆེན་པོས་གསོལ་འདེབས་སྨོན་ལམ་མང་དུ་བྱས་པ་དང་། སྤྱན་རས་གཟིགས་ཕྱག་བཞི་པ་བཞེངས་སྟབས་ཅན་ཆེ་ཆུང་མི་ཚད་ཙམ་ཞིག་མཇལ་བ་དང་། ཤེལ་རྡོ་ཆེན་པོ་ཞིག་རྙེད་པ་སྨད་ཀོག་བསལ་བས་ཀུན་མཁྱེན་དོལ་པོའི་སྐུ་དཀར་པོ་གཟི་བརྗིད་ཅན་དུ་གྱུར་པ་དང་། ཉི་མ་ཤར་དྲོས་ལྟ་བུའི་ངང་རྗེ་བླ་མས་དཔལ་སྤུངས་རི་ཁྲོད་གཏེར་བྱོན་རེད་གསུངས་བྱམས་སྐུ་ཡིན་སྙམ་དཀར་པོ་བཞེངས་སྟབས་མཆོག་སྦྱིན་ཅན་དར་ཆེན་དཀར་པོའི་ན་བཟའ་ཅན་ཕྱག་གཉིས་ཀྱིས་མགོ་ལ་བཞག་སྟེ་ཚིགས་བཅད་མང་དུ་གསུངས་ཤིང་བྱིན་རླབས་བསྩལ་བས་སེམས་ལ་དགའ་སྤྲོ་ཚད་མེད་སྐྱེས་པ་དང་། བུད་མེད་ཆས་བཟང་ཞིག་ན་ནས་ལུས་ཞིག་ཤོམ་བྱེད། སླར་སོས་ཏེ་ཁ་དོག་བཟང་པོར་གྱུར་ཏེ་བརྡ་ལུང་འགའ་ཞིག་བསྟན་པ་དང་། མཆོག་གྱུར་གླིང་པ་རུས་རྒྱན་མཐུག་པོ་མནབས་པ་ཞིག་གིས་སྔར་གཏེར་གསར་ཕབ་འཕྲོས་གཉེར་གཏད་འགའ་རེ་ཡོད་པ་ཐོན་ན་ལེགས་པའི་བརྡ་བསྟན་པ་དང་། བླ་མ་ཞིག་གིས་འདི་བླ་མ་བཟང་པོ་གཅིག་གི་དབུ་ཐོད་ཡིན་པས་འཐུང་སྣོད་བྱས་ན་ལེགས་ཟེར་ཐོད་པ་གསེར་མདོག་ནང་འཁོར་ལོ་རྩིབས་བརྒྱད་ཡོད་པ་ཞིག་བྱིན་བྱུང་བ་རྨིས། དེ་རྗེས་མི་རིང་བར་རྫོགས་ཆེན་རིན་པོ་ཆེས་སྟག་ཤམ་གཏེར་བྱོན་བཻ་རོའི་ཕྱག་ཐོད་གནང་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་པ་ཞིག་བྱུང་། ཉི་ལྡོག་སྐབས་རཏྣའི་ཕུར་པའི་གཏོར་ཟློག །མཁའ་འགྲོ་གསང་འདུས་ལས་ཀྱི་མཁའ་འགྲོའི་ཟོར་ཟློག །གཏེར་གསར་རཀྴ་ཐོད་ཕྲེང་ཟློག་པ་རྣམས་ཉིན་གསུམ་རེ་བཏང་། དེ་གྲུབ་ནས་རྩ་གསུམ་དགོངས་འདུས་ཕྲིན་ལས་སྙིང་པོ་ལ་བརྟེན་པའི་བསྙེན་སྒྲུབ་རྒྱས་པར་བྱས། རྫོང་སར་རྗེ་རིན་པོ་ཆེའི་མདུན་ནས་འགག་རིང་དང་མཆོད་ཆ་སོགས་གནང་སྦྱིན་མང་དུ་བསྩལ། འདི་ལོ་སྒྲུབ་ཁང་རྟེན་བཞེངས་རྣམས་གྲུབ་སྐབས་ཉི་ཤར་གྱི་མདངས་ལས་འཇའ་དཀར་པོ་ལྟར་མི་བཟོད་པ་རེ་གཡས་གཡོན་དུ་ཟུག །ཁ་བའི་མེ་ཏོག་སིལ་མའི་ཆར་འབེབ་པ་ལན་གསུམ་ཙམ་བྱུང་སོང་། རྗེས་ནས་ནི་དེ་འདྲ་གཏན་ནས་མ་བྱུང་། ཆགས་མེད་མཆོག་སྤྲུལ་ཕེབས་པས་བཞེད་སྐོང་འགའ་ཞིག་བསྒྲུབས། ལོ་འདིར་གཏུགས་འགྲུལ་འདི་ཙམ་ལས་ཆེར་མ་དགོས་པས་དགེ་སྦྱོར་ལེགས་ཤིང་ཐུན་བར་རྣམས་སུ་གཏེར་མཛོད་རིགས་ཀྱང་མང་དུ་གྲུབ། ལྕགས་སྦྲུལ་གནམ་ལོ་གསར་ཚེས་སྐབས་རྫོགས་ཆེན་རིན་པོ་ཆེ་ཚིག་བདུན་ཆོས་སྐོར་གསན་པར་ཆེད་དུ་ཕེབས་པ་དབང་ལུང་ཡོངས་རྫོགས་བགྱིས། དེ་རྗེས་ནུབ་གསུམ་ཙམ་དུ་འཁྲུལ་སྣང་ཟར་ཟིར་ཤིན་ཏུ་མང་བས་ཡུམ་བཀའི་སྐོར་དེའང་བྲིས། བསྙེན་མཚམས་སྔ་རྒྱུན་དམ་པར་བསྡད། ཟླ་བ་བཞི་པར་རྒྱལ་ལྟས་སོགས་འཚུབས། སྔར་གྱི་གྲིབ་སྲིན་དེའང་འཕར་ལྡང་མགོ་ཚུགས། དན་ཀ་སྲ་བ་ཞིག་གློ་བུར་དུ་ཆག་པའི་ཕྱིར་ཉིན་སྐུ་ཞབས་རིན་པོ་ཆེས་གསུང་བྲིས་དང་སྔར་གྱི་གྱོད་སྦྱར་མཁན་རྣམས་ཀྱི་བཤགས་པ་ལེན་དགོས་གསུངས་པ་ཞིག་བྱུང་། གྱོད་བྱེད་མཁན་རྣམས་ལ་ནི་འགྱོད་པ་དང་བཤགས་པ་བྱེད་འདོད་གཏན་ནས་མེད་པས་འདི་ལོ་བར་ལོ་གསུམ་བཞི་སོང་ཡང་ཚིག་གཅིག་ཟེར་མཁན་མ་བྱུང་། སྐུ་ཞབས་རིན་པོ་ཆེས་དེ་དག་གི་གོ་ཆོད་མཛད་ཀྱང་ཆོས་ནས་གསུངས་པ་བཞིན་མི་འབྱུང་སྟབས། རང་ནས་ནི་ཁོང་རྣམས་ལ་གནོད་སེམས་སྤུ་རྩེ་ཙམ་མེད་ངེས་ཡིན། དམ་ཚིག་ཡོད་སྲིད་ན་འགལ་ཉམས་འདས་རལ་བཅས་པའི་ལོ་གྲངས་ཐལ་ཟིན་པས་སྐུ་ངོ་ཙམ་ལ་བརྟེན་ནས་བྱང་དག་ཡིན་ཞུ་མི་ཤེས་པའི་ཐག་གཅོད་ཞུས། ཟླ་བ་ལྔ་པར་སྐུ་ཞབས་རིན་པོ་ཆེ་ཕེབས་རྒྱུ་མཛད་བྱུང་། གྲིབ་སྲིན་ཤིན་ཏུ་ཐུ། ཐུན་ཁ་ཤས་ཆག །ཕེབས་ཚར་འཕྲལ་རྣག་བརྡོལ་བས་ཅུང་དྭངས། མཇལ་འཕྲད་ཞུས་ནས་དབང་སྣ་ཁ་ཤས་ཀྱིས་ཐུགས་བཞེད་བསྐངས། ཟླ་བ་དྲུག་པ་སྔ་མའི་ནང་བསྙེན་ཚད་གཞུང་མཐུན་གྲུབ་ནས་ཚོགས་བརྒྱ་བསང་བརྔན་སོགས་བཏང་ནས་མཚམས་གྲོལ། འདི་སྐབས་ཀྱང་རྨི་ལམ་ཟ་ཟི་མང་པོ་བྲིར་མ་ལོངས། བནྡེ་གྲིར་ཤི་བ་ཞིག་གིས་རི་ཁྲོད་མི་ཞིག་གི་བླ་རྐུ་བར་མཐོང་བས་ཁྲོ་རོལ་ཕུར་བུའི་ཏིང་ངེ་འཛིན་གྱིས་གཟིར་བས་བྲོས་སོང་བ་ལན་གཉིས་རྨིས། སྐྲག་སད་ཀྱང་བྱུང་། ནུབ་ཅིག་ཉི་མ་ལྷོ་ནུབ་མའི་གསོལ་འདེབས་འདོན་བཞིན་པར་ཨོ་རྒྱན་རིན་པོ་ཆེ་མི་རྣམས་ལ་ཚེ་འདི་དང་། སྲིན་པོ་རྣམས་ལ་ཕྱི་མར་བཀའ་དྲིན་ཆེ་སྙམ་པའི་གདུང་ཤུགས་སྐྱེས་མ་ཐག་གུ་རུ་རིན་པོ་ཆེ་ཉིད་བླ་མ་སྐུ་ཤ་དང་སྐུ་བོངས་ཆེ་ལ་སྐུ་མདོག་དམར་སྨུག་ཅན་ཞིག་མཇལ། རང་གི་སྔ་སོར་སྤོས་ཤེལ་གྲུ་བཞི་ཆེ་ཆུང་གཉིས་བཞག་བྱུང་བ་རྒྱས་པའི་རྟེན་འབྲེལ་ཡིན་སྙམ་པ་ཤར། མཐར་མོས་གུས་ཆེན་པོ་བྱས་པས་ཞབས་གཉིས་བརྐྱངས་པ་ལ་མགོས་བཏུད་ནས་དབང་བཞི་བླངས་པ་དང་། ཡང་ལྷ་ཁང་སྒྲོས་ལེགས་ཤིག་གི་གཙོ་བོ་སྤྱན་རས་གཟིགས་ཁ་སཱརྤཱ་ཎི་དང་སྒྲོལ་དཀར། གཞན་སྐུ་བརྙན་གསེར་མདོག་ཅན་མང་པོ་དང་པོ་བྲིས་སྐུ་ལྟ་བུ་ལ་མཐར་སྐུ་གཟི་བརྗིད་འོད་དུ་འབར་བ་དངོས་སུ་བྱུང་བ་དང་སྤྲོ་བ་མཇལ། སྒོ་གཡས་སཱཙྪའི་ཕུང་པོ་ཆེན་པོ་འདུག །མི་ཞིག་གིས་ཡུལ་འདིའི་ཕྱག་བསྐོར་བྱེད་པའི་རྟེན་ཡིན་པས་རབ་གནས་ཤིག་དགོས་ཟེར་བ་ལ་རབ་གནས་བྱས་པ་དང་། ཡོངས་དགེ་མི་འགྱུར་རྡོ་རྗེ་དང་ཁྱུང་གྲགས་རྡོ་རྗེ་གཉིས་ཀྱི་བག་ཆགས་མང་ཞིག་ཡིད་ལ་གསལ་བ་དང་། གསེར་མདོག་ཅན་གྱི་སྐུ་ཞིག་མཇལ་བར་རང་གི་ཡིད་ལ་སངས་རྒྱས་རིན་ཆེན་སྙིང་པོ་ཡིན་སྙམ་མོས་གུས་ཆེན་པོ་སྐྱེས་པས་ཞལ་གྱི་བཀྲག་མདངས་བསྟན་པ་དང་། ལྷ་ཁང་ཞིག་ཏུ་བདེ་མཆོག་ལཱུ་ཡི་པ་དགྱེས་རྡོར་མཱ་ཡཱ་སོགས་ལྷ་མོ་ཕྱག་བཞི་མ་སོགས་བྱིན་ལྡན་བཀྲག་མདངས་ཅན་བཞུགས་པའི་མདུན་ངོས་ཡར་ལྟ་ཁྲིའུ་ཆུང་གི་སྟེང་དུ་གོས་བཟང་བཅས་བསྡད། རྒྱབ་ངོས་འཚོགས་པ་མང་པོས་ཚེ་གཟུངས་འུར་དིར་གྱིས་འདོན་བྱུང་བས་མཉམ་དུ་འདོན་པ་དང་། ཞིང་སྐྱོང་དམར་པོ་རྐང་ཐང་ཅན་གྱིས་རྣམ་འགྱུར་སྟོན་པ་དང་། ཡ་མ་རཱ་ཛ་དང་ཞལ་བྲམ་གཟུགས་ཅན་རྣམས་མཐོང་བར་རྨིས་པ་སོགས་བྱུང་། རྩ་གསུམ་དགོངས་འདུས་དང་འབྲེལ་བར་སྨིན་ལུགས་དགེ་ལེགས་འདོད་འཇོ་ལྟར་རྟེན་རྣམས་ལ་རབ་གནས་རྒྱས་པར་བསྒྲུབས། དྲུག་པ་ཕྱི་མར་དཔོན་སློབ་མང་ཙམ་གྱིས་རྩ་གསུམ་དགོངས་འདུས་སྒྲུབ་ཆེན་རྒྱས་པ། གསར་རྙིང་གསོལ་ཁ་གཏང་རག་བཅས་བགྱིས། གསེར་པ་གཏེར་སྲས་སོགས་ཕྱོགས་འདུས་མང་པོར་ཚིག་བདུན་སྐོར་སོགས་དབང་ལུང་མང་ཞིག་དང་། གནས་ཕུག་རྣམས་སུ་ཚོགས་མཆོད་ཕུལ་ནས་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ། སྟག་ཤམ་བླ་མ་ཡིད་བཞིན་ནོར་བུ། མ་ཏིའི་ཀུན་འདུས་ཡིད་ནོར། བདེ་གླིང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཚང་མ་བཅས་བཞེད་པ་ལྟར་ཕུལ། ཕྱོགས་འདུས་ཤིན་ཏུ་མང་པོ་དང་འཛི་སྒར་མཆོག་སྤྲུལ་སོགས་ལ་དབང་ལུང་ཁྲིད་ཀྱི་རིགས་སོ་སོའི་བཞེད་པ་ལྟར་བསྐངས། ཤེས་བྱ་ཀུན་ཁྱབ། ཟབ་མོ་ནང་དོན། གཞུང་ཆུང་གཉིས་སོགས་ཀྱི་བཤད་ལུང་རེའང་བགྱིས། ཡང་ཁྲོད་དུ་ཕྱིན་ནས་སྒྲུབ་ཐེབས་ལྔ་པ་གསར་སྡོད་རྣམས་ཀྱི་མཁོ་ཚོགས་དབང་ལུང་ཁྲིད་གསུམ་ཐོག་མར་འོས་པ་རྣམས་བགྱིས། ལོ་བསྟར་གྱི་ཕུར་ཟློག །རྟག་གཏོར་གསོལ་ཁ་སོགས་འཚོགས། ལྷ་ཁང་ཕན་ཚུན་རྣམས་ཀྱི་དཔེ་ཐོ་གསར་དུ་བཀོད་ནས་ཚོལ་བདེ་དགོས་པ་སོགས་གྲུབ་ནས་ཤར་རྒྱག་གིས་རྫོང་ཤོད་དུ་ཕྱིན། རེ་ཞིག་གདམས་མཛོད་གསར་བསྒྲིགས་ཐོན་རིགས་རྣམས་ཞུ་དག་ཞིབ་ཆ་བལྟས། ཆུ་ཕོ་རྟ་ལོ་གསར་ཚེས་ལ་ཚོགས་གསོག་འདོན་བྱ་རིགས་གྲུབ་ནས། ཐར་རྩེ་དཔོན་སློབ་ཆེད་དུ་ཕེབས་པ་ལ་ཆོ་འཕྲུལ་ཟླ་བའི་བཅུ་བཞིར་རྒྱལ་རྒྱམ་ལྷ་དགུའི་སྟ་གོན། བཅོ་ལྔར་དངོས་གཞིར་བྱས་ནས་དབུ་བཟུང་། བདེ་མཆོག་ལྷ་ལྔ། ཡོ་ག་རྡོ་རྗེ་དབྱིངས། ཤངས་ལུགས་རྒྱུད་སྡེ་ལྔ། ཇོ་ནང་སྟོད་འགྲེལ་སོགས་བདེ་མཆོག་རབ་འབྱམས། གཤིན་རྗེ་རབ་འབྱམས། གསར་བསྒྲིགས་བཀའ་བརྒྱུད་སྔགས་མཛོད་ཆེན་མོ་བཅས་ཀྱི་དབང་ལུང་ཚང་བ་ཟླ་བ་གསུམ་པའི་ཉེར་གཅིག་ལ་གྲུབ། འདི་དག་དང་པོར་ཚུགས་པའི་སྐབས་ཤིག་ལྷ་ཁང་བཀོད་ལེགས་ཞིག་ཏུ་མདོ་སྔགས་སྟོན་པ་རྣམ་གཉིས་འོལ་ཙམ་དང་། ས་ཆེན་ཞལ་རས་དཀར་དམར་མདངས་ཅན་དངོས་སུ་བཞུགས་པ་ལ་མོས་གུས་ཀྱིས་གསོལ་བ་བཏབ་པ་དང་། རྒྱལ་དབང་བཅུ་བཞི་པ་སྡོད་གནས་སུ་ཕེབས་ཏེ་མེ་ཏོག་དཀར་དམར་གྱི་གདན་ལ་བཞུགས་པར་གསོལ་འདྲེན་བྱས་པ་དང་། དེ་ཉིད་ཀྱི་ཚེམས་ཀྱི་རིང་བསྲེལ་དུང་དཀར་གཉིས་སྦྲེལ་ཅན་སོགས་རིང་བསྲེལ་མང་པོ་ཐོབ་པ་དང་། རྗེ་བླ་མས་བདུད་འདུལ་གཏེར་མ་རེད་གསུངས་ཤོག་སེར་མཁྱུད་གང་བའི་ལྡེབ་མ་མང་ཙམ་གྱི་བརྡ་ཡིག་ལཉྩ་སྟོན་པ་ལ་བྱིན་རླབས་ཞུས་པས་རྩ་བ་ཁྲིད་ཡིག་མ་བུ་སོ་སོའི་བཞུགས་ཚུལ་བརྡ་སྤྲོད་པ་སོགས་རྨིས། གཏེར་གསར་ལེགས་ལྡན་དབང་གི་ཆོག་སྒྲིག་འགོ་བཞག་བྱས་ནུབ་ནམ་མཁའི་སྤྲིན་གསེབ་ལེགས་ལྡན་དངོས་སུ་སྣང་བ་ལ་གདུང་བས་འབོད་པ་ལན་གསུམ་བྱས་པ་ཞིག་ཀྱང་རྨིས། འདི་སྐབས་སྐུ་ཞབས་རིན་པོ་ཆེ། རྫོགས་ཆེན་མཆོག་སྤྲུལ། དགེ་མང་། གླིང་སྤྲུལ། དཔལ་ཡུལ་སྐུ་ཆེན། རྒྱ་རོང་གཡའ་སྤྲུལ། གཏེར་སྟོན་མི་འགྱུར་སྤྲུལ་སྐུ། འབྲུག་པ་ཨ་འཛོམ་སོགས་བླ་སྤྲུལ་མང་པོ་གཏེར་མཛོད་དབང་ལུང་དོན་གཉེར་ལ་ཕེབས་པས། སྣ་སེལ་བཀའ་འགྱུར་གསུང་སྒྲོག །ཚོགས་སྐོང་བཤགས་སོགས་བཏང་། ཐོག་མར་བླ་མ་དགོངས་འདུས་སྒྲུབ་ཆེན་གྱི་ཁོངས་སུ་དབང་ཆེ་ཕྲ་ཡོངས་རྫོགས་བྱས། སྐུ་ཞབས་རིན་པོ་ཆེ་སླར་ཕེབས། ཕྱོགས་འདུས་ཀྱི་བླ་སྤྲུལ་རྣམས་ལ་གཏེར་མཛོད་དབང་ལུང་ལན་བཞི་པ་ས་ག་ཟླ་བའི་ཚེས་བཅུ་དགུ་ལ་དབུ་ཚུགས། བརྒྱད་པའི་ཚེས་གཅིག་ལ་ལེགས་པར་གྲུབ་ནས་བླ་སྤྲུལ་ཕལ་ཆེར་རང་གནས་སུ་ཐེག །ཟླ་བ་དེ་གའི་ཚེས་བཅུར་མཁའ་འགྲོའི་བྲོ་རར་ཚོགས་འཁོར་བྱས་པའི་ཐོ་རངས་ཉམས་ཀྱི་སྣང་བ་ལྟ་བུར་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུ་ཞིག་བར་སྣང་དུ་གསལ་བའི་གདན་འོག་ཏུ་ཚིགས་བཅད་ཡིག་ཕྲེང་གཉིས་འདུག་པ་བཀླགས་པས་ཡིད་ལ་ཟིན་པར་རྨིས། དེ་དོན་བསྟན་འགྲོ་སྤྱི་དང་རྣལ་འབྱོར་རང་གི་དོན་བཅས་ལ་གནས་ཆོས་གྲོགས་བཅས་མ་ཉམས་པའི་སྒྲུབ་ཆེན་ཚོགས་འཁོར་བཅུ་གསུམ་གྲུབ་པ་དགོས་ཚུལ་ཞིག་འདུག །ངོར་པ་དཔོན་སློབ་དང་རྫོགས་ཆེན་རིན་པོ་ཆེ་གཏེར་སྤྲུལ་སོགས་དཔེ་དང་འཆད་སྤེལ་ཉམས་ལེན་སོགས་སྣ་རེ་མཛད་པའི་ཞལ་བཞེས་མཁན་སུམ་ཅུ་ཙམ་ལ་མཁའ་འགྲོ་གཏོར་ཆེན་བཏང་བ་སྔོན་དུ་འགྲོ་བས་ཚེས་བཅོ་ལྔ་ནས་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཚུགས། ཟླ་བ་བཅུ་པའི་ཚེས་བཅུ་བཞི་ལ་གྲུབ། བཅོ་ལྔར་མཐའ་རྒྱས་ཚོགས་འཁོར་དང་མཁའ་འགྲོ་མའི་བྲོ་རར་རྣལ་འབྱོར་མ་རིགས་བརྒྱའི་མཆོད་ཆོག་གཟབ་རྒྱས་བཏང་། མཁོན་ལུགས་ཡང་དག །རྣམ་འཇོམས་ཁྲོ་དཀར་ནག་གི་དབང་ལུང་། སྡེ་གཞུང་མའི་སྤྲུལ་སྐུ་བྱོན་ནས་དོན་གཉེར་སྟབས་སོགས་ཀྱིས་རྔོག་ལུགས་དགྱེས་རྡོར་རྒྱུད་ཀྱི་སྤྱི་དོན་དང་། རྒྱུད་བཤད་དངོས་གཞི་བཅས་པའང་བགྱིས་ནས་བླ་སྤྲུལ་རྣམས་རང་གནས་སུ་ཕེབས། ཉི་ལྡོག་སྐབས་ཕུར་ཟློག་ལོ་བསྟར་བགྱིས་སྐབས་ནུབ་གཉིས་སུ་རབ་གསལ་ཐད་དུ་སྲིན་བྱ་དགོད་པ་བྱུང་། རང་ནི་རྒྱུས་ཡོད་རྒན་པོར་སོང་སྟབས་དེ་ལ་ཆག་སྒོ་ཆེ་བ་ཤེས་ཀྱང་དགེ་ལེགས་ནས་རི་སྟོང་དུ་བྱ་གྲགས་པ་ལ་རྣམ་རྟོག་བྱེད་པ་ཟེར་ནས་ཁྲེལ་བཞག་འདུག །ཉི་མ་བྱང་བགྲོད་སྐབས་རྗེ་བཙུན་མའི་བསྙེན་པ་ཁ་གསོས་ཀྱང་གྲུབ་ནས་རྫོང་དགོན་དུ་ཕྱིན། རྗེ་རིན་པོ་ཆེར་མཇལ་ཕྱག་ཞུས། ཚེས་ཉེར་ལྔར་རྒྱ་སྟོན་པདྨ་དབང་ཕྱུག་ཡང་གཏེར་བླ་མ་བདེ་མཆོག་གི་དབང་ལུང་ཁྲིད་བཅས་གནང་། དགོན་པར་ཐན་ཟློག་བཀའ་འགྱུར་གསུང་ཡོན་རྒྱབ་ཆོག་བྱས། རྗེ་བླ་མར་ཡང་ཞུས་པས་ཉེར་དགུར་གྲུ་གུ་ཡང་དབང་གི་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དབང་གནང་བའི་ཞར་བྱུང་ཆོ་ག་ཉིན་འཚོགས་དང་ཟློག་པ་ཚར་གྲངས་བཅས་མཚན་ཕྱེད་བར་དུ་མཛད་སོང་། ཕྱིར་ཉིན་དང་པོ་ཤིན་ཏུ་འཚུབས་ཆེའང་རྗེས་སུ་ཞི་ནས་འཇམ་པོ་ཞིག་བྱུང་བས་སྐྱོན་ཆེན་བྱེད་མ་འདྲ་གསུངས། རིམ་བཞིན་གཡག་ཕྱར་སྔོན་མོའི་སྒྲོལ་མ་འཇིགས་པ་ཀུན་སྐྱོབ། མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན། ཉི་མ་སེང་གེའི་པདྨ་ཞི་ཁྲོ། བལ་པོ་ཨ་ཧཱུྃ་གི་ཛཾ་ནག །ལྷ་བཙུན་སྔོན་མོའི་ཞི་བྱེད་སྐོར་བདུན། རོང་ཟོམ་ཆོས་ཀྱི་བཟང་པོའི་མཁའ་འགྲོ་མ་རིགས་བྱེད་རྩལ། མང་སོ་བྱང་ཆུབ་གླིང་པའི་ཀུན་བཟང་ཐུགས་གཏེར། ར་མོ་ཤེལ་སྨན་གྱི་རྡོ་རྗེ་བདུད་རྩི། འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ། དྲི་མེད་ཀུན་དགའི་བླ་སྒྲུབ་འོད་ཀྱི་སྙིང་པོ་བཅས་ཀྱི་དབང་ལུང་ཁྲིད་བཅས་རྒྱས་པར་བཀའ་དྲིན་ཆེ་བ་བསྩལ་བྱུང་། སྔར་མ་ཐོབ་པའི་གཏེར་ཆོས་འགའ་ཞིག་ཀྱང་ནོས། རང་ནས་སྔ་རྗེས་མང་པོར་གཏེར་གསར་རིགས་རྣམས་ཀྱང་དུས་ལ་དགོངས་པའི་ཟབ་ཆོས་གང་ལ་གང་འདུལ་ཡིན་བཞིན་གནད་དོན་ཆེ་མོད། དེ་ལས་ཀྱང་སྔོན་བྱོན་གཏེར་རྙིང་རྩོད་མེད་དེང་སང་མཚན་ཙམ་ལས་མི་བཞུགས་པ་འདི་རིགས་གང་ཟག་གཞན་བཟང་པོ་དང་གྲགས་ཆེན་སྔར་བྱོན་ད་བཞུགས་སུས་ཀྱང་རྙེད་ཐུབ་པའི་སྐལ་པ་མ་བྱུང་། དེང་སྐབས་རྗེ་རིན་པོ་ཆེ་བཀའ་བབས་བདུན་གྱི་བདག་པོར་རྡོ་རྗེའི་ལུང་དང་མངོན་སུམ་ཚད་མས་གྲུབ་པས་གཞན་གང་ལས་ཀྱང་སྔོན་བྱོན་གཏེར་སྟོན་ཚད་མ་རྣམས་ཀྱི་གཏེར་ཆོས་སྣ་རེ་ཡིན་ཡང་འབེབ་ཐུབ་པ་གསོལ་བ་ཡང་ནས་ཡང་དུ་བཏབ་པའི་དོན་འབྲས་ཕྱོགས་ཙམ་འགྲུབ་པས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསེར་ལ་མཐོ་སེམས་མི་བདོག་སྟེ། །ཟོང་མེད་ལག་ཏུ་གསེར་མི་འཁོར། །ཆོས་ལ་མཐོ་སེམས་མི་བདོག་སྟེ། །སྐལ་མེད་ལག་ཏུ་ཆོས་མི་འཁོར། །ཞེས་གསུངས་པ་ལྟར་ཡིད་ལ་གང་འདོད་ཀྱི་ཆོས་རྙེད་པར་དཀའ་བ་རྩོལ་མེད་དུ་རྙེད་པ་འདི་ལྟར་ན་སྐལ་པ་ཤིན་ཏུ་བཟང་བར་སེམས། གཏེར་རྙིང་དཔེ་རྒྱུན་ཡོད་ཀྱང་དབང་ལུང་ཆད་པ་རྣམས་ནི་གསོལ་བཏབ་མཛད་པ་ཙམ་གྱིས་གུ་རུ་རིན་པོ་ཆེ་ཉིད་གཏེར་སྟོན་སོ་སོའི་རྣམ་པར་བསྟན་ནས་ཉེ་བརྒྱུད་དུ་བསྩལ་བ་དང་། གསར་ཕབ་རྣམས་ནི་མཁའ་འགྲོ་གཏེར་སྲུང་གིས་ཤོག་སེར་དངོས་སུ་ཕུལ་བ་ལས་གཏན་ལ་ཕབ་པའི་གཞུང་བསྐྱེད་རྫོགས་ལས་ཚོགས་དང་བཅས་ཉུང་ལ་དོན་འདུས་ཤིང་ཟབ་ལ་གནད་དུ་འདྲིལ་བ་གསེར་ཞུན་མ་ལྟ་བུ། གཏེར་ཆོས་སུ་བཏགས་པའི་གླེགས་བམ་ཁུར་པོ་རེ་ལས་ཚན་པ་རེ་རེས་དགའ་བར་སྣང་ངོ་། །ཆུ་ལུག་གནམ་ལོ་གསར་ཚེས་སྐབས་རྗེ་བླ་མའི་གཟིགས་སྣང་དུ་གཏེར་ཆེན་སངས་རྒྱས་གླིང་པ་མཇལ་བའི་ཞལ་ནས། ཁྱེད་རང་དང་། ངེད་ཀྱི་བླ་མ་དང་སློབ་མ་གཉིས་ཀ་ཡིན་པ་བ་ཡོ་ཆོས་བཟང་ཁྱེད་གཉིས་ཀྱིས་དེ་སྔ་གཏེར་རྙིང་མང་པོ་གསར་སྤེལ་གྲུབ་པ་ཤིན་ཏུ་ལེགས། ད་རུང་ཡང་གཏེར་རྙིང་ཉེར་ལྔར་ལོངས་པ་ཞིག་གྲུབ་སོང་ན་ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་རྫོགས། ཁྱེད་རང་གཉིས་ཀྱང་ཚེ་དང་བྱ་བ་ཐམས་ཅད་མཐར་ཕྱིན་པ་ཞིག་འོང་རྒྱུ་རེད། དེའི་གེགས་སེལ་དུ་གནས་ཆེན་རྣམས་སུ་སྒྲུབ་པ་དང་ཚོགས་འཁོར་ཡང་གལ་ཆེ་གསུངས་པ་ཞིག་བྱུང་ཚུལ་བཀའ་གནང་། དེ་རྗེས་ཁར་དུས་ཕྲན་ལའང་འདི་ལྟར་བྱུང་ཚུལ་ཡི་གེར་བྲིས་ནས་ཕུལ་བ་ཅིའང་མ་གསུངས་པས་ཐུགས་ལ་མ་བབས་པ་ཡིན་ནམ་སྙམ་པ་བྱུང་། འབྲི་གུང་དགོངས་གཅིག་འགྲེལ་པ་རྡོར་ཤེ་མ་དང་སྟག་ལུང་སྡོམ་གསུམ་སོགས་ཀྱི་ལུང་ཡང་བསྩལ། བར་ཞིག་སྐུ་ཁམས་རྙོགས་པས་ངེད་རང་ནས་བཀའ་བརྒྱད་ཡོངས་འདུས་དབང་སོགས་འདུ་ཚོགས་མང་པོའི་རེ་སྐོང་དང་། གསར་བསྒྲིགས་འགའ་ཞིག་གྲུབ། འདི་སྐབས་ཐོ་རངས་ཞིག་གི་རྨི་ལམ་དུ་རིགས་ལྔ་ཐོར་ཚུགས་སྟོད་གཡོགས་སྨད་གཡོགས་གྱོན་ནས་ལྷ་ཁང་ཆེན་པོ་ཞིག་ཏུ་ཕྱིན་པར་དེར་སྔགས་ཆས་ཅན་ཤ་སྟག་འཚོགས་པས་དབྱངས་རོལ་བཅས་ཕྲིན་ལས་ཤིག་བཏང་བའི་ཕུགས་ལོགས་གཡས་གཡོན་གུ་རུ་རྩ་གསུམ། མ་མགོན་ཞལ་སྦྱོར་སོགས་དངོས་འདྲ་བ་བཞུགས། ལོགས་ཤིག་ཏུ་སྒྲུབ་པ་མང་པོས་ཡིག་དྲུག་འདོན་པའི་སྒྲ་ཡིད་དུ་འོང་བ་ལྡིར། ཉེ་སྐོར་བྲག་ཁྲོད་དུ་ཕྱིན་པས་ཤེལ་རྡོ་འགའ་ཞིག་རྙེད། རྡོ་ཤེལ་གྱི་མཆོད་རྟེན་བུམ་པ་ཅུང་ཉམས་པ་ཞིག་འདུག་པ་ལག་ཏུ་བླངས་མ་ཐག་ཤེལ་གྱི་མཆོད་རྟེན་ཁྲུ་ཕྱེད་ཙམ་འོད་འབར་བ་ཞིག་ཏུ་གྱུར་པས་ལྷུ་ཕྱེས་ཏེ་ཆོས་འཁོར་ཡན་རུམ་དུ་བཅུག །མན་ཆད་ཉེ་གནས་ལ་ཁྱེར་བཅོལ་ནས་གྱེན་དུ་ལ་ཞིག་བརྒལ་བ་རྨིས། འདི་སྐོར་དགོན་གླིང་དུ་འབྲུམ་དཀར་མཆེད་ནས་ཐམས་ཅད་ན་བའི་སྐབས་སུ་ཁེལ། ཟླ་བ་གཉིས་པའི་ཚེས་བཅུ་གཅིག་ནས་སྐུ་ཁམས་ཅུང་ཟད་དྭངས་པས་ཡང་གཏེར་རྣམས་ཀྱི་ལོ་རྒྱུས་ཞིབ་ཏུ་བསྩལ་བས་བརྗེད་ཐོར་ཡང་བཀོད། བཅུ་གསུམ་ཉིན་མདུན་དུ་ཕྱིན་པར་ལུང་བསྟན་ལ་མི་འོང་བ་ཅི་ཡོད་ཀྱང་བྱུང་ཚད་ཡི་གེར་འབྲི་བ་སོགས་གཏན་ནས་བྱེད་ཉན་པ་མིན། དེ་རིགས་ལག་ཏུ་ནི་མི་ལོན་པས་བཏང་སྙོམས་འཇོག་པ་ཁོ་ན་ལེགས། ད་ཁྱོད་ཀྱིས་ཡི་གེ་བྲི་ཚར་འདུག་པས་བྲིས་ནས་ལག་ཏུ་ལོན་པ་ཞིག་དགོས་པས་སྒྲུབ་པའི་ཐོ་ཡིག་བཀོད་དགོས་པ་རེད་གསུངས་ནས་ཉེ་སྐོར་བགྲོད་བདེ་བའི་གནས་མ་ཉམས་པ་བཅུ་གསུམ། བརྒྱུད་པ་མ་ཉམས་པའི་གཏེར་ཆོས་བླ་མ་ཡི་དམ་མཁའ་འགྲོ། ཐོག་མཐའི་ཚེ་སྒྲུབ་བགྱིད་ཚུལ་སོགས་ཞིབ་པར་ཐོ་བཀོད་དང་། སྒྲུབ་ཆེན་ཞལ་འདེབས་དངུལ་རྡེལ་ཚད་གནང་སྦྱིན་བསྩལ། རྫོང་ཤོད་དུ་སླར་ཕྱིན་ནས་ཞག་ཤས་ཡུམ་བཀའི་བསྙེན་པ་ཞིག་བཏང་། ཉི་ཤུ་ནང་སྐོར་འབྲུམ་ནད་ཀྱིས་ཐེབས། ཧ་ཅང་ཐུ་བ་མ་བྱུང་ཞག་བཅུ་སྐོར་ནས་དྭངས་སོང་ཡང་དེ་མ་ཐག་ཁྲག་རླུང་གིས་དེའུ་ཤི་ཙམ་བྱས། དེའང་ཞག་བདུན་བརྒྱད་ཀྱིས་དྭངས་རྗེས་ཆུ་སེར་ནད་གཞི་ཤིན་ཏུ་ལྗི་བ་ཞིག་གིས་ཟིན། ལྷ་རྗེ་འགའ་རེས་ཆུ་གཞི་རེད་ཅེས་འུར་ཆེན་བརྒྱབས། ཆོས་རྒྱེབ་འགའ་རེའང་བྱས་སྐད་འདུག །ལྔ་པའི་ནང་ལ་ཁམས་ཅུང་ཟད་དྭངས་པས་མཁན་པོ་རིན་ཆེན་དར་རྒྱས་བྱོན་པ་ལ་མཆོག་གླིང་གཏེར་གསར་སོགས་དབང་ལུང་ཁ་ཤས་དང་། དཔལ་ཡུལ་རྒྱ་སྤྲུལ་ཆེད་དུ་ཕེབས་པར་ཡང་གཏེར་རིགས་སོགས་གཏེར་མཛོད་དུ་སྔར་མ་བཞུགས་པའི་རིགས་ཀྱི་དབང་ལུང་ཁྲིད་བཅས་བྱས། གླིང་སྲས་མཆོད་ཡོན་རྣམས་བྱོན་པར་ཡང་སོ་སོའི་བཞེད་སྐོང་གྲུབ་ནས་ནད་ཁམས་སྟབས་འཛུམ་ཚ་དང་རྟིང་ཚ་རྣམས་སུ་ཕྱིན་ནས་འཕྲོད་བསྟེན་བགྱིས་པས་ཟ་འཕྲུག་གི་ཚ་དབལ། འབྲུམ་ཐོར། སྐྲངས་པ་རྣམས་ཞི། སྔ་མ་ལས་བདེ་དྭངས་སོང་བས་སྒྲུབ་ཆེན་རྣམས་ཀྱི་ཐོག་མ་ཟླ་གམ་དབང་ཕུག་ཏུ་འཆི་མེད་འཕགས་མའི་ཐུགས་ཐིག་གི་སྒྲུབ་ཆེན་རྣམ་པ་ཙམ་བྱས་ཀྱང་འདི་སྐབས་མཆོད་ཆས་སོགས་མཚོན་བྱེད་ཙམ་ལས་མ་འགྲིགས་པ་དང་། དཔོན་སློབ་བཅུ་གཅིག་ལས་མེད་པས་སྔགས་རྒྱུན་ཀྱང་ཇི་བཞིན་པ་མ་བྱུང་། གྲོལ་ཉེ་བར་བནྡེ་སྨྱོན་པ་ཞིག་གིས་ནམ་ཕྱེད་བྲག་སྟེང་ནས་ཁང་ཐོག་རྡོ་སྒྲིལ་བས་ཐམས་ཅད་བྲག་ཕུག་ཏུ་བྲོས་དགོས་པ་སོགས་འཚུབས་ཆེ་ཞིང་ཆུ་སེར་ནད་དེའང་སླར་འཕར་བས་མེ་ནང་སྡོད་པ་ཙམ་བྱུང་། འདི་ནས་བརྩམ་ཚོགས་འཁོར་རེའང་བགྱིས་པ་གྲོགས་རིགས་ལྡན་མ་ཉམས་པ་ནི་མངོན་ཤེས་མེད་པས་ཅི་བྱ་མི་འདུག་ཀྱང་བུ་མོ་ཆུང་ངུ་མགོ་གཙང་རེ་ཚོགས་འཁོར་གྲལ་དུ་སྡོད་བཅོལ་ནས་ལུང་དོན་རས་སུ་མ་བོར་ཙམ་དང་། སྒྲུབ་པ་ཐམས་ཅད་ལ་གྲོལ་སྐབས་དབང་ཞུའི་འདུ་ཚོགས་མང་བས་ཁྲོམ་དབང་རེའང་བགྱིས། སླར་ཆུ་ཚན་བསྟེན་པའང་ཕྱིན་པས་རིམ་དྭངས་གྱུར། སྒྲུབ་ཆེན་གཉིས་པ་པདྨ་ཤེལ་རིར་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཚུགས། འདི་སྐབས་ཡིད་ལྷུང་གཡག་ཟེའི་སྒྲུབ་བླ་མ་དཔལ་སྦྱིན་དཔོན་སློབ་སོགས་སྔར་ལས་འཚོགས་པ་མང་ཞིང་། རི་ཁྲོད་ནས་བླ་མ་པད་ནོར་དང་ཚེ་རིང་དོན་གྲུབ་རྣམས་ཀྱང་སླེབས། བཅའ་ཁ་རིམ་སྒྲུབ་བགྱིས་པས་རྒྱུན་མཆོད་སོགས་རིམ་པར་ཇེ་རྒྱས་སུ་སོང་། སྒྲུབ་པ་གྲོལ་སྐབས་འཇའ་ཚོན་ཤར་བ་སོགས་ལྟས་ལེགས། སྒྲུབ་ཆེན་གསུམ་པ་འཛུམ་རྩང་དཀར་དུ་རྒྱ་སྟོན་བླ་མ་བདེ་མཆོག་འཁོར་ལོ་ཚུགས། འདི་སྐབས་དཔལ་སྤུངས་ནས་གཅོད་བླ་ཡོན་ཏན་དཔོན་སློབ་བྱུང་བ་སོགས་འཚོགས་པ་ཉི་ཤུ་རྩ་གྲངས་འཛོམ། དེར་སྒྲུབ་ཁང་སྟོང་པ་ཞིག་ཏུ་ཐོག་མར་ཞག་གཅིག་སྡོད་ནུབ་གནས་གདོན་རྐྱེན་གྱིས་ངེད་རང་འདུ་ཁམས་འཁྲུགས་པས་བདེ་བ་ཆེར་མ་བྱུང་། སྒྲུབ་ཆེན་བཞི་པ་འཛིང་ཁྲ་བོ་གནས་ནང་དུ་དྲི་མེད་བླ་སྒྲུབ་འོད་ཀྱི་སྙིང་པོ་ཚུགས། ཁམས་རིམ་དྭངས་སོང་། དེ་ཡན་ཆད་ཀྱི་བླ་སྒྲུབ་གསུམ་གྲུབ། སྒྲུབ་ཆེན་ལྔ་པ་རྫོང་ཤོད་བདེར་གཤེགས་འདུས་པའི་ཕོ་བྲང་དུ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆེན་མོ་ཚུགས། འདི་སྐབས་ཚེས་བཅུའི་ཐོ་རངས་ལྷ་ལྡན་ཕྱོགས་ཡིན་སྙམ་ཞིག་ལ་དྲན་པ་ནམ་མཁའ་དང་དེའི་སྲིང་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱང་ནས་བསྐུར་བའི་ཡིག་རྒྱ་ཞིག་སྤྲད་བྱུང་བ། ནང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡུམ་ཅན་གྱི་སྐུ། ལུང་བསྟན་བསླབ་བྱ་ཤོག་དྲིལ་གཅིག །ཤེལ་རྡོ་ལེགས་པ་སོར་ལྔ་ཙམ་འདུག་པ་སོགས་རྨིས། དེ་སྐབས་ཀཿཐོག་རྨོག་སྤྲུལ་ཡང་འབུལ་སྐྱེས་བྱོན་པར་ཁྲུས་དང་ཚེ་དབང་བརྒྱ་རྩ། སྦྱིན་བདག་གནད་ཆེན་འགའི་རེ་སྐོང་གྲུབ་ནས་རག་ཆབ་བརྒྱུད་དཔེ་ཝར་ཕྱོགས་སུ་ཕྱིན། ཨ་རབ་གནས་ནང་སླེབས་པར་ཉེ་བའི་སྐབས་ནུབ་ཕྱོགས་ནས་གནམ་ཕྱེད་ཁེབས་པའི་འཇའ་ཚོན་གཞི་མཐིང་ལྗང་ཤས་ཆེ་བའི་ཁ་དོག་སྣ་ཚོགས་པ། ཐིག་ལེ་ཆེ་ཆུང་མང་པོའི་མཐར་འཇའ་རིས་ཀྱིས་བསྐོར་བ་ཡུན་རིང་བསྡད་སོང་བས་དེར་ཡོད་བསམ་ཤེས་ཅན་རྣམས་ནི་སྔར་མཐོང་མ་མྱོང་བས་ངོ་མཚར་དུ་འཛིན། གོ་དཱ་བ་རིའི་གནས་མདུན་བྲག་རིའི་ཕུག་པར་སྒ་རྗེ་གྲོ་རྡོག་གིས་སྒྲུབ་ཁང་གསར་བཞེངས་ནང་དུ་བསྡད། ཁོང་པས་གཞི་ལེན་བྱས་ནས་ཐོག་མར་དཔོན་སློབ་བརྒྱད་ཀྱིས་རྡོ་རྗེ་བདུད་རྩིའི་བསྙེན་པ་བཏང་། བདུད་རྩི་འཁྱིལ་བའི་ཁྲུས་རྫས། ཧཱུྃ་ཀ་རའི་བདུག་པ་རྣམས་ཀྱང་བསྒྲུབས་ནས་མ་ད་ནའི་སྒྲུབ་པ་ཚུགས་པའི་ཐོག་མ་ནས་སྨན་དྲིས་ཕྱི་ནང་ཐམས་ཅད་ཁྱབ། ལང་ལུགས་སོགས་བྱིན་རླབས་རེད་སྙམ་པ་བྱུང་སོང་། འདི་སྐབས་ར་མོ་ཤེལ་སྨན་ཡིན་སྙམ་པའི་སྔགས་པ་ཆས་གོས་སྔོན་པོར་ཡོད་པ་ཞིག་གིས་སྨན་མང་ཞིག་བྱིན་བྱུང་བའང་རྨིས། དེ་ནས་སྒྲུབ་ཆེན་དྲུག་པ་རྡོ་རྗེ་བདུད་རྩིའི་ཁྲོལ་སྒྲུབ། ཕྱི་སྒྲུབ། ལྡེ་གུ་དང་རིལ་བུའི་སྒྲུབ་པ་རྣམས་དང་ལས་བཞི་མཆོག་ལྔའི་སྦྱིན་སྲེག །དཔའ་བོ་དཔའ་མོའི་སྟོན་མོ་སོགས་མཐའ་རྒྱས་གྲུབ་ནས་གྲོལ་བ་དྲུག་གི་ལས་སྦྱོར་རྣམས་ཀྱང་བགྱིས། ཨ་ཁྲི་གནས་ར་མེ་ཤྭ་རིའི་མདུན་གྱི་སྒྲུབ་ཁང་གསོལ་དཔོན་ཚང་བཀྲ་ཤིས་བསམ་འགྲུབ་ནས་གསར་འདེབས་བྱས་སར་ཕྱིན། ཐོག་མར་དཔོན་སློབ་བཅོ་ལྔས་དྲི་མེད་རྒྱལ་བ་རྒྱ་མཚོའི་བསྙེན་པ་བཏང་། གསོལ་དཔོན་ཚང་གིས་སྦྱིན་བདག་བྱས་ནས་སྒྲུབ་ཆེན་བདུན་པ་རྒྱལ་རྒྱམ་ཚུགས། འདི་སྐབས་ནངས་ནུབ་འོད་དམར་པོས་རི་བོ་རྣམས་ཁྱབ་པ་དང་ཉིན་གུང་ཡང་སྤྲིན་སོགས་དམར་འོད་ཤ་སྟག་ཅན་བྱུང་། ནུབ་མོ་སྟེང་འོག་ཕྱི་ནང་གར་ཡིན་མི་འབྱེད་པའི་ཡིག་དྲུག་དིར་དིར་སྒྲོག་པ་ཐོས་མཁན་རེ་ཟུང་སྣང་། བུད་མེད་ལྔས་བརྡ་སྟོན་པ་དང་ཤེལ་རྡོ་རྙེད་པ་སོགས་རྨིས་ལྟས་ལེགས་ཤིང་ཁྱད་པར་དཔལ་ལྡན་དུས་གསུམ་མཁྱེན་པ་མཇལ་བ་ལ་ཐུགས་ཀར་མགོས་གཏུགས་ནས་ཐུགས་ཡིད་བསྲེས་པ་སོགས་རྨིས། འདི་ནས་ཡི་དམ་སྒྲུབ་པ་གསུམ་གྲུབ་ནས་ཐེག་པའི་ལམ་ཞོར་ཨེ་ཝཾ་དགོན་དུ་རབ་གནས་དང་དབང་བཀའ་བགྱིས། དེར་དམ་སེལ་ཅན་ཞིག་འཕྲད་ལ་ཁད་པ་བྱུང་བའི་རྐྱེན་གྱིས་ལམ་ནས་ཁྲག་རླུང་ཆེར་འཕར། ཕྱྭ་གཡང་གཞིས་ཀར་ཞག་ཤས་བསྡད། ཁམས་དྭངས་འཕྲལ་བཀྲ་ཤིས་གནས་ནང་དུ་ཕྱིན། སྒྲུབ་ཁང་གསར་བཞེངས་ནང་དུ་བསྡད། ཨ་ལོའི་ཚོང་དཔོན་ཧོ་ཆོ་ཚང་ནས་སྦྱིན་བདག་གཞི་ལེན་བྱས། ཐོག་མར་ཉང་གཏེར་ཁྲོས་ནག་གི་བསྙེན་པ་བཏང་། སྒྲུབ་ཆེན་བརྒྱད་པ་ཁྲོས་མ་ནག་མོའི་སྒྲུབ་པ་ཚོགས་འཁོར་སོགས་མཐའ་རྒྱས་སུ་གྲུབ། གཞན་དྲག་ཞན་མང་པོའི་འདོད་སྐོང་ཅི་རིགས་བྱས། ཚུར་འོང་ལ་ཉེ་བར་སྐུ་ཞབས་རིན་པོ་ཆེར་སྐུ་རྐྱེན་ཆེ་བ་དང་རི་ཁྲོད་ལའང་དུར་ངོ་སོགས་འཚུབས་ཙམ་རྨིས། མགོ་ཟླའི་ཉེར་ལྔར་གང་ལ་བརྒལ་ནས་ཡང་ཁྲོད་དུ་སླེབས། རྟག་གཏོར་གསོལ་ཁར་ཕྱིན། རྒྱལ་ཟླའི་ཚེས་གསར་ནས་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་བསྙེན་པ་ལ་ཞུགས། གནམ་སྟོང་སྔ་དྲོ་ལ་གྲོལ། ཤིང་སྤྲེལ་གནམ་ལོ་གསར་ཚེས་ཀྱི་ཐོག་མ་ནས་མཁའ་འགྲོ་གསང་བ་ཀུན་འདུས་བསྙེན་མཚམས་བགྱིས། སྒྲུབ་པ་སྔ་མ་རྣམས་ལོ་གསུམ་ཕྱོགས་གསུམ་གྲུབ་ནས་གྲོལ་སོང་། འདི་ལོ་ཟླ་བ་གཉིས་པ་བཤོལ་པའི་ཕྱི་མའི་ཚེས་བཅུ་གཉིས་ལ་རེ་ཞིག་གྲུབ་རྩིས་བྱས། རིག་འཛིན་སྒྲོན་མས་བླ་མ་དགོངས་འདུས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བཙུགས་པའི་རྡོར་སློབ་ལ་ཕྱིན། ཟླ་བ་གསུམ་པའི་ཡར་ཚེས་ལ་མཐའ་རྒྱས་སུ་གྲུབ། ཚེ་བྷྲཱུྃ་སྤྲུལ་སྐུ་གཉིས་ལ་རཏྣའི་ཕུར་དབང་། ཚ་བ་རིན་ཆེན་རྣམ་རྒྱལ་ལ་འདོད་ཆོས། ཞེ་སྤྲུལ་དང་བླ་མ་བཀྲ་འཕེལ་གཙོས་པར་ཀར་ལུགས་དཀྱིལ་འཁོར་རྣམས་ཀྱི་དབང་ལུང་སོགས་དང་། བར་མཚམས་ཆོག་སྒྲིག་རིགས་དལ་མེད་བྱས། ཟླ་བ་བཞི་པར་སྐུ་ཞབས་རིན་པོ་ཆེའི་མདུན་ནས་གཞི་ལེན་མཛད་པའི་དཔའ་བོ་དབང་ཆེན་བྲག་གི་མདུན་དུ་དཔོན་སློབ་བཞི་བཅུ་རྩ་ལྔ་ཙམ་གྱིས་སྒྲུབ་ཆེན་དགུ་པ་ཟབ་བདུན་མ་མོ་མངོན་རྫོགས་རྒྱལ་པོ་བགྱིས། མདོས་ཆེན་བཏང་མཁན་ཡང་ཟུར་དུ་བཞག །ནམ་ཕྱེད་ཐོག་སེར་འབབ་པ་སོགས་འཚུབས་ཆར་མངོན་པའང་བྱུང་། དམར་ཕྱོགས་སུ་ལྷ་མདོ་འབུར་མོ་པདྨ་བཀོད་ཀྱི་མདུན་དུ་ཕྱིན། སྡེ་དགེ་གཞུང་ནས་གཞི་ལེན་གྲ་སྒྲིག་མཛད། དཔོན་སློབ་ལྔ་བཅུ་ང་ལྔས་སྒྲུབ་ཆེན་བཅུ་པ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྒྲུབ་པ་སྐོང་བ་ལྔ་པོ་དང་སྦྲེལ་མར་བགྱིས། ཉེར་ལྔའི་ཚོགས་འཁོར་སྐབས་གནས་རྩེར་འཇའ་ཚོན་ཟུག་པ་དང་། དབྱར་གཞུང་མེ་ཏོག་གི་ཚལ་མང་དཀྱུས་དང་མི་འདྲ་བ་རྒྱས་པ་སོགས་ཉམས་སྤྲོ་བ་བྱུང་། འདི་ཡན་མཁའ་འགྲོའི་སྒྲུབ་པ་གསུམ་གྲུབ། ལྔ་པའི་ཡར་ངོར་གྲུབ་ནས་རིམ་པར་བཏེགས་ཏེ་ཡང་ཁྲོད་དུ་ཕྱིན། སྒྲུབ་གསར་རྙིང་མང་པོར་གནམ་ཆོས་དབང་བསྒྲིགས་ཚང་མ་དང་། ཚབ་ཚ་སྒྲུབ་སྤྲུལ་ཆེད་གཏད་འབྱོན་པ་ལ་ཤངས་ཆོས་ཡོད་དོ་ཅོག་གི་དབང་ལུང་ཁྲིད་ཚང་བར་བྱས། ཟླ་བ་དྲུག་པར་རྨེ་ཤོད་རོང་མེ་ནང་རྡོ་རྗེ་ཨ་ཕུག་ཏུ་བསྙེན་མཚམས་ཞག་བདུན་མ་ཞིག་བགྱིས་གྲུབ་ནས་མུ་ནང་རྡོ་རྗེ་བྲག་དམར་དུ་ཕྱིན། དེར་སྡེ་དགེ་མ་ཡུམ་ནས་གཞི་ལེན་གྲ་བསྒྲིག་མཛད། གྲུ་གུ་ཡང་དབང་རྩལ་གྱི་གཏེར་གནས་ཡིན་འདུག་སྟབས་དཔོན་སློབ་སུམ་ཅུ་རྩ་ལྔས་སྒྲུབ་ཆེན་བཅུ་གཅིག་པ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ཚུགས། ཚོགས་འཁོར་སོགས་མདོར་བསྡུས་མཛད་སོང་། དེ་གྲུབ་ནས་རོང་མེ་དཀར་མོ་སྟག་ཚང་དུ་ཕྱིན། འཚོགས་གྲངས་སྔར་དང་འདྲ་བས་སྒྲུབ་ཆེན་བཅུ་གཉིས་པ་སྨིན་ལུགས་རྡོ་རྗེ་སེམས་དཔའ་ཚུགས། ཚོགས་འཁོར་སོགས་གཟབ་རྒྱས་གྲུབ། སི་ངུ་ལ་བརྒྱུད་པདྨ་ཤེལ་ཕུག་ཏུ་ཕྱིན། སྒྲུབ་ཆེན་བཅུ་གསུམ་པ་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་ཆོས་སྡེ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཚུགས། འདིའི་ཉིན་དང་པོར་མཁན་བླ་མ་བཀྲ་ཤིས་འོད་ཟེར་བོད་ནས་དབུ་ཐོན་གྱིས་བྱོན། ཚེ་ལྷ་རྣམ་གསུམ་སྐུ་བརྙན་སོགས་གནང་འབྱོར་བྱུང་བས་རྟེན་འབྱུང་ཤིན་ཏུ་དགེ་བར་གྱུར། ཚོགས་འཁོར་རྒྱས་ཤིང་། གྲོལ་སྐབས་དངོས་གྲུབ་ལེན་ཆོག་དང་འབྲེལ་བར་རྒྱས་པའི་སྦྱིན་སྲེག་བཅས་མཐའ་རྒྱས་གྲུབ། མཁན་བླ་མ་སོགས་ནས་སུན་ཟློག་དང་ཞབས་བརྟན་ཀྱང་མཛད། དེ་དག་གྲུབ་ནས་རྫོང་དགོན་དུ་ཕྱིན། ཀུན་མཁྱེན་བླ་མ་རིན་པོ་ཆེ་མཇལ། ཉང་རིན་པོ་ཆེའི་ཐུགས་ཆེན་འགྲོ་འདུལ་གྱི་དབང་ལུང་། རྡོར་གླིང་མ་རྒྱུད་ཀློང་གསལ་ཉི་མའི་དབང་ཆ་ཚང་། རྒྱུད་ཡོངས་རྫོགས་ཁྲིད་ལུང་། ཧཱུྃ་སྐོར་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་གནང་། རྡོར་གླིང་ཆོས་སྐོར་འདི་ནམ་གསུང་བའི་སྐབས་མདུན་མཁར་རྡོར་གླིང་དངོས་སུ་བཞུགས་ཡོད་པའི་ཉམས་དང་སྣང་སེམས་རོ་གཅིག་ཏུ་འདྲེས་པ་ཞིག་བྱུང་འདུག་གསུངས། འདི་པའི་འདུས་པ་སྐོར་བཞིའི་ནང་ཚན་མཁའ་འགྲོ་བཀའ་འདུས་ཀྱི་བརྡ་ཡིག་ཕྱག་ཏུ་སོན་ཅིང་གཏན་ལ་འབེབ་པར་བཞེད་ཀྱང་ཕྱིས་སུ་གཡེང་བས་བར་དུ་བཅད། ལྔ་པ་རིན་པོ་ཆེའི་དག་སྣང་རྒྱ་ཅན་གྱི་དབང་ཡོངས་རྫོགས། དྭངས་མ་བཅུད་འདྲེན་ཁྲིད། རྩ་བ་དང་རྡོར་སྨིན་གཉིས་ཀྱི་ཆོག་ཁྲིགས་རྣམས་ཀྱི་ལུང་ཡང་བསྩལ། འདི་སྐབས་རི་བོ་ཆེའི་ཞབས་དྲུང་བྱོན་པར་བཀའ་དགོངས་ཕུར་གསུམ། ཐུབ་དབང་ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་། རྩ་གསུམ་དགོངས་འདུས་དོན་དབང་། ཚེ་དབང་བཅས་ཐུགས་བཞེད་བསྐངས་གྲུབ་ནས་རྫོང་ཤོད་དུ་ཕྱིན། ཁྲ་འགུ་བློ་གྲོས་ཉི་མའི་སྤྲུལ་སྐུ་དཔོན་སློབ་ལ་བཀའ་བརྒྱུད་སྔགས་མཛོད་ནས་རྒྱུད་སྡེ་ཁ་ཤས། ཀུན་བཟང་བསོད་ནམས་དང་ཛཾ་ཐང་པ་ཁ་ཤས་སོགས་ལ་སྒྲོལ་མ་རྣལ་འབྱོར་མའི་དབང་ལུང་ཁྲིད་བཅས། ནོར་བུ་བསྟན་འཛིན་དང་ཉག་རོང་གཏེར་སྟོན་བསོད་རྒྱལ་བྱོན་པ་ལ་ཞིག་གླིང་ནམ་རྒྱལ་དང་། ཚིག་བདུན་སྒྲུབ་ཐབས། གྲོ་ལོད་ཧཱུྃ་སྒྲུབ་རྣམས་ཀྱི་དབང་ལུང་བྱས། ནང་ཆེན་ནས་གྲུབ་དབང་ཚོགས་གཉིས་དང་སྐྱོ་བྲག་དུང་སྤྲུལ་གསལ་བྱེད་དཔོན་སློབ་རྣམས་བྱོན་པར་སོ་སོའི་བཞེད་སྐོང་བྱས། ཚོགས་གཉིས་མདུན་ནས་ཐབས་ལམ་སྙན་བརྒྱུད་སྐོར་དང་རཏྣའི་ཐུགས་སྒྲུབ་ཡང་འདུས་ཀྱི་རིམ་ལྔའི་ཁྲིད་རྫོགས་པར་ཞུས། དུང་སྤྲུལ་ལས་འབའ་རོམ་ལུགས་ཀྱི་བདེ་མཆོག་གི་དབང་ནོས། སྒྲུབ་ཕུག་ཕན་ཚུན་དུ་ཚོགས་མཆོད་ཕུལ་བ་སོགས་གྲུབ་ནས་སྔར་རྗེ་རིན་པོ་ཆེའི་བཀའ་གནང་བཞིན་ཟླ་བ་བཅུ་པའི་མཇུག་རྫོང་དགོན་དུ་ཕྱིན། རྗེ་བླ་མ་གཙོས་འདུས་པ་བཟང་ལ་མང་བར་ཚེས་ཉེར་ལྔ་ནས་རྙིང་མ་རྒྱུད་འབུམ་གྱི་ལུང་ཚུགས། མགོ་ཟླའི་ཉེར་ལྔར་གར་དབང་ལས་གླིང་ཡང་གཏེར་ཕག་མོ་དཀར་མོའི་དབང་ལུང་ཁྲིད་བཅས་གནང་། རྙིང་རྒྱུད་ལུང་གྲུབ་ནས་རིམ་པར་ཉང་གཏེར་བཀའ་བརྒྱད་བདེ་འདུས་པོད་དགུ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་སྡེ་སྤར་ལྟར་གྱི་ལུང་ཚང་བ་བཀླགས། ཤིང་མོ་བྱ་ལོ་གསར་ཚེས་ཀྱི་རྒྱལ་བ་དང་པོར་དེ་དག་གྲུབ་ནས་ཇོ་ནང་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་ལུང་ཚུགས། ཟླ་བ་གཉིས་པའི་ཚེས་བརྒྱད་ལ་བཀའ་འབུམ་པོད་བཅོ་བརྒྱད་ཀྱི་བཀླག་ལུང་ལེགས་པར་ཕུལ་གྲུབ། གཏེར་སྲས་ཚེ་དབང་གྲགས་པ་སོགས་ལ་བདེ་གླིང་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་གིས་མཚོན་བཞེད་སྐོང་སོ་སོར་བགྱིས། གསུམ་པའི་ཚེས་ལྔར་ཡང་ཁྲོད་དུ་འབྱོར་ཡང་ཤིན་ཏུ་ངལ་བ་དང་ཁྲག་རླུང་ཡང་འཕར་ལྡང་བྱས། གཏེར་སྲས། མཁར་མགོ་འཇམ་དབྱངས་གྲགས་པ། དགོན་གྱི་དུས་འཁོར་བ་རྣམས་ཀྱི་ངོར་དུས་འཁོར་དབང་ཆེན་བྱས། རིག་འཛིན་སྒྲོན་མ་སྔ་ལོ་ནས་ནད་ཕོག་པ་སྨན་རིམ་གང་དྲགས་བྱས་འདུག་ཀྱང་ཕན་སྐྱེད་མ་བྱུང་བར་ཞི་ཁྲོའི་གནས་དབང་བརྒྱ་རྩ་ཉིན་གཉིས་གྲུབ་ནས་མ་འཚོ་སོང་བར། སྒྲུབ་ཁང་རྡོར་སློབ་བླ་མ་དོན་གྲུབ་སོགས་སྒྲུབ་བླ་བཅུ་སྐོར་གྱིས་འཕོ་འདེབས་དང་བསྙེན་སོང་མང་པོས་གསར་རྙིང་སྒྲིབ་སྦྱོང་གི་ཆོ་ག་རྣམས་ཚུགས་པར་ངོས་ཀྱང་སྐབས་རེར་ཕྱིན། ཀར་འབྲུག་ཡབ་སྲས། རྗེ་བླ་མ་གཙོས་འདྲེན་མཆོག་རྣམས་ལ་བསྔོ་བ་དང་བྱང་ཞུས། བོད་ཀྱི་ཆོས་འཁོར་རྣམས་ལ་མཆོད་འབུལ། ཆོས་སྡེ་རྣམས་ལ་ཡོན་རྒྱབ། སྦྱིན་སྲེག་ཁག་བཞིས་ཕུང་པོ་སྲེག་སྦྱོང་སོགས་དགེ་སྒྲུབ་ལེགས་པར་གྲུབ། འདི་སྐབས་ནས་འདས་མ་དེའི་མིང་པོ་ཚེ་རིང་དོན་གྲུབ་ནས་གཞིས་སྡོད་ཁུར་ལན་བྱས། དཀོན་མཆོག་མཆོད་པ་དང་རྟེན་བཞེངས་སོགས་ལ་གཏོང་ཕོད་ཆེ། བྱ་བ་ཆེ་ཕྲ་གང་ལའང་གཅིག་ཁག་གཉིས་འཇོག་མེད་པའི་ཤ་ཐུབ་རུས་ཆོད་དང་ཁྱད་པར་ངེད་རང་ནས་ཡི་གེ་འབྲི་བརྐོས། ལྷ་ཁང་བཟོ་ལས་སོགས་བྱ་དཀའ་བ་གང་སྨྲས་ཐམས་ཅད་ཅི་ནུས་སུ་སྒྲུབ་པ་སོགས་ཉམས་ཕན་ཤིན་ཏུ་ཆེན་པོ་བྱུང་། ཐོན་པ་རྗེ་བཙུན་མ་ཆེད་དུ་བྱོན་པ་ལ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་གསུམ་རྒྱས་པར་བྱས། འདི་སྐབས་རྗེ་བཙུན་མས་ཤེལ་དང་གཡུ་བསྲེས་པ་སྙིམ་པ་གང་། གཡོག་མོས་གཡུ་སྙིམ་པ་གང་བྱིན་བྱུང་བའང་རྨིས། དགོངས་གཏེར་རྣམ་རྒྱལ་མའི་བསྙེན་པ་ཞིག་བཏང་། མཐར་རྣམ་རྒྱལ་སྟོང་མཆོད་རྒྱས་པར་བགྱིས། འདིའི་ཚུགས་གྲོལ་གཉིས་ཀར་རྟེན་འབྲེལ་ཤིན་ཏུ་ལེགས་པ་རང་བབས་ཀྱིས་བྱུང་། དེ་རྗེས་ཚེ་རིང་དོན་གྲུབ་ནས་མི་འཁྲུགས་པའི་སཱཙྪ་འབུམ་ཐེར་ཁང་བརྩེགས་མཆོད་རྟེན་དྲི་མེད་རྣམ་གཉིས་སྲོག་ཤིང་འཛུག་ཆོག །སྨོན་ལམ་དགེ་སྒྲུབ་ཀྱི་མཇུག་ཀྱང་རྒྱས་པར་གྲུབ་འདུག །ཀཿཐོག་ནས་མདོ་སྙན་དང་རྨོག་སྤྲུལ་རྣམས་རིམ་པར་གཤེགས་འདུག་པ་ལ་འབོད་ནན་སླེབས་ཀྱང་འགྲོ་ཁོམས་མ་བྱུང་བས་དགོངས་རྫོགས་ཡར་བསྐུར་བ་ལ་མཆོད་འབུལ་ཆོ་ག་མཆོད་བསྔོ་རྒྱས་པར་བགྱིས། ཟླ་བ་དྲུག་པར་རྫོང་ཤོད་དུ་ཕྱིན། རྫོགས་ཆེན་མཆོག་སྤྲུལ་ཆེད་དུ་ཕེབས་པར། བཀའ་མའི་གཤིན་རྗེ་གདོང་དྲུག་དང་། རྡོར་གླིང་རྫོགས་ཆེན་ལྟ་བ་ཀློང་ཡངས་དང་ཧཱུྃ་སྐོར་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་ཆ་ཚང་། ཡང་གཏེར་གཙོར་བྱས་གཏེར་མཛོད་ལ་གསར་བཞག་རིགས་ཀྱི་དབང་ལུང་ཁྲིད་བཅས་ཡོངས་རྫོགས་བགྱིས། གཏེར་སྟོན་བསོད་རྒྱལ་དང་ལྷག་བསམ་སོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་། སྡེ་གཞུང་མའི་སྤྲུལ་སྐུ་སོགས་ལ་ཟབ་མོ་ནང་དོན་བཤད་ཁྲིད། ཛཾ་ཐང་བླ་གྲྭ་ཁ་ཤས་ལ་སྒྲོལ་མ་རྣལ་འབྱོར་མའི་དབང་སོགས་འདུ་འཚོགས་མང་པོའི་རེ་སྐོང་དང་། འདུས་པ་བཞི་བཅུ་སྐོར་གྱིས་རྩ་གསུམ་དགོངས་འདུས་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མ་བདུན་གཉིས་ལྷག་ཙམ་རྒྱས་པར་གྲུབ། སྐུ་ཞབས་དཔའ་བོ་རིན་པོ་ཆེ་དང་། དཔལ་ཡུལ་ཡང་སྤྲུལ་སོགས་བྱོན་པར་སོ་སོའི་བཞེད་སྐོང་ཞུས། འདི་ལ་ཐུགས་རྟེན་བྱང་ཆུབ་མཆོད་རྟེན་ཐོག་ཚད་མའི་བཟོ་གྲྭ་ཚུགས་པའང་གསེར་སོགས་ལམ་འགྲོ་དང་རྟེན་བཞེངས་གཞན་ཡང་ལེགས་པར་གྲུབ་སོང་། ཟླ་བ་བཅུ་གཅིག་པར་རྫོང་དགོན་དུ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ་བས་ད་ཞག་གཟིགས་སྣང་ཞིག་ཏུ་ཨིནྡྲ་བྷཱུ་ཏི་བར་བ་ལ་རྒྱལ་པོ་ཛཿཞེས་གྲགས་པ་དེ་དང་ས་ར་ཧ་དབྱེར་མེད་པ་དེ་མཇལ་ནས་ཐབས་ལམ་བཞི་ཚན་བཞི་བཅུ་པའི་སྐོར་གསན་པ་དང་། སི་ཏུ་སྤྲུལ་སྐུ་རྒྱ་བོད་མཚམས་ལྟ་བུར་ཕེབས། དེའི་ཡང་སྲིད་བྱོན་རྒྱུའི་མནལ་ལྟས་བྱུང་ཚུལ་སོགས་གསུང་འཕྲོས་ཁྱད་པར་ཅན་བསྩལ། རྡོར་གླིང་བླ་མ་བཀའ་འདུས་ཀྱི་དབང་ལུང་ཡོངས་རྫོགས་གནང་སྐབས་ཐོ་རངས་ཞིག་གི་གཟིགས་སྣང་དུ། གླིང་བཙུན་འཇམ་དབྱངས་ཚུལ་ཁྲིམས་དབང་མོ་དེས་བཟང་གོས་ཀྱི་ན་བཟའ་གསར་པའི་སྟོད་གཡོགས་སྟེང་དར་ཆེན་དམར་སྨུག་གི་གཟན་སོགས་ཆས་བཟང་གྱོན། བུམ་པའི་ནང་སྔར་གཟིགས་མ་མྱོང་བའི་མེ་ཏོག་སྡོང་པོ་ཡ་མཚན་ཅན་ཁུར་ནས། འདི་ལྷོ་ཕྱོགས་དཔལ་གྱི་རི་ལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས་རྩ་བ་བཙུགས་པ་འཁྲུལ་མེད་དེ་ཡིན་ཀྱང་བར་ལམ་ནས་ཅུང་ཟད་རྙིང་སོང་བས་ཉིད་ཀྱིས་བཀའ་འདུས་བུམ་ཆུ་དེས་བྲན་ན་སོས་འོང་ཟེར་ཕུལ་བྱུང་བ་ལ་གཞི་སྟེང་ཡོད་པའི་བཀའ་འདུས་བུམ་ཆུས་བྲན་མ་ཐག་པར་མེ་ཏོག་སྔར་ལས་ཆེར་རྒྱས། ཕྱི་ནང་རིམ་པ་མང་པོ་དང་ཁ་དོག་སྣ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སོང་བ་ན། གླིང་བཙུན་མས། ད་ནི་ཨཱརྻ་དེ་བ་ལོ་བརྒྱད་ལ་བཞུགས་ངེས་པ་རེད་སོང་ཟེར་ནས་ཕྱིར་སོང་། ཉིད་ཀྱི་དགོངས་པར་ངེད་རང་ཨཱརྻ་དེ་བ་་་འཕགས་པ་ལྷ།ཡིན་པའི་གནས་ཚུལ་གསལ་བར་བྱུང་བས་སྐྱེས་རབས་གསོལ་འདེབས་ཀརྨ་པས་མཛད་པ་དེ་ནང་ཨཱརྻ་དེ་བ་ངེས་པར་བཙུད་དགོས། དབུ་མ་བཞི་བརྒྱ་པ་ལའང་ཁྱེད་རང་བག་ཆགས་གསལ་བ་ཡིན་འདུག་གསུངས། འདི་སྐབས་ཀྱང་དོན་གཉེར་གཞན་མང་པོར་དབང་ལུང་ཁྲིད་ཀྱི་བཞེད་སྐོང་དང་གཏེར་མཛོད་ཆོག་ཁྲིགས་རིམ་པར་བྱས། ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་དཔལ་སྤུངས་ནས་སྐུ་ཞབས་མཆོག་གི་སྤྲུལ་སྐུ་ཞི་བར་གཤེགས། དགོངས་རྫོགས་སྒྲུབ་ལུགས་རྒྱུས་ཡོད་སོགས་ལ་ངེད་རང་འཕྲལ་དུ་འོང་དགོས་པའི་གསུང་བྲིས་བང་མི་བཅས་དབོན་རྒན་སྤྲུལ་མདུན་ནས་མཛད་འདུག་པ་ལྟར་ཕྱིན། སྐུ་གདུང་མདུན་བླ་མ་མཆོད་པ་ཉིན་གསུམ་ཙམ་བཏང་། དགོངས་རྫོགས་སྔོན་གྱི་རྗེ་གོང་མ་རྣམ་གཉིས་སྐབས་ཀྱི་མ་དེབ་ཡོད་ཀྱང་དུས་དབང་གིས་བླ་བྲང་གཞུང་དང་སྐུ་མདུན་གང་ལའང་ཕྱག་རྫས་ཆེ་རིགས་མི་འདུག་པས་སྔར་ཤུལ་སོ་སོ་མ་བཏང་ཙམ་གྱི་མཆོད་བསྔོ་དགོངས་རྫོགས་རྣམས་ཐོ་བཀོད་བགྱིས། སྐུ་པུར་བསྲེག་བཞུ་འབུལ་ལུགས་དང་། གཟིམ་ཆུང་གོང་འོག་གི་རྟེན་དང་ན་བཟའ་སྐུ་ཆས་སོགས་རྗེས་བཞག་རྣམས་དབོན་རྒན་དབུར་བཞུགས་ལས་བྱེད་ཐུན་མོང་བཅས་པས་ཞིབ་བལྟས་ཀྱིས་མ་དེབ་བཀོད། གསེར་གདུང་བཞེངས་པའི་རྒྱུ་རྩ་བཞག་ནས་དེའི་འགན་ཁུར་སྒ་རྗེ་གྲོ་རྡོག་ལ་མ་བྱས་ཐབས་མེད་ཀྱི་བསྐུལ་མ་བྱས། གསོལ་དགུང་གསུམ་པའི་བར་འདོན་བྱའང་ཕྲན་ཚེགས་གྲུབ་ནས་ཡང་ཁྲོད་དུ་ཁྱུགས་ཙམ་ཕྱིན། འདི་སྐབས་མངའ་བདག་ཉང་རིན་པོ་ཆེ་བག་དྲོ་ཞིང་དགྱེས་ཞལ་ཅན་མཇལ་བ་ལ་ཕྱག་རྟེན་ཞིག་ཕུལ་ནས་བྱིན་རླབས་ཞུས་པས། འདིར་བུམ་སྒྲུབ་སོགས་ཚོགས་སྒྲུབ་མང་པོའི་བྱིན་རླབས་ཀྱི་ཕྱོགས་འདིའི་རི་རྣམས་ལའང་སྣུམ་ཞག་ཆགས་འདུག་སོགས་ཤིན་ཏུ་དགྱེས་པའི་གསུང་འགའ་ཞིག་གནང་བ་རྨིས། མེ་ཁྱི་གནམ་ལོ་གསར་ཚེས་ནང་བླ་བྲང་དུ་ཕྱིན་ནས་དབོན་སྤྲུལ་ཡང་སྲིད་དཔའ་བོ་རིན་པོ་ཆེའི་སྲས་སུ་འཁྲུངས་པའི་བླུ་ཡོན་དང་། ཁོང་དཔོན་སློབ་ནང་ཆེན་དུ་བཞུགས་པ་ལ་དབོན་སྤྲུལ་གདན་འདྲེན་ཞུ་མཁན་གསེར་གདུང་བཞེངས་པའི་འབུལ་སྡུད་སློང་མོ་མཁན་ཁག་གསུམ་འགྲོ་ཆས་སོགས་ཀྱི་བསླབ་འདོམས་ལེགས་པར་གྲུབ་ནས་རྫོང་དགོན་དུ་ཕྱིན། རྗེ་རིན་པོ་ཆེ་དང་ངོར་པ་དཔོན་སློབ། ཟུར་མང་རོལ་རྡོར་སྤྲུལ་སྐུ་སོགས་ལ་ཀརྨ་སྙན་བརྒྱུད་འཁོར་ལོ་ལྔ་པའི་དབང་ལུང་ཁྲིད་བཅས། རྩ་བ་ངག་འཛིན་སོགས་ཡོངས་རྫོགས་བགྱིས། མཛོད་དགོན་སྤྲུལ་སྐུ་དཔོན་སློབ་ལ་ཀར་ལུགས་རྒྱལ་རྒྱམ་ལྷ་དགུ། ཞི་ཕྲེང་དྲག་ཕྲེང་དབང་ལུང་ལག་ལེན་བཅས། བཙན་རི་གནས་སྤྲུལ་ལ་བདེ་གླིང་བཀའ་འདུས་ཞི་ཁྲོ། ལྷག་བསམ་རྒྱལ་མཚན་ལ་དགྱེས་རྡོར་རྒྱུད་བཤད་སྤྱི་དོན་བཅས། ཟབ་མོ་ནང་དོན་དང་གཞུང་ཆུང་གཉིས། རྒྱུད་བླ་མ་བཅས་ཀྱི་བཤད་ཁྲིད་བགྱིས། མཁས་དབང་བླ་མ་མི་ཕམ་རྒྱ་མཚོ་ལས་ཉིད་མཛད་འགྲེལ་ཆེན་སྟེང་ནས་དབུ་མ་རྒྱན་དང་། སྤྱོད་འཇུག་ཤེར་ཊཱིཀ །གསང་སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་གྱི་སྤྱི་དོན། དཀོན་མཆོག་རྗེས་དྲན་འགྲེལ་པ་རྣམས་ཀྱི་ཁྲིད་ལུང་སྦྲགས་མར་ཞུས་ནས་ཟླ་བ་གསུམ་པར་ཡང་ཁྲོད་དུ་ཕྱིན། དཔོན་སློབ་ལྔ་བཅུ་ང་གྲངས་སྐོར་གྱིས་དྲི་མེད་རྒྱལ་བ་རྒྱ་མཚོའི་བུམ་སྒྲུབ་ཚུགས། ཚེ་སྒྲུབ། སྐོང་ཆོག །ཕུར་སྒྲུབ་བཅས་ཉིན་ཞག་བཅུའི་ཁོངས་སུ་རྒྱས་པར་བསྒྲུབས། དབོན་རྒན་དང་ཟུར་མང་བསྟན་སྤྲུལ་དཔོན་སློབ་ལ་ཕྱག་ཆེན་རྒྱ་གཞུང་གི་ལུང་དང་། བསྟན་སྤྲུལ་ལ་དབང་ལུང་བཞེད་སྐོང་ཅི་རིགས་གྲུབ་ནས། ས་ག་ཟླ་བར་དགོན་དུ་བུམ་སྒྲུབ་འཚོགས་ལ་ཕྱིན། བླ་བྲང་དུ་གཡང་སྐྱབས་ཉིན་ཁ་ཤས། ཡང་ཁྲོད་དུ་རྣམ་རྒྱལ་སྟོང་མཆོད་སོགས་བགྱིས། ཟླ་བ་ལྔ་པར་དཔའ་བོ་ཡབ་སྲས་རྣམས་ཕེབས། དབོན་སྤྲུལ་ཁྲི་སྟོན་གཟབ་རྒྱས་གྲུབ། རེ་ཞིག་ལྷན་རྒྱས་བོད་དུ་གདན་སར་ཕེབས། སླར་དགུང་ལོ་ནར་ལེགས་པར་སོན་དུས་ཕྱིར་ཕེབ་རྒྱུའི་ཞལ་བཞེས་གནང་། བསྙེན་བཀུར་ཅི་འབྱོར་ཞུས་ནས་སླར་ཕེབས་སོང་། ངེད་ལ་སྡེ་དགེའི་བཀའ་ཕེབས་ལྟར་ལྕང་རར་ཕྱིན་ནས་བུམ་སྒྲུབ་མཐའ་རྒྱས་དང་། སྙན་བརྒྱུད་ཕུར་པ་སོགས་དབང་ལུང་གསན་དགོས་རིགས། ཕོ་བྲང་རབ་གནས་སོགས་བཞེད་སྐོང་བགྱིས། འཛི་ཕུ་མཁན་རིན་པོ་ཆེ་ལའང་གྲུབ་རྒྱལ་ཚེ་དབང་ཉེར་ལྔ་ཕུལ། བ་རི་སྒྲོལ་དཀར་རྗེས་གནང་ཞུས་ནས་དཔལ་འབྱོར་སྒང་དུ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་ཐུགས་བཞེད་ལྟར་འདུས་པ་བརྒྱད་ཅུ་སྐོར་གྱིས་རྡོ་རྗེ་བདུད་རྩིའི་སྨན་གྱི་སྒྲུབ་ཆེན་སྦྱོར་དངོས་རྗེས་ཚང་གྲུབ། རིམ་པར་ཡང་ཁྲོད་དུ་ཕྱིན་ནས་དགེ་རྒྱལ་བླ་མ་ཆོས་དབྱིངས། ཟླ་དབོན་བསྟན་རྣམ་སོགས་ཚིག་བདུན་བླ་སྒྲུབ་དང་བཅས་པའི་དབང་ལུང་ཁྲིད་གསུམ་ཚང་བ་བྱས། འབུར་མོར་ཚོགས་མཆོད་ལ་ཆེད་དུ་ཕྱིན་པ་སོགས་བྲེལ་བ་ཅུང་ཟད་ཆོད་ནས། ཟླ་བ་བརྒྱད་པར་རྫོང་ཤོད་དུ་ཕྱིན། འདི་ལོ་སྟོད་སྨད་ཀྱི་བླ་ཆེན་སོགས་འདུ་འཚོགས་མང་པོ་མ་བྱུང་། ཛཾ་ཐང་པ་དང་མཆོག་གླིང་སྤྲུལ་སྐུ་སོགས་ཁ་ཤས་ལ་འདོད་ཆོས་ཅུང་ཟད་རེ་ལས་མ་དགོས་པས་སོ་བསོད་པར་བྱུང་བས། བཀའ་བརྒྱུད་སྔགས་མཛོད། གཏེར་མཛོད། གདམས་མཛོད་རྣམས་ཀྱི་ཆོག་སྒྲིག་སྔར་མ་ཐོན་པ་མང་དུ་གྲུབ། བཅུ་གཅིག་པར་རྫོང་དགོན་དུ་ཕྱིན་ནས། རྡོ་གྲུབ་སྤྲུལ་སྐུར་དཀོན་སྤྱིའི་དབང་ལུང་ཁྲིད་བཅས། ཁམས་སྤྲུལ་ལ་ལམ་རིམ་ཡེ་ཤེས་སྙིང་པོའི་བཤད་ལུང་། གཞན་མང་པོར་འདོད་ཆོས་ཅི་རིགས་གྲུབ་ནས། རྗེ་བླ་མ་རིན་པོ་ཆེའི་མདུན་བཀའ་བསླབ་རིམ་པར་ཞུས་ནས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་བྲིས། ཡོངས་གྲགས་རྣམས་ལའང་དོན་རྩ་མདོར་བསྡུས་ཙམ་ལས་ཧ་ཅང་རྒྱས་པར་བཀོད་དགོས་པ་མི་འདུག་ཅིང་ཡིག་ཚོགས་ཆེ་བར་འགྱུར་དོགས་ནས་རྩ་ཐོ་ཙམ་རེ་བཀོད་པ་ཡིན་ཀྱང་། སྔོན་ཡོད་གཏེར་བརྒྱའི་རྣམ་ཐར་ལྔ་དྲུག་ཙམ་མཇལ་བ་ལས་ནི་ཁྱད་པར་འཕགས་ངེས་སུ་ཡོད་དོ། །རྡོར་གླིང་ཐུགས་ཆེན་ངན་སོང་ཀུན་སྐྱོབ། མངའ་རི་པཎ་ཆེན་གྱི་ཚེ་སྒྲུབ་ཡེ་ཤེས་འོད་མཆོག །སྔར་མ་ཐོས་པའི་གཏེར་ཕྲན་ཚད་ལྡན་མང་ཞིག་གི་དབང་ལུང་ཡང་བཀའ་དྲིན་བསྩལ་བ་ཐོབ་ནས། རྒྱལ་ཟླ་བར་དཔལ་སྤུངས་དགོན་དུ་ཕྱིན། རྒྱལ་དབང་བཅོ་ལྔ་པ་ཕེབས་ཉེ་བར་ཕེབས་བསུ་སོགས་ཀྱི་གྲབ་ཡུལ་ཅི་འགྲིགས་བྱས། ཚེས་བཅུ་ཉིན་ཉེ་སྐོར་གྲུ་བཞི་རྒྱས་པའི་ཐང་དུ་ཕེབས་བསུ་ཕྱིན། རྒྱལ་དབང་རིན་པོ་ཆེའི་ཞལ་རས་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། འདི་སྐོར་ནམ་མཁར་གཡའ་དག །ས་གཞི་བག་ཀློད། དྲོད་དབྱར་ཁ་དང་མཚུངས་པའི་ཤིན་ཏུ་ཉམས་སྤྲོ་བ་བྱུང་། ཚེས་བཅུ་གཅིག་ཉིན་དགོན་ཐོག་ཏུ་ཞབས་བཀོད། བཅུ་གཉིས་ལ་གཟིམ་ཆུང་ཀ་གཉིས་མར་ཐོག་མའི་ཆོས་འབྲེལ་བྱབས་ཁྲུས་དང་། སྒྲོལ་དཀར་རྗེས་གནང་ཕུལ་ནས་ཡང་ཁྲོད་དུ་ཕྱིན། སྙན་བརྒྱུད་ཕུར་པའི་བསྙེན་པ་ཚེ་སྒྲུབ་སྦྲེལ་མ་ཞིག་གི་མཚམས་བྱས། རྗེ་རིན་པོ་ཆེའི་དགོངས་བརྟགས་ལྟར་རྒྱལ་དབང་རིན་པོ་ཆེར་དབང་ལུང་ཕུལ་བ་སོགས་ཀྱི་སྣ་སེལ་རིམ་གྲོར། ཛཾ་ཐང་བླ་མ་བསྙེན་སོང་དྲུག་ཙམ་བྱོན་པ་དང་སྟབས་འགྲིགས་པས་འཇིགས་བྱེད་དྲུག་ཅུ་ཉིན་བདུན། བ་རི་སེང་གདོང་གི་ཟློག་པ། ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་སྐོང་འདི་ནས་ཁྲི་བདུན། རྫོང་ཤོད་ནས་ཁྲི་གསུམ་བཅས་འབུམ་ཐེར་རྣམས་ལེགས་པར་བསྒྲུབས། མེ་ཕག་གནམ་ལོ་གསར་ཚེས་ཀྱི་རྒྱལ་བ་གསུམ་པར་རྒྱལ་དབང་རིན་པོ་ཆེ། རྗེ་དབོན་ཆོས་དབང་སྤྲུལ་པའི་སྐུ་དཔོན་སློབ་རྣམས་ཆེད་དུ་ཕེབས་ནས་ཞབས་བརྟན་དང་འབུལ་ཚན་རྒྱས་པར་གནང་། དགོན་ནས་ཀྱང་སྐུ་གསུང་ཐུགས་རྟེན་དང་སྒྲོལ་དཀར་ཉིན་འཚོགས་མཛད་བྱུང་། ཚེས་བཅུ་ལ་རྒྱལ་དབང་སྟོན་འཁོར་ཉུང་བསྡུས་ཡང་ཁྲོད་དུ་ཞབས་བཀོད། གསང་ཐིག་ཚེས་བཅུའི་ཚོགས་འཁོར་མཛད། དེའི་དབང་ཕུལ། བཅུ་གཅིག་ལ་རྒྱལ་རྒྱམ་ལྷ་དགུའི་སྟ་གོན་དང་། ཕྱག་ཆེན་ཁྲིད་ཀྱི་སྔོན་འགྲོ་དང་ཐར་པ་རིན་པོ་ཆེའི་རྒྱན་སྦྲེལ་མ་ཆོས་ཐུན་གཅིག་གིས་དབུ་ཚུགས། རིམ་པར་དབང་རེ་དང་ཆོས་ཐུན་སྦྲེལ་བས་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་དབང་ལུང་ཁྲིད་བཅས། མ་མགོན་ཞལ་སྦྱོར་གྱི་དབང་ཆེན་མགོན་ཁང་དུ་རྒྱལ་དབང་སྐུ་རྐྱང་ལ་ཕུལ། སྒར་པའི་བླ་གྲྭ་ཚང་མར་མགོན་གཏོར་དབང་དང་འཁོར་ལྔའི་རྗེས་གནང་རྣམས་བྱས། ཕྱག་ཆེན་དངོས་གཞིའི་ཁྲིད་དང་ཆོས་དྲུག་གི་ཁྲིད། དཀྱིལ་འཁོར་ཆ་ལག་དང་བཅས་པའི་ལུང་བཅས་ནག་པ་ཟླ་བའི་ཡར་ཚེས་ལ་གྲུབ། སྔགས་མཛོད་སྐབས་སྐུ་ཞབས་ཁམས་སྤྲུལ་དང་། རིམ་པར་མཛོད་དགོན་རྗེ་དྲུང་སྤྲུལ་སྐུ། ཟླ་བཟང་སྤྲུལ་སྐུ་སོགས་ལྷོ་ཁོག་གི་བླ་སྤྲུལ་རྣམས་ཇེ་མང་འདུས་པས་ཡང་ཁྲོད་ཁང་པར་མི་ཤོང་སྟབས་ཆོས་མཚམས་བཞག །རྒྱལ་དབང་སྟོན་འཁོར་སོགས་དང་ཆབས་ཅིག་དགོན་དུ་ཕྱིན། དེའི་ཚེས་བདུན་ལ་གསེར་གདུང་གོང་མའི་མདུན་སྟོང་མཆོད་རྒྱས་པ་བཤམས། ཉེ་སྲས་བརྒྱད་ཆོག་བཏང་། རྒྱལ་དབང་རིན་པོ་ཆེ་གཙོར་བཞུགས་དཔོན་སློབ་བརྒྱ་སྐོར་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཕུལ། ཚེས་བརྒྱད་ཉིན་གསེར་གདུང་ཆེན་མོར་སྟོང་མཆོད་ཆོ་ག་སྔར་མཚུངས་དང་ཐེག་ཆེན་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཕུལ། ཚེས་དགུར་དབྱར་གནས་ལྷ་ཁང་དུ་ཞབས་བཀོད། གདམས་ངག་མཛོད་ཀྱི་དབུ་ཚུགས། གྲོལ་མཆོག་ཁྲིད་བརྒྱ་ལས་ཞེན་པ་བཞི་བྲལ་ནས་བརྩམས་ཁྲིད་བརྒྱ་དང་གདམས་མཛོད་གཞུང་སྦྲེལ་བའི་བཀའ་གདམས་སྐོར་ཉིན་བཞི་ཙམ་སོང་ནས་དཔལ་དུས་ཀྱི་འཁོར་ལོའི་སློབ་མ་རྗེས་འཛིན། སྟ་གོན། ནག་ཟླའི་ཚེས་བཅོ་ལྔའི་དུས་ཆེན་ལ་དངོས་གཞི་བྱིས་འཇུག་དང་མཆོག་དབང་དཀྱུས་མ། བཅུ་དྲུག་ལ་མཆོག་དབང་ཁྱད་པར་ཅན། བཅུ་བདུན་ཉིན་རྒྱལ་དབང་རིན་པོ་ཆེ་སྐུ་རྐྱང་ལ་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་ཕུལ། ཕྱག་མཛོད་སྒ་རྗེ་གྲོ་རྡོག་ནས་བཀའ་བརྒྱད་སྒྲུབ་ཆེན་གྱི་སྦྱིན་བདག་ཞུས་པ་ལྟར་བཅའ་གཞི་ཉིན་ཁ་ཤས་བསྒྲིགས། དགོན་ཐོག་ལྷ་གསར་དུ་ཕེབས། ཉེར་བཞི་ནས་ཕྱི་མཚམས་སོགས་ཀྱི་དབུ་བརྩམས། བདེ་གཤེགས་འདུས་པ་ཆེན་པོའི་སྒྲུབ་ཆེན་དངོས་གཞི་དང་སྨན་སྒྲུབ་བཅས་ཟླ་བ་བཞི་པའི་ཚེས་ལྔ་ལ་གྲུབ། རྒྱལ་དབང་གཙོར་བཞུགས་བླ་སྤྲུལ་ཁ་ཤས་ལ་མདོ་བྱང་ཆེན་མོའི་དབང་དང་། བརྒྱ་སྐོར་ལ་རྣལ་འབྱོར་རྒྱུན་དབང་བསྐུར། ཚེས་བདུན་ལ་མཐའ་རྒྱས་བཅས་གྲུབ་ནས་རེ་ཞིག་ཡང་ཁྲོད་དུ་ངལ་གསོར་ཕྱིན། ཚེས་བཅོ་ལྔར་དབྱར་ཁང་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་ནས་བརྩམ་སྔ་འཕྲོས་དང་། རིམ་པར་ལམ་འབྲས། དྭགས་པོ་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། དམ་པའི་ཞི་བྱེད་དང་གཅོད་ཡུལ། རྡོ་རྗེའི་རྣལ་འབྱོར། ཨོ་རྒྱན་པའི་བསྙེན་སྒྲུབ། སེམས་ཉིད་ངལ་གསོ་སོགས་ཁྲོ་ཕུ་དང་བོ་དོང་ལུགས་གཙོ་བོར་གྱུར་པའི་ཁྲིད་ཕྲན་རྣམས་དང་ཁྲིད་བརྒྱ་ཡོངས་རྫོགས་གྲུབ་ནས་སྔ་འགྱུར་སེམས་ཀློང་མན་ངག་སྡེ་གསུམ། ཀློང་ཆེན་པའི་གསུང་རབ་ཀྱི་ཁྲིད་ཕྲན་རྣམས་སོགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་རྩ་བ་དང་སྙིང་པོར་གྱུར་པ་རྣམས་ཀྱི་སྨིན་བྱེད་དབང་དང་བྱིན་རླབས། གྲོལ་བྱེད་གདམས་པའི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་ཆུ་སྟོད་ཟླ་བའི་ཚེས་བཅུ་ལ་ཕུལ་གྲུབ་ནས་སྒྲོལ་དཀར་ཚེ་ཁྲིད་ཀྱིས་མཐའ་དགེ་བྱས་ནས་རང་གནས་སུ་ཕྱིན། འབུར་མོ་སོགས་གནས་རྣམས་སུ་ཚོགས་མཆོད་འབུལ་བ་ཁྱུགས་ཙམ་བགྲོད་གྲུབ་ནས་རྫོང་ཤོད་དུ་སོང་། རྒྱལ་དབང་རིན་པོ་ཆེ་ལི་ཐང་ཕྱོགས་ནས་གདན་འདྲེན་ཞུས་ལྟར་སྒར་ཆེན་བཏེགས་པའི་ལམ་ཞོར་འདིར་ཞབས་བཀོད། ལྷ་ཁང་ལ་རབ་གནས། ཕན་ཚུན་གནས་གཟིགས་མཛད། བསྙེན་བཀུར་ཞབས་ཏོག་ཞུས་ནས་ཕེབས། རྒྱལ་རོང་སོག་མོ་སྤྲུལ་སྐུ། མཁར་མགོ་སྤྲུལ་སྐུ། ལྷོ་བྲག་ནས་རྦ་ཁ་སྤྲུལ་སྐུ་མཆེད་གཉིས་དང་། སྨར་ཁམས་ཐའི་ཇི། ལི་ཐང་དཔོན་རིགས་ཕོ་མོ། གོ་འཇོའི་བླ་གྲྭ་སོགས་འདུ་འཚོགས་མང་པོ་སྔ་རྗེས་བྱུང་བ་རྣམས་ལ་སོ་སོའི་འདོད་ཆོས་ཅི་རིགས་བྱས། མཛོད་རྣམས་ཀྱི་སྒྲིག་ཆོག་དགོས་རིགས་ཅི་འགྲུབ་བྲིས། ཆོས་སྐྱོང་སྐུ་བརྙན་རྣམས་ལ་གཟུངས་གཞུག་རབ་གནས་སོགས་བྱས་ནས་ཟླ་བ་བཅུ་པའི་དམར་ཕྱོགས་སུ་རྫོང་དགོན་དུ་སླེབས། རྗེ་བླ་མ་སྐུ་ཁམས་ཅུང་ཟད་བལྟེམས་པར་སྐུ་ཁྲུས་ཕུལ། རང་གྲོལ་སྐོར་གསུམ་སོགས་ཀློང་ཆེན་པའི་གསུང་རྣམས་ཀྱི་ཁྲིད་རྒྱུན་གང་བཞུགས། རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་དབང་ལུང་ཁྲིད་གསུམ་ཉེ་བརྒྱུད། གྲུབ་ཐོབ་ཐུགས་ཏིག་གི་སྒྲུབ་ཐབས་སྐོར་ལྔའི་དབང་ལུང་། ལམ་བྱེད་ཕྲེང་བ་སྐོར་བཞི་ཞིབ་ཁྲིད། གྲུབ་ཐོབ་བཀའ་བརྒྱད་ཀྱི་དབང་ལུང་། ཁྲིད་དང་རྒྱུད་ལུང་གི་བཤད་པ། བཀའ་བརྒྱད་བདེ་འདུས་རྫོགས་རིམ་ལྔ། གསང་རྫོགས་རིམ་ལྔ། རང་ཤར་ཁྲིད་ཚན་བཞི། ཀློང་གསལ་བདེ་གཤེགས་ཡོངས་འདུས་ཁྲིད། རྡོར་གླིང་ཡི་དམ་བཀའ་འདུས་གསང་བ་ཡོངས་རྫོགས་ཀྱི་དབང་ལུང་ཚང་བ་ཁྲིད་དང་བཅས། མཆོག་གླིང་རིགས་གསུམ་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་བཀའ་དྲིན་རྒྱ་ཆེར་ཐོབ། རིན་གཏེར་དབང་ལུང་གི་སྣ་སེལ་ཚོགས་མཆོད་ཀྱིས་ཐུགས་གཏད་ཟབ་མོ་དང་། བླ་གྲྭ་བརྒྱ་དང་དྲུག་ཅུ་སྐོར་ལ་དངུལ་ཕྱག་འགྱེད་ཀྱིས་ཤེར་སྙིང་དང་སྒྲོལ་མ་སོགས་ཆེད་འཚོགས་གནང་སོང་། རྒྱལ་ཟླ་བའི་ཚེས་བཅུ་བདུན་ལ་ཡང་ཁྲོད་དུ་སླེབས། མགོན་པོའི་གཏོར་སྒྲུབ་ཀྱི་འཚོགས་ལའང་ཕྱིན། ས་བྱི་གནམ་ལོ་གསར་ཚེས་ལ་སྒྲུབ་པ་སྔ་མ་རྣམས་གྲོལ་རན་པས་ཞི་ཕྲེང་དྲག་ཕྲེང་སོགས་ཉེར་མཁོའི་དབང་ལུང་། སྒྲུབ་ཁང་ཡར་མར་གཉིས་ཀའི་སྒྲུབ་པ་རྣམས་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་ཕོག །ཚེ་ཡུམ་པདྨ་ཙཎྜ་ལཱིའི་བསྙེན་པ་ཞིག་ཀྱང་བཏང་། རྡོར་སེམས་སྔར་ལོ་སོང་འདུག་པས་འདི་རེས་ཡང་དག་སྒྲུབ་ཆེན་ཚུགས། རྒྱལ་དབང་རིན་པོ་ཆེའང་ཕེབས་གྲུབ། སྔ་ལོ་ནས་བཀའ་ནན་ཡང་ཡང་བསྩལ་བ་ལྟར་འདི་ལོ་གཏེར་མཛོད་དབང་ལུང་གསན་བཞེད་ལ། བཀའ་བརྒྱད་སྒྲུབ་ཆེན་དང་དབང་ཆེན་སྦྲེལ་མ་རེ་སྔོན་དུ་འགྲོ་དགོས་པ་ལ་བདེ་འདུས་དབང་གསན་ཟིན་སྟབས་འདི་རེས་ཆོས་དབང་གསང་རྫོགས་ཀྱིས་གཞི་བཟུང་བའི་ཆེད་ཡང་ཁྲོད་ནས་སྒྲུབ་ཁང་དུ་ཕྱིན། རྒྱལ་དབང་རིན་པོ་ཆེ་དབྱར་ཁང་དུ་ཞབས་བཀོད། གནམ་སྟོང་ལ་མཚམས་གཅོད་དང་སྟ་གོན་རིགས། ཚེས་གཅིག་མངའ་གསོལ་རྒྱན་བཀོད་སྔོན་དུ་འགྲོ་བས་སྒྲུབ་ཆེན་དངོས་གཞི་ཞག་བདུན་གྱི་མཐར་དངོས་གྲུབ་ལེན་ཆོག་དང་དབང་ཆེན་ཡོངས་རྫོགས་རྣལ་འབྱོར་རྒྱུན་དབང་བཅས་ཕུལ། ཐོ་འགྲོལ་སོགས་མཐའ་རྒྱས་གྲུབ་ནས། རིན་པོ་ཆེ་གཏེར་གྱི་མཛོད་ཆེན་མོའི་ཐོག་མར་རིགས་བརྒྱའི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའི་དབང་དང་ཁྲིད་རྣམས་ཀྱིས་དབུ་བཟུང་། དབང་རྣམས་དང་ཁྲིད་ཀྱི་རིགས་རྣམས་ཀྱང་རིམ་པར་རྫོགས་པར་བྱས་ནས། ཨ་ཏི་དང་མ་ཧཱའི་ཞི་ཁྲོའི་སྐོར། རྩ་གསུམ་སྤྱི། བླ་མའི་ཕྱི་སྒྲུབ། ནང་སྒྲུབ། ཆོས་ལོངས་སྤྲུལ་གསུམ། བླ་མ་དྲག་པོ། ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་སྤྱིའི་སྐོར། བྱེ་བྲག་འཇམ་དཔལ་སྐུ་སྒྲུབ་ཞི་དྲག །པདྨ་གསུང་གི་ཞི་བ་འོད་དཔག་མེད། ཚེ་དཔག་མེད། ཐུགས་རྗེ་ཆེན་པོའི་སྐོར་ལས་རཏྣའི་གསང་འདུས་སངས་རྒྱས་སྟོང་དབང་བཅས་གྲུབ་ནས་རེ་ཞིག་འཇོག་མཚམས་བྱས། འདི་སྐབས་ནག་ཟླའི་ཚེས་བཅུར་རྒྱལ་ཕུར་འགྲུབ་སྦྱོར་ལ་རྒྱལ་དབང་རིན་པོ་ཆེས་དགོན་གྱི་གཙུག་ལག་ཁང་སོགས་དང་། སྒྲུབ་ཁང་ཡང་ཁྲོད་ཕྱིན་ཕེབས་ནས་རབ་ཏུ་གནས་པར་མཛད། ཚེས་བཅོ་ལྔར་ཤེས་བྱ་ཀུན་ཁྱབ་གནས་བཞིའི་རྩ་བ་དང་མདོ་སྔགས་རིག་གནས་དང་བཅས་པའི་བཤད་པ་དབུ་བཞག་ཙམ་རེ་རྟེན་འབྲེལ་ཆེད་དུ་ཕུལ། ས་ག་ཟླ་བའི་ཚེས་དྲུག་རྒྱལ་ཕུར་འགྲུབ་སྦྱོར་ལ་མང་འཚོགས་བྱས་ནས་འཇམ་དབྱངས་རིལ་བུ་དང་དབྱངས་ཅན་རིལ་བུ་བསྒྲུབས། རྒྱལ་དབང་རིན་པོ་ཆེ་དགོན་དུ་བུམ་སྒྲུབ་དབུ་བཞུགས་ལ་ཕེབས། འདི་ལོ་སྡེ་དགེ་སྐུ་ངོ་འཁོར་ཚོགས་དབུས་ཕྱོགས་གནས་རྟེན་མཇལ་བར་འབྱོན་རྒྱུ་ཡིན་འདུག་པར་དགོན་ཆེན་དུ་ཕྱིན་ནས་སྐུ་བརྫང་ཕུལ། ཚེ་དབང་བརྒྱ་རྩ་བགྱིས། ཁམས་བདེ་ཞུས་ནས་ལམ་ཞོར་སྦྱིན་བདག་ཁ་ཤས་ཀྱི་རེ་སྐོང་། དབུས་འགྲོས་འགའ་ཞིག་ལ་དབང་སོགས་བགྱིས་ནས་ཚུར་སླེབས། ལྷ་གསར་ཁང་དུ་བཞུགས་གནས་ལེགས་ཤིང་ཤོང་ཡངས་ཆེ་བས་དེར་སྤོས་ནས་སྣྲོན་ཟླའི་ཚེས་གསུམ་ལ་སྔར་གྱི་འཕྲོས། ཐུགས་ཆེན་པད་རྒྱལ་དོན་ཟབ་དགོངས་སྒྲིལ་ནས་བརྩམ་ཐུགས་རྗེ་ཆེན་པོའི་རིགས། དྲག་པོ་རྟ་མགྲིན་དམར་ནག །ཐུགས་ཡང་དག་ཞི་ཁྲོ། ཕྱག་རྡོར་རིགས། ཡོན་ཏན་བདུད་རྩི་སྨན་སྐོར། ཕྲིན་ལས་ཕུར་པའི་རིགས། མ་མོ་རྦོད་གཏོང་། དྲག་སྔགས། དྲེགས་འདུལ་སྤྱི་བྱེ་བྲག་རྣམས་དང་། ཕག་མོ་ཁྲོས་མ་སྒྲོལ་མའི་རིགས་སོགས་མཁའ་འགྲོའི་རིགས། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རིགས་བཅས་རྩ་གསུམ་ཆོས་སྲུང་དང་བཅས་པ། ཞར་བྱུང་དགོས་དབང་གིས་བཞག་པ་རྙིང་མའི་གཏེར་སྟོན་ཚད་ལྡན་རྣམས་ཀྱིས་བཏོན་པའི་བོན་སྐོར་ཁ་ཤས། ལས་སྤྱི་དང་བྱེ་བྲག་ཞི་རྒྱས་དབང་དྲག་ནང་གསེས་དང་བཅས་པ། ཨ་ནུ་ཡོ་གའི་ཕྱོགས་སུ་གཏོགས་པ་དང་གཏེར་གསར་རྡོ་རྗེ་བཀོད་པ་སོགས་དང་། ཨ་ཏི་ཡོ་ག་ལ། བི་མ་ལ། པདྨ། བཻ་རོའི་ལུགས། རྣམ་གསུམ་དགོངས་པ་གཅིག་དྲིལ། སྤྱི་ཏི། ཡང་ཏི། སྤྱིའི་ཞལ་གདམས་སོགས། ཚེ་སྒྲུབ་གསང་བ་འདུས་པའི་དབང་གིས་མཐར་དགེ་བཅས་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་གྲུབ། གཏང་རག་བླ་མ་དགོངས་འདུས་དང་བསམ་པ་ལྷུན་གྲུབ་ཀྱི་ཚོགས་བརྒྱ་དང་འབྲེལ་བར་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེར་མཛད། ཞབས་བརྟན་དང་འབུལ་ཆེན་གནང་། འདི་སྐབས་ལུང་ཚང་མ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་བཀླགས། ཁོང་ནས་མ་གསན་རིགས་ངོས་ཀྱིས་ཉིན་རེ་ཟུང་བཀླགས་ནས་ཆད་ལྷག་མེད་པ་གྲུབ་ནས་ཡང་ཁྲོད་དུ་ཕྱིན། སྒར་ཆེན་སྒ་སྟོད་ཕྱོགས་སུ་ཕེབས་སོང་། རྦ་ཁ་སྤྲུལ་སྐུའི་མདུན་ནས་པད་གླིང་ཆོས་སྐོར་ཁ་ཤས་ཀྱི་དབང་ལུང་ཞུས། ཁྲུམས་ཟླའི་ཚེས་བཅོ་ལྔར་རྫོང་དགོན་དུ་རྗེ་བླ་མར་ཞབས་བརྟན་ཕུལ་བས་རྟེན་འབྲེལ་ཤིན་ཏུ་ལེགས་པར་སོང་བས་ཐུགས་དགྱེས་པས་དབུགས་དབྱུང་བསྩལ། རྫོང་ཤོད་དུ་ཕྱིན་ནས་བླ་སྤྲུལ་ཆོས་དོན་གཉེར་བ་རྣམས་ལ་སོ་སོའི་བཞེད་སྐོང་དང་། གཙོ་བོ་བསྙེན་ཡིག་ཁྲིད་ཡིག་གི་རིགས་དང་དབང་སྒྲིག་སྔར་མ་ཐོན་པ་རྣམས་ཅི་འགྲུབ་བྲིས། སྨིན་ཟླའི་ཚེས་བཅུ་བཞིར་རྫོང་དགོན་དུ་ཕྱིན། རྒྱ་སྤྲུལ་འགུ་ལོག་ནས་ཡར་ཕེབས་པ་དང་ཡང་མཇལ། རྗེ་བླ་མ་དང་རྒྱ་སྤྲུལ་སོགས་འདུས་པ་འགའ་ཞིག་ལ་ཀར་ལུགས་ཞི་དྲག་ཕྲེང་བ་ཆོས་སྐྱོང་གློག་ཕྲེང་། མ་མགོན་འཁོར་ལྔ་དང་བཅས་པའི་རྗེས་གནང་། སྟག་ཤམ་ཡི་དམ་དགོངས་འདུས་ཀྱི་དབང་ཆེན་རྒྱབ་ཆོས་སྤྱི་སྡོམ་ཆེན་མོ་ལྟར་ཡོངས་རྫོགས་བགྱིས། རྒྱ་སྤྲུལ་མདུན་ནས་གནམ་ཆོས་དབང་ལུང་གསན་པར་མཛད་པས་ངེད་རང་སོགས་འདུས་པ་ཁ་ཤས་ལ་མགོ་ཟླའི་ཚེས་བཅུར་ཚེ་དཔག་མེད་པའི་སྐོར་ནས་དབུ་བརྩམས། ཉེར་བཞི་ལ་དགོངས་གཏེར་ཚེ་དཀར་དབང་གིས་མཐར་དགེ་བཅས་གནམ་ཆོས་ཐེམས་ཡོད་ཐེམས་མེད་དགོངས་གཏེར་བཅས་ཀྱི་དབང་ལུང་ཡོངས་རྫོགས། གནམ་ཆོས་དང་ཆགས་མེད་རྣམ་ཐར་རྣམས་དང་དེས་མཛད་པའི་གནམ་ཆོས་དབང་བསྒྲིགས་བཅས་ཀྱི་ལུང་ཡོངས་རྫོགས་བཅས་གྲུབ་ནས། བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཆ་ཚང་བ་རྒྱལ་ཟླའི་དམར་ཕྱོགས་སུ་གྲུབ། ངོས་ལ་རྣམ་པ་གཉིས་ཀས་བཀས་བསྐུལ་ལྟར་ཚིག་བདུན་སྐོར་ཚང་མའི་དབང་ལུང་ཁྲིད། ཡུམ་བཀའ་བཅས་གྲུབ་ནས། ས་མོ་གླང་ལོ་གསར་ཚེས་གཅིག་གི་ཉིན་དྲིལ་སྒྲུབ་དབང་དང་། དཀོན་སྤྱིའི་ཚེ་དབང་གིས་མཐར་དགེ་བྱས། སླར་གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་ཇོ་ནང་ལུགས། མར་མི་དྭགས་གསུམ་གྱི་བླ་སྒྲུབ་དབང་ལུང་། བསྲེ་འཕོ། ཆོས་དྲུག །ཕྱག་ཆེན་བཅས་ཀྱི་ཁྲིད་མདོར་བསྡུས་ཕུལ། ཐར་རྩེ་མཁན་རིན་པོ་ཆེར་སྒྲོལ་དཀར་རྗེས་གནང་། འཚོགས་པར་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་བྱས། མདུན་ནས་ཞབས་བརྟན་དང་འབུལ་ཆེན་གནང་། སླར་དཔལ་སྤུངས་དགོན་ཐོག་ཏུ་ཕྱིན། རྒྱལ་དབང་རིན་པོ་ཆེ་མཇལ། སྐུ་ཞབས་ཡང་སྲིད་དོན་བཀའ་བརྟགས་དཀྲིག་ཆོད་གནང་། སྒྲུབ་ཐེབས་དྲུག་པ་གསར་སྡོད་རྣམས་ལ་དབང་ལུང་ཁྲིད་གསུམ་རིམ་པར་བགྱི་བའི་དབུ་ཚུགས། དོན་གཉེར་འགའ་ལ་ཆ་ལག་བཅོ་བརྒྱད་ལུང་གིས་མཚོན་ཕྱོགས་ནས་འོང་བ་རྒྱུན་མི་འཆད་རྣམས་ལ་འདོད་ཆོས་དེ་མཚུངས་བགྱིས། གཏེར་མཛོད་ཆོག་སྒྲིག་རིགས་བྲི་མུས་དང་། བླ་མ་བཀྲ་ཤིས་ཆོས་འཕེལ་ལ་རྒྱུད་བླ་མ་དང་ཟབ་མོ་ནང་དོན་བསླབ་ཁྲིད་བྱས། ནག་པ་ཟླ་བར་ལྷ་གསར་དུ་ཕྱིན་ནས་སྐུ་ཞབས་རིན་པོ་ཆེའི་གདུང་རྟེན་དང་། ཡང་སྲིད་སྐུ་རིམ་བྱམས་སྐུ་གསར་བཟོས་རྣམས་ཀྱི་གཟུངས་གཞུག་གི་དབུ་བརྩམས། གནོད་སྦྱིན་འཁོར་ལོ། གཏེར་བུམ་རིགས། གཟུངས་སྒྲུབ་སོགས་རྒྱས་པར་སྔོན་དུ་བཏང་། གཟུངས་གཞུག་རིམ་པར་ཕུལ་བ་ལ་བསྐྱེད་བསྟིམ་དང་། དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་ཚུལ་བཞིན་བགྱིས། ནང་གཞུག་འབུལ་བ་དང་རབ་གནས་བཅས་ཟླ་བ་བཞི་པའི་ཚེས་གསུམ་ལ་གྲུབ་ནས་ཡང་ཁྲོད་དུ་ཕྱིན། དཔལ་སྤུངས་ཕྱག་མཛོད་དང་བླ་མཆན་སོགས་ལི་ཐང་དུ་སྤྲུལ་པའི་སྐུ་བཙལ་བ་དང་གདན་འདྲེན་ལ་སོང་། དོན་གཉེར་མང་པོར་ལྕེ་བཙུན་སྙིང་ཐིག་གི་དབང་སོགས་དང་སྒྲུབ་ཆེན་ཆས་བསྒྲིག་སོགས་ཟིང་ཟིང་བྱས། རྒྱལ་དབང་རིན་པོ་ཆེས་རྫོང་དགོན་དུ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་སོགས་དང་བཀའ་ཆོས་རིགས་གསན་གྲུབ་ནས་སླར་ཕེབས་པ་ལྷ་གསར་དུ་གདན་འདྲེན་ཞུས། དེར་ཐབ་འཛིན་གདན་བཀོད་ཞིབ་ཆ་གྲུབ་ནས་དཔོན་སློབ་བརྒྱ་དང་བརྒྱད་ཡར་བརྒལ་གྱིས་ཚེས་ཉེར་གསུམ་ལ་དབུ་བཟུང་། བླ་མ་དགོངས་པ་འདུས་པའི་སྒྲུབ་ཆེན། སྨན་སྒྲུབ། ཟུར་འཚོགས་སྐོང་ཆོག །ཚེ་སྒྲུབ། ཕུར་སྒྲུབ་བཅས་སྣྲོན་ཟླའི་ཡར་ཚེས་ལྔ་ལ་ལེགས་པར་གྲུབ། རྒྱལ་དབང་རིན་པོ་ཆེར་རང་བྱོན་སྒྲོལ་མས་ཐོག་དྲངས་སྐུ་གསུང་ཐུགས་རྟེན་ཁྱད་འཕགས། དངུལ་རྡེལ་ཚད་དགུ། བཟང་ཇ་འཁོར་དྲུག་བརྒྱ་དང་བརྒྱད། དངོས་པོ་རྐང་འགྲོས་སོགས་སུམ་བརྒྱ་ཡར་བརྒལ་གྱི་འབུལ་བ་དང་། ཆོས་དབང་སྤྲུལ་མདུན་རྒྱ་དངུལ་རྡེལ་ཚད་ཀྱིས་མཚོན། སྐུ་ངོ་ལས་བྱེད་རྣམས་ལ་བབ་ཐོབ་ཆེ་ཆུང་གི་འབུལ་ཚན། གྲྭ་མང་ཕྱག་འགྱེད་སོགས་བཟང་ཇ་འཁོར་དྲུག་བརྒྱ་ལྷག་གི་འབུལ་བྱ་ཡོད་རྒུ་རྩལ་སྤྲུགས་སུ་ཞུས། རྒྱལ་དབང་རིན་པོ་ཆེར་ཤངས་ལུགས་རྒྱུད་སྡེ་ལྔ། སྒྲོལ་མ་རྣལ་འབྱོར་མའི་དབང་ལུང་། གཏེར་གསར་ཤྭ་ནའི་སྲོག་ཕུར་གཏད་པ་རྣམས་ཕུལ། ཉིད་མཛད་བླ་སྒྲུབ་དབང་། སྐྱེས་རབས་སརྒ་བཅུ་པ་དང་མགོན་པོའི་གཡང་སྐྱབས་ཀྱི་ལྗགས་ལུང་ཞུས། སྐུ་ཞབས་ཡང་སྲིད་ལི་ཐང་ནས་གདན་འདྲེན་ཡང་གྲུབ་སྟེ་རྒྱལ་དབང་རིན་པོ་ཆེས་གཙུག་ཕུད་བཞེས། མཚན་བཏགས། ཁྲི་འདོན་རྣམས་གེགས་མེད་ལེགས་པར་མཛད་གྲུབ་སོང་། འབྲུག་པ་དང་སི་ཏུའི་ཡང་སྲིད་རྣམ་གཉིས་ལ་ངོས་ནས་ཀྱང་བྱབས་ཁྲུས་ཕུལ། དེ་གཉིས་དང་མཚུར་ཕུའི་སྐུ་ངོ་རྣམས་བཅས་ལ་ཚེ་དབང་བགྱིས། སྒར་ཆེན་ལྷོ་ཁོག་ཏུ་བཏེགས་པའི་ཆིབས་སྐྱེལ་དང་ཁམས་བདེ་ཞུས་ནས་འབུར་མོ་སོགས་ལ་ཚོགས་འབུལ་ཕྱིན། ཡང་ཁྲོད་སྒྲུབ་རྣམས་ལ་སྔ་རྒྱུན་དབང་ལུང་ཁྲིད་ཀྱི་རིགས་དང་། གཏེར་མཛོད་དཀར་ཆག་དང་བརྒྱུད་ཡིག་ཞིབ་འབྲིའི་དབུ་བཞག །ཟླ་བ་བདུན་པར་རྫོང་ཤོད་དུ་ཕྱིན། དཀར་ཆག་བརྒྱུད་ཡིག་སྔ་འཕྲོས་དང་ཆོག་སྒྲིག་རིགས་ཟླ་གཅིག་ཙམ་བྲིས། འདི་སྐོར་ནུབ་ཅིག་སྨིན་གླིང་གཏེར་ཆེན་ཕེབས་ནས་རྟེན་རྣམས་ལ་རབ་གནས་མཛད། ངེད་ལ་ད་དུང་སྨིན་ལུགས་ཁྲིད་རྒྱུན་འཕྲོས་དང་མཁའ་འགྲོ་སྙིང་ཐིག་གལ་ཆེ་ཞེས་ནན་དུ་གདམས་པ་དང་། ཡང་ལན་གཅིག་ལོ་ཆེན་དྷརྨ་ཤྲཱིས་སྔར་མ་ཐོས་པའི་ཚིག་དོན་ཁྱད་པར་ཅན་མང་པོ་ཞིག་གསུངས་པ་རྨིས། དཔལ་ཡུལ་རྒྱ་སྤྲུལ་ཕེབས་པ་ལ་གཏེར་མཛོད་དབང་ལུང་སྔར་མ་གསན་རིགས་ཚང་མ་བགྱིས། ཁྱུང་པོ་ནག་རུ་ལྕམ་སོགས་འདུས་པ་གཞན་མང་ཞིག་དང་བཅས་པ་ལ་གདམས་ངག་མཛོད་ཀྱི་དབང་ཁྲིད་ལུང་གསུམ་བཅས་ཁྱོན་ཟླ་བ་གཉིས་ལྷག་གིས་གྲུབ་ནས་དབང་ཆོས་གསན་པ་པོ་རྣམས་རང་གནས་སུ་བྱོན། ཟླ་བ་བཅུ་པར་རྫོང་ཆེན་ཕུག་པར་ཕུར་པའི་བསྙེན་མཚམས་བགྱིས། དམར་ཕྱོགས་སུ་དབལ་མདོས་བཏང་། སྨིན་ཟླར་ཚབ་ཚ་སྤྲུལ་སྐུ་བྱོན་པ་ལ་མགོན་པོ་ཕྱག་དྲུག་པའི་བཀའ་ཆེན་བཅུ་གསུམ། དེ་དང་རྫོང་ཤོད་སྒྲུབ་པ་རྣམས་ལ་ཕྱག་ཆེན་ཁྲིད་ཆ་ཚང་བྱ་དགོས་གྲུབ་ནས་སླར་བཏེགས། རྫོང་དགོན་དུ་རྗེ་བླ་མར་མཇལ་ཕྱག་དང་ཉིན་ཁ་ཤས་ལ་ལྗགས་ལུང་མང་དུ་ཞུས། འཕགས་མའི་སྙིང་ཐིག་གཙོ་འཁོར་བཅུ་གསུམ་གྱི་སྣང་བརྙན་ཡང་ཁྲོད་དུ་རྟེན་བཞག་དང་། ཕྱག་དྲིལ། མནབས་གཟན་སོགས་གནང་སྦྱིན་བསྩལ། རྒྱལ་ཟླ་བའི་ཡར་ཚེས་ལ་ཡང་ཁྲོད་དུ་སླེབས། ཚེས་བཅུ་ནས་བརྩམ་མི་ཏྲའི་ཐུགས་དམ་རྩ་བ་མི་འགྱུར་བའི་ལྷ་དགུའི་བསྙེན་པ་རྣམས་རིམ་བཞིན་བཏང་། ལོ་མཇུག་གཏོར་སྒྲུབ་སྐབས་གཏོར་ཆེན་ལ་སྐྱོན་བྱུང་ཡོད་འདུག །ལྕགས་ཡོས་གསར་ཚེས་ནང་གཏོར་ཆེན་བར་ཆད་སེལ་བའི་གཏོར་སྒྲུབ་སླར་ཡང་ཚུགས་པ་ལེགས་ལམ་སོང་ཟེར། སྡེ་དགེ་རྒྱལ་བློན་སྔ་ལོ་ལྷ་ལྡན་ནས་ཕྱིར་ཕེབས་གྲུབ་པ་ལ་དབུ་ཐོན་བཞག་མཁན་ཚེ་རིང་དོན་གྲུབ་སོང་། ཟླ་བ་གཉིས་པའི་མཇུག་ཏུ་བསྙེན་ཐུན་གྲོལ། དཔོན་སློབ་བཞི་བཅུ་སྐོར་གྱིས་ཕུར་པ་ཡང་གསང་བླ་མེད་ཀྱི་སྟོད་ལས་སྒྲུབ་ཆེན་རྒྱས་པར་བགྱིས། ནག་ཟླའི་ཡར་ཚེས་ལ་གྲུབ་ནས་སྐུ་ཞབས་མཆོག་སྤྲུལ་གཙོས་གནད་ཆེན་གཉིས་གསུམ་ལ་དབང་ཆེན། གཞན་རྣམས་ལ་དོན་དབང་བགྱིས། ལྷོ་ཁམས་པ་སྤྲུལ་སྐུ་ཡབ་སྲས་དང་གེ་ལྕགས་རྟོགས་ལྡན་མང་པོར་ལྕེ་བཙུན་སྙིང་ཐིག་གི་དབང་ལུང་ཁྲིད་སོགས་ཕྱོགས་འདུས་རྣམས་ལ་འདོད་ཆོས་མང་དུ་བྱས། ནག་ཟླའི་ཚེས་བཅོ་ལྔར་སྐུ་ཞབས་མཆོག་སྤྲུལ་དང་སྒྲུབ་རྣམས་ལ་དུས་འཁོར་དབང་ཆེན་ཉིན་གསུམ་མ་བསྐུར། ནང་ཆེན་ནས་ལྷོ་རྗེ་དྲུང་སྤྲུལ་སྐུ་ཕེབས་པ་ཚེ་བདག་ལྕགས་འདྲ་གཙོར་གྱུར་དབང་ལུང་མང་པོ་ཐུགས་བཞེད་ལྟར་གྲུབ་ནས། ས་ག་ཟླ་བར་རྡོར་སེམས་སྒྲུབ་ཆེན་ཚུགས། རྡོར་བྲག་སྤྲུལ་སྐུས་གསུང་ནན་ལྟར་དེར་ཕྱིན། བཀའ་བརྒྱད་རང་ཤར་གྱི་སྒྲུབ་ཆེན་དང་འབྲེལ་བའི་སྨན་སྒྲུབ་ཚུགས། སྣྲོན་ཟླའི་ཡར་ཚེས་ལ་གྲོལ་ནས་བླ་སྤྲུལ་རྣམས་གཙོས་འཚོགས་པར་རང་ཤར་དབང་ཆེན་བསྐུར། ཁྲོམ་དབང་བཅས་གྲུབ་ནས། དཔལ་དེའུ་འབུར་མོ་སོགས་ལ་ཚོགས་མཆོད་བྱས་ནས་ཡང་ཁྲོད་དུ་ཕྱིན། ལྷ་ཁང་རྟེན་མཆོད་གསར་བཀོད་རྣམས་ལ་རབ་གནས་དང་། གཏེར་མཛོད་སྔར་ཐོན་རྣམས་ཞིབ་ཆ་སོགས་བྱས། དགོན་ནས་ཟླ་བ་དྲུག་པའི་ཚེས་བཅུའི་གར་འཆམ་སྐབས་ལས་བྱེད་རྣམས་ནས་ཁོ་བོའང་འོང་དགོས་ཚུལ་ནན་དུ་གསུངས་པ་ལྟར་ཕྱིན། སྡེ་དགེ་མཆོད་ཡོན་དཔོན་བློན་རྣམས་ཕེབས་པ་ལ་ཚེ་དབང་དང་གསུང་འཕྲོས་ཞུས། དམར་ཕྱོགས་སུ་རྫོང་སར་དགོན་དུ་ཕྱིན། རྗེ་བླ་མ་མཇལ་བས་རྭ་ཕུར་བསྙེན་སྒྲུབ་མཛད་གྲུབ་པ་དང་ཁེལ་བས་དངོས་གྲུབ་རྫས་དང་ཚེ་འགུགས་བཀའ་དྲིན་བསྩལ། འཛར་ཀ་སྤྲུལ་སྐུ་ཀུན་བཟང་རྣམ་རྒྱལ་ཕེབས་འདུག་པ་ལས་དབང་ལུང་འགའ་ཞིག་གསན་བཞེད་མཛད་པར་ཐོག་མར་རྩེ་ལེའི་བཀའ་འབུམ་ཚང་མའི་ལུང་གནང་། ཀློང་གསལ་གཏེར་བྱོན་སྐུ་གསུམ་རྡོ་རྗེ་སྙིང་པོས་དབུ་བཟུང་། ཀློང་གསལ་རྡོར་སྙིང་། བི་མ་དང་སྲོང་བཙན་སྙན་བརྒྱུད། ཡེ་ཤེས་རབ་འབར། བཀའ་བརྒྱད་ཡང་འདུས། ཡང་གསང་བླ་མེད་རིགས། དམ་པ་བདེ་གཤེགས་ཡང་གཏེར་སྒྱུ་འཕྲུལ་སོགས་དབང་ལུང་ཡོངས་རྫོགས། རྡོར་སྙིང་ཡེ་འབར་རྣམས་ཀྱི་ཁྲིད་ཡན་ལག་བཅས། བཀའ་འབུམ་དང་རྣམ་ཐར་དག་སྣང་སྐོར། ཉིད་མཛད་བདུད་འདུལ་ཀློང་གསལ་གཉིས་ཀྱི་དབང་བསྒྲིགས་པོད་གསུམ་གྱི་ལུང་བཅས་རྫོགས་པར་ནོས། རྗེ་བླ་མའི་མདུན་ནས་བཀའ་བརྒྱད་བདེ་འདུས་ཞི་བ་དང་། ཚེ་དབང་ཞི་ཁྲོ་གཉིས་ཀྱི་དབང་། གསང་སྔགས་ལམ་རིམ་རྩ་འགྲེལ་སོགས་ཆོས་ཚན་བཅུ་གཉིས། བདུད་འདུལ་རྫོགས་ཆེན་དང་བར་དོའི་ཁྲིད། ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད། སྡེ་སྲིད་ལྷན་ཐབས་མ་བུ་ཚང་མའི་ལུང་རྣམས་ཞུས། ཁྱུང་པོའི་སྐོར་སོགས་བླ་སྤྲུལ་གྲྭ་རིགས་མང་པོ་ལ་རང་ནས་ཀྱང་འདོད་ཆོས་མང་པོ་དང་། གྲུབ་བརྒྱའི་སྐོར་སོགས་ཆོག་ཁྲིགས་མང་པོའང་གྲུབ་ནས་ཁྲུམ་ཟླའི་དམར་ཕྱོགས་ལ་རྫོང་ཤོད་དུ་ཕྱིན། གཏེར་མཛོད་ཁྲིད་ཡིག་རིགས་རིམ་པར་བྲིས། ཕན་ཚུན་གནས་ཕུག་མང་པོར་ཚོགས་མཆོད་དང་། རྡོར་ཤུལ་མཁའ་འགྲོ་དང་སྒྲུབ་པ་རྣམས་ལ་ཁྲིད་ཀ་དང་དོན་གཉེར་མང་པོར་དབང་ཆོས་འདོད་བསྐངས། ཟླ་བ་བཅུ་པའི་མཇུག་ཏུ་ཕུར་ཟློག་ཀྱང་བཏང་། མགོ་ཟླ་བར་རྫོང་དགོན་དུ་ཐེག །རྗེ་བླ་མར་མཇལ་ཕྱག་དང་གསུང་འཕྲོས་ཞུས། ཞུ་མཇལ་མཁན་གྱི་འགྲུལ་ཇེ་མང་ལ་སོང་བས་ཕྱིས་འདིར་ཆོས་གཏེར་འབེབ་རྒྱུ་ནི་ཤོལ། དབང་ལུང་སོགས་ཀྱང་སྐབས་རེ་ཙམ་ལས་ཐུགས་ལྕོགས་གཏན་ནས་མེད་པར་སོང་། ཞག་ཤས་འགྲུལ་མང་ངོ་ལེན་དང་ཡིག་ལན་མང་པོས་གཡེངས། བཏེགས་ནས་ཡང་ཁྲོད་དུ་སླེབས། རྟག་གཏོར་གསོལ་ཁའི་འཚོགས་ལ་ཕྱིན། རྒྱལ་ཟླ་བར་གྲུབ་ཐོབ་བཀའ་བརྒྱད་བསྙེན་པ་ཚང་བར་བཏང་། ལྕགས་ཡོས་གནམ་ལོ་གསར་ཚེས་ལ་འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་བསྙེན་པ་བཏང་། ཉི་ཤུ་ནང་དུ་ཁྲོ་རོལ་ཟློག་པ་བགྱིས། དབོ་ཟླ་བར་སྒྲོལ་དཀར་སྐུ་བརྙན་ཐོག་ཚད་གཙོས་གསེར་སྐུ་རྣམས་ལ་གཟུངས་གཞུག་ཕུལ། རབ་གནས་སྐབས་ཚེ་ལྷ་རྣམ་གསུམ་བྲིས་སྐུ་འབྱོར་བ་སོགས་རྟེན་འབྲེལ་ལེགས། འདི་སྐབས་རྨི་ལམ་ཞིག་ཏུ་འོ་མའི་རྒྱ་མཚོ་ཆེན་པོ་ཤིན་ཏུ་དཀར་ཞིང་རྒྱ་ཆེ་བ་བརྒལ་ཏེ་ཚུར་འོང་བའི་ལམ་དུ་ཉི་ཟེར་ཕོག་པའི་མདངས་འཚེར་བས་རེ་ཞིག་འཐེན་པ་དང་། སྡེ་དགེའི་མདུན་ནས་བསྐུར་བ་རེད་ཟེར་ལུང་བསྟན་ཡི་གེ་མ་བུ་གཉིས་འབྱོར་བ་སོགས་རྨིས། རྗེ་བླ་མ་རིན་པོ་ཆེའི་ཞབས་བརྟན་གཙོར་དམིགས། དཔོན་སློབ་ཉི་ཤུ་སྐོར་གྱིས་སྒྲོལ་དཀར་སྒྲུབ་མཆོད་ཉིན་ཁ་ཤས་དང་། ཚེ་ལྷ་རྣམ་གསུམ་སྟོང་མཆོད་བསྒྲུབས། ནག་པ་ཟླ་བར་དཔོན་སློབ་སུམ་ཅུ་སྐོར་གྱིས་འཕགས་མའི་སྙིང་ཐིག་གི་སྒྲུབ་ཆེན་ཚོགས་དང་མཆོད་པ་སོགས་ཤིན་ཏུ་རྒྱས་པར་བཏང་། རྨིས་ལྟས་ལེགས་པར་བྱུང་། སྐུ་ཞབས་མཆོག་སྤྲུལ་སོགས་ལ་དབང་རྒྱས་པར་བསྐུར། རྣམ་རྒྱལ་རྡོ་རྗེ་དཔོན་སློབ་ཁ་ཤས་རྫོང་སར་དུ་ཀུན་མཁྱེན་བླ་མར་ཞབས་བརྟན་འབུལ་བར་བཏང་། སྐུ་གསུང་ཐུགས་རྟེན་ཁྱད་འཕགས། ན་བཟའི་རིགས་དངོས་པོ་ཡོད་རིགས་ལས་གང་དྲགས་བསལ་འཐུས། རྒྱ་དངུལ་རྡེལ་ཚད་གསུམ་སོགས་དངོས་འབུལ་ཡང་ཡིད་ཚིམས་ཞུ་ཐུབ་པ་བྱུང་། སྟག་ལུང་མ་ཆེན་སྤྲུལ་སྐུ་ཕེབས་པ་ལ་བཀའ་བརྒྱུད་སྔགས་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། དུས་འཁོར་དབང་ཆེན་ཉིན་ལྔ་པ། རཏྣའི་ཐུགས་སྒྲུབ་དང་ཕུར་པའི་དབང་ཆེན། གཡུ་ཐོག་སྙིང་ཐིག་རྩ་བ་ཡན་ལག་བཅས་པའི་དབང་བསྐུར་ཚང་བ་བཅས་ཟླ་བ་ཕྱེད་གཉིས་ཙམ་བགྱིས། ཐུགས་ཕྲེང་མཛད་ནས་ཕེབས་སོང་། རྫོང་དགོན་དུ་ཆེད་ཀྱིས་ཕྱིན་ནས་རྗེ་རིན་པོ་ཆེ་ལས་ཞི་བྱེད་དང་པོ་དང་བར་པའི་དབང་རྒྱུན་ཆད་པ་དེ་གནང་གྲུབ་པ་གསོལ་བ་ནན་གྱིས་བཏབ་པས་བཀའ་དྲིན་ཆེ་བསྩལ་བྱུང་། རོང་སྟོན་ཤེར་ཕྱིན་བཀའ་བབས་དྲུག་གི་ཁྲིད་ཀྱང་ནོས། སྡེ་དགེའི་མདུན་ནས་བུམ་སྒྲུབ་ལ་མ་འོང་ཀ་མེད་ནན་གསུང་མཛད་པས་ངལ་བ་ཆེན་པོས་ལྕང་རར་ཕྱིན། བུམ་སྒྲུབ་ཚུགས། མཁན་རིན་པོ་ཆེ་དང་ཡབ་སྲས་སྐུ་ངོ་རྣམས་ལ་བྱད་འགྲོལ། ཐུགས་བཞེད་ལྟར་གྱི་དབང་སྣ་འགའ་ཞིག་དང་། ཕོ་བྲང་སྟེང་དུ་ལྷ་སྲིན་དམ་བསྒྲགས་དང་གནས་ཆེན་བྱིན་འབེབ་སོགས་ཐུགས་བཞེད་ལྟར་བྱས། དགོན་ཆེན་བླ་གྲྭའི་གསུང་ནན་ངོར། ཕུར་ཟློག་དང་སྤྱིན་སྲེག །དགོན་པར་སྦྱོང་ཁྲུས་འཐོར་ནས་སོགས་ཉིན་ཁ་ཤས་གྲུབ་ནས་ལམ་ཞོར་འབུར་མོ་གནས་སུ་ཚོགས་མཆོད་བགྱིས་ཏེ་ཡང་ཁྲོད་དུ་སླེབས། བཤལ་ནད་ཅིག་ཐེབས་པས་ཉིན་ཁ་ཤས་དལ་སྡོད་བྱས། ཟླ་བ་བདུན་པར་རྫོང་ཤོད་དུ་ཕྱིན། འཛར་ཀ་མཆོག་སྤྲུལ་ཡང་ཕེབས་པ་སོགས་དཔོན་སློབ་ལྔ་བཅུ་སྐོར་གྱིས་ཚེས་བདུན་ལ་དབུ་བཟུང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་སྨན་སྒྲུབ་སྦྲེལ་མ་ཚུགས། འཛར་སྤྲུལ། བླ་མ་དཔལ་སྦྱིན། ས་མཁའ་འགྲོ་སོགས་མང་པོས་གསུང་ངོར་མདོ་བྱང་ཆེན་མོ་སོགས་དབང་བསྐུར་རྒྱས་བསྡུས་རྣམས་ཀྱང་བྱས། བླ་གྲྭ་རྣམས་ལ་ཡོན་འབུལ་དང་མཐའ་རྒྱས་ལེགས་པར་གྲུབ་ནས་ཛཾ་ཐང་སྒྲུབ་པ་ལྔ་ཆེད་དུ་འབྱོར་བར་དུས་འཁོར་མཆོག་དབང་དང་། སྒྲོལ་མ་རྣལ་འབྱོར་མའི་དབང་། གཞན་ཡང་དོན་གཉེར་མཁན་རྣམས་ལ་འདོད་ཆོས་མང་དུ་བགྱིས། དབང་ལུང་དོན་གཉེར་བླ་སྤྲུལ་རྣམས་རིམ་པར་བྱོན་སྟབས། འཛར་ཀ་མཆོག་སྤྲུལ། གླིང་རྗེ་དྲུང་དང་ཀཿཐོག་སི་ཏུ་སྤྲུལ་སྐུ། རྒྱལ་སྲས་སྤྲུལ་སྐུ། འབར་ཕུག་སྤྲུལ་སྐུ་ཆུང་བ་སོགས་འདུས་པ་མང་ཞིག་ལ་ཁྲུམས་ཟླའི་ཚེས་གསར་ནས་བརྩམས། བླ་མ་དགོངས་པ་འདུས་པའི་དབང་ཆེ་ཕྲ་ཡོངས་རྫོགས། པུསྟ་ཀ་བཅུ་གསུམ་གྱི་ལུང་བཅས་ཟླ་བ་བཅུ་པའི་ཚེས་གསལ་ལ་གྲུབ། བླ་སྤྲུལ་རྣམས་རང་གནས་སུ་བྱོན། འཛར་སྤྲུལ་མདུན་ནས་ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད། ཀློང་གསལ་གསུང་འབུམ་བཀའ་འདུས་པོད་ལུང་ཞུས་ནས་སླར་ཕེབས། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་སོགས་ལ་ཆགས་མེད་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། སླར་ཡང་ཕྱོགས་འདུས་མང་པོར་དབང་ལུང་གང་འདོད་བྱས། ཚེ་དཔག་ལ་རྒྱུད་བླ་མ། ཟབ་མོ་ནང་དོན། གཞུང་ཕྲན་གཉིས། ལམ་རིམ་ཡེ་ཤེས་སྙིང་པོ་རྣམས་ཀྱི་བཤད་ཁྲིད་དང་། ཚོགས་སྐོང་། གཤིན་ཆོག་རིགས་སོགས་དགོས་བྱ་ཕལ་ཆེར་གྲུབ་ནས་རྫོང་དགོན་དུ་ཁྱུགས་ཙམ་ཕྱིན། རྗེ་བླ་མ་རིན་པོ་ཆེ་མཇལ། སྐུ་ཁམས་ཅུང་ཟད་བལྟེམས་པར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་བྱབས་ཁྲུས་ཕུལ། ཞག་ཤས་ཕྱོགས་འདུས་རྣམས་ལ་རེ་སྐོང་སོགས་བགྱིས། མདུན་ནས་གསེར་གདུང་མཆོད་རྟེན་ནང་གཞུག་རྒྱུར་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་དགུ་དང་། དཔལ་སྤུངས་སྤྲུལ་སྐུ་རྣམས་ལ་བསླབ་སྟོན་ཞུ་འོས་སོགས་ཀྱི་བཀའ་བསྩལ་གནང་། མགོ་ཟླའི་ཚེས་གསལ་ལ་ཡང་ཁྲོད་དུ་སླེབས། ཉི་ལྡོག་ལ་ཟབ་བདུན་ཕུར་པའི་གཏོར་ཟློག་བགྱིས། ཁྲོ་ཆུའི་བསྙེན་མཚམས་ཚུགས། གནམ་སྟོང་ལ་གྲོལ། དབོན་སྤྲུལ་བོད་ནས་ལོ་འདིར་དགོན་ཐོག་ཏུ་ཕེབས་པ་སྐབས་འདིར་བྱོན་པ་ལ་མཇལ་འཕྲད་དང་གསོལ་སྟོན་ཞུས། དཀོན་སྤྱིའི་ཚེ་དབང་། མ་མགོན་གཏོར་དབང་དང་དགུ་གཏོར་འདོན་ཆའི་ལུང་བགྱིས། རྒྱལ་ཟླའི་ཚེས་གསུམ་ནས་གསང་ཐིག་བླ་སྒྲུབ་ཡབ་བཀའ་ཡུམ་བཀའ་རྣམས་རིམ་པར་བསྙེན། ཆུ་འབྲུག་གནམ་ལོ་གསར་ཚེས་ལ་དཔོན་སློབ་བཅོ་ལྔས་འཕགས་མའི་སྙིང་ཐིག་སྒྲུབ་མཆོད་ཉིན་གསུམ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར་བདུན་གཅིག་འཚོགས། སྐུ་ཞབས་མཆོག་སྤྲུལ་སོགས་ལ་དབང་བྱས། སྐུ་ཞབས། དབོན་སྤྲུལ། རི་བོ་ཆེའི་རྗེ་དྲུང་དང་འཕགས་མཆོག །སྒྲུབ་ཁང་ཡར་མར་འདི་ལོ་གྲོལ་སྐབས་ཁེལ་བས་སྒྲུབ་བླ་རྣམས་སོགས་འདུས་པ་ལྔ་བཅུ་སྐོར་ལ་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་གྱི་བྱང་སྡོམ་བགྱིས། ཡི་དམ་དགོངས་འདུས་རྟ་མགྲིན་ཡི་གེ་དྲུག་པའི་བསྙེན་པ་བདུན་གཉིས་ཙམ་བཏང་། རི་ཆེའི་སྤྲུལ་སྐུ་རྣམ་གཉིས་ཀྱི་ཐུགས་བཞེད་ལྟར། ཁོང་རྣམ་གཉིས་དང་། སྐུ་ཞབས་རིན་པོ་ཆེ། དབོན་སྤྲུལ་སོགས་ལ་ཚེས་ཉེར་ལྔར་ཤངས་ལུགས་བདེ་མཆོག་ལྷ་ལྔའི་དབང་གིས་དབུ་བཟུང་། རྩ་བ་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས། མགོན་མཐིང་བཀའ། རྩ་བ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་ལྔ། ལྷ་བཞི་དྲིལ་སྒྲུབ། བླ་མགོན་དབྱེར་མེད་བཅས་ཁྲིད་ཡོངས་རྫོགས། ཞང་ཁྲོམ་ཚེ་བདག །རཏྣའི་ཕུར་པ་བཅས། ཚེ་གསང་དབང་ཆེན། ཕྱག་ཆེན་ཆོས་དྲུག་ཀཾ་ཚང་ལུགས་དང་། གསང་ཐིག་བླ་སྒྲུབ་ཀྱི་དབང་ལུང་བཅས་གྲུབ་ནས་སླར་ཕེབས། རྫོང་དགོན་ནས་ཀུན་གཟིགས་བླ་མ་རིན་པོ་ཆེ་སྐུ་ཁམས་སྔར་ནས་ཅུང་བལྟེམས་ཀྱང་ཧ་ཅང་རྙོགས་པ་དང་ལྕི་བའི་རིགས་མངོན་པ་ནི་མེད། ཞབས་བརྟན་རྒྱབ་ཆོག་སྐོར་མང་ཙམ་བསྒྲུབས་འདུག་ཀྱང་། ད་རེས་གང་ཡང་སྐྱོན་མེད། ཟླ་བ་གཉིས་པའི་ཉི་ཤུ་ནང་དྭངས་འགྲོ་གསུངས་པ་ངེས་དོན་དུ་བཟུང་། ཞབས་གྲས་རྣམས་ཀྱང་ཅི་བྱ་མེད་པར་ཡོད་ངང་ཉེར་གཅིག་སྔ་དྲོ་ལ་རང་གར་བཞུགས་བཞིན་དུ་ཞི་བར་གཤེགས་སོང་འདུག་པས་གནས་ཚུལ་ཡི་གེ་སླེབས་མ་ཐག་མགྱོགས་པར་ཕྱིན་ནས་ཁྲུས་ཆབ་སྒྲུབ་པ་སོགས་བགྱིས། ཉེར་བཞིའི་སྔ་དྲོར་སྐུ་གདུང་རིན་པོ་ཆེའི་མདུན་དུ་འོད་གསལ་ནམ་མཁའ་ལྟ་བུ་ལས་བཞེངས་སུ་གསོལ་ནས་མཆོད་འབུལ་གསོལ་འདེབས་སྨོན་ལམ་ཡིད་ཚིམས་པར་ཞུས། གདུང་ཁྲུས་གནས་ཡིག་བཏགས་གྲོལ་རིགས་གསར་རྙིང་སོ་སོའི་ལུགས་བཞིན་དང་ཆས་ཞུགས་ཕུལ། གདུང་མདུན་དུ་རྡོར་སེམས་དང་བླ་མཆོད་སྦྲེལ་མ་ཉིན་ལྔ་བཏང་། ཉེར་བདུན་ཉིན་ཐར་རྩེ་མཁན་རིན་པོ་ཆེས་བླ་མཆོད་མཛད་སོང་། འདི་སྐབས་དབང་ཞུ་འབུལ་དང་། ཐུགས་རྗེ་བསྐུལ་བའི་གསོལ་འདེབས་སྨོན་ལམ་སོགས་ཕྱག་ལེན་མ་འཁྲུལ་པ་བགྱིས། ཉེར་དགུའི་བླ་མཆོད་རྗེས་སུ་ཡེ་ཤེས་སེམས་དཔའ་གཤེགས་གསོལ་ཞུས། གནམ་སྟོང་ཉིན་མཁན་རིན་པོ་ཆེ། དཔོན་སློབ། དགོན་པའི་བྱང་འདྲེན་བླ་མ། ངེད་རང་བཅས་ཆོ་ག་ཁག་བཞིས་སྐུ་པུར་ཞུགས་འབུལ་གྲུབ་ནས། རྗེས་ཞག་གསུམ་ལ་གདུང་ཁང་མཆོད་པ་སོགས་ཀྱང་ཚུལ་བཞིན་བགྱིས། རིམ་པར་བླ་མ་དགོངས་འདུས་སྐོང་ཆོག །རྒྱལ་བ་རྒྱ་མཚོའི་སྒྲུབ་མཆོད། བླ་མ་བསྟན་གཉིས་བཅས་གསོལ་དགུང་གསུམ་པའི་བར་དུ་ཞུས། དབོན་མཛོད་སྐལ་བཟང་རྡོ་རྗེས་ངོས་ཀྱི་མཆོད་རྟེན་ནང་གཞུག་གནད་ཆེན་སྣེ་གྲངས་བཅུ་སོགས་དགོངས་རྫོགས་ཡོན་འབུལ་རྒྱ་ཆེན་གནང་འདུག །རྡེལ་ཚད་གཉིས་དགོངས་རྫོགས་མཆོད་འབུལ་རྟེན་དུ་ཕུལ། ཞབས་གྲས་རྣམས་ལའང་དངུལ་སྲང་ལྔ་བྱིན་ནས་བསླབ་བྱ་གང་ཤེས་བྱས། ཐར་རྩེ་མཁན་རིན་པོ་ཆེ། དཔོན་སློབ་ཞབས་དྲུང་གཉིས་བཅས་ལ་སངས་རྒྱས་མཉམ་སྦྱོར། འཕགས་མའི་སྙིང་ཐིག་གི་དབང་རྒྱས་འབྲིང་བསྡུས་གསུམ་བསྐུར། རྫོང་དགོན་ནས་བཏེགས། ཡང་ཁྲོད་དུ་འབྱོར། འདི་ནས་ཀྱང་གསོལ་ཚིགས་ནམ་ཁེལ་དུ་ཆོ་ག་སྐབས་བབ་དང་བླ་མཆོད་གསོལ་སྨོན། དགུང་ཞག་རྫོགས་སྐབས་དཔོན་སློབ་བཅུ་གསུམ་གྱིས་པདྨ་བཛྲ་གྲུབ་ཆེན་བརྒྱ་རྩའི་དཀྱིལ་འཁོར་སྒྲུབ་མཆོད་ཅི་ནུས་དང་མཆོད་བསྔོ་རྒྱས་པར་ཞུས། མཆོད་རྟེན་གཟུངས་གཞུག་སྐོར་མི་བཅུ་སྐོར་གྱིས་ཟླ་བ་ཕྱེད་གཉིས་ཙམ་ལ་སྤར་བཏབ་པ་དང་དྲིལ་བ་སོགས་བཅོལ། དཔལ་ཡུལ་སྐུ་ཆེན་ཕེབས་པར་ཚིག་བདུན་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས་ཡོངས་རྫོགས་དང་། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ལ་མཆོག་གླིང་གཏེར་གསར་རྣམས་ཀྱི་དབང་ལུང་ཁ་སྐོང་མང་དུ་བགྱིས། སྔར་རྫོང་ཤོད་ནས་བཞེངས་པའི་མཆོད་རྟེན་དེ་ལ་གཟུངས་གཞུག་འབུལ་ཆེད་ས་ག་ཟླ་བ་བཤོལ་བའི་སྔ་མར་དགོན་ཐོག་ལྷ་གསར་དུ་ཕྱིན། མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་རྫོང་སར་ནས་རྗེའི་ཞབས་གྲས་བླ་མ་བློ་གྲོས་བཟང་པོ་སོགས་བླ་སྤྲུལ་མང་དུ་འདུག་པ་དགེ་ལེགས་ནས་གཞི་འཛིན་དོ་ཁུར་བྱས་ཏེ། གནོད་སྦྱིན་འཁོར་ལོ་དང་གཏེར་བུམ་ཙཀྲའི་རིགས་བཅའ་སྒྲུབ། གཟུངས་སྒྲུབ། སྲོག་ཤིང་སོགས་ཆས་བསྒྲིགས། སྦྱོང་ཁྲུས་རབ་གནས་སོགས་ཞག་མང་དུ་བགྱིས་ནས་ལྷ་གསར་ནང་རྡོ་རྗེ་འཆང་པདྨ་ཉིན་བྱེད་ཀྱི་གདུང་རྟེན་གཡས་ཕྱོགས་སུ་བཞུགས་པར་བདེ་བས། ས་འཛིན་ནས་བརྩམས་གཟུངས་གཞུག་ཕུལ་རིམ་བཞིན་སོ་སོའི་བསྐྱེད་བསྟིམ་རྣམས་ཀྱང་རྒྱས་པར་བགྱིས། གནམ་སྟོང་ལ་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་དང་། གཟུངས་གཞུག་རྣམས་ཀྱང་ཉིན་ཁ་ཤས་ཀྱིས་ཕུལ་གྲུབ་ནས་དབོན་རྒན་དང་དབོན་སྤྲུལ་རྣམ་གཉིས་གཙོས་དཔོན་སློབ་བཅུ་བདུན་ཙམ་གྱིས་རྒྱལ་རྒྱམ་ལྷ་དགུའི་སྒོ་ནས་རབ་གནས་ཉིན་གཉིས་བཅས་ཚེས་བརྒྱད་ལ་གྲུབ་པར་བྱས། བླ་མ་དགོངས་འདུས་དང་ཡེ་འབར་གྱི་མཐོང་གྲོལ་སོགས་ཀྱང་བགྱིས། མཆོད་སྡོང་འདི་སྔར་རང་གི་ཐུགས་རྟེན་བཞེངས་པ་རྣམས་ཀྱི་གཙོ་བོར་དམིགས་པ་ཡིན་ཀྱང་འདི་རེས་རྗེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་དགོངས་རྫོགས་དང་གདུང་རྟེན་དུ་བྱས་ནས་གདུང་རུས་ཀྱི་སཱཙྪ་སོགས་གཙོར་བཞུགས་པ་ཡིན་ནོ། །ཡང་ཁྲོད་དུ་ཕྱིན་ནས་ཕྱོགས་འདུས་ལ་དབང་ཆོས་རེ་བསྐང་ཞག་ཁ་ཤས་མཚམས། སྡེ་དགེའི་བཙུན་མོ་ཚང་ནས་སྔ་ཚེའི་རིང་གསུང་བསྐུལ་ལྟར་སྒྲུབ་ཆེན་འཛུག་བཞེད་ཀྱིས་དགོན་ཐོག་བྱོན་པས་སླར་ཡང་ལྷ་གསར་དུ་ཕྱིན། བཞི་པ་ཕྱི་མའི་ཚེས་ཉི་ཤུ་ནས་དབུ་བརྩམ། གཞུང་ཟུར་སྒྲུབ་ཁག་བཞི་བཅས་དཔོན་སློབ་བརྒྱད་ཅུ་རྩ་བགྲང་འཚོགས་ནས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་དང་བདུད་རྩི་སྨན་སྒྲུབ་སྦྲེལ་མ་སྣྲོན་ཟླའི་ཡར་ཚེས་ལ་མཐའ་རྒྱས་གྲུབ། ཡང་ཁྲོད་དུ་ཞེ་ཆེན་རྒྱལ་ཚབ་བློ་གྲོས་སྤྲུལ་སྐུ་སོགས་བྱོན་མཁན་མང་པོར་སོ་སོའི་བཞེད་སྐོང་དང་། ཉག་རོང་སྤྱི་ཁྱབ་ཛ་སག་ནས་གསེར་སྐུ་མང་པོ་ཆེད་བསྐུར་བྱུང་བ་ལ་གཟུངས་གཞུག་རབ་གནས་དང་བཅས་པ་བགྱིས། སྐུ་ཞབས་མཆོག་སྤྲུལ། དབོན་སྤྲུལ། སྒྲུབ་བླ་རྣམས་སོགས་འདུས་པ་མང་པོར་ཞི་ཕྲེང་དྲག་ཕྲེང་། གནམ་ཆོས་དབང་བསྒྲིགས་སོགས་ཉེར་མཁོའི་དབང་ལུང་ཉིན་མང་དུ་བགྱིས། ཟླ་བ་ལྔ་པའི་ཉི་ཤུ་ནང་དཔལ་ཡུལ་ནས་རྒྱ་སྤྲུལ། ཟླ་ཀླུང་ནས་གཏེར་སྟོན་ཚེ་དབང་གྲགས་པ། ལྕང་ར་ནས་སྡེ་དགེ་མ་ཡུམ་རྣམས་འདས་སོང་འདུག་པ་སོ་སོ་ནས་འོང་དགོས་པའི་གསུང་ནན་ཆེ་རུང་བགྲང་བྱའི་ཁུར་ལྕི་བ་དང་ནད་ཁམས་འཕར་ལྡང་སོགས་ཀྱིས་སླེབ་རེ་བྲལ་བས་དགོངས་ཁྲོལ་ཞུས། དགོངས་རྫོགས་དང་དགེ་སྒྲུབ་རྟེན་ཚུར་གནང་བ་ལ་མཆོད་པ་རྒྱས་ཤིང་འདུས་པ་མང་པོ་བཅས་སོ་སོར་འོས་པའི་ཆོ་ག་དང་བསྔོ་སྨོན་གང་ཤེས་བགྱིས། དྲུག་པའི་ཚེས་གསལ་ལ་རྫོང་ཤོད་དུ་ཕྱིན། བླ་མ་ནོར་བུ་བསྟན་འཛིན་ཆེད་དུ་བྱོན་པར་ཕྱག་རྡོར་འཁོར་ལོ་ཆེན་པོའི་དབང་སོགས་བཞེད་སྐོང་འོས་རིགས་བྱས། འཛར་ཀ་མཆོག་སྤྲུལ། ཞེ་ཆེན་རྒྱལ་ཚབ། ཀཿཐོག་འཇམ་དབྱངས་སྤྲུལ་སྐུ། གླིང་ཚང་སྲས་མོ་གཉིས་སོགས་འདུས་པ་འགའ་ཞིག་ལ་རྙིང་མ་རྒྱུད་འབུམ་གྱི་ལུང་ཚུགས། དཔལ་ཡུལ་ནས་སླར་ཡང་དགོངས་རྫོགས་རྟེན་དངོས་པོ་རྒྱ་ཆེར་གནང་བྱུང་བར་མང་འཚོགས་ཀྱིས་ཆོ་ག་དང་མཆོད་བསྔོ་གང་རྒྱས་ཞུས། ཉག་ཁོག་ནས་སྤྱི་ཁྱབ་ཛ་སག་བོད་དུ་བྱོན་ཞོར་ཆེད་འབྱོན་མཛད་པར་བླ་རྫོགས་ཐུགས་གསུམ་གྱི་དབང་ལུང་ཁྲིད་བཅས། ཡོངས་འདུས་ལེའུ་བདུན་མའི་དབང་སོགས་ཉིན་ཁ་ཤས་བྱས། ཟླ་བ་བརྒྱད་པར་ལུང་གྲུབ་ནས་དགུ་པ་གསར་ཚེས་ལ་མཁའ་འགྲོའི་བྲོ་རར་ཚོགས་འཁོར་སོགས་དགའ་སྟོན་མཛད། སྡེ་གཞུང་མའི་སྤྲུལ་སྐུ་ཕེབས་པར་གཤེད་དམར་ལྷ་ལྔའི་དབང་ལུང་ཁྲིད་གསུམ་དང་ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཁྲིད་སོགས་བཞེད་པ་བསྐངས། རི་པ་སྤྲུལ་སྐུ་དང་རྡོར་ཤུལ་བ་སོགས་ལ་སྟག་ཤམ་ཐུགས་སྒྲུབ་གསེར་ཞུན་མའི་དབང་ཡོངས་རྫོགས་དང་བཙན་རི་བླ་མ་སོགས་ལ་འདོད་ཆོས་མང་དུ་གྲུབ་ནས་སླར་བཏེགས་ལམ་རྫོང་དགོན་དུ་ཕྱིན། རྗེ་བླ་མའི་བཞུགས་གནས་སུ་ཚོགས་མཆོད་གསོལ་འདེབས་ཞུས། ངོར་པ་དཔོན་སློབ་གསུང་བསྐུལ་ངོར་ཉིད་དང་། མི་ཕམ་རྒྱ་མཚོ། ནོར་བུ་བསྟན་འཛིན་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པའི་བཤད་ལུང་། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་རྣམ་གྱི་ཡིག་ཆ་ཚང་བ་བགྱིས། རྫོང་སར་འདུ་ཁང་གསར་བཞེངས་དང་རྩེ་ལྷ་ཁང་སོགས་ལ་རབ་གནས་ཀྱིས་མཚོན་དེར་དགོས་རིགས་གྲུབ་རྩིས་ཀྱིས་ཡང་ཁྲོད་དུ་ཕྱིན། འདི་ལོ་སྒྲུབ་ཐེབས་དགུ་པ་གསར་སྡོད་སྐབས་སུ་ཁེལ་བས་ཐོག་མར་དགོས་པའི་བཅའ་ཡིག་བསླབ་སྟོན་དབང་ལུང་ཁྲིད་རྣམས་རིམ་པར་དབུ་ཚུགས། རྫོགས་ཆེན་སྤྲུལ་སྐུ་ལྷ་ལྡན་ནས་ཕྱིར་འཁོར་བའི་སྐུ་སྐྱོས་གནང་བར་ཆེད་ཕེབས་ལ་ཚེ་དབང་དང་ཞབས་ཏོག་ཞུས། སྙན་བརྒྱུད་ཡང་ཕུར་སྦྲགས་མའི་བསྙེན་པ་བཏང་། ལོ་བསྟར་ཕུར་ཟློག་བགྱིས། རྣམ་རྒྱལ་རྡོ་རྗེ་ལ་རིམས་ནད་གློ་འཁྲུགས་ལྟ་བུ་ཧ་ཅང་ཐུ་བ་མིན་པ་ཞིག་བྱུང་འདུག་པ་ཞག་ཤས་ནང་རྩ་ཆུ་ཇེ་ངན་སོང་བར་དབང་སྣ་ཁ་ཤས་བགྱིས། རིམ་གྲོ་རྒྱབ་ཆོག་གྲབ་ཡུལ་སྐབས། ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་གུང་ཡོལ་ལ་གློ་བུར་དུ་མ་འཚོ་སོང་བར་གསོལ་འདེབས་ངོ་སྤྲོད་བཏགས་གྲོལ་སོགས་ཤེས་ཚད་བགྱིས་པས་ལུས་ཚུགས་ཟིན་པ་དང་མདངས་མ་ཉམས་པ་སོགས་ངོ་འཕྲོད་པའི་ལྟས་བྱུང་། ཞག་གསུམ་ཉིན་རྡོར་སློབ་བླ་མ་དོན་གྲུབ་སོགས་ནས་འཕོ་ལུང་བྱས་པའི་སྐབས་ཨིག་ཅེས་པའི་སྒྲ་དང་མདངས་ཡལ་ཞིང་སྒུ་བ་དང་སྣ་ཁྲག་ཟག་པ་བཅས་གྲོལ་རྟགས་ཀྱང་བྱུང་འདུག །རང་དང་སྒྲུབ་བླ་བསྙེན་སོང་རྣམས་ཀྱིས་བདུན་ཚིགས་ཆོ་ག་མཆོད་པ་སོགས་གཟབ་རྒྱས་དང་། རྫོགས་ཆེན་རིན་པོ་ཆེ། ངོར་པ་དཔོན་སློབ། འདི་གའི་གདན་སའི་དབོན་སྤྲུལ་རྣམ་གཉིས་སོགས་གདན་འདྲེན་ཞུས། ཀར་འབྲུག་སི་ཏུ་དཔའ་བོ་གཙོས་རིས་མེད་སྐྱེས་ཆེན་རྣམས་ལ་བསྔོ་རྟེན། ལྷ་ལྡན་ཆོས་འཁོར་རྣམ་གསུམ་ལ་སྟོང་མཆོད། དགོན་ཁག་སོ་སོར་ཆོས་རྒྱབ་སོགས་དགེ་རྩ་རྒྱས་པར་བསྒྲུབས། ཆོ་ག་ཁག་བཞིས་པུར་བསྲེག་སྦྱང་བྱས་སྐབས་ནམ་མཁའ་གཡའ་དག །ཕྱིར་ནང་འཇའ་དཀར་ཤར་ནུབ་སྦྲེལ་བ་དང་། ཉིན་མོ་སྤྲིན་འཇའ་ཡ་མཚན་ཤར་བ་བཅས་ལྟས་ལེགས། ཞེ་དགུ་རྫོགས་སྐབས་རང་གི་རྨི་ལམ་དུ་སྔར་ལས་ཆས་དང་བཀྲག་མདངས་ལེགས་པ་ཞིག་བྱས། བྱང་ཕྱོགས་སུ་འབོད་མཁན་བྱུང་བས་འགྲོ་དགོས་ཟེར་བ་དང་འབོད་པའི་ཁྱིམ་དེའང་ཡིད་ལ་གསལ་སྙམ་བྱེད་པ་ཞིག་བྱུང་། དེ་རྗེས་ཉམས་སྣང་ཞིག་ཏུ་གཟུགས་འདི་ཡིན་མི་གསལ་བ་ཞིག་གིས་ཡི་གེ་ཞིག་བྱིན་པར་མཁའ་སྤྱོད་མའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་སྐོར་ཁྱད་པར་ཅན་མང་པོ་འདུག་པ་ལ་བལྟས་སྐབས། རྣམ་རྒྱལ་རྡོ་རྗེ་ལ་མཁའ་སྤྱོད་མས་བདུད་རྩི་རིལ་བུ་བྱིན་སོང་བས་འཕོས་མ་ཐག་དབྱིངས་ཐོག་ཏུ་གྲོལ་སོང་ཟེར་བ་ཞིག་བྱུང་བ་དང་སད་པ་ན་ཉམས་དགའ་བ་ཞིག་བྱུང་། འདི་ཉིད་བྱིས་པ་སྨྲ་ཤེས་སྐབས་ཀྱི་ཐོག་མར་ངེད་རྩར་འོང་ནས་ཚིག་བདུན་གསོལ་འདེབས་དག་པ་ཞིག་འདོན་སོང་བ་དང་། ཕྱིས་ནས་བློ་གྲོས་གསལ་ཞིང་དགེ་བའི་ལས་འཕྲོར་སྤྱོད། ཕྱག་ཆེན་སྔོན་འགྲོ་འབུམ་བཞི་བསགས། དངོས་གཞི་ལའང་ཕྱོགས་ཙམ་སྦྱང་། རཏྣའི་ཕུར་པ་དང་ཐུགས་རྗེ་གསང་འདུས་སོགས་ཀྱི་བསྙེན་པའང་ལེགས་པར་གྲུབ། རིམ་པར་སྒྲུབ་པ་ཉམས་ལེན་བྱ་རྩིས་བཅས་བླ་ཚུགས་ཟིན་ཅིང་རང་གཞན་ལ་ཕན་ཐོགས་པ་ཞིག་འོང་བའི་རེ་བ་ཡོད་ཀྱང་། དགོན་འདིར་སྔར་ནས་སྲི་ངན་ཞུགས་པ་དང་ཕྱིས་འདིར་དུས་དབང་གིས་རང་གཞན་གང་དུའང་བཟང་པོ་གོ་ཆོད་ཐམས་ཅད་བར་ཆད་ཀྱི་དབང་དུ་གྱུར་པར་འདུག་པས་འདིའང་ལོ་ཉེར་གསུམ་ལས་འཚོ་ཐུབ་པ་མ་བྱུང་། སྐབས་འདིར་སྡེ་དགེ་ཡབ་སྲས་འབྱོན་པ་ལའང་བྱད་བཀྲོལ། ཚེ་དབང་སོགས་དང་། ཛཾ་ཐང་བླ་མ་ལྔ་ལ་དུས་འཁོར་མཆོག་དབང་། སྦྱོར་དྲུག་ལུང་སོགས་ཕྱོགས་འདུས་མང་ཞིག་གི་བཞེད་སྐོང་བྱས། འཛར་སྤྲུལ་དགོངས་བརྟགས་ལྟར་བཀའ་བརྒྱད་ཁྲོ་རོལ་ཞིག་ཀྱང་བཅའ་སྒྲུབ་བགྱིས། རྟག་གཏོར་གསོལ་ཁ་མགོན་སྒྲུབ་རྣམས་ཀྱང་སྒྲུབ་རྣམས་ནས་སྔ་རྒྱུན་ལྟར་གྲུབ་སོང་། ཆུ་སྦྲུལ་གནམ་ལོ་གསར་ཚེས་ཀྱི་ཡར་ངོ་ནང་ཚོགས་གསོག་འདོན་བྱ་སྔ་རྒྱུན་ལྟར་དང་། དཔོན་སློབ་ཉེར་གཅིག་གིས་མཐོང་གྲོལ་ལྷ་ཁང་དུ་འཕགས་མའི་སྙིང་ཐིག་སྒྲུབ་མཆོད་ཉིན་གསུམ་བྱས། སྐྱོ་བྲག་འབའ་རོམ་དགོན་ཆུང་སྤྲུལ་སྐུ་དཔོན་སློབ་རྣམས་ལ་མི་ལའི་བླ་སྒྲུབ་ཀྱི་དབང་ལུང་སོགས་བགྱིས། དམར་ཕྱོགས་སུ་བྲག་གཡབ་རིམ་གྲོ་སྔ་ལོ་ནས་བསྐུལ་མ་བྱུང་བ་ལྟར་དཔོན་སློབ་བཞི་བཅུ་སྐོར་གྱིས་བླ་མ་དགོངས་འདུས་སྒྲུབ་ཆེན་ཚུགས། དབོ་ཟླའི་ཚེས་དྲུག་ལ་དགའ་སྟོན་ཚོགས་བརྒྱ་བཅས་རྒྱས་པར་གྲུབ། དེ་ནས་རིམ་པར་སྒྲོལ་མ་ལྷ་ཁང་དུ་སྒྲུབ་མཆོད་དང་། ཚེ་ལྷ་རྣམ་གསུམ་སྒྲུབ་མཆོད་རྣམས་ཉིན་གསུམ་རེ་བསྒྲུབས། ཟླ་བ་སྔ་ཕྱི་འདི་རྣམས་ཀྱི་བར་མཚམས་སུ་གདམས་མཛོད་ལ་དགོས་པའི་ཡིག་ཆ་ཅི་འགྲུབ་ཏུ་བྲིས། ཞེ་རྫོགས་གཉིས་ནས་འོང་དགོས་པའི་གསུང་ནན་ཆེན་པོ་དང་བོད་མི་སྐུ་ཚབ་ཆེད་དུ་འབྱོར་ཡང་བགྲང་བྱའི་བབ་ལྕི་བ་དང་ལྟས་ཀྱང་ཅུང་ཟད་འཚུབས་པར་བྱུང་བས་ཞུ་རྟེན་བཅས་དགོངས་ཁྲོལ་ནན་དུ་ཞུས། ཉེར་གཅིག་ལ་རྗེ་བླ་མ་རིན་པོ་ཆེའི་སྐུ་མཆོད་པདྨ་བཛྲ་མང་འཚོགས་བགྱིས། ནག་པ་ཟླ་བར་སྐུ་ཞབས་མཆོག་སྤྲུལ། དབོན་སྤྲུལ། ཟུར་མང་དྲུང་སྤྲུལ། མཆོག་གླིང་གཏེར་སྤྲུལ་སོགས་འདུས་པ་མང་པོར་ཀར་ལུགས་དཀྱིལ་འཁོར་ཡོངས་རྫོགས། བླ་མ་གསང་འདུས་ཀྱི་དབང་སོགས་དང་། གཏེར་སྤྲུལ་ལ་དམིགས་བསལ་མཆོག་གླིང་གཏེར་ཆོས་སྔར་མ་གསན་རིགས་ཀྱི་དབང་ལུང་ཚང་བ་བྱས། སྒྲུབ་པ་རྣམས་ནས་རྡོར་སེམས་སྒྲུབ་ཆེན་ཚུགས་པ་ལའང་ཉིན་གསུམ་ཙམ་འཚོགས་བགྲོད་དང་མཐར་སྒྲུབ་དབང་རྒྱས་པར་བསྐུར། ས་ག་ཟླ་བར་སྤྲུལ་སྐུ་རྣམས་དང་བླ་མ་བཀྲ་ཤིས་བཀྲ་འཕེལ་སོགས་ལ་རང་རྩོམ་འཐོར་བུའི་རིགས་པུསྟི་བདུན་གྱི་ལུང་བཀླགས། རྫོང་སར་ནས་རྗེ་དབོན་སྐལ་བཟང་རྡོ་རྗེས་རྟེན་དང་བཅས་ནན་བསྐུལ་བྱུང་བ་ལྟར་ཟླ་བ་སྔ་རྗེས་འདི་དག་གི་བར་མཚམས་རྣམས་སུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་རྣམ་ཐར་བྲིས། དེའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་སོགས་ནི་སྙན་ངག་མཁན་གྱི་ཟློས་གར་ཙམ་ཡིན་པས་ཡོད་མེད་ཇི་ལྟར་བྱས་ཀྱང་ཁྱད་པར་མེད་མོད། དངོས་གཞིའི་རྣམ་ཐར་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་སྣང་བས་ཇི་བཞིན་པ་ནི་བདག་ལྟ་བུས་བརྗོད་པར་རྔོ་མི་ཐོགས་མོད། ཕྱོགས་མཐོང་ཙམ་གྱི་དབང་དུ་བྱས་ནས་ཅུང་ཟད་རྒྱས་པ་ཞིག་བྱུང་ན་ཤིན་ཏུ་གལ་ཆེ་བར་སྣང་མོད། དགུང་གྲངས་སོ་སོར་འདི་མཛད་ཀྱི་ཕྱག་ཐོ་སོགས་མི་བཞུགས་ཤིང་ཞབས་གྲས་རྣམས་ནས་གསལ་བར་ཤེས་མཁན་སུའང་མི་འདུག་པས་རྣམ་ཐར་རྩ་བ་ཞལ་གསུང་ཚིགས་བཅད་མར་གཞི་བྱས། གཞན་རང་ནས་ཐོས་ཚོད་རྣམས་སྒྲོ་སྐུར་མེད་པར་བཀོད། སྔར་གྱི་དབང་ལུང་གསན་པ་པོ་རྣམས་ཀྱིས་ཡོན་དང་ཞབས་བརྟན་གནང་སྐབས་གྲྭ་སྒང་དབོན་བླ་མ་བྱོན་ནས་རྡོ་རྗེ་རྒྱ་གྲམ་གྱི་བཞུགས་གདན་སྤུས་ལེགས་གནང་བྱུང་བས་རྟེན་འབྲེལ་ཤིན་ཏུ་དགེ །སྒྲུབ་ཁང་རྡོར་སློབ་སོགས་དཔོན་སློབ་ཚང་མར་ཞི་བྱེད་བཀའ་བབས་དང་པོ་དང་བར་པའི་དབང་རྣམས་དང་། གྲྭ་དབོན་ལ་བདེ་མཆོག་དྲིལ་བུ་ལུགས་ཀྱི་དབང་དང་རིམ་ལྔའི་ཁྲིད། ཡང་གཏེར་བླ་མ་བདེ་མཆོག་འཁོར་ལོའི་དབང་ལུང་ཁྲིད་གསུམ། ཚེ་བྷྲཱུྃ་དང་མཁར་མགོ་སྤྲུལ་སྐུ་སོགས་ལ་ནཱ་རོ་ཆོས་དྲུག་གི་ཁྲིད་ཀྱིས་རེ་ཞིག་གྲུབ་པར་བྱས་ནས་རྫོང་ཤོད་དུ་དལ་འགྲོས་ཀྱིས་ཕྱིན། ཟླ་བ་ལྔ་པའི་ཚེས་གསལ་དུ་དཔལ་ཡུལ་ལྷ་སྤྲུལ་དང་རྫོང་འགག་སྤྲུལ་སྐུ་རྣམ་གཉིས་འགུ་ལོག་དགོན་གསར་དུ་ཕེབས་ཞོར་ཆེད་འབྱོན་མཛད་ནས་འབུལ་ཆེན་གནང་བར་གསང་ཐིག་བླ་སྒྲུབ་ཀྱི་དབང་ལུང་ཁྲིད་བཅས། ལམ་ཟབ་ལེའུ་བདུན་ལུང་བྱས། རྫོང་སྤྲུལ་བསྙུན་གཞི་ལྕི་འདུག་པས་རེ་ཞིག་བརྟགས་དཔྱད་ཆེད་བཞུགས། གསོལ་སྨན་སྐུ་རིམ་རྐྱེན་སེལ་དབང་ཀ་སོགས་གང་དྲགས་མཛད་སོང་ཡང་བསྙུན་གཞི་བད་ཀན་ཚ་བ་རིམ་ལྗིས་ཞི་བར་གཤེགས། དགོངས་རྫོགས་རྟེན་རྒྱ་ཆེར་གནང་བས་གསོལ་དགུང་མ་རྫོགས་བར་འདོན་བྱ་ཅི་ནུས་བསྒྲུབས། ཟུར་མང་དྲུང་པ་སྤྲུལ་སྐུ་ཆེད་གཏད་ཕེབས་པ་ལ་རོལ་རྡོར་གཏེར་བྱོན་མཚོ་བྲག་གཉིས་ཀྱི་དབང་ལུང་ཁྲིད་བཅས་ཡོངས་སུ་རྫོགས་པར་བགྱིས། འདིའི་བཀའ་སྲུང་སྐོར་གྱི་རྗེས་གནང་ནི་ཞོར་ལ་འགྲོ། སྲོག་གཏད་རིགས་ཟུར་མང་དགོན་ཕན་ཚུན་བླ་སྤྲུལ་ཆེ་གྲས་རྣམས་ཀྱིས་བཀའ་རྒྱ་དམ་ཆེས་པས་བརྒྱུད་པ་ཆད། སྒྲུབ་བླ་འགའ་རེ་ནས་བརྒྱུད་པ་མ་ཆད་ཙམ་ཡོད་འདུག་ཀྱང་ཕྱག་ལེན་འདྲ་མིན་གཉིས་སུ་སོང་བས་རང་ནས་ཀྱང་ཐོས་པ་མ་བྱུང་། དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ནས་དཔོན་སློབ་སུམ་ཅུ་རྩ་གྲངས་ཀྱིས་རཏྣའི་ཚེ་སྒྲུབ་གསང་འདུས་ཀྱི་སྒྲུབ་ཆེན་ཚུགས། ཕྱི་སྒྲུབ་ནང་སྒྲུབ་བསྙེན་སྒྲུབ་ལས་གསུམ་བཅས་ཞག་ཉེར་གཅིག་གི་ཁོངས་སུ་འགྲོ་བར་བྱས་ནས་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་མཐའ་རྒྱས་སུ་གྲུབ། རང་གཞན་དགེ་རྩའི་ཆེད་དམིགས་དེ་ཀའི་འཕྲོས་སྨོན་ལམ་ཞིག་ཀྱང་འཚོགས། འདི་ལོ་སྡེ་དགེ་རྒྱལ་བློན་གྱོད་དོན་ཞིབ་དཔྱོད་ཉག་ཁོག་སྤྱི་ཁྱབ་མདའ་དཔོན་བདེ་སྨོན་པ་རྨེ་ཤོད་དུ་ཕེབས། སྔ་རྗེས་སྐྱབས་རྟེན་མང་དུ་འབྱོར་བ་སོགས་སྤྱི་བྱེ་བྲག་ལ་དམིགས་པའི་སྒྲོལ་མའི་མཎྜལ་དང་གསོལ་ཁ་ཡང་ནས་ཡང་དུ་འཚོགས་དགོས་པ་ཞིག་བྱུང་། ཟླ་བ་བདུན་པར་གོ་འཇོའི་སྒྲུབ་པ་བདུན། གླིང་བཙུན་མ་གཉིས་སོགས་ལ་བླ་མ་ཡང་ཏིག་གི་དབང་ལུང་ཁྲིད་གསུམ་ཚང་བར་བགྱིས། སྒྲུབ་པ་རྣམས་ཀྱི་འདོད་དོན་ལྟར་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་འགའ་ཞིག་ལ་ཕྱག་ཆེན་ཁྲིད་ཚང་བར་བྱས། ཟླ་བ་སྔ་ཕྱི་འདི་རྣམས་སུ་དུས་འཁོར་ལྷ་དགུའི་བསྙེན་ཡིག །གསང་ཐིག་ཡུམ་བཀའི་དབང་བསྒྲིག་དང་རྫོགས་རིམ་གྱི་ཁྲིད་ཡིག་སོགས་ཉིན་མང་དུ་བྲིས། ཐ་སྐར་ཟླ་བའི་ཚེས་བཅུར་སྒྲུབ་པ་རྣམས་ནས་སྒྲུབ་ཁང་གསར་བཞེངས་ནང་ཞབས་བརྟན་འབུལ་སར་ཕྱིན། རྗེ་བླ་མ་རིན་པོ་ཆེ་དེ་ཉིད་ཀྱི་བཀའ་དྲིན་ལས་རང་གི་ཚེ་རིམ་པར་བསྲིང་ཞིང་ཚད་ལུང་བསྟན་པ་རྗེས་མར་ཁེལ་བ་དང་རང་ལའང་སྔ་རྗེས་རྨི་ལམ་བྱུང་བ་སོགས་གུང་འགྲིགས་ཤིང་། འདི་སྐོར་ནས་རྨི་ལམ་ཡང་ཅུང་ཟད་འཚུབས་པས། རང་གི་ཚེ་འདིའི་བྱ་བའི་གཙོ་བོ་མཛོད་ལྔའི་སྐོར་དཀར་ཆག་བརྒྱུད་ཡིག་བཅས་གྲུབ། ཡིག་སྣ་ཕྲན་ཚེགས་འགའ་རེ་ལས་མཐའ་མ་བུད་པ་མེད། དེ་དག་གི་སྤར་ཡང་མཐའ་འདུས་ལ་ཉེ་བས་སེམས་ཀྱི་ལྷག་མ་ལུས་པ་གང་ཡང་མེད། དེང་སང་གི་དུས་ལ་དཔག་པའི་ཚེ་ཚད་ཀྱང་མཐར་ཕྱིན། དུས་སུ་བབས་པ་ལ་སངས་རྒྱས་བྱོན་ཀྱང་ཟློག་ཐབས་མེད་པ་ཤེས་ཀྱང་གཞན་དག་གི་རེ་ལྟོས་ནན་ཆེ་བ་སོགས་དགོས་པ་ཕྲན་ཚེགས་ཆེད་དུ་འཛར་ཀ་གཏེར་སྟོན་ལས་རབ་གླིང་པ་ལ་ཅིར་འགྱུར་བརྟག་པ་ཞུས་པས། ཁོང་ནས་འཛར་སྤྲུལ་ལའང་བཀའ་བརྟག་ཞུས་པ་གཉིས་ཀ་ཕྱོགས་མཐུན་གྱིས་རིམ་གྲོ་མང་ཞིག་བབས་པ་དེ་ལྟར་བསྒྲུབ་ན་ལོ་རྗེས་མར་ན་ངོ་ཙམ་ལས་གེགས་འཚེ་ཆེ་བ་མི་འབྱུང་བ་ཐུགས་ཐག་བཅད་འདུག་པ། བརྟགས་བབས་ཀྱི་མཁའ་འགྲོའི་མེ་མཆོད་འབུམ་ཐེར་གསུམ་བསྒྲུབས། དགུ་པའི་དམར་ཕྱོགས་སུ་ཀཿཐོག་བླ་མ་ནུས་ལྡན་གཉིས་དང་གྲྭ་ཚང་བཅས་པས་བཀའ་བརྒྱད་ཁྲོམ་ཕྱི་བདར་བཅའ་སྒྲུབ་མཛད། ཚེ་སྒྲུབ་མཚམས་པ་གསུམ་གཞག་དགོས་པ་དང་། ཡེ་འབར་སྒྲུབ་པའི་མཐར། རྒྱལ་པོའི་མདོས་ཆེན། དྲི་མེད་བཤགས་རྒྱུད་ཁྲི། ཚོགས་འབུམ་ཐེར་སོགས་འདི་ག་དང་། ཡང་ཁྲོད་ཕན་ཚུན་གཉིས་ཀ་ནས་དགེ་ལེགས་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་གྲུབ་ངེས་བྱས་སོང་། ཚོགས་མེ་མཆོད་བཤགས་རྒྱུད་སྐོར་ནི་རང་ཉིད་ཤི་མ་ཤི་ཇི་ལྟར་ཡང་འགྲུབ་པ་ཞིག་བྱེད་དགོས་སྙམ་པ་ཡིད་ལ་རྒྱུན་དུ་ཡོད་ཀྱང་རིམ་ལུས་ཤོར་བ་འདི་རེས་རྐྱེན་ངན་དགེ་སྐུལ་གྱི་དཔེར་སོང་། སྡེ་གཞུང་མའི་སྤྲུལ་སྐུ་ཕེབས་པར་རྒྱུད་བླ་མའི་བཤད་ལུང་། བློ་སྦྱོང་དོན་བདུན་མའི་ཁྲིད་སོགས་བཞེད་སྐོང་གང་དགོས་བྱས། སྨིན་ཟླའི་ཚེས་གསལ་སྤྱི་ཁྱབ་དཔོན་འཁོར་རྣམས་བྱོན་པར་དབང་ལུང་གང་དགོས་བགྱིས་ནས་ཐུགས་འདོད་བསྐང་། སྒྲུབ་ཕུག་ཕན་ཚུན་དུ་ཚོགས་འཁོར་དང་བཀྲ་ཤིས་རིང་མོའང་བརྗོད། དཀོན་མཆོག་སྤྱི་འདུས་དང་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཚོགས་སྟོང་ཕྲག །གཞན་སོ་སོའི་འདོད་སྐོང་སྐབས་སུ་བབས་པ་རྣམས་གྲུབ་ནས་ཚུར་བཏེགས་ཞོར་རྫོང་དགོན་དུ་ཀུན་གཟིགས་བླ་མ་རིན་པོ་ཆེའི་གཟིམ་སྤྱིལ་དུ་རྩ་གསུམ་དྲིལ་སྒྲུབ་ཚོགས་མཆོད་ཕུལ་ནས་ཡང་ཁྲོད་དུ་སླེབས། སྡེ་དགེ་སྲས་བླ་ཆེ་ཆུང་དང་གོ་འཇོ་བྲག་ནག་དགོན་པ་སོགས་སོ་སོར་དགོས་པའི་དབང་ལུང་རྣམས་བགྱིས་ནས་ཆོས་གླིང་ཕུར་པའི་བསྙེན་པ་བཏང་། ལོ་བསྟར་ཕུར་ཟློག །སྒྲོལ་དཀར་གསེར་སྐུ་སྒྲོས་ལེགས་ཅན་གསར་བཞེངས་གྲུབ་པར་གཟུངས་གཞུག་རབ་གནས་བྱས་ཤིང་བསྙེན་སྒྲུབ་སྦྲེལ་མར་བགྱིས། བཅུ་གཉིས་པར་རྟ་མགྲིན། མ་མོ། བདུད་རྩི་བཅས་སྙན་བརྒྱུད་རྣམ་པ་གསུམ་གྱི་བསྙེན་སྒྲུབ་དང་། ལོ་མཇུག་མགོན་པོའི་གཏོར་སྒྲུབ་ལའང་ཁྱུགས་ཙམ་ཕྱིན། ཤིང་རྟ་གནམ་ལོ་གསར་ཚེས་རང་ལོ་གྱ་གཉིས་པར་སོན་པའི་ཚེས་གཉིས་ནས་ཡམས་ཐབས་ལྟ་བུས་ནད་གཞི་ལྕི་བས་ཟིན། ཁྱད་པར་གློ་འཁྲུགས་ཀྱི་རྒྱུན་སྔར་ནས་ཡོད་པ་དེས་ལུས་ཁམས་དཀྲུགས། གཉིད་གཏན་ནས་སངས་པ་བཅས་ལ་སྐྲག་ནས་ཚེ་རིང་དོན་གྲུབ་ཀྱིས་ཀཿཐོག་འཛར་ཀ་རྣམས་ལ་བརྟགས་ཞུས། ཡར་མར་རྒྱེབ་ཆོག་སོགས་འུར་ཆེ་བར་བྱས་སོང་། རང་ནས་སྒྲིབ་སྦྱོང་ཆེད་དམིགས་ཆོ་འཕྲུལ་ཟླ་བ་དེ་ཁོངས་དཔལ་སྤུངས་འདུས་སྡེར་ཡིག་དྲུག་དུང་ཕྱུར་ལག་འཛུག་དང་། འདུས་པ་སུམ་བརྒྱ་ཡར་བརྒལ་ལ་དར། དངུལ་ཞོ་གསུམ་རེའི་ཕྱག་འགྱེད་ཞུས། སྡེ་དགེ་སྐུ་ངོ་རྣམས་དང་། དཔལ་སྤུངས་སྐུ་མཆེད་བླ་གྲྭ་སོགས་ནས་ཞབས་བརྟན་སོ་སོར་གནང་། སྒྲུབ་པ་རྣམས་ནས་སྒྲོལ་དཀར་སྒྲུབ་མཆོད་མང་དུ་བཏང་བ་སོགས་ཀྱིས་ནད་དངོས་གཞི་དྭངས་རུང་བགྲང་བྱའི་བབ་ལྗི་བས་ལུས་ཁམས་སོར་ཆུད་པའི་རེ་བ་དཀའ་འདུག །མཁན་བླ་མ་བཀྲ་ཤིས་འོད་ཟེར་དང་། གསེར་ཐལ་བླ་མ་ཨོ་རྒྱན་ལྷུན་གྲུབ་གཉིས་ཀྱིས་སྔར་ནས་རྣམ་ཐར་ཞིག་བྲི་དགོས་ཚུལ་ལན་གྲངས་མང་པོར་བསྐུལ་བ་དང་། མཁས་དབང་བླ་མ་བཀྲ་ཤིས་ཆོས་འཕེལ་ནས་དེ་མཚུངས་བསྐུལ་མ་དང་ཡི་གེའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་དབང་ལུང་འཆད་ཉན་སོགས་རེ་བ་མེད་ཅིང་དལ་སྡོད་སྐབས་སུ་གཉིད་བསང་བྱེད་དུ་འདི་ཙམ་མ་བྲིས་ཀ་མེད་གྱུར་པ་ལགས། སྤྱིར་ཁྱད་གཞི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། ཁྱད་ཆོས་མཐོ་རིས་ཡོན་ཏན་བདུན། འཁོར་ལོ་ཆེན་པོ་བཞི་དང་ཡང་ལྡན། དོན་གྱི་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཙམ་དུ་མ་ཟད་དུས་གསུམ་དུ་མ་བྱོན་མི་འབྱོན་འབྱོན་པར་མི་འགྱུར་བ་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་ནས། རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་པ་ལྟར་ཇི་འདོད་རང་དབང་དུ་སྤྱོད་དུ་ཡོད་པ་འདི་ལྟ་བུ་ནི་འཁོར་བའི་གནས་སྐབས་ནམ་དུའང་རྙེད་མི་སྲིད་པར་འདུག་ཀྱང་། ལས་སྨོན་དབང་བཙན་པ་དང་རང་དབང་གཞན་ལ་ཤོར་བ་ལྟ་བུས་ཆེད་དུ་ཡིད་ལ་བརྣག་པའི་སྒྲུབ་པ་སྙིང་པོར་བྱེད་པ་ནི་ལག་ཏུ་མ་ཐེབས། ཡིད་ལ་མེད་པའི་བྱ་བ་ལས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པ་ཞིག་གིས་གཡེང་། འོན་ཀྱང་ཆུང་ངུའི་དུས་ནས་འཇིག་རྟེན་གྱི་བྱ་བཞག་ཤུགས་ཀྱིས་བོར། སྐུ་སྐྱེ་སོགས་ཀྱི་མིང་མ་ཐོགས། དགོན་པའི་ཁ་འཛིན་གྱི་དཀོར་སྡུད་པ་སོགས་ཀྱི་བྱ་བ་གང་ཡང་མ་དགོས་པས་ད་ལྟའི་བར་དུ་དགེ་བ་དང་ཆོས་ཀྱི་བྱ་བ་འབའ་ཞིག་ལ་བརྩོན་པ་འདི་དག་རྣམ་ཐར་གྱི་སྙིང་པོ་ཡིན་ཅིང་རང་ལོ་སུམ་ཅུ་སོ་བགྲང་ཕན་ལ་དད་ཟས་དང་གཤིན་སྐོར་ཡང་ཟོས་པ་མེད་ཀྱང་དེ་ཕྱིན་ནས་དཀོར་ནག་གི་ཁུར་པོ་ཇེ་ལྕི་སོང་། གསལ་སྣང་དང་ཡོན་ཏན་གྱི་རིགས་ཕྱིར་ལ་འགྲིབས། སྡིག་ལྟུང་དང་བག་ཆགས་ངན་པ་ཇེ་འཕེལ་དུ་སོང་བས། མདོ་སྡེ་ལས། སྡིག་ཅན་ཞིག་གིས་ཉིན་རེ་བཞིན་མི་སྟོང་ཕྲག་བསད་པ་ལས་ཚུལ་ཁྲིམས་འཆལ་པས་དཀོར་ལ་སྤྱོད་པ་ཉེས་པ་ཆེ་བར་གསུངས་པས། ཚུལ་ཁྲིམས་རྣམ་པ་གསུམ་ཁས་མ་བླངས་པ་རང་གཞན་སུའང་མེད་ཀྱང་། སོ་ཐར་ལ་བུད་མེད་མངོན་མཚན་དུ་མེད་ན་སྡོམ་པ་གཙང་བར་བརྩི་བ་ལས་དགོན་དཔོན་བླ་མ་རྣམས་ནས་ཀྱང་རྩ་ལྟུང་གཞན་ལ་བརྩི་འཇོག་མེད། བྱང་སྡོམ་རྩ་བ་སེམས་ཅན་བློས་སྤངས་དང་ནག་པོའི་ཆོས་བཞི་རྣམས་ཀྱང་ཉམས་ལེན་དུ་བསྟར། སྔགས་ཀྱི་དམ་ཚིག་རྩ་བ་ཡན་ལག་ཕལ་ཆེར་ཇི་མི་སྙམ་པར་སྤྱོད་ན་བླ་མེད་དབང་བཞིའི་དམ་ཚིག་འཇའ་ལྟར་ཡལ་བ་ལྟ་ཅི་སྨྲོས། དེ་དག་གི་རྒྱུ་ལྟུང་བ་འབྱུང་བའི་སྒོ་བཞིར་གསུངས་པ་མི་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་རྣམས་ཏེ། མི་ཤེས་པ་ནི་དེང་སང་གི་བླ་སྤྲུལ་དུ་མཚན་གསོལ་བ་ཕལ་མོ་ཆེས་ཀྱང་སྡོམ་པ་གསུམ་གྱི་བཅས་པ་སྲུང་མཚམས་འདས་ཉམས་ཀྱི་རྣམ་གཞག་ཕྱོགས་ཙམ་ཤེས་པ་མེད་ན་གྲྭ་རིགས་རྣམས་ཀྱིས་ལྟ་ཅི་སྨྲོས། བསླབ་པ་ལ་སྙིང་ནས་མི་གུས་པ་མེད་ཀྱང་རྒྱུ་མཚན་མི་ཤེས་པས་གུས་པའང་མེད་ཅིང་དེ་ལས་འགའ་ཞིག་ཤེས་བཞིན་ཁྱད་དུ་གསོད་པ་ནི་ཤིན་ཏུ་ནོངས་པ་ཆེ་བ་དང་། བག་ཡོད་པ་དྲན་པ་དང་ཤེས་བཞིན་བསྟེན་དགོས་ཀྱང་དེ་བསྟེན་མ་ནུས་པས་སྒོ་གསུམ་བག་མེད་དབང་དུ་ཤོར་བ་དང་། སྙིགས་དུས་སུ་སྐྱེས་པའི་མི་རྣམས་ཉོན་མོངས་པ་རིམ་བཞིན་ཇེ་ཧྲག་ཏུ་སོང་བས་དུག་གསུམ་གང་རུང་གི་དབང་དུ་ཤོར་བ་ཤས་ཆེ་བས། རང་ཉིད་ཀྱང་དེ་ལྟ་བུའི་ནོངས་པས་འགྲོ་ས་ངན་སོང་ལས་མེད་པར་དོགས་པའི་ཁོང་འཚང་ནི་རྒྱུན་དུ་འབྱུང་བར་སྣང་བ་ནི་འཕྲོས་སུ་ཐལ་ལོ། །སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་རྨད་དུ་བྱུང་བ་དམ་པའི་ཚུལ་དགུ་དང་འཁོར་ལོ་གསུམ་དུ་གྲགས་པའི་དབང་དུ་བྱས་ན་དེ་དག་ཇི་བཞིན་གར་ཡོད་ཀྱང་ཕྱོགས་དང་ཆ་ཤས་ཙམ་རེ་ནི་བརྗོད་དུ་ཡོད་ཅིང་དེ་ལས། ཀློག་པ་ཐོས་བསམ། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་དུ་བསྡུས་ཏེ་བརྗོད་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་རིན་པོ་ཆེ་རྣམ་པ་གསུམ་ལེགས་པར་ནོས་ཏེ་སོ་སོའི་བསླབ་བྱ་ཅི་ནུས་སུ་བསྲུངས། ཕྱི་རིག་པ་སྒྲ་ཀ་ཙཱན་དབྱངས་གསུམ་གཞུང་ཡན་ལག་དང་བཅས་པ། ཚད་མ་ལས་བསྡུས་པའི་འགྲོ་ཕྱོགས། བཟོ་རིག་བྲིས་འབུར་དང་གཞལ་ཡས་ཁང་གི་ཐིག་རྩ། གསོ་བ་རིག་པ་རྒྱུད་བཞི་ལག་ལེན་བཅས། སྐར་ནག་རྩིས་ཀྱི་རིག་པ། སྡེབ་སྦྱོར་སྙན་ངག་མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ་དང་བཅས་པ་རྣམས་གཞན་ལ་ལྟོས་མི་དགོས་པ་སྦྱངས། ནང་རིག་པ་ཐུན་མོང་བ་མངོན་རྟོགས་རྒྱན། དབུ་མ་འཇུག་པ། མངོན་པ་མཛོད། རྒྱུད་བླ་མ་རྣམས་ཀྱི་བཤད་པ་ཞིབ་མོར་ཉན། ཐུན་མོང་མ་ཡིན་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་དང་བཅས་པ་ཞ་ལུ་ནས་བརྒྱུད་པའི་བཤད་པ་དང་བུ་སྟོན་ཡབ་སྲས་ཀྱི་ཡིག་ཆའི་ལུང་། བདེ་མཆོག་རྩ་རྒྱུད་འགྲེལ་པ་རྗེ་ཙོང་ཁ་པའི་སྦས་དོན་ཀུན་གསལ་གྱི་བཤད་པ། དགྱེས་རྡོར་བརྟག་གཉིས་ས་རྔོག་གཉིས་ཀའི་བཤད་སྲོལ་དང་སོ་སོའི་ཡིག་ཆའི་ལུང་། ཕུར་པ་རྩ་དུམ་དང་འཇམ་དཔལ་མཚན་བརྗོད་རྣམས་ཀྱི་བཤད་པ། རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས་འབྱེད་པ། སྙིང་པོ་བསྟན་པ་རྣམས་ཀྱི་ཞིབ་བཤད་ཞུས། རྙིང་མ་ལ་རྩ་རྒྱུད་གསང་བ་སྙིང་པོ་སྨིན་གླིང་ལོ་ཆེན་གྱི་འགྲེལ་པ་ལྟར་གྱི་བཤད་ཆེན། སྤར་ཁབ་སོགས་སྔ་འགྲེལ་རྣམས་ཀྱི་ལུང་། མན་ངག་ལྟ་ཕྲེང་དང་གསང་སྔགས་ལམ་རིམ་གྱི་བཤད་ཁྲིད་བཅས་ཕྱག་ལེན་ལྟར་ཞིབ་པར་ནོས་ཤིང་དེ་དག་གི་རྩ་བ་ཕལ་མོ་ཆེ་བློ་འཛིན་དང་འགྲེལ་པ་ལ་ལྟ་རྟོག་བསམ་མནོའང་བགྱིས། བསྟན་པ་འདིའི་དམ་ཆོས་ཀྱི་གཙོ་བོ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས། གསང་སྔགས་རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ། བསྟན་འགྱུར་ལས་དེང་སང་རྒྱུན་བཞུགས་སོ་འཚལ་པོད་ཉི་ཤུ་རྩ་བགྲང་སྐོར་གྱི་ལུང་ནོས། རྡོ་རྗེ་ཐེག་པའི་རྩ་བ་བྱ་རྒྱུད་ལས་རིགས་གསུམ་སྤྱི་དམ་ཚིག་གསུམ་བཀོད། སྨན་བླ་ཞེ་བདུན་མ། གཤེགས་རིགས་དྲི་མེད་རྣམ་གཉིས། གདུགས་དཀར། མི་འཁྲུགས་ལུགས་གཉིས། གྲྭ་ལྔ། པདྨའི་རིགས་དོན་ཡོད་ཞགས་པ། ཕྱག་སྟོང་སྤྱན་སྟོང་། ཚེ་དཔག་མེད་ལྷ་དགུ་འཆི་མེད་རྔ་སྒྲ། ཕྱག་རྡོར་དཀར་མཐིང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། ཨ་ར་པ་ཙ་ལྷ་ལྔ། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས། འཇམ་དཔལ། ཆོས་དབྱིངས་གསུང་དབང་དང་གསང་ལྡན། སྦྱོང་རྒྱུད་གཙུག་ཏོར་དགུ་པ། རྩ་བ་ཀུན་རིག་ལུགས་གཉིས། ཡན་ལག་དཀྱིལ་འཁོར་བཅུ་གཉིས་རྣམས་ཀྱི་དབང་ལུང་ཚང་བ་ནོས། བླ་མེད་ལ་དཔལ་དུས་ཀྱི་འཁོར་ལོ་རྭ་འབྲོ་ཙ་མི་གསུམ་གྱི་བཀའ་སྲོལ་ཇོ་ཞལ་ཀཾ་ཚང་ལས་བརྒྱུད་པའི་དབང་ཐུན་མོང་ཁྱད་པར་བཅས། སྡོམ་པ་ཆེན་པོ། དགྱེས་རྡོར་ས་ལུགས་བཞི་ནང་གསེས་དང་བཅས་པ། རྔོག་ལུགས་ལྷ་དགུ། བདག་མེད་མ། གུར་རིགས་བསྡུས། སཾ་བུ་ཊི་རྣམས་ཀྱི་དབང་། བདེ་མཆོག་སྟོད་འགྲེལ། ལཱུ་ཡི་ལུགས། དྲིལ་བུ་ལུས་དཀྱིལ་དང་དྲིལ་ཆུང་ལྷ་ལྔ། ནག་པོ་ལུགས། འཁྲུལ་སྤངས། མཻ་ཏྲི་བཅུ་གསུམ། ཡུམ་བཀའ་ཕག་མོ་སོ་བདུན་མ། ནཱ་རོ་མཁའ་སྤྱོད། དམྱལ་ལུགས་བདེན་གཉིས་ཞལ་ཅན། དོན་གྲུབ་མ། ཞི་སྦས་ཕག་མོ་རྣམས་རྩ་རྒྱུད་ལས་འབྱུང་བ་དང་། སྡོམ་འབྱུང་། སྦྱང་བའི་ཡོན་ཏན། འཁོར་ལོས་སྒྱུར་དྲུག །གསར་འགྱུར་བདེ་མཆོག་འཇམ་རྡོར་དང་དྲག་པོ་ཕྱག་འབུམ་པ། བོང་ཞལ་ཅན། ཕག་མོ་ལྷ་བཅུ་བདུན་མ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་བརྒྱུད་སྲོལ་གསུམ་འདུས། གསར་འགྱུར་ཕག་གདོང་ཆེན་མོ་ཕག་མོ་འབྱུང་བ། ཁྲོ་བོ་རྡོར་སེམས་བཅས་བཤད་རྒྱུད་ལས་འབྱུང་བ་རྣམས་དང་། བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བ། ཀུ་རུ་ཀུལླེ་ལྷ་ལྔ། སྒྲོལ་མ་རྣལ་འབྱོར་མ་བཅས། མ་རྒྱུད་གཞན་རྣམས་སླད་ནས་འབྱུང་ཞིང་། ཕ་རྒྱུད་འདུས་པ་ཕག་ལུགས། གསང་འདུས་འཇམ་རྡོར་དང་ཇོ་ལུགས་སྤྱན་རས་གཟིགས། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། ཞང་ལུགས་གཤེད་ནག །གདོང་དྲུག །འཇིགས་བྱེད་རོ་ལངས་བརྒྱད་བསྐོར་དང་བཅུ་གསུམ་མ། སྐྱོ་ལུགས་ཞེ་དགུ་མ་དང་ཁྲོ་མོ་བརྒྱད་སྐོར། མལ་ལུགས་ལྷ་དགུ། ཕྱག་རྡོར་འཁོར་ཆེན། འཇམ་དཔལ་གསང་ལྡན་བླ་མེད་ལུགས་བཅས་ཀྱི་དབང་། ཡིག་ཆ་རྣམས་ཀྱི་ལུང་། སོ་སོའི་ཁྲིད་ཀྱི་རིམ་པ་དང་བཅས་ཞིབ་པར་ནོས། བོད་ཡུལ་དུ་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་དང་པོ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གསུམ་ལས། བཀའ་མ་མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། གཤེད་དམར་ནག་གསུམ། ཡང་དག་ལུགས་གཉིས། ཕུར་པ་ལུགས་གསུམ། དོང་སྤྲུགས་གཉིས། བཀའ་བརྒྱད་རྫོང་འཕྲང་། རྣམ་འཇོམས་ཁྲོ་དཀར་ནག་སོགས་དེང་སང་རྒྱུན་བཞུགས་སོ་ཅོག་གི་དབང་ལུང་། ཀུན་མཁྱེན་ཀློང་ཆེན་པའི་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། གསུང་ཐོར་བུའི་རིགས། ཁྱད་པར་སྙིང་ཐིག་ཡ་བཞིའི་དབང་ལུང་ཁྲིད་བཅས། གཏེར་མ་སངས་རྒྱས་བླ་མ་དང་རྡོར་འབུམ་ཆོས་ཀྱི་གྲགས་པ་སོགས་ནས་བཟུང་། མངའ་བདག་ཉང་། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་སྟེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། གླིང་ཆེན་སྡེ་ལྔ་གཙོར་གྱུར་གླིང་པ་ཡོངས་གྲགས་རྣམས། ལས་འབྲེལ་རྩལ། དྲི་མེད་རྣམ་གསུམ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། སྟག་ཤམ་རྡོ་རྗེ། ཡོངས་དགེ་མི་འགྱུར་རྡོ་རྗེ། རོལ་པའི་རྡོ་རྗེ། པདྨ་འོད་གསལ་མདོ་སྔགས་གླིང་པ། མཆོག་གྱུར་བདེ་ཆེན་གླིང་པའི་བར་དུ་བྱོན་པའི་གཏེར་ཆེན་རྣམས་ཀྱི་གཏེར་ཆོས་དེང་སང་རྒྱུན་བཞུགས་སོ་ཅོག་གི་དབང་ལུང་ཁྲིད་དང་བཅས་པ། འཕྲང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་བཀའ་འབུམ་པོད་གཅིག །སྨིན་གླིང་གཏེར་ཆེན་བཀའ་འབུམ་པོད་བཅུ་བཞི་གཙོར་གྱུར། བཀའ་འབུམ་རྣམ་ཐར་ཞལ་གདམས་གསུང་མགུར་རིགས། གཏེར་ཕྲན་རྒྱུན་ཡོད་དོ་ཅོག །དག་སྣང་སྙན་བརྒྱུད་སྐོར་ལ། ནམ་མཁའ་འཇིགས་མེད། ཉི་ཟླ་ཀློང་གསལ། གནམ་ཆོས་མི་འགྱུར་རྡོ་རྗེ། རྒྱལ་དབང་ལྔ་པ་ཆེན་པོ། འཇིགས་མེད་གླིང་པ། ཐུགས་ཀྱི་རྡོ་རྗེ་གཙོ་བོར་གྱུར་པའི་གཏེར་ཆོས་ཆེ་ཕྲ་དུ་མའི་དབང་ལུང་རྣམས་དང་། གནམ་ཆོས། འཇིགས་མེད་གླིང་པ་སོགས་ཀྱི་གསུང་འབུམ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་དྲུག །ཞེ་ཆེན་རབ་འབྱམས་གཉིས་པའི་བཀའ་འབུམ་པོད་དགུ། རྒྱལ་ཚབ་གསུང་པོད་གཉིས། དབོན་སྤྲུལ་རིན་པོ་ཆེའི་གསུང་འབུམ་པོད་གཅིག་བཅས་ཀྱི་ལུང་རྣམས་ནོས། གཉིས་པ་བཀའ་གདམས་རིན་པོ་ཆེའི་སྐོར་ལ། ཐིག་ལེ་བཅུ་དྲུག་དང་ལྷ་བཞི་རྣམས་ཀྱི་དབང་རྗེས་གནང་ཁྲིད་བཅས། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཕ་ཆོས་བུ་ཆོས་སུ་གྲགས་པ། བྱང་ཆུབ་ལམ་རིམ་རྩ་བ་དང་ཤ་ར་བས་མཛད་པའི་ཁྲིད་ཡིག་འབྲིང་པོ། གསེར་ཞུན་བདེ་ལམ། འཇམ་དཔལ་ཞལ་ལུང་རྣམས་ཀྱི་ཞིབ་ཁྲིད། པུ་ཏོ་བའི་དཔེ་ཆོས་རྒྱས་འགྲེལ་གཏམ་རྒྱུད་བཅས། ལྕེ་སྒོམ་པའི་མན་ངག་རིན་སྤུངས་དང་བཀའ་གདམས་ཐོར་བུ། དོལ་པོ་པའི་བེ་བུམ་སྔོན་པོ། ནག་ཚོ་ལོ་ཙཱ། འབྲོམ་སྟོན། ཁ་རག་པ་སོགས་ཀྱི་གསུང་ཐོར་བུ། གྱེར་སྒོམ་པའི་རི་ཆོས། བློ་སྦྱོང་དོན་བདུན་མ་དང་། དེའི་ཞིབ་ཁྲིད་སྙན་བརྒྱུད་ཆེན་མོ། ལེགས་བཤད་ཀུན་འདུས། གླང་རི་ཐང་པའི་ཚིག་རྐང་བརྒྱད་མ། ཁམས་པ་ལུང་པའི་ཐུན་བརྒྱད་མ་གཉིས་ཀྱི་ཁྲིད། བློ་སྦྱོང་བརྒྱ་རྩའི་བེ་བུམ། རྒྱལ་སྲས་ཐོགས་མེད་ཀྱི་བཀའ་འབུམ། རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་སོགས་བཀའ་གདམས་གསར་མའི་སྐོར་ཐོར་བུ། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང་སོགས་ནོས། གསུམ་པ་ས་སྐྱ་པའི་གདམས་ངག་རྩ་བ་ལམ་འབྲས་བུ་དང་བཅས་པ་ལས་སྔགས་ལུགས་ཀྱི་སེམས་བསྐྱེད། ཀྱེ་རྡོར་རིགས་བཞིའི་དབང་སྔོན་དུ་འགྲོ་བས་ལམ་འབྲས་ཚོགས་བཤད་རྩ་བ་ཡན་ལག་དང་བཅས་པ། སྐབས་སུ་བབས་པའི་བྱིན་རླབས་ཀྱི་རིགས། ལམ་འབྲས་པོད་སེར། པོད་དམར། པོད་སྔོན་རྣམས་ཀྱི་ལུང་། བརྟག་གཉིས་རྒྱུད་བཤད་ཀུན་ཏུ་དགོས་པའི་གཞུང་བདུན་དང་བཅས་པ། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཁྲིད་དང་གཞུང་པོད་ཀྱི་ལུང་། བླ་མེད་རྒྱུད་སྡེ་རྣམས་ཀྱི་དབང་དང་གསེར་ཆོས་བཅུ་གསུམ་དུ་གྲགས་པ་གཙོར་གྱུར་བྱིན་རླབས་དང་རྗེས་གནང་གི་རིམ་པ་མང་དུ་ནོས། སྒྲུབ་བརྒྱུད་ཤིང་རྟ་བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་སྐོར་ལ། ཕྱག་ཆེན་རྒྱ་གཞུང་པོད་གཉིས། བཀའ་ཡང་དག་པའི་ཚད་མ་དང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཀ་དཔེ་ཆེ་ཆུང་སོགས་ཆོས་དྲུག་གི་རྒྱ་གཞུང་རྣམས་དང་། མར་མི་གཉིས་ཀྱི་རྣམ་མགུར་སྦྲགས་མ། དྭགས་པོ་རིན་པོ་ཆེའི་བཀའ་འབུམ་པོད་གཅིག་རྩ་བ་སྙན་བརྒྱུད་སྐོར་ལ་རྒྱས་པ་རས་ཆུང་ལུགས། འབྲིང་པོ་ཀཾ་ཚང་ལུགས། བསྡུས་པ་ངམ་རྫོང་ལུགས་རྣམས་ཀྱི་དབང་ལུང་ཁྲིད་བཅས། ལུས་མེད་མཁའ་འགྲོའི་ཆོས་སྐོར། སྙན་གྱི་ཤོག་དྲིལ་བཞི། བཀའ་བརྒྱུད་སོ་སོའི་བཀའ་སྲོལ་དྭགས་པོ་གདན་སའི་ལུགས། ཚལ་པ་བཀའ་བརྒྱུད། ཕག་གྲུ། ཁྲོ་ཕུ། གླིང་རས་བཀའ་བརྒྱུད་འབྲུག་པ་སྟོད་སྨད་བར་གསུམ། ཡང་དགོན་པ་དང་འབའ་ར་བ། སྟག་ལུང་འབྲི་གུང་པ་རྣམས་སོ་སོའི་ལུགས་ཀྱི་ཕྱག་ཆེན་ཆོས་དྲུག །དགོངས་གཅིག་གི་བཤད་པ་སོགས་དང་། སྨར་ཚང་ཡེ་ཤེས་རྒྱ་མཚོའི་ཕྱག་ཆེན་གྱི་ཁྲིད་ཆེན། ཁྱད་པར་ཀཾ་ཚང་ལུགས་སུ། དཔལ་ལྡན་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་དང་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་རྣམས་ཀྱི་དབང་། ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་སོགས་ཀྱི་རྗེས་གནང་། དུས་མཁྱེན་བཀའ་འབུམ་པོད་གཅིག །རང་བྱུང་ཞབས་དང་མཁའ་སྤྱོད་དབང་པོ་དབང་ཕྱུག་རྡོ་རྗེ་སོགས་ཀྱི་གསུང་ཐོར་བུ། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་དང་ཁྲིད་ཐུང་པུསྟི། ཀུན་གཟིགས་ཆོས་ཀྱི་འབྱུང་གནས་དང་རྗེ་པདྨ་ཉིན་བྱེད་དབང་པོའི་གསུང་འབུམ། ཟུར་མང་བཀའ་བརྒྱུད་ཀྱི་གསུང་ཚོགས་ཅི་རིགས། གནས་མདོ་ཀརྨ་ཆགས་མེད་ཀྱི་གསུང་རི་ཆོས། རྒྱབ་ཆོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ནས་བརྩམ། གཏོ་མདོས་སྐོར་ཡན་བཀའ་འབུམ་པུསྟི་ཉི་ཤུ་སྐོར་གྱི་ལུང་ནོས། ལྔ་པ་ཤངས་པ་བཀའ་བརྒྱུད་ལ། རྡོ་རྗེ་གདན་པ་ལས་མཁས་གྲུབ་ཁྱུང་པོས་གསན་པའི་རྒྱུད་སྡེ་ལྔའི་དབང་ཆེན། ཆོས་དྲུག་བཀའ་བཅུ། གཞུང་བཀའ་ཕྱི་མ་རྣམས་དང་། མགོན་པོའི་བཀའ་ཆེན་བཅུ་གསུམ་བཅས། ནི་གུ་ལུགས་ཀྱི་གསེར་ཆོས་རྣམ་ལྔ། སུ་ཁ་སིདྡྷིའི་ཆོས་དྲུག་ཕྱག་ལེན། རཱ་ཧུ་ལའི་ལྷ་བཞི་དྲིལ་སྒྲུབ་རྣམས་ཀྱི་ཁྲིད། རྒྱ་བོད་ཀྱི་གཞུང་དང་ཡིག་ཆ་པུསྟི་ལྔར་ལོངས་པ་རྣམས་ཀྱི་ལུང་བཅས་ནོས། དྲུག་པ་ཞི་གཅོད་ཀྱི་སྐོར་ལ། བཀའ་བབས་དང་པོ། བར་པ། ཕྱི་མ་བཅས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས། སོ་སོའི་ཁྲིད། དམ་པའི་གསུང་ཐོར་བུ་ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་པོད་གཅིག་གི་ལུང་བཅས། གཅོད་ཡུལ་བཀའ་བབས་དང་པོ་རང་བྱུང་རྡོ་རྗེ། བར་པ་འཇམ་དབྱངས་མགོན་པོ། ཕྱི་མ་རྒྱལ་ཐང་ལུགས་རྣམས་ཀྱི་དབང་དང་ཁྲིད། བྲམ་ཟེ་ཨཱརྻ་དེ་བ་དང་མ་གཅིག་གི་གཅོད་གཞུང་པོད་གཅིག །ཟུར་མང་དང་རྒྱལ་ཐང་ལུགས་ཀྱི་གཅོད་གཞུང་པོད་གསུམ་ཙམ་གྱི་ལུང་རྣམས་ནོས། བདུན་པ་རྡོ་རྗེའི་རྣལ་འབྱོར་ལ་དུས་འཁོར་ཇོ་ཞལ་ལུགས་གཉིས་ཀྱི་དབང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད། རྒྱ་གཞུང་ཁ་ཤས། བསྐྱེད་རྫོགས་སྒྲུབ་དཀྱིལ་དང་བཅས་པའི་ཡིག་ཆའི་ལུང་ཚང་བར་ནོས། བརྒྱད་པ་བསྙེན་སྒྲུབ་ལ། གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག་རྩ་བ་འགྲེལ་པ་རྣམས་སོགས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཁྲིད་དང་པུསྟི་ཀ་གཅིག་གི་ལུང་ནོས། སྤྱིར་བསྡུས་པ་མི་ཏྲ་ཛོ་ཀིའི་རྡོ་རྗེ་ཕྲེང་བ། སྣར་ཐང་བརྒྱ་རྩ་བ། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་ཆོས་དྲུག་ཁྲིད། ཡིག་ཆའི་ལུང་། ཇོ་ནང་སྒྲུབ་ཐབས་རིན་འབྱུང་། རྗེ་བླ་མ་རིན་པོ་ཆེས་གསར་བསྒྲིགས་མཛད་པའི་སྒྲུབ་ཐབས་ཀུན་བཏུས་པོད་བཅུ་རྣམས་དང་། གཞན་ཡང་མི་ཏྲ་ཁྲིད་དྲུག་གི་དབང་ཁྲིད་ལུང་། ཁྲོ་ཕུ་བོ་དོང་སོགས་ཀྱི་ཁྲིད་ཕྲན་རིགས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་བསྡུས་པའི་ཁྲིད་བརྒྱ་ཚར་གཉིས་སོགས་རྒྱལ་བསྟན་རིས་མེད་ལ་ཐོས་པ་མང་དུ་བྱས་པའོ། །ཐོས་པའི་ལག་རྗེས་རྩོམ་པ་ནི། གཙོ་བོར་མཛོད་ཆེན་རྣམས་ཏེ་དེའང་ཐོག་མ་ནས་བསམ་མནོ་བགྱིས་ཏེ་མཛོད་ལྔའི་མིང་བཏགས་དགོས་སྙམ་པ་ནི་ཡིད་ཀྱི་ཟུར་ལའང་མེད། བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བསྐུལ་ནན་བསྐྱར་ལ་བརྟེན་ཏེ་རྩོམ་བསྒྲིགས་མང་ཞིག་གྲུབ་པའི་སྐབས་སུ། ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་ངོར་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བ་ལྟར་བགྱིས་པ་སྟེ། མཛོད་ལྔའི་ཐོག་མ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ནི། ཐོག་མར་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་ཀྱི་མིང་དང་མཆོད་བརྗོད་དམ་བཅའ་སྔོན་དུ་འགྲོ་བས། བར་དུ་དགེ་བ་གཞུང་གི་དོན་ལ་གདུལ་ཞིང་འཇིག་རྟེན་ཁམས། འདུལ་བྱེད་སྟོན་པ་སངས་རྒྱས། འདུལ་ཐབས་ཆོས་ཀྱི་འཁོར་ལོ། དེ་ཉིད་འཕགས་བོད་རྣམས་སུ་དར་ཚུལ། གཞི་རྟེན་ཚུལ་ཁྲིམས་རྣམ་གསུམ། དང་པོར་ཐོས་པ། བར་དུ་བསམ་པ། ཐ་མར་སྒོམ་པའི་རྣམ་གཞག །དེ་ལ་བརྟེན་ནས་ས་ལམ་བགྲོད་པ། མཐར་འབྲས་བུ་ལ་སྦྱོར་ཚུལ་བཅས་གནས་ཆེན་པོ་བཅུ། དེ་རེ་རེ་ལ་ནང་གསེས་ཀྱི་དབྱེ་བས་རྐང་པ་བཞི་བཞིར་ཡོད་པས་ཐེག་པ་ཆེ་ཆུང་། སྔ་འགྱུར་འོད་གསལ་རྡོ་རྗེ་རྩེ་མོའི་དགོངས་པ་ཁྱད་པར་བ་རྣམས་ཀྱང་ཞར་ལ་རྟོགས་པར་བྱས་ཤིང་། དེ་དག་བསྡུ་ན་གནས་ལྔ་པས་ལྷག་པ་ཚུལ་ཁྲིམས། དྲུག་པ་དང་བདུན་པས་ཤེས་རབ། བརྒྱད་པས་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་བཏོན་ཞིང་གཞན་རྣམས་ནི་དེ་དག་གི་རྒྱུ་དང་འབྲས་བུའི་ཡན་ལག་ཏུ་འགྱུར། ཐ་མར་དགེ་བ་མཇུག་གི་དོན་ལ་བསྟན་བཅོས་ཀྱི་རང་བཞིན་དགོས་པ་རྩོམ་ཚུལ་སྨོན་ལམ་ཤིས་བརྗོད་ཀྱིས་རྩོམ་པ་མཐར་ཕྱིན་པ་རྩ་བའི་སྐོར། མདོར་བསྟན་དོན་བསྡུ། ཚིག་འགྲེལ་བཅས་པོད་གསུམ་མོ། །གཉིས་པ་བཀའ་བརྒྱུད་སྔགས་མཛོད་ནི། མངའ་བདག་མར་པ་ལས་བརྒྱུད་པའི་བཀའ་སྲོལ་རྩ་བ་རྔོག་དཀྱིལ་བདུན་ལ་བྱས། དེ་སྟེང་གཞན་ལས་གང་རྙེད་འཐོར་བ་བསྡུས་པ་སྟེ། དགྱེས་རྡོར་ལྷ་དགུ། འདི་མཚོ་སྐྱེས་ལུགས་དང་རྣམ་པ་འདྲའང་བརྒྱུད་ཁུངས་ཀླུ་སྒྲུབ་ལ་མཛད་པར་སྣང་། བསྲེ་འཕོའི་ཁྲིད་ནཱ་རོ་མཻ་ཏྲིའི་ལུགས་སོ་སོ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས། བདེ་མཆོག་དང་ཕག་མོ་ཀཾ་ཚང་ལུགས་ཀྱི་ལྷ་ལྔ། ཆོས་དྲུག་གི་ཁྲིད། འཁོར་ལོས་སྒྱུར་དྲུག །སམྦུ་ཊི་རང་བྱིན་རླབས་ཀྱི་དམིགས་པ་ཉེར་དགུ། མ་ཧཱ་མཱ་ཡ་ལྷ་ལྔ། དབྱིབས་སྔགས་ཆོས་གསུམ་གྱི་ཁྲིད། རྡོ་རྗེ་གདན་བཞི་རྣལ་འབྱོར་ནམ་མཁའ་ལྷ་དྲུག་ཅུ་རྩ་གཉིས། ཡུམ་བཀའ་ཡེ་ཤེས་དབང་ཕྱུག་ལྷ་བཅུ་གསུམ་མ། གདན་བཞིའི་ཁྲིད། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པ། ཁྲིད་ཞི་སྦས་བཀའ་སྲོལ་བཅས་མ་རྒྱུད་སྐོར། ཕ་རྒྱུད་གསང་འདུས་འཕགས་ལུགས། རིམ་ལྔའི་ཁྲིད། འཇམ་དཔལ་གསང་ལྡན། གཤེད་དམར་ལྷ་ལྔ་དང་མལ་ལུགས་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་འདི་གཉིས་མར་པ་ལས་བརྒྱུད་པ་མིན་ཀྱང་རྗེ་བརྒྱད་པ་དང་ཞྭ་དམར་བཞི་པ་རྣམས་ཀྱི་ཡིག་ཆ་དང་དབང་ལུང་གི་རྒྱུན་བཞུགས་ཤིང་། ཕ་རྒྱུད་རིགས་གསུམ་ཚང་བའི་ཕྱིར་དུ་བཀོད། རས་ཆུང་པའི་གཏུམ་པོ་ལྷ་ལྔ་བཅས། དེ་དག་རྣམས་ཀྱི་སྒྲུབ་ཐབས། དཀྱིལ་ཆོག །ཟུར་འདེབས། སྦྱིན་སྲེག་སོགས་གསར་བསྒྲིགས་བགྱིས། ཐོར་བུའི་རིགས་ལམ་ཟབ་བླ་སྒྲུབ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྒྱལ་པོ་ཛཿལས་བརྒྱུད་པའི་རྡོར་སེམས། རྣམ་རྒྱལ་མ། སྒྲོལ་ལྗང་། ཕྱག་རྡོར་རྣམས་ཀྱི་དབང་དང་རྗེས་གནང་། བཀའ་སྲུང་རྒྱུད་མགོན། དུད་སོལ་མ། ཚེ་རིང་མ་བཅས་ཀྱི་ཡིག་ཆ་རྙིང་པ་རྩ་བ་གལ་ཆེན་རིགས་དང་། གསལ་བྱེད་གང་འོས་གསར་སྤེལ་བགྱིས། དེ་དག་གི་རྒྱབ་ཆོས་ལྟ་བུར་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ། དཔལ་དགྱེས་པ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་སྤྱི་དོན་དང་འབྲུ་འགྲེལ། རྗེ་རང་བྱུང་བའི་ཟབ་མོ་ནང་དོན་འགྲེལ་པ། རྣམ་ཡེ་འབྱེད་པ་དང་སྙིང་པོ་བསྟན་པ་བཅས་ཀྱི་འགྲེལ་པ་དེ་དག་གོ་སླ་གཙོར་སྟོན་དུ་དམིགས་ནས་གསར་སྤེལ་བགྱིས། རྙིང་མ་བཀའ་མ་ལས་མཁོན་ལུགས་ཕུར་པ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཕྲིན་ལས་དང་སྟོད་ལས་དབང་ཆོག་ལ་ཁ་སྐོང་ཅི་ནས་དགོས་ཞེས་དཔལ་ལྡན་ཛཾ་ཐང་གི་བླ་གྲ་རྣམས་ཀྱིས་ནན་བསྐུལ་ལྟར། དྲག་པོ་སྒྲོལ་དབང་དང་གཏོར་ཟློག་གཙོ་བོར་གྱུར་པའི་ཡིག་ཆ་པོད་གཅིག །མཁོན་ལུགས་ཡང་དག་གི་སྒྲུབ་དཀྱིལ་རྒྱུན་ཁྱེར་བཅས་ཚན་གསུམ། སོ་ལུགས་ཡང་དག་སྒྲུབ་ཁོག་དང་བསྙེན་ཡིག །གཤིན་རྗེ་གདོང་དྲུག་གི་སྒྲུབ་དཀྱིལ་དང་དབང་ཆོག །རྣམ་འཇོམས་ཁྲོ་དཀར་ནག་གི་ལས་བྱང་དབང་ཆོག་རྣམས་ཀྱང་བཀའ་མཛོད་དུ་གཏོགས་པའོ། །གསུམ་པ་རིན་ཆེན་གཏེར་མཛོད་ལ། སྡོམ་ནི། ས་གཏེར་དབུ་བརྙེས་སངས་རྒྱས་བླ་མ་དང་། །རྒྱ་བན་རྡོར་འོད་གུ་རུ་ཧཱུྃ་འབར་བ། །རྒྱ་ལོ་རྡོར་བཟང་ལྷ་བཙུན་བྱང་ཆུབ་འོད། །ཞང་བཙུན་དར་རིན་རོང་ཟོམ་ཆོས་ཀྱི་བཟང་། །གྲྭ་པ་མངོན་ཤེས་རྡོར་འབུམ་ཆོས་གྲགས་པ། །སྣ་ནམ་ཐུབ་རྒྱལ་ཞང་ཁྲོམ་རྡོ་རྗེ་འབར། ཁྱུང་པོ་དཔལ་གྱི་དགེ་བ་རྒྱ་ཕུར་བུ། །ལྷ་རྗེ་གནུབས་ཆུང་ལྷ་བཙུན་སྔོན་མོ་དང་། །ར་ཤག་ཆོས་འབར་དབུ་རུ་ཤཱཀྱ་འོད། །གྲུབ་ཐོབ་དངོས་གྲུབ་ཉང་རལ་ཉི་མ་འོད། །ར་མོ་ཤེལ་སྨན་གྲུ་གུ་ཡང་དབང་གཏེར། །ཆུ་ཕོ་དགེ་འདུན་བ་མཁལ་སྨུག་པོ་གདོང་། །ཀུན་སྤང་ཟླ་འོད་མངའ་བདག་མོལ་མི་འཁྱིལ། །སུམ་པ་རྐྱང་པོ་འབྲི་བན་སུམ་ཚོགས་དང་། །སངས་རྒྱས་དབོན་པོ་གཉལ་པ་ཉི་ཤེའི་མཚན། །གཡག་ཕྱར་སྔོན་མོ་སྦུར་བུ་བྱའུ་མགོན། །བལ་པོ་ཨ་ཧཱུྃ་ཨ་ཇོ་དཔལ་པོ་བ། །ལྕང་སྨན་དོན་གྲུབ་རོང་སྨན་ཉི་མའི་འོད། །དམ་པ་དམར་པོ་སྐལ་ལྡན་བྱིས་པ་དང་། ཁམས་པ་མེ་ཟོར་ཁ་ལ་མེ་འབར་བ། ཁམས་པ་ཕྲ་མོ་བྲང་ཏི་མཁར་བུ་པ། །དུ་གུ་རིན་སེང་གཙང་རིང་ཤེས་རབ་མཚན། །བླ་མ་གྲུམ་དང་ཡོན་བདག་མཁར་ནག་པ། །གུ་རུ་ཆོས་དབང་གཏེར་སློབ་རྣལ་འབྱོར་བཞི། །ཇོ་མོ་སྨན་མོ་དུང་མཚོ་རས་པ་ཆེ། །རྒྱ་སྟོན་པད་དབང་ཁམས་པ་ཉི་མ་གྲགས། །གུ་རུ་ཇོ་རྩེ་མཁའ་འགྲོ་ཀུན་དགའ་འབུམ། །ཚེ་བརྟན་རྒྱལ་མཚན་བཛྲ་མ་ཏི་དང་། །ཕྱག་རྡོར་པ་དང་སྔགས་པ་དབང་ཆེན་གསུམ། །ཟངས་གླིང་དབང་ཕྱུག་གཡས་བན་ཡ་བོན་བ། །པདྨ་ལས་འབྲེལ་རྒྱལ་སྲས་ལེགས་པའི་མཚན། །དྲི་མེད་འོད་ཟེར་མེ་བན་རིན་ཆེན་གླིང་། །བོན་པོ་ལྷ་འབུམ་ཡང་བོན་རི་ཁྲོད་པ། །གྲ་སྒོམ་ཆོས་རྡོར་ཡར་རྗེ་ཨོ་རྒྱན་གླིང་། །ཉི་ཟླ་སངས་རྒྱས་ཤེས་རབ་མེ་འབར་བ། །བྲམ་པ་ཀུན་བཟང་རྒྱལ་སྲས་རྡོ་རྗེ་གླིང་། །བཟང་པོ་གྲགས་པ་ཨོ་རྒྱན་སངས་རྒྱས་གླིང་། །དྲི་མེད་ལྷུན་པོ་དྲི་མེད་ཀུན་དགའི་ཞབས། །དཔལ་གྱི་རྒྱལ་མཚན་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཐང་སྟོང་རྒྱལ་པོ་གྲུབ་ཐོབ་ཀརྨ་གླིང་། །འཇམ་དབྱངས་བླ་མ་བསམ་གཏན་བདེ་ཆེན་གླིང་། །འགྲོ་འདུལ་རཏྣ་གླིང་དང་པདྨ་གླིང་། །མཆོག་ལྡན་རྡོ་རྗེ་འགྲོ་འདུལ་ལས་འཕྲོ་གླིང་། །ཀུན་སྐྱོང་གླིང་པ་མཆོག་ལྡན་མགོན་པོ་དང་། །ཚེ་དབང་རྒྱལ་པོ་པཎ་ཆེན་པདྨ་དབང་། །ཚེ་རིང་རྡོ་རྗེ་མི་འགྱུར་ལས་འཕྲོ་གླིང་། །རིན་ཆེན་ཕུན་ཚོགས་མ་ཏི་རཏྣ་བ། །གར་དབང་ཞིག་པོ་གླིང་དང་ལེགས་ལྡན་རྗེ། །ཤེས་རབ་འོད་ཟེར་མཁྱེན་བརྩེའི་དབང་ཕྱུག་དང་། །བཀྲ་ཤིས་སྟོབས་རྒྱལ་གར་དབང་ལས་འཕྲོ་གླིང་། །པདྨ་རིག་འཛིན་བཀྲ་ཤིས་ཚེ་བརྟན་དང་། །འཇའ་ཚོན་སྙིང་པོ་བདུད་འདུལ་ནུས་ལྡན་པ། །ཟླ་བ་རྒྱལ་མཚན་ཨོ་རྒྱན་གཏེར་བདག་གླིང་། །ཀློང་གསལ་སྙིང་པོ་སྟག་ཤམ་བསམ་གཏན་གླིང་། །མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། །ངག་གི་རྡོ་རྗེ་དབོན་གསས་ཁྱུང་ཐོག་དང་། །ཆོས་རྗེ་གླིང་པ་ཀུན་གྲོལ་གཡུང་དྲུང་གླིང་། །སྟོབས་ལྡན་རྡོ་རྗེ་ཀུན་དགའ་བསྟན་འཛིན་དང་། །ཐུགས་མཆོག་རྡོ་རྗེ་ཀུན་བཟང་བདེ་ཆེན་རྒྱལ། །རོལ་པའི་རྡོ་རྗེ་པདྨ་བདེ་ཆེན་གླིང་། །ཚེ་དབང་ནོར་བུ་རྩ་གསུམ་གཏེར་བདག་མཚན། །དྲི་མེད་གླིང་དང་ཏའུ་རོག་རྗེ་གླིང་། །འཆི་མེད་རྡོ་རྗེ་བསྟན་འཛིན་ཟླ་བའི་འོད། །ཏིང་འཛིན་རྒྱལ་པོ་ཆོས་རྒྱལ་རྡོ་རྗེ་དང་། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །མཆོག་གྱུར་བདེ་ཆེན་གླིང་པ་ཡན་ཆད་དོ། །དགོངས་གཏེར་སྙན་བརྒྱུད་དག་སྣང་ཆོས་སྐོར་ནི། །བྱང་སེམས་ཟླ་རྒྱལ་དབོན་སྟོན་སྐྱེར་སྒང་པ། །དམ་པ་བདེ་གཤེགས་གཡུ་ཐོག་ཡོན་ཏན་མགོན། །དགེ་བཤེས་བརྩོན་གྲགས་ཀུན་མཁྱེན་རང་བྱུང་ཞབས། །དཔལ་ལྡན་རྡོ་རྗེ་གྲུབ་དབང་ཟླ་བ་པ། །རས་ཆེན་དཔལ་འབྱོར་བཟང་པོ་སངས་རྒྱས་མགོན། །གྲུབ་ཐོབ་ཚུལ་ཁྲིམས་བཟང་པོ་པདྨ་དཀར། །དབུར་སྨྱོན་ཆོས་གྲགས་ནམ་མཁའ་འཇིགས་མེད་རྩལ། །རྒྱལ་མཆོག་ལྔ་པ་ཉི་ཟླ་ཀློང་གསལ་བ། །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ། །ཀརྨ་ཆགས་མེད་ཀུན་བཟང་ཆོས་རྡོ་རྗེ། །ངག་དབང་མཚན་ཅན་རྡོ་རྗེ་དྲག་པོ་རྩལ། །འཇིགས་མེད་གླིང་པ་ཆོས་འབྱོར་རྒྱ་མཚོ་དང་། །པདྨ་དགྱེས་པ་པདྨ་ཉིན་བྱེད་དབང་། །བསྟན་འཛིན་ཕྲིན་ལས་གཙུག་ལག་ཆོས་རྒྱལ་ལོ། །དེ་ལྟར་ས་གཏེར་དགོངས་གཏེར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྐོར་རྒྱ་ཆེ་བ་རྣམས་ཀྱི་དབང་གི་སྙིང་པོ་དང་། ཁྲིད་རྒྱུན་ཡོད་རིགས་རྩ་བར་གཟུང་། སྒྲུབ་ཐབས་ཕྲིན་ལས་དབང་ཆོག་བསྙེན་ཡིག་དང་ཁྲིད་ཡིག་སོགས་གང་དགོས་གསར་དུ་སྦྱར། ཆོས་ཚན་ཉུང་ངུ་དང་རྒྱུན་དཀོན་པའི་རིགས། གཏེར་ཕྲན་རྣམས་ཀྱི་གཞུང་དང་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྡུས། དེ་དག་ལའང་གསལ་བྱེད་དགོས་པ་ལ་ཟུར་འདེབས་སོགས་ཞིབ་པར་བཀོད་པའི་པུསྟི་འབྲིང་ཚད་དྲུག་ཅུར་ལོངས་པ་བཞུགས། གཏེར་གསར་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པ་སོགས་ཀྱང་འདིའི་ཁོངས་སུ་སྡུད་དགོས་པ་ཡིན་ནོ། །བཞི་པ་གདམས་ངག་མཛོད་ནི། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་རབ་ཏུ་དང་བའི་ཡིད་ཀྱིས་སོ་སོའི་རིང་ལུགས་ལས་བྱུང་བའི་སྨིན་གྲོལ་གྱི་རྒྱུན་འབད་པ་ཆེན་པོས་བཙལ། དེ་དག་ཉམས་སུ་ལོན་པའི་སྐལ་པ་མེད་ཀྱང་བླ་མའི་གདམས་ངག་ཆུད་མི་ཟ་བའི་ཕྱིར་དང་། ལུགས་སྲོལ་ཡོངས་གྲགས་རྣམས་ནི་སོ་སོ་ལ་དར་རྒྱས་ཆེ་རུང་ཤིན་ཏུ་དཀོན་པ་ཁ་ཅིག་རྒྱུན་ཆད་ལ་ཉེ་བས་ཚིག་བརྒྱུད་མ་ཆད་ཙམ་བྱུང་ན་སྙམ་པ་དང་། མདོ་སྔགས་བསྟན་པའི་སྙིང་པོ་འདི་དག་ཚར་རེ་ཐོས་ཀྱང་མི་ལུས་ཐོབ་པ་དོན་ལྡན་འགྱུར་རོ་སྙམ་དུ་ལྷག་པའི་བསམ་པས། ཤིང་རྟ་བརྒྱད་ཀྱི་རྩ་བའི་སྙིང་པོ་རྣམས་དང་། སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ཐོག་མ་སྔ་འགྱུར་རྙིང་མ་ལ་ཡོ་ག་གསུམ་གྱི་དང་པོ་མ་ཧཱ་ཡོ་ག་ལ། སངས་རྒྱས་གསང་བའི་ལམ་ཆུང་། སློབ་དཔོན་རིན་པོ་ཆེའི་མན་ངག་ལྟ་བའི་ཕྲེང་བ་འགྲེལ་པ་བཅས་མ་མོ་ལས་ཀྱི་ཐིག་ལེ། ཀུན་མཁྱེན་ཆོས་རྗེའི་སྒྱུ་འཕྲུལ་དོན་ཁྲིད་བཅས། ཨ་ནུ་ཡོ་ག་ལ་བདེ་བ་གསལ་མཛད་ཀྱི་རྣལ་འབྱོར་བཞི་རིམ། འདུས་མདོའི་ངང་སྒོམ་ཟུར་བཀོལ། ཨ་ཏི་ཡོ་ག་ཕྱི་ནང་གསང་སྐོར་གསུམ་གྱི་སེམས་སྡེའི་རྩ་བའི་རྒྱུད་དང་ལུང་། ཨ་དོན་བཅོ་བརྒྱད་ཀྱི་དབང་། ཁམས་ལུགས་ཉང་ལུགས་ཨ་རོ་ལུགས་རྣམས་ཀྱི་ཁྲིད། ནང་ཀློང་སྡེའི་རྩ་བ་རྒྱུད་དང་ལུང་། སྒོམ་ཚུལ་བླ་མའི་བྱིན་རླབས་དང་ཁྲིད། གསང་བ་མན་ངག་སྡེའི་རྩ་བ་རྒྱུད་དང་ལུང་། བླ་མ་ཡང་ཏིག་གི་དབང་དང་ཁྲིད། ཀུན་མཁྱེན་ཆོས་རྗེའི་གསང་སྐོར། སེམས་ཉིད་ངལ་གསོ་དང་རང་གྲོལ་སྐོར་གསུམ་གྱི་ཁྲིད། དོང་སྤྲུགས་ཁྲིད། སྙིང་ཐིག་བླ་མ་མཆོད་ཆོག །བཀའ་སྲུང་སྡེ་བདུན་བཅས། གཉིས་པ་བཀའ་གདམས་སྐོར་ལ་གཞུང་གདམས་མན་ངག་གསུམ་ལས། གཞུང་རྩ་བ་བྱང་ཆུབ་ལམ་སྒྲོན་འགྲེལ་པ་དང་བཅས་པ་ལམ་རིམ་ཁྲིད་སོགས། གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ། ཁྲིད་ཡིག །བློ་སྦྱོང་བརྒྱ་རྩའི་བེ་བུམ་སོགས་མན་ངག་རྩ་བ་བྱང་སེམས་ནོར་ཕྲེང་། ཐིག་ལེ་བཅུ་དྲུག་གི་དབང་། ཁྲིད་ཡིག །ཞར་བྱུང་ལྷ་བཞིའི་རྗེས་གནང་དང་ཁྲིད། བཀའ་གདམས་གསར་མའི་མཚན་གཞི་རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ། ཕྱག་ཆེན་རྒྱལ་བའི་གཞུང་ལམ། དམར་ཁྲིད། དེའི་ཆ་ལག་སེམས་བསྐྱེད་ལུགས་གཉིས་ཀྱི་ཆོ་ག །རྗེས་འབྲེལ་དབུ་མའི་ལྟ་ཁྲིད། བཀའ་གདམས་བླ་མ་མཆོད་ཆོག །བཀའ་སྲུང་མགོན་པོ་གྲི་གུག །ཇོ་བོ་རྗེའི་ཛཾ་དཀར་བཅས། གསུམ་པ་གདམས་ངག་ལམ་འབྲས་བུ་དང་བཅས་པའི་སྐོར་ལ། གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་དང་རྣམ་འགྲེལ། འཁོར་འདས་དབྱེར་མེད་རྩ་བ། ཁྲིད་ཡིག་གཞུང་བཤད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་། ལམ་འབྲས་རིང་བརྒྱུད་ཉེ་བརྒྱུད་ཤིན་ཏུ་ཉེ་བརྒྱུད་རྣམས་དང་གུར་གྱི་དག་པ་གསུམ་གྱི་ཁྲིད། ལམ་སྐོར་ཕྱི་མ་བརྒྱད། སྒོ་དྲུག་ཆོས་འབྲེལ། ཞར་བྱུང་ཞེན་པ་བཞི་བྲལ་གྱི་ཁྲིད། ལམ་འབྲས་བླ་མཆོད། བསྟན་སྲུང་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་བཅས། བཞི་པ་མངའ་བདག་མར་པ་བཀའ་བརྒྱུད་ཀྱི་སྐོར་ལ། ཐུན་མོང་ཕྱག་ཆེན་གྱི་གཞུང་རྩ་བ་དཔལ་རྙོགས་པ་མེད་པའི་རྒྱུད། ས་ར་ཧ། ཤྭ་བ་རི། ཏེ་ལོ། ནཱ་རོ། མཻ་ཏྲི་པ། མར་མི་དྭགས་གསུམ་གྱི་གསུང་འགྲེལ་པ་དང་བཅས་པ། ཐུན་མིན་ཆོས་དྲུག་གི་རྩ་བ་བཀའ་ཡང་དག་པའི་ཚད་མ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། ཀ་དཔེ་ཆེ་ཆུང་། ཏེ་ལོ། ནཱ་རོ། མི་ལའི་སྙན་བརྒྱུད་གསལ་བ་སྐོར་གསུམ་བཅས། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་སྙན་བརྒྱུད་ལུགས་ཀྱི་དབང་། གདམས་ཁྲིད་ཀྱི་རྩ་བ་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ། རས་ཆུང་བའི་ལུས་མེད་མཁའ་འགྲོའི་ཆོས་དགུ། མཚུར་སྟོན་སྙན་གྱི་ཤོག་དྲིལ་བཞི། དྭགས་པོ་བཀའ་བརྒྱུད་སོ་སོའི་བཀའ་སྲོལ་ལས་བྱུང་བ་རྩ་བ་དྭགས་པོ་གདན་སའི་ལུགས། ཞང་ཚལ་པ། ཀརྨ་ཀཾ་ཚང་། དེའི་ནང་ཚན་ཟུར་མང་དང་གནས་མདོ། ཕག་གྲུ་བཀའ་བརྒྱུད་རྩ་བ་དང་། ཟུང་བཞི་ཡ་བརྒྱད་ལས། འབྲི་གུང་། སྟག་ལུང་། ཁྲོ་ཕུ། གླིང་རས་བཀའ་བརྒྱུད་དཔལ་ལྡན་འབྲུག་པ་སྟོད་སྨད་བར་གསུམ། ཡང་དགོན་པ། འབའ་ར་བ་བཅས་ཀྱི་ཕྱག་ཆེན་ཆོས་དྲུག་གཙོ་བོར་གྱུར་པའི་ཁྲིད་ཀྱི་རིགས། བཀའ་བརྒྱུད་སྤྱིའི་བླ་མཆོད། བཀའ་སྲུང་ཕྱག་བཞི་པ་དང་དུད་སོལ་མ་བཅས། ལྔ་པ་ཤངས་པ་བཀའ་བརྒྱུད་ཀྱི་སྐོར་ལ། རྩ་བ་ཆོས་དྲུག །སྡོང་པོ་ཕྱག་ཆེན། ཡལ་ག་ལམ་ཁྱེར་གསུམ། འབྲས་བུ་འཆི་མེད་རྣམས་ཀྱི་རྡོ་རྗེའི་ཚིག་རྐང་འགྲེལ་པ་དང་བཅས་པ། མེ་ཏོག་མཁའ་སྤྱོད་རྩ་བ་རྣམས་གཞུང་རྩ་བར་བྱས། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག །གཞུང་བཀའ་ཕྱི་མ་རྣམས་ཀྱི་བྱིན་རླབས། ཉེ་བརྒྱུད་ཐང་རྒྱལ་ལུགས་ཀྱི་ཁྲིད་ཆ་ཚང་། རིང་བརྒྱུད་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ཁྲིད། སུ་ཁ་སིདྡྷི་དང་ལྷ་བཞི་དྲིལ་སྒྲུབ་སྐོར། ཤངས་ལུགས་བླ་མ་མཆོད་ཆོག །མཁའ་འགྲོ་སྡེ་ལྔ་དང་མྱུར་མཛད་ཡེ་ཤེས་མགོན་པོའི་རྗེས་གནང་། མགོན་པོའི་བཀའ་ཆེན་བཅུ་གསུམ། སྙིང་ཞུགས་དང་ཀྵེ་ཏྲ་པཱ་ལ་བཅས། དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་སྐོར་ལ། རྩ་བ་རྒྱུད་སྡེའི་དུམ་བུ། དམ་པའི་གསུང་ཐོར་བུ། བཀའ་བབས་སྔ་ཕྱི་བར་གསུམ་བཀའ་སྲུང་དང་བཅས་པའི་དབང་དང་བྱིན་རླབས་ཡོངས་རྫོགས། དེ་དག་གི་ཁྲིད་ཡིག་ལོ་ཆེན་དྷརྨ་ཤྲཱིས་མཛད་པ། སྙེ་མདོ་བསོད་ནམས་དཔལ་བའི་ཞི་བྱེད་ཁྲིད་བཅས། དེའི་ཡན་ལག་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྐོར་ལ། གཞུང་རྩ་བ་བྲམ་ཟེ་ཨཱརྻ་དེ་བ་དང་མ་གཅིག་གི་གསུང་བཀའ་ཚོམས་ཡང་ཚོམས་ཉིང་ཚོམས་ལེ་ལག །ཤེས་རབ་སྐྲ་རྩེ། ཟབ་དོན་ཐུགས་སྙིང་རྣམས། སྨིན་བྱེད་དབང་ཟུར་མང་། འཇམ་དབྱངས་མགོན་པོ། རྒྱལ་ཐང་པའི་ལུགས་གསུམ། གདམས་ངག་ཁྲིད་ཡིག་བཀའ་བབས་སྔ་ཕྱི་བར་གསུམ། ཚོགས་ལས། ཞི་བྱེད་བླ་མ་མཆོད་པ་བཅས། བདུན་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ། གཞུང་རྩ་བ་དུས་འཁོར་རྒྱུད་སྙིང་། དུས་ཞབས་སྙན་བརྒྱུད། ཤ་བ་རི་པའི་གཞུང་ཆུང་རྣམས། ལྷ་དགུའི་སྒྲུབ་ཐབས་མཆོད་ཆོག །མཆོག་དབང་ཐུན་མོང་མ་ཡིན་པ་ཁྲིད་ཡིག་ཆ་ལག་དང་བཅས་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་གསུང་། ལམ་ཟབ་བདུད་རྩིའི་ཐིག་ལེ། སྦྱོར་དྲུག་འབྲིང་པོ་དཔེ་མེད་འཚོའི་ལུགས། བསྡུས་པ་ལྕེ་རྩེ་རྐན་སྦྱར། སྦྱོར་དྲུག་བླ་མཆོད། ལྷན་སྐྱེས་དང་རྡོ་རྗེ་ཤུགས་ཀྱི་རྗེས་གནང་བཅས། བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ལ། གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་ཕག་མོ་དང་རིགས་བཞི་མཁའ་འགྲོས་གནང་བའི་གཞུང་རྩ་བ། འགྲེལ་བཤད། ཁྲིད་ཡིག །བསྙེན་སྒྲུབ་གདན་རྫོགས་སུ་སྒོམ་པ་རྣམས་སོ། །དགུ་པ་བརྒྱུད་སྲོལ་སྣ་ཚོགས་ལས་བྱོན་པའི་གདམས་ངག་ཁྲིད་ཐོར་བུ་བའི་སྐོར་ལ། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་དང་ཁྲིད། མི་ཏྲ་ཁྲིད་དྲུག་དབང་དང་ཁྲིད་སོ་སོ། སེམས་ཉིད་ངལ་གསོ་དང་སྙིང་པོ་དོན་གསུམ་སྐོར་ཞྭ་ལུ་ནས་བརྒྱུད་པ། སྤྱན་རས་གཟིགས་ཀྱི་དམར་ཁྲིད་རིགས་ལྔ། ཐང་རྒྱལ་ཡིག་དྲུག་ཉམས་ལེན། བོ་དོང་ལུགས་ཀྱི་ཕྱག་ཆེན་དང་ཐུབ་པ་མདོ་གཅོད། རས་ཆེན་དཔལ་འབྱོར་བཟང་པོའི་གཏུམ་མོ་དང་འཕོ་ཁྲིད། རོང་སྟོན་མ་འཕོ། ཇོ་ནང་གསར་འགྱུར་བཀའ་བབས་བདུན་གྱི་ཁྲིད། བཅུད་ལེན་གྱི་རིགས། མཐར་དགེ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང་། ཉེ་བརྒྱུད་ཚེ་སྒྲུབ་ཞག་བདུན་མ་དང་སྒྲོལ་དཀར་བ་རི་ལུགས་ཀྱི་ཚེ་ཁྲིད། ཚེ་ལྷ་རྣམ་གསུམ་མཆོད་ཆོག་བཅས་བཞུགས་སོ། །ལྔ་པ་ཐུན་མོང་མ་ཡིན་པའི་མཛོད་ཅེས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་རྟེན་འབྲེལ་ཙམ་གྱི་ས་བཅད་མཛད་ཅིང་ཤོག་སེར་དང་དམ་རྫས་མང་ཞིག་ལག་ཁར་སོན་ཀྱང་ཕལ་ཆེར་གནས་དུས་ཀྱི་རྟེན་འབྲེལ་ཡོལ་ཟིན་པ་དང་། འགའ་ཞིག་སྤྱི་མཐུན་བསོད་ནམས་དམན་པའི་ལས་དབང་ལྟ་བུས་གྲོགས་ཁ་ལ་འོང་བ་ལྕེས་ཕུལ་བའི་དཔེར་སོང་བས་འདིར་སྨྲོས་རིན་ཆོག་པ་ནི་མ་མཆིས་ཤིང་། མཛོད་ལྔ་དེ་དག་གི་ཕྱོགས་སུ་ཅི་རིགས་པར་གཏོགས་པའི་རང་རྩོམ་ཐོར་བུའི་རིགས་ཕྱོགས་བསྡུས་ལ་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ས་བཅད་བཅོ་ལྔ་ཟླ་བ་ཉ་བའི་གྲངས་ལྡན་གྱི་དཀར་ཆག་མཛད་པ་ལྟར་པུསྟི་བདུན་བཅས་སོ། །འཆད་པའི་དབང་དུ་བྱས་ན། སུམ་རྟགས། སྒྲ་ཀ་ཙཱན་དབྱངས་གསུམ། སྡེབ་སྦྱོར། སྙན་ངག །གསོ་རིག་རྒྱུད་བཞི། རྩིས་དཀར་ནག་སོགས་མཆོག་དམན་དུ་མ་ལ་ལན་གྲངས་མང་དུ་བཤད་ཀྱང་གཞན་ལ་བཤད་པའི་གོ་ཆོད་པ་ནི་སྤང་ཕུག་བླ་མ་ངེས་དོན་དང་། ཡོངས་འཛིན་ལྷག་བསམ་རྒྱལ་མཚན་གཉིས་ལས་ཆེར་མ་བྱུང་། ནང་བརྟག་རྒྱུད་གསུམ་སོགས་ཀྱི་བཤད་པ་ལན་གྲངས་མང་ཞིང་། གསང་སྙིང་རྒྱུད་བཤད་གཏེར་ཆེན་མཆོག་གླིང་ནས་གསན་ཏེ་གྲྭ་ཚང་མཁན་པོ་སོགས་ལ་འཆད་སྤེལ་མཛད་འདུག །རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཚར་གཅིག །རྙིང་མ་རྒྱུད་འབུམ་ཚར་གཉིས། བསྟན་འགྱུར་ལས་མཁོ་བཏུས་ཚར་ཁ་ཤས་སོང་། ཤེས་བྱ་ཀུན་ཁྱབ་བཤད་ལུང་ལན་བཞི། བཀའ་བརྒྱུད་སྔགས་མཛོད་ཚར་བདུན། རིན་ཆེན་གཏེར་མཛོད་ཚར་ལྔ། གདམས་ངག་མཛོད་ཚར་གསུམ། སྨིན་གླིང་འདོད་བུམ་ཚར་བརྒྱད། ཇོ་ནང་རིན་འབྱུང་ཚར་གསུམ། གཞན་བཀའ་བརྒྱུད་དང་། རྙིང་མ་གཙོར་བྱས་རང་གིས་ཐོབ་ཚད་ལན་རེ་མ་འཆད་པ་ཆེར་མེད་ཅིང་། ཕྱིས་ནས་དབང་ལུང་ཁྲིད་གསུམ་ཞུ་མཁན་ཕྱོགས་འདུས་ཤིན་ཏུ་མང་བས་ཁོར་ཡུག་ཏུ་དགོས་པ་བྱུང་བས་རེ་རེའང་ཚར་གྲངས་མང་དུ་སོང་། དེ་དག་ཀྱང་བསྟན་པའི་རྒྱུན་དང་ཉན་པ་པོ་དེའི་རྒྱུད་ལ་ཕན་ཅུང་ཟད་ཨེ་ཐོགས་ཀྱི་རེ་བ་ཁོ་ན་བྱས། མཎྜལ་རྟེན་གང་ཡང་མི་འབྱོར་བའི་ཉམ་ཆུང་རིགས་ལ་བརྙས་ཆོས་མ་བྱས་པར་ཇི་ལྟར་འདོད་པའི་རེ་བ་བསྐངས། དེ་ཙམ་དུ་མ་ཟད་ལུས་ཁམས་ཀྱིས་ལྕོགས་པའི་སྐབས་དེར་ནི་ཐ་ན་མོ་རྩིས་གཏོ་ཚན་ཡན་ཆད་རང་ལ་རེ་བ་བྱས་ཚད་ལ་གང་ཤེས་ཅི་ནུས་སུ་བསྒྲུབས་པ་ལས་ངག་གཅོག་པ་དང་ཡིད་བསད་པ་གང་ཡང་མེད། འབྱོར་ལྡན་རྣམས་ཀྱིས་ཟང་ཟིང་དངོས་པོ་ཆེར་སྟེར་བ་ལའང་ཆོས་ཀྱི་ཆེ་བ་ཡིན་སྙམ་ལེན་པ་མ་གཏོགས་ངེད་དངོས་པོ་ལེན་མཁན་མིན་ཟེར་བ་སོགས་ཀྱི་ཨོ་ཟོབ་ནི་མ་མྱོང་། དངོས་རྫས་ཆེ་ཕྲ་གང་བྱུང་ཐམས་ཅད་ཀྱང་རང་དང་གྲ་འཁོར་གྱི་བཟའ་བ་ཙམ་ལས་གནས་མིན་དུ་ཆུད་ཟོས་མ་བཏང་བར་རྟེན་གསུམ་བཞེངས་ཤིང་དེའི་མཆོད་པ་དང་སྒྲུབ་པ་སྒྲུབ་ཆེན་རྣམས་ཀྱི་ཐེབས་སུ་བཏང་བ་ཁོ་ན་ལགས་སོ།། །།གཉིས་པ་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ། ལོ་གྲངས་ཉི་ཤུ་སྐོར་དཔལ་སྤུངས་དགོན་ནང་དུ་སྡོད་སྐབས་ནས་བསྙེན་སྒྲུབ་དང་ཉམས་ལེན་ཡུན་རེ་བགྱིས། བགྲང་བྱ་སུམ་ཅུའི་ཐོག་ཡང་ཁྲོད་འདིར་སྡོད་པ་ནས་ད་ལྟའི་བར་སྔགས་གསར་རྙིང་རྣམས་ཀྱི་བསྙེན་སྒྲུབ་ནི་རྒྱུན་མ་ཆད་པར་བྱས། དབེན་པ་གསུམ་ལ་བརྟེན་ནས་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་ལ་རྩེ་གཅིག་ཏུ་དྲིལ་བ་ཁོ་ན་ཞིག་ཡིད་ལ་བརྣག་ཀྱང་དབང་ལུང་ཁྲིད་ཀྱི་རིགས་ཚུར་ལ་ཞུ་བ་དང་ཕར་ལ་འཆད་པ། ཁྱད་པར་མཛོད་ལྔའི་བྱ་བ་སོགས་ཆོས་ལྡན་ཡིན་རློམས་ཀྱི་གཡེང་བ་ཇེ་འཕེལ་དུ་སོང་བའི་དབང་ལ་ཤོར་བས་བསམ་ཐོག་མ་ཁེལ་མོད། དཔལ་སྤུངས་སྒྲུབ་ཁང་དུ་སྡོད་སྐབས་ཕྱག་ཆེན་སྔོན་འགྲོ་འབུམ་བཞི་ནས་བརྩམ་བསྙེན་སྒྲུབ་ཉམས་ལེན་རྣམས་ལུགས་སྲོལ་སྤྱི་ལྟར་བགྱིས། འདིར་ཐོག་མར་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་ཕྱག་དང་སྦྲེལ་བའི་སྐྱབས་འགྲོ། གཏོང་ལེན་དང་སྦྲེལ་བའི་སེམས་བསྐྱེད་སོགས་རྣམ་གྲངས་བདུན་པོ་བཤད་ཚོད་ལྟར་རྟགས་ཐོན་དུ་སྦྱངས། ཕྱི་ནང་གསང་བ་ཡང་གསང་ཚེ་སྒྲུབ་ལས་བཞི་བཅས་གྲངས་བསྙེན་ཚད་འཁྱོལ་བཏང་། དེ་ནས་སྔ་ཕྱི་མ་ངེས་པར་བསྙེན་སྒྲུབ་བྱས་པ་ནི། གསར་མའི་ཕྱོགས་ལ་ཀར་ལུགས་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་བསྙེན་སྒྲུབ་དང་རྒྱུན་བཟླས་ཀྱི་མཐིལ་དུ་བྱས། དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་ལཱུ་ཡི་ལུགས་དང་ཀཾ་ཚང་ལྷ་ལྔ། དགྱེས་རྡོར་མར་རྔོག་དང་མཚོ་སྐྱེས་ལུགས། མ་ཧཱ་མཱ་ཡ་ལྷ་ལྔ། གསང་འདུས་མི་བསྐྱོད་པ། གཤིན་རྗེ་དགྲ་ནག །རྡོ་རྗེ་འཇིགས་བྱེད་ལྷ་དགུ། ཕྱག་རྡོར་འཁོར་ལོ་ཆེན་པོ། ཤངས་ལུགས་ལུས་དཀྱིལ་གྱི་རྒྱུད་སྡེ་ལྔ། ཚེ་དཔག་གྲུབ་རྒྱལ་ལུགས། འཇམ་དཀར་མ་ཏི་ལུགས། ཇོ་ལུགས་སྒྲོལ་དཀར་བསྙེན་སྒྲུབ་ཤིན་ཏུ་གྲངས་མང་། མགོན་པོ་ཕྱག་དྲུག་པ་དཀར་མཐིང་དང་ཀར་ལུགས་མ་མགོན་ཞལ་སྦྱོར་རྣམས་དང་། རྙིང་མའི་ཕྱོགས་ལ་ཆོས་དབང་བླ་མ་གསང་འདུས། བྱང་གཏེར་རིག་འཛིན་གདུང་སྒྲུབ། རྒྱ་སྟོན་བླ་མ་བདེ་མཆོག །སངས་གླིང་བླ་མ་དགོངས་འདུས། དྲི་མེད་བླ་སྒྲུབ་ཡིད་བཞིན་ནོར་བུ། དགོངས་གཏེར་མཚོ་སྐྱེས་སྙིང་ཐིག །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་ཡིད་བཞིན་ནོར་བུ་གཉིས། ཆོས་གླིང་རྩ་གསུམ་དྲིལ་སྒྲུབ། དྭགས་པོ་གསང་ལམ་བླ་སྒྲུབ། ཧཱུྃ་ནག་སྙིང་ཐིག་རྣམས། ཡི་དམ་བཀའ་བརྒྱད་བདེ་གཤེགས་འདུས་པ། གསང་རྫོགས། རང་ཤར། བཀའ་འདུས་ཆེན་མོ་རྣམས་ལའང་བསྙེན་འབྲེལ་ཙམ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོ། ཞི་ཁྲོ་དགོངས་པ་རང་གྲོལ། དགོངས་གཏེར་རྣམ་རྒྱལ་མ། དགོངས་འདུས་འཇམ་དབྱངས་སྨྲ་སེང་། འཇམ་དཔལ་ཚེ་བདག །ཀིང་ནག་དང་ཁྲོ་ཆུ་དུག་གདོང་། འོད་དཔག་མེད། ཚེ་སྒྲུབ་གསང་འདུས། གནམ་ལྕགས་རྡོ་རྗེ། འཆི་མེད་ཡང་སྙིང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས། ཉང་གཏེར་འགྲོ་འདུལ། འཁོར་བ་དོང་སྤྲུགས། རྗེ་བླ་མའི་སེམས་ཉིད་ངལ་གསོ། དྲི་མེད་རྒྱལ་བ་རྒྱ་མཚོ། རྟ་མགྲིན་དྲེགས་པ་ཀུན་སྒྲོལ། ཡི་དམ་དགོངས་འདུས་ཡི་གེ་དྲུག་པ། ཉང་དང་རཏྣའི་རྟ་ནག །སྨིན་གླིང་རྡོར་སེམས། ཆོས་དབང་ཡང་དག་ལྷ་དགུ། གཏེར་གསར་བི་མ། རྡོ་རྗེ་བདུད་རྩི། ཆོས་དབང་ཕུར་པ་སྤུ་གྲི། རཏྣའི་ཡང་གསང་བླ་མེད། ཆོས་གླིང་ཐུགས་ཀྱི་ཐིག་ལེ་རྣམས་དང་། རྗེ་བླ་མའི་སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག །རྟ་མགྲིན་སྙིང་ཐིག །ཡང་དག་ཟབ་ཏིག །བདུད་རྩིའི་མཆོག་ཏིག །ཕུར་པའི་གནད་ཏིག །མ་མོའི་གནད་ཏིག་རྣམས་དང་། མཆོག་གླིང་གི་ཟབ་བདུན་སྒྱུ་འཕྲུལ་ཞི་ཁྲོ། གཤིན་རྗེ། རྟ་མགྲིན། ཡང་དག །ཕུར་པ། མ་མོ་རྣམས་དང་། མཁའ་འགྲོ་ཉང་གཏེར་ཁྲོས་ནག །མཁའ་འགྲོ་གསང་བ་ཀུན་འདུས། བདུད་འདུལ་སྒྲོལ་དཀར། འཕགས་མའི་སྙིང་ཐིག །རྡོ་རྗེ་མཁའ་འགྲོ་གདུགས་དཀར། པདྨ་མཁའ་འགྲོ་རིགས་བྱེད་མ་རྣམས་ལས་བཀའ་བརྒྱད། ཕུར་པ། སྒྲོལ་མ་སོགས་ཡང་ནས་ཡང་དུ་བསྙེན་ཅིང་སྒྲུབ་ཆེན་ལན་མང་དུ་བགྱིས་པའང་ཡོད། རང་གཏེར་རྩ་གསུམ་དགོངས་འདུས། གསང་ཐིག་ཡབ་བཀའ་ཡུམ་བཀའ་བཅས་ཀྱི་བསྙེན་སྒྲུབ། ནཱ་རོ་དང་ནི་གུའི་ཆོས་དྲུག །རྡོ་རྗེའི་རྣལ་འབྱོར། རྫོགས་ཆེན་སྙིང་ཐིག་སྐོར་ལའང་འབྲེལ་འཇོག་ཙམ་དང་། རྒྱུན་དུ་ཕྱག་ཆེན་དང་བློ་སྦྱོང་རྣམས་སྟབས་བདེ་བས་བློ་གཏོད་བགྱིད་པའི་ཁུལ་དུ་མཆིས་སོ།། །།གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་ནི། ཡང་ཁྲོད་འདིར་ལྷ་ཁང་དང་སྒྲུབ་པ་བཞི་སྡེ་ཙམ་བྱུང་ན་ལེགས་སྙམ་པའི་སྐབས། མཆོག་གྱུར་གླིང་པས་འདིར་ལྷ་ཁང་དགོས་ཚུལ་ལུང་བསྟན་ལྟར་ཐོག་མར་བླ་བྲང་ནས་གཞི་བཏིང་། དེ་རྗེས་རང་ལ་གང་བྱུང་གི་དངོས་པོ་ཐམས་ཅད་ལྷ་ཁང་དང་སྒྲུབ་སྡེའི་གྲྭ་འདི་ཉིད་ཀྱི་ཐེབས་སུ་བཏང་ནས་རིམ་པར་འདུ་བགྱིས་པ་ལ། གཙོ་བོ་དཔལ་ཆེན་ལྷ་ཁང་། ཡན་ལག་བླ་མ་ལྷ་ཁང་། གསུང་རབ་ཁང་། མཐོང་གྲོལ་ཁང་། སྒྲོལ་མ་ཁང་། གནས་བརྟན་ཁང་། ཐུགས་དམ་ཁང་། མགོན་ཁང་བཅས་བརྒྱད་ལ། དཔལ་ཆེན་ལྷ་ཁང་གི་རྟེན་གཙོ། རྡོར་སེམས། ཡང་དག །བདེ་མཆོག་བཅས་ཧེ་རུ་ཀཿགསུམ་གྱི་སྐུ་བརྙན་ཐོག་ཚད། དུས་འཁོར་ལྷན་སྐྱེས། བླ་མ་དགོངས་འདུས། རྡོ་རྗེ་གཞོན་ནུ་བཅས། བླ་མ་ལྷ་ཁང་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྐུ་བརྙན་སོགས། མགོན་ཁང་གཙོ་བོ་མྱུར་མཛད་ཡེ་ཤེས་མགོན་པོ། གསར་རྙིང་གི་ཆོས་སྐྱོང་གཙོ་ཆེ་བ་རྣམས་ལྡེར་སྐུར་བཞེངས། གཞན་གསེར་ཟངས་ཤ་སྟག་གིས་དཔལ་ཆེན་ལྷ་ཁང་དུ་ཐུབ་དབང་གཉིས། ཨོ་རྒྱན་ཟ་ཧོར་མ། ཚེ་དཔག་མེད། སྒྲོལ་ལྗང་རྣམས་ཆེ་གྲས་དང་། ལྟུང་བཤགས་ལྷ་སོ་ལྔ། སྨན་བླ་མཆེད་བརྒྱད། སྒྲོལ་མ་ཉེར་གཅིག །གུ་རུ་མཚན་བརྒྱད་སོགས་འབྲིང་གྲས་བརྒྱ་དང་བདུན། ཚེ་དཔག་མེད་པའི་སྐུ་བརྒྱ་དང་གསུམ་སོགས་ཆུང་གྲས་བརྒྱ་དང་ང་ལྔ། གསུང་རབ་ཁང་དུ་ཐུབ་དབང་དང་སློབ་དཔོན་ནག་པོ་སྤྱོད་པ་དང་གུ་རུ་གཙོ་འཁོར་གསུམ་བཅས་ཆེ་ཚད། དུས་གསུམ་སངས་རྒྱས། ལྟུང་བཤགས་སོ་ལྔ། སྐུ་བརྙན་སྣ་ཚོགས་འབྲིང་ཚད་བཅུ། མཐོང་གྲོལ་ལྷ་ཁང་དུ་རྟེན་གཙོ་སྒྲོལ་མ་གསུང་འབྱོན་མ། རྡོར་སེམས་ཧེ་རུ་ཀཿདང་འཕགས་མའི་སྙིང་ཐིག་གཙོ་མོ་གཉིས་ཆེ་གྲས། འཁོར་ལྷ་བཅུ་བཞི། འཇིགས་པ་བརྒྱད་སྐྱོབ་རྣམས་འབྲིང་གྲས། ཆུང་གྲས་བརྒྱད། ཙནྡན་དཀར་པོའི་སངས་རྒྱས་རབས་བདུན། ཙན་དམར་གྱི་ཉེ་སྲས་བརྒྱད་རྣམས་ཁྲི་རྒྱབ་བཞུགས་ཁང་དང་བཅས་པ། སྒྲོལ་མ་ལྷ་ཁང་དུ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐོག་ཚད། གུ་རུ་སྣང་སྲིད་ཟིལ་གནོན། བདེ་བ་ཆེན་པོ། རྡོར་སེམས། སྤྱན་རས་གཟིགས་བཅུ་གཅིག་ཞལ། བི་མ་མི་ཏྲ་བཅས་ཆེ་གྲས། གནས་བརྟན་གཙོ་འཁོར་ཉེར་གཉིས་སོགས་འབྲིང་ཚད་ཉེར་ལྔ། གནས་བཅུ་ཁང་དུ་ཐུབ་དབང་འབྲིང་ཚད་གཉིས། ཙནྡན་དཀར་པོའི་ཐུབ་དབང་གནས་བརྟན་གཙོ་འཁོར་ཁང་བཟང་དང་བཅས་པ། གསེར་ཟངས་གནས་བརྟན་གཙོ་འཁོར། སྐུ་འཐོར་སྣ་ཚོགས་བཅུ་དགུ། ཐུགས་དམ་ལྷ་ཁང་དུ་རྟེན་གཙོ་གཏེར་བྱོན་སྐུ་ཚབ་རྣམ་གསུམ་བཞུགས་ཁྲི་བཞུགས་ཁང་དང་བཅས་པ། འགྲོ་འདུལ་ཕྱག་བཞི་པ་ཁ་ཆེ་ལི་མ་ཆེ་གཅིག །རིས་མེད་ཀྱི་བླ་མ། ཡི་དམ་སྐོར་གསེར་ཟངས་ཆེ་གྲས་ཉེར་བདུན། ལི་མ་སོགས་འབྲིང་ཚད་བརྒྱད་ཅུ་གྱ་དྲུག །ཆུང་གྲས་བརྒྱད་ཅུ། ཕྱི་ཁྱམས་སུ་སྒྲོལ་དཀར་གཙོར་གྱུར་སྒྲོལ་མ་ཉེར་གཅིག་སོགས་སྐུ་བརྙན་འབྲིང་ཚད་ཉེར་ལྔ། མགོན་ཁང་དུ་ལི་མ་དང་གསེར་སྐུ་བཅུ་གཅིག་བཅས་ཁྱོན་བསྡོམས་ལྔ་བརྒྱ་དང་བདུན་ཅུ་རྩ་ལྔ་བཞུགས། ཞལ་ཐང་གྲས། རྒྱུད་སྡེ་གྲྭ་ཚར་ཉེར་ལྔ། རབ་བདུན་གཙོ་བོ་ཅན་གྱི་སངས་རྒྱས་སྟོང་སྐུ་གྲ་ཚར་བདུན་དང་། རིན་པོ་ཆེ་དང་མཚན་བརྒྱད་གཙོར་བཞུགས་པའི་ཨོ་རྒྱན་སྟོང་སྐུ་གྲ་ཚར་དགུ་བཅས་གཉིས་ཀ་གསེར་ཐང་། བླ་མ་དགོངས་འདུས་ཞལ་ཐང་བཅོ་ལྔ་པ་དང་བཅུ་གཅིག་པ་ཆ་གཉིས། རྒྱ་ཆེ་རོལ་པའི་བཀོད་པ་ལྔ། མར་མི་དྭགས་གསུམ་གཙོར་བཞུགས་བཀའ་བརྒྱུད་གསེར་ཕྲེང་ཞལ་ཐང་གསུམ། གནས་བཅུ་གྲྭ་ཚར་གསུམ། དཔལ་ཆེན་ལྷ་ཁང་དུ་ཚེ་དཔག་མེད་ལུས་ཚད། ཐུབ་དབང་། ཕྱག་སྟོང་སྤྱན་སྟོང་། ཆོས་འབྱུང་གཙོར་བཞུགས་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་ཐང་ཐོག་ཚད་རེ་དང་། གནས་བཅུ་ཁང་དུ་གནས་བཅུ་གྲ་ཚར་ལྔ། ཁྱམས་ཆེན་དུ་གཏེར་སྟོན་བརྒྱ་རྩའི་ཞལ་ཐང་གསུམ། ལྷ་ཁང་རྣམས་སུ་ཞལ་ཐང་འཐོར་བུ་ཆེ་འབྲིང་ཆུང་གསུམ་ཁྱོན་བསྡོམས་སུམ་བརྒྱ་གོ་ལྔ་ཙམ་བཞུགས། ཀར་གླིང་ཞི་ཁྲོ། པདྨ་བཛྲ། ཚེ་སྒྲུབ་ཐབས་ཤེས་ཁ་སྦྱོར། གཏེར་གསར་སྒྱུ་འཕྲུལ་ཚེ་དཀར་རྣམས་ཀྱི་ཙཀ་གདུགས། གསར་རྙིང་དཀྱིལ་ཐང་ཆེ་གྲས་བཞི་བཅུ་རྩ་བརྒྱད། བཀའ་བརྒྱུད་སྔགས་མཛོད། གཏེར་མཛོད། གདམས་མཛོད་གཙོ་བོར་གྱུར་པའི་དཀྱིལ་འཁོར་དང་ཙཀ་ལི་པོད་གྲངས་མང་རྣམས་ཀྱང་འབད་པ་ཆེན་པོས་འདུ་བགྱིས་པའོ། །གསུང་རབ་སྐོར་ལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡན་ལག་བཅས་པོད་བརྒྱ་དང་བདུན། རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག །མདོ་སྡེ་ངེས་དོན་པོད་དྲུག །འབུམ་པོད་བཅུ་གཉིས། བསྟན་འགྱུར་པོད་ཉིས་བརྒྱ་དང་བཅུ། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་གཙོར་གྱུར་སྐྱ་པོད་ཁྱོན་བསྡོམས་སྟོང་ཕྲག་གཅིག་དང་བཞི་བརྒྱ་ལྷག་པ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡིག་ཆ། ཤངས་ཆོས་སྐོར་པོད་བརྒྱད། བཀའ་བརྒྱད་བདེ་འདུས་པོད་དགུ། གསང་རྫོགས་པོད་བཞི། རང་ཤར་པོད་གཉིས། ཚེ་བདག་ལྕགས་འདྲ་སྡིག་པོད་གཉིས། བླ་མ་དགོངས་འདུས་པོད་བཅུ་གསུམ། འཇའ་ཚོན། སྨིན་གླིང་། ཆོས་གླིང་རྣམས་གཙོར་གྱུར་མང་པོའི་གཞུང་པོད། ཤེས་བྱ་ཀུན་ཁྱབ་པོད་གསུམ། བཀའ་མཛོད་ནང་བརྟག་རྒྱུད་གསུམ་འགྲེལ་པ་བཅས་པོད་དྲུག །རིན་ཆེན་གཏེར་མཛོད་བཀའ་རྒྱའི་སྐོར་བཅས་པོད་དྲུག་ཅུ་ཡར་བརྒལ། གདམས་མཛོད་པོད་བཅུ། རྩོམ་པོད་ཐོར་བུ་བདུན་སོགས་བྲིས་པོད་ཆེ་ཆུང་ཁྱོན་བསྡོམས་དྲུག་བརྒྱ་དང་གོ་གསུམ་ཙམ་བཞུགས། ཐུགས་རྟེན་དགོན་གྱི་ལྷ་གསར་དུ་གསེར་གདུང་ཆེན་མོ། ཡང་ཁྲོད་དཔལ་ཆེན་ལྷ་ཁང་དུ་དཔལ་རེག་པ་མེད་པའི་མཆོད་རྟེན། དུས་འཁོར་ཡེ་ཤེས་མཆོད་རྟེན། སྐུ་གདུང་ཆ་བརྒྱད་ཆ་གཉིས། བཀའ་གདམས་མཆོད་རྟེན་ཁ་ཤས་སོགས་ཐུགས་རྟེན་ཆེ་ཆུང་དྲུག་ཅུ་རྩ་བཞི་ཙམ་བཞུགས། འདི་རྣམས་ལ་ནང་གཞུག་ཁྱད་པར་འཕགས་པའི་བཞུགས་ཚུལ་སོགས་ཞིབ་པར་དཀར་ཆག་ཏུ་གསལ་ཞིང་། ཙ་འདྲ་རིན་ཆེན་བྲག་གི་དཀར་ཆག་གཏེར་བྱོན་ལས། དཀར་ཆག་ས་སྟེང་བྱུང་བའི་ཚེ༔ ཧེ་རུ་ཀཿཡི་སྐུ་གསུང་ཐུགས༔ འོག་མིན་གནས་ནས་འདི་རུ་འཕོ༔ ཞེས་གསུངས་པ་དང་། གཏེར་ཆེན་མཆོག་གྱུར་གླིང་པས་ཟུར་འུག་བྱ་ལུང་གི་ཧེ་རུ་ཀའི་སྐུ་བརྙན་གྱི་འགྲོ་དོན་རྫོགས་ལ་ཉེ་བས་འདི་ཉིད་ཀྱིས་གསང་སྔགས་བསྟན་པའི་བཙས་སུ་འགྱུར་བར་ལུང་བསྟན་པས་གལ་གནད་དགོས་པ་ཆེ་བར་སེམས་སོ། །ལྷ་ཁང་རྣམས་སུ་གནམ་རྒྱན། འཕན་དར་རྒྱལ་མཚན། ཡོན་ཆབ་མར་མེ་གཙོས་མཆོད་པའི་ཡོ་བྱད། གསར་མའི་སྒྲུབ་མཆོད་དང་། རྙིང་མའི་སྒྲུབ་ཆེན་རྣམས་ཀྱི་རྟེན། རྔ་སིལ་སྙན། སྦུབ་ཆོལ། དུང་དཀར་དམར། རྒྱ་གླིང་། རྐང་དུང་བཅས་རོལ་མོའི་རིགས། འཚོགས་པའི་གྲལ་གདན། གཉེར་ཁང་དང་ཐབ་ཚང་རྣམས་སུ་ཁྲོ་ཟངས་རྟིབ་དཀར་སྐྱོགས་དང་སྒྲོ་སྣོད་ཀྱིས་མཚོན་པའི་ཉེར་མཁོ་རྣམས་ཀྱང་ཐེབས་ཁྲོལ་དང་བཅས་འདུ་བགྱིས། འདིར་སྒྲུབ་བཞུགས་རྣམས་ནས་ཐོག་མར་ཐར་པ་རིན་པོ་ཆེའི་རྒྱན་དང་ལམ་རིམ་སྦྲགས་པའི་ཐུན་མོང་གི་སྔོན་འགྲོས་བློ་སྦྱོང་། ཐུན་མིན་སྔོན་འགྲོ་གསག་སྦྱོང་བླ་མའི་རྣལ་འབྱོར་རྣམས་གྲུབ་མཚམས་ཤངས་ལུགས་བདེ་མཆོག་ལྷ་ལྔ་དང་། རྒྱུད་སྡེ་ལྔའི་བསྙེན་པ་གཏང་། ལོ་ཕྱེད་གཉིས་ཤངས་ཆོས་རྩ་བ་དང་ཡན་ལག་ཚང་མ་ཉམས་སུ་ལེན། ལོ་གཉིས་པའི་ཕྱེད་ལ་དུས་འཁོར་ལྷ་དགུའི་བསྙེན་པ་དང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པར་འབྲེལ་འཇོག་ཙམ་བྱས། ལོ་ཕྱི་མར་རྡོར་སེམས་དང་ཡང་དག་གི་བསྙེན་པ་དང་བླ་མ་ཡང་ཏིག་ཅི་འགྲུབ་བྱ་བ་དང་། ལོ་རེ་བཞིན་དུས་འཁོར། བརྟག་གཉིས། བདེ་མཆོག་གསུམ་གྱི་རྒྱུད་ཚར་རེ། ཟླ་བ་དང་པོར་མར་མིའི་སྐུ་མཆོད་རས་འབུད་དང་མགུར་མཚོ། གཉིས་པར་སྨིན་གླིང་གཏེར་ཆེན་སྐུ་མཆོད་རིག་འཛིན་ཐུགས་ཐིག་ཚོགས་སྐོང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་མཆོད་ཤངས་ལུགས་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་གསུམ། ནག་པ་ཟླ་བར་དུས་འཁོར་སྒྲུབ་མཆོད་རྣལ་འབྱོར་མ་རིགས་བརྒྱའི་མཆོད་ཆོག་བཅས་ཉིན་བདུན། ལྔ་པར་བླ་མ་དགོངས་འདུས་སྐོང་ཆོག །དགུ་པར་ཁྱུང་པོའི་དུས་ཆེན་ལ་ཤངས་ལུགས་བླ་མཆོད། བཅུ་གཉིས་པར་ཀུན་མཁྱེན་ཀློང་ཆེན་པའི་དུས་ཆེན་ལ་སྙིང་ཐིག་བླ་མཆོད། བཅུ་གཅིག་པར་རྟག་གཏོར་བརྗེ་བའི་གསོལ་ཁ་འཕར་མ། ལོ་མཇུག་ཏུ་མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་སྒྲུབ། ཟླ་བཞིའི་དུས་ཆེན་ལ་ཚོགས་གསག་གསོ་སྦྱོང་རྒྱས་པ་བྱ་བ་དང་། ཟླ་རེ་བཞིན་ཚེས་བདུན་རྗེ་པདྨ་ཉིན་བྱེད་སྐུ་མཆོད་རྡོར་སེམས་སྒྲུབ་མཆོད། བརྒྱད་ལ་ཚེ་སྒྲུབ་གསང་འདུས་དང་སྒྲོལ་དཀར་སྒྲུབ་མཆོད། ཚེས་བཅུར་བླ་མ་དགོངས་འདུས་དང་བླ་སྒྲུབ་སྐབས་བབ་དང་བི་མའི་ཚོགས་མཆོད། བཅོ་ལྔར་དུས་འཁོར་མཆོད་ཆོག །ཉེར་ལྔར་བདེ་མཆོག་སྒྲུབ་མཆོད་དང་མཁའ་སྤྱོད་དཀར་དམར་གཉིས་རེས་མོ། ཉེར་དགུར་སྐོང་གསོལ་འཕར་མ། གནམ་སྟོང་སོ་ལུགས་ཡང་དག་དང་ཉི་མ་རིང་སྐབས་ཟླ་བ་དྲུག་ལ་གསང་སྙིང་རྒྱུད། ཐུང་སྐབས་དྲུག་ལ་འཇམ་དཔལ་མཚན་བརྗོད་བཅས་རྒྱུད་ཐམས་ཅད་ཀྱང་སོ་སོའི་བཀླག་ཆོག་དང་ལྡན་པས་ཚུལ་བཞིན་བགྱིས་པ་དང་། ཉིན་རེ་བཞིན་གྱི་ཞོག་པར་དཔལ་ཆེན་ལྷ་ཁང་དུ་ཚོགས་གསོག་དང་འབྲེལ་བའི་སྡོམ་གསུམ་གསོ་སྦྱོང་། དགོང་མོར་མགོན་ཁང་དུ་གསར་རྙིང་ཆོས་སྐྱོང་རྣམས་ཀྱི་སྐོང་གསོལ་བསྟར་ཆགས། ཐུན་བཞིའི་རྣལ་འབྱོར་གྱི་རིམ་པའང་ཁྲིགས་སུ་བཀོད། ཟླ་རེ་བཞིན་དགེ་སློང་ཚུལ་སོ་སོས་ཉ་སྟོང་གི་གསོ་སྦྱོང་བཅས། མགོན་ཁང་བླ་མའི་ཉམས་ལེན་འདོན་བྱ་རྣམས་ཁྲིགས་བཀོད་ཟུར་དུ་བྱས། གནས་བརྟན་ཁང་དུ་སྡོད་མཁན་ནས་ཚེས་བརྒྱད་བྱུང་ངོ་ཅོག་ལ་ཆོས་འཁོར་རྣམ་གསུམ་གཙོར་གྱུར་བསྟན་པ་ཡུན་གནས་ཆེད་དུ་སངས་གླིང་གནས་ཆོག་ཚར་རེ་གཏོང་བ་སོགས་རགས་བསྡུས་སུ་བཀོད་པ་ཡིན་ལ། རྫོང་ཤོད་དུའང་གུ་རུ་ལྷ་ཁང་དུ་གཙོ་བོ་ཨོ་རྒྱན་ཟ་ཧོར་མ། འོད་དཔག་མེད། ཚེ་དཔག་མེད། རྒྱལ་བ་རྒྱ་མཚོ། རྡོར་སེམས། ཡང་དག །སྒྲོལ་དཀར། གནས་བཅུ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཙོ་ཆེ་བའི་བླ་མ་རྣམས་ཀྱི་སྐུ་བརྙན་དང་། ཕུགས་གནས་ལྷ་ཁང་དུ་ཐུབ་དབང་ཐོག་ཚད། ཉེ་སྲས་བརྒྱད། པདྨ་སཾ་བྷ། སྒྲོལ་ལྗང་། མགོན་ཁང་དུ་མྱུར་མཛད་ཡེ་ཤེས་མགོན་པོ་གཙོ་བོར་གྱུར་པའི་གསར་རྙིང་གི་ཆོས་སྐྱོང་རྣམས་ལྡེར་སྐུར་བཞེངས། ནང་གཞུག་སོགས་ཚད་ལྡན་བྱས། རང་གི་སྡོད་གནས་སུ་སློབ་དཔོན་ཟ་ཧོར་མ་ཁྲུ་གང་བས་གཙོར་བྱས་ཟངས་གསེར་ལས་གྲུབ་པའི་སྐུ་བརྙན་ཆེ་ཆུང་ ཞལ་ཐང་ཉི་ཤུ་རྩ་གྲངས། གསུང་རྟེན་བཀའ་འགྱུར། བསྟན་འགྱུར། རྙིང་མ་རྒྱུད་འབུམ་གཙོར་བྱས་བཀའ་གཏེར་གསུང་འབུམ་འགྲེལ་པ་དང་འདོན་ཆོག་གི་རིགས་སོགས་སྐྱ་པོད་ལྔ་བརྒྱ་ལྷག་ཙམ་བཞུགས། དེ་དག་ལའང་མཆོད་པའི་ཡོ་བྱད། མར་མེ་རྒྱུན་འབར། རོལ་མོའི་རིགས། འཚོགས་པའི་གདན་ཆས་རིགས་ཚང་བ་དང་། སྒྲུབ་པ་བདུན་གྱི་ཕོག་ཆས། ལོ་རེ་བཞིན་གཡས་གཡོན་དགོན་པ་རྣམས་ཀྱང་འཚོགས་པའི་བཀའ་འགྱུར་དག་ཚར། ཆོ་འཕྲུལ་ཟླ་བར་ཉེ་སྲས་བརྒྱད་ཆོག །ས་ག་ཟླ་བར་སྨྱུང་གནས། ཟླ་བ་དགུ་པར་ཐར་མདོའི་ཆོ་ག །ཡར་མར་གྱི་ཚེས་བཅུའི་ཚོགས་མཆོད་དགུ་གསོལ་རྣམས་ཀྱང་བསྟར་ཆགས་སུ་བགྱིད་པའི་རྒྱུན་བཙུགས། བཀྲ་ཤིས་གནས་ཀྱི་མཆོད་ཁང་དུ། ཐུབ་དབང་དང་གུ་རུ་རིན་པོ་ཆེ་ཁྲུ་ཚད་ཀྱིས་གཙོས་ཟངས་གསེར་སྐུ་བརྙན་ སྐོར་དང་ཞལ་ཐང་སོགས་རྟེན་བཞག་དང་། རོང་རྒྱབ་བོན་དགོན་གྱི་གཙུག་ལག་ཁང་གི་ལོགས་བྲིས་གཙོས། མདོ་སྔགས་སྟོན་པ་གཉིས། སྲུང་མའི་སྐུ་བརྙན། འཕན་དང་རྒྱལ་མཚན། རོལ་མོའི་རིགས། གྲལ་གདན། འཆམ་ཆས་ཁ་སབ་སོགས་དང་། ལོ་བསྟར་དབྱར་མཆོད་དང་མགོན་བླ་རྒྱུན་བཞག་གི་ཐེབས་ཁྲལ་སྟོང་གི་ས་ཞིང་བདག་པོ་སྡེ་དགེའི་མདུན་ཞུས་ནས་ཇི་སྲིད་བར་སོར་འཇག་བྱས་པའོ། །དམ་པའི་རྣམ་ཐར་མཚན་ཉིད་པ་ནི་བརྗོད་གཞིའི་ཕོངས། །དམན་པའི་སྤྱོད་པ་དཀྱུས་ལས་ལྷག་ཙམ་བརྗོད་བྱར་བྱས། །རྗོད་བྱེད་ཚིག་ཕྲེང་ར་ཐོན་ལུག་ཐོན་སྤེལ་བ་འདིས། །མཁས་རྣམས་ཁྲེལ་ལ་བླུན་པོ་མགུ་བ་སྐྱེད་སྲིད་དམ། །འདི་བྲིས་རང་གཞན་སྡིག་པའི་ས་བོན་དུ། །ནམ་ཡང་མི་འགྱུར་དཀར་པོའི་སྟོབས་འཕེལ་བས། །འབྲེལ་ཚད་དོན་ལྡན་སྤྱོད་པ་རླབས་པོ་ཆེར། །འགྱུར་བ་དཀོན་མཆོག་བདེན་པས་བྱིན་གྱིས་རློབས། །སརྦ་ཐཱ་ཀ་ལྱཱ་ཎཾ་མངྒ་ལ་བྷ་བནྟུ།། །། ༈ གུ་རུ་བཛྲ་དྷཱ་ར་ཨུཏྟ་ར་བྷྱཿ རང་བྱུང་འོད་གསལ་བདེ་ཆེན་ཆོས་ཀྱི་སྐུ། །ལྷུན་གྲུབ་འགྱུར་མེད་ཀུན་ཁྱབ་བརྡལ་བ་ཆེ། །སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་རྡོ་རྗེ་འཆང་མགོན་ཞབས་ལ་འདུད། །རྒྱལ་དབང་པདྨའི་ཞལ་སྐྱིན་གར་གྱི་དབང་། །རྒྱལ་བས་ཡོངས་བསྔགས་བློ་གྲོས་མཐའ་ཡས་སྡེ། །རྒྱལ་བསྟན་མདོ་སྔགས་གཉིས་ཀྱི་སྲོག་འཛིན་མགོན། །རྒྱལ་མཆོག་མཚུངས་མེད་གཡུང་དྲུང་གླིང་པ་གང་། །བསིལ་ལྡན་ལྗོངས་འདིར་རྒྱལ་བསྟན་མཆིས་སོ་ཅོག །འཛིན་དང་སྤེལ་བའི་ཕྲིན་ལས་རྨད་བྱུང་གཟུགས། །རྒྱུ་སྐར་ཁྲོད་དུ་ནམ་མཁའི་ནོར་བུ་བཞིན། །རྣམ་འདྲེན་ཡོངས་ཀྱི་དབུས་ན་མངོན་པར་འཕགས། །མཁྱེན་པའི་དཔལ་ནི་ནམ་མཁའི་རྗེས་སུ་སོང་། །བརྩེ་བའི་ཐུགས་རྗེ་ཉི་ཟླའི་སྣང་བ་འབར། །ནུས་པའི་ཕྲིན་ལས་སྲིད་པ་ཇི་སྲིད་བར། །སྟོན་མཛད་རྗེ་བཙུན་བླ་མའི་རྣམ་པར་ཐར། །བསམ་ཡས་རྒྱལ་བ་ཀུན་དང་མཉམ་འཇུག་ཅིང་། །གྲངས་མེད་འགྲོ་ཁམས་རྒྱ་མཚོ་ཇི་སྙེད་ཀྱི། །མོས་པའི་རྗེས་སུ་སོང་བའི་ཚུལ་མཐའ་དག །གཟིགས་པ་འཕགས་མཆོག་ཁོ་ནའི་སྤྱོད་ཡུལ་ཉིད། །བརྩེ་ཆེན་རྒྱལ་བའི་མཛད་པ་མཁའ་ལྟར་ཡངས། །བྱིས་བློའི་ཁབ་ཀྱི་བུ་གར་འདྲེན་བཟོད་མིན། །དེ་ལྟ་ན་ཡང་གང་གི་ཕྲིན་ལས་ནི། །སྐལ་པ་ཅན་ངོར་ཕྱོགས་སུ་ལྷུང་བ་བཞིན། །མདོ་སྔགས་སྟོན་པས་ལུང་གིས་བསྔགས་པ་དང་། །ལྷན་ཅིག་བསྟན་པའི་བདག་པོར་དབང་བསྐུར་པ། །བདག་ཅག་རྣམས་ངོར་རྡོ་རྗེ་སློབ་དཔོན་གྱི། །ཚུལ་བསྟན་མཛད་པའི་རྣམ་ཐར་རྒྱ་མཚོ་ལས། །སྐྲ་རྩེས་བླངས་པའི་ཟེགས་མ་ཕྲ་མོ་ཙམ། །དེ་ཡང་རྒྱལ་བ་མཆོག་གི་སྤྱོད་ཚུལ་བཞིན། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་གང་། །གྲགས་པའི་ཕྱིར་མིན་ང་རྒྱལ་གཅོམ་བསྐྱུངས་ཏེ། །མོས་ལྡན་རྣམས་ཀྱི་རེ་བ་སྐོང་བ་དང་། །རྗེས་སུ་འཇུག་ལ་གདམས་ངག་རྣམ་ཐར་གྱི། །སྒོ་ནས་འདོམ་སླད་ཀུན་གྱི་མཐུན་སྣང་དུ། །གྱུར་པའི་གཏམ་ཉིད་མདོ་ཙམ་གླེང་བར་མཛད། །འདི་ཡང་འགྲོ་རྒྱུད་དགེ་བ་རྨ་མེད་པའི། །ཆོ་གས་གཙང་བྱས་བློ་ཡི་མེ་ལོང་ངོགས། །བཻ་ཌཱུར་ས་གཞིར་ལྷ་དབང་གཟུགས་བརྙན་ལྟར། །སྣང་བ་སྐལ་བཟང་སྐྱེ་བོའི་དགའ་སྟོན་མཆོག །གཏན་པ་མེད་པ་ཕྱོགས་བརྒྱར་སྦྱིན་པའི་སླད། །བདེ་མཆོག་ཐུགས་ཀྱི་འཁོར་ལོའི་གྷནྡྷོ་ལ། །འོག་མིན་མཚུར་མདོར་པར་དུ་བསྒྲུབ་པའི་མཐུས། །མཁའ་མཐས་གཏུགས་པའི་འགྲོ་རྣམས་དད་གསུམ་གྱི། །སྣང་བས་བློ་ཡི་པདྨོ་ཁ་ཕྱེས་ཏེ། །མ་དག་བློ་ངན་འདམ་བུས་མ་གོས་པའི། །རྣམ་གྲོལ་ཡོན་ཏན་གེ་སར་དཔལ་རྫོགས་ནས། །འཇམ་མགོན་བླ་མའི་རྣམ་ཐར་ལ་འཇུག་ཤོག །དེ་ཀུན་བཟང་པོ་སྤྱོད་པའི་ཕྲིན་ལས་ཀྱི། །ངོ་མཚར་རྒྱ་མཚོས་རྫོགས་སྨིན་སྦྱངས་མཐར་ཕྱིན། །རྡུལ་བྲལ་ཡེ་ཤེས་མཆོག་ལ་དབང་ཐོབ་སྟེ། །ཟུང་འཇུག་རྒྱལ་བའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོའི་འབངས་རིགས་སུ་གཏོགས་པ་མཁའ་ཁྱབ་རྡོ་རྗེར་འབོད་པའི་སྙོམས་ལས་པས་རིན་ཆེན་གཏེར་གྱི་མཛོད་ཁང་ཡོངས་སུ་འགེངས་པའི་སླད་མཚུར་མདོ་བོ་ལུང་གི་ཆོས་གྲྭར་བཞེངས་པའི་པར་བྱང་དུ། རྡོ་རྗེ་ཅན་ཞབས་གང་གི་བཀའ་དྲིན་དྲན་པའི་སྒོ་ནས་ཆེད་དུ་བརྗོད་པ་སིདྡྷིརསྟུ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).