Difference between revisions of "Terdzo-HAA-001"

(One intermediate revision by the same user not shown)
Line 43: Line 43:
  
༄༅། །ཨཱ ཥྩ རྻོ དུ མྦ ར སྱ ཧྲྀ ཥྚ བ ན ནཱ མ བྷ ཊྚཱ ར ཀ གུ རུ ས རྦ ཛྙཱ ད རྴ ནཾ མ ཉྫུ གྷོ ཥ བི ད ཀྲྀ པེ ནྡྲཱ ན ནྡ ཤཱ ས ན དྷྭ ཛ ཤྲཱི བྷ དྲ སྱ བི མོ ཀྵ སཾ ཀྵེ བ བི ཧ ར ཏི སྨ།། ༄༅། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་བཞུགས། །
 
        ༄༅། །དིནཀྲྀདུདཡབརཎྞདྷཱརཻཿམནོཛྙཾཀུམཱརཿཡུབཾབྱཉྫནཾཙཏྲརཱཛྭཱིབཔུཿ
 
      ༄༅། །འཆར་ཁའི་ཉིན་བྱེད་མདངས་འཛིན་ཡིད་འོང་གཞོན་ནུའི་ལང་ཚོ་མཚན་དཔེའི་གཟི་འབར་སྐུ།།
 
 +

        ༄༅། །བིལཔིཏབརབྷཱུཏབཀྟབྱནཱུནསྱབཱདཱིཤྭརོལཀྵིམཱངྒམཱཏྲཱིབཱཙནཾ།

      ༄༅། །བརྗོད་མེད་བརྗོད་པའི་མཆོག་གྱུར་སྨྲ་བ་ཀུན་གྱི་དབང་ཕྱུག་ཡན་ལག་འབུམ་ལྡན་གསུང་།།

༄༅། །བིམལམཀུརསཾབིདེཔཱརྴཡརྫྙེཡམཱུརྟིསྶམསྟོདཡཱསཾཀརཾཙིཏྟཀཾ།

༄༅། །ཡེ་ཤེས་མེ་ལོང་སྒྲིབ་བྲལ་ངོས་སུ་ཤེས་བྱའི་གཟུགས་བརྒྱ་མ་འདྲེས་འཆར་བའི་ཐུགས། །

༄༅། །ཛཡནིཁིལཔིཏཱབབྷཱུབཱཔིཛིཏྤུཏྲམཱཡཱསྤྲྀཧཱམཉྫུནཱཐོཏྟརཻཿཔཱལཏུ།

༄༅། །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་སྒྱུ་འཕྲུལ་ལ་ཆགས་འཇམ་མགོན་བླ་མས་སྐྱོངས། །

བློ་འདས་འོད་གསལ་ཆོས་སྐུའི་མཁའ་དབྱིངས་སུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་སྤྲིན་བཀོད་དེ། །རྣམ་རོལ་བསམ་ལས་འདས་པ་རྡོ་རྗེའི་གར། །དུས་གསུམ་སྒྱུར་མཛད་པདྨ་སཾ་བྷ་རྒྱལ། །གཞོན་ནུ་བུམ་སྐུར་གདོད་ནས་བྱང་ཆུབ་ཀྱང༌། །སྲིད་མཚོ་སྐེམ་མཛད་ཐུགས་རྗེ་ཉིན་བྱེད་སྟོབས། །ཤིན་ཏུ་བདོ་བས་འཕོ་ཆེན་དྭངས་མའི་སྐུར། །རྟག་བཞུགས་དྲི་མེད་བཤེས་གཉེན་སྙིང་དབུས་རོལ། །གངས་ལྗོངས་པྲེ་ཏ་ཀུན་དཀྲིས་མུན་གླིང་དུ། །རྒྱལ་བསྟན་སྣང་ཆེན་འདྲེན་པའི་ཤིང་རྟ་མཆོག །ཆོས་རྒྱལ་ཁྲི་ལྡེ་ཁུ་དབོན་ཡེ་ཤེས་ཀྱི། །རོལ་རྩལ་སྣ་ཚོགས་བཅས་ལ་དད་ཕྱག་འཚལ། །ཚུར་མཐོང་བློ་ཡི་ཡུལ་ལས་རབ་འདས་པ། །གཅིག་དང་ཐ་དད་གང་འདུལ་དེར་སྟོན་པའི། །ཡེ་ཤེས་སྒྱུ་མའི་རོལ་གར་ཇི་སྙེད་པར། །ངོ་མཚར་དྭངས་བ་ཆེན་པོས་སྙིང་ནས་འདུད། །ནམ་མཁའི་མཐའ་བཞིན་བསམ་གྱིས་མི་ཁྱབ་ལ། །རྒྱ་མཚོའི་གཏིང་བཞིན་བློ་ཡིས་མི་དཔོག་པ། །འཕགས་པའི་རྣམ་ཐར་འཕགས་པ་ཁོ་ནའི་ཡུལ། །ཕྱོགས་མཐོང་ཙམ་ཡང་སོ་སྐྱེས་བརྗོད་པར་དཀའ། །འོན་ཀྱང་བུ་གའི་ནམ་མཁས་མཁའ་དབྱིངས་དང༌། །ཆུ་ཐིགས་གཅིག་གིས་ཆུ་གཏེར་རོ་ཤེས་ལྟར། །དམ་པའི་སྤྱོད་ཚུལ་ཆ་ཤས་མཐོང་བས་ཀྱང༌། །མོས་ལྡན་ཐར་པའི་ས་བོན་སྐྱེད་པར་འགྱུར། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་རྣམས། །མཚན་དང་ཡོན་ཏན་ཡིད་ལ་ཤར་བས་ཀྱང༌། །སྲིད་དང་ངན་འགྲོའི་སྒོ་བཅད་བྱང་ཆུབ་ཀྱི། །མྱུ་གུ་བསྐྲུན་པར་མཛད་པ་ཆོས་ཉིད་ཡིན། ཁྱད་པར་དུས་གསུམ་སངས་རྒྱས་བསྐལ་མང་དུ། །བསྙེན་བཀུར་བྱས་ལས་བླ་མ་ལན་གཅིག་ཙམ། །མཉེས་པ་སྒྲུབ་པ་མཆོག་ཏུ་བསྔགས་པའི་ཕྱིར། །ནུས་དང་འཚམ་པར་བརྗོད་འདིའང་དོན་ལྡན་ཉིད། །མཁས་པའི་རྣམ་དཔྱོད་རྩོམ་པའི་ཉམས་འགྱུར་གྱིས། །དབེན་ཡང་རང་ཉིད་ཚོགས་ཆེན་གསོག་པ་དང༌། །མོས་ལྡན་དག་གིས་བསྐུལ་བ་དོན་ཡོད་ཕྱིར། །ཟོལ་མེད་དྲང་པོའི་རྣམ་ཐར་སྤྲོ་བས་གླེང༌། །དེའང་འདི་ལྟར་རྗེས་སུ་ཐོས་ཏེ། རྗེ་བཙུན་ཐམས་ཅད་མཁྱེན་གཟིགས་དམིགས་པ་མེད་པའི་ཐུགས་རྗེའི་གཏེར་ཆེན་པོ་དང་ལྡན་པ་འདི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་མཛོད་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པའི་ཡེ་ཤེས་ཀྱི་རོལ་པ་ལས་ཤར་བར་ཡོངས་སུ་གྲགས་པའི་ཕྱིར། འཕགས་ཆེན་དེའི་རྣམ་འཕྲུལ་དང་སྤྱོད་ཡུལ་ནི་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ནི། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང༌། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲ་འོ། །ཞེས་གསུངས་པ་ལྟར། ཐོག་མ་མེད་པའི་དུས་ནས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཡོ་བ་མེད་བཞིན་དུ། མཐའ་དང་མུ་མེད་པའི་སེམས་ཅན་འཁྲུལ་པའི་གཞན་དབང་དུ་གྱུར་པ་རྣམས་ཀྱི་ཁམས་ལ་མངོན་པར་གཟིགས་ཏེ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་རྩལ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་དང་ཞིང་ཁམས་རྒྱ་མཚོར་མངོན་པར་བཀོད། དེ་དག་གི་གདུལ་བྱ་འདུལ་བྱེད་ཀྱི་རྣམ་པར་འཕྲུལ་པའང་མཐའ་གཅིག་ཏུ་མ་ངེས་ཤིང་གང་ལ་གང་འདུལ་གྱི་སྒྱུར་འཕྲུལ་རོལ་གར་མཐའ་ཡས་པར་བསྒྱུར་ནས། དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་འགྲོ་བ་གཅིག་གི་དོན་དུའང་བསྐལ་པ་མང་པོར་འཁོར་བ་ན་གནས་པ་ལ་སྐྱོ་བ་རྡུལ་ཙམ་ཡང་མི་མངའ་བས་དོན་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། །གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞིན་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང༌། །སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་སྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་འདུན་འདོན་ཕོ་ཉ་དང༌། །སྨན་པ་འཇིག་རྟེན་བསྟན་བཅོས་ཆོ་ག་མཁན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང༌། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པ་ལྟར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་སུ་ཅིག་ཅར་དུའང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་དང༌། བྱང་སེམས་ཉན་རང་པཎྜི་ཏ་གྲུབ་པ་རིག་འཛིན་དགེ་སྦྱོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་ཕྲན་བློན་པོ་བྲམ་ཟེ་ཁྱིམ་བདག །བྱ་དང་རི་དྭགས་ལ་སོགས་པ་སྐྱེ་བ་སྤྲུལ་པའི་སྐུ་དང༌། བཟོ་གནས་བཅོ་བརྒྱད་སོགས་ཀྱིས་ཕན་པ་སྒྲུབ་པ་བཟོ་སྤྲུལ་པའི་སྐུ་དང༌། ཡིད་བཞིན་གྱི་ནོར་བུ། སྨན་དང་ཟས་གོས། རི་བོ་ལྗོན་ཤིང༌། གྲུ་གཟིངས་ཟམ་པ་སོགས་བེམ་པོའི་གཟུགས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་འཕྲལ་དང་ཡུན་དུ་ཕན་བདེ་སྟེར་བར་མཛད་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྣམས་ནི་ཆུད་མི་གསོན། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང༌། །ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན། །ཞེས་གསུངས་པ་ལྟར་ལས། རེ་ཞིག་གདུལ་བྱ་ཕྱོགས་རེའི་མིག་ཅན་གྱི་བློ་ཡིས་མཐོང་ཚུལ་དང་སྦྱར་ཏེ། རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་རོལ་པ་དུ་མར་བསྟན་ནས་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་སྤེལ་ཅིང་། མགོན་མེད་ཀྱི་འགྲོ་བ་གྲངས་ལས་འདས་པ་ཐར་པ་དང་བྱང་ཆུབ་ཆེན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ། རྡོ་རྗེའི་ལུང་དང་རྗེ་རིན་པོ་ཆེ་ཉིད་ཀྱིས་དགོས་པའི་དབང་གིས་སྐབས་སུ་བབས་པ་ན་སྔོན་གནས་རྗེས་དྲན་ཚུལ་གྱིས་གནས་དུས་མཛད་པ་སོགས་གཏན་ཚིགས་དང་འབྲེལ་བའི་ལོ་རྒྱུས་ཡིད་ཆེས་ངོ་མཚར་ཅན་ཐོར་བུར་གསུངས་པ་རྣམས་ལས་གཙོ་ཆེ་བའི་རིགས་མཚན་ཐོ་ཙམ་བཀོད་ན། འཕགས་པའི་ཡུལ་དུ་ཨ་ཏིའི་བསྟན་པའི་བདག་པོ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེའི་རྒྱལ་ཚབ་འཇམ་དཔལ་གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན། པཎ་ཆེན་ལྔ་བརྒྱའི་དབུས་ན་མཁས་པའི་ཁྱུ་མཆོག་ཏུ་གྲགས་ཤིང་རྩོལ་མེད་ཀྱི་ཐེག་པའི་ལམ་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ་པཎ་ཆེན་བི་མ་ལ་མི་ཏྲ། ཐེག་མཆོག་དབུ་མའི་ཤིང་རྟ་ལེགས་ལྡན་འབྱེད་ཀྱི་སྐྱེ་བ་ཕྱི་མ་འཁོར་ལོ་སྡོམ་པ་དངོས་སུ་གྲུབ་པའི་རྡོ་རྗེ་དྲིལ་བུ་པ། མཁས་མཆོག་དབྱིག་གཉེན་སོགས་བསྟེན་ནས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས། གྲུབ་ཆེན་ཤ་བ་རི་པས་རྗེས་སུ་བཟུང་སྟེ་མཆོག་གི་དངོས་གྲུབ་བརྙེས་པ་པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་རྣམས་དང༌། བོད་གངས་ཅན་གྱི་ལྗོངས་སུ་མཁན་སློབ་རྣམ་གཉིས་གཙོས་ལོ་པཎ་བརྒྱ་རྩ་བརྒྱད་ཞལ་འཛོམ་པར་མཛད་ནས་བསྟན་པའི་གཞི་མ་གཙུག་ལག་ཁང་བཞེངས། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་བཙུགས། བསྟན་པ་དམ་པའི་ཆོས་སྡེ་སྣོད་གསུམ་བསྒྱུར་བཤད་འཆད་ཉན་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པར་མཛད་པའི་ཐུབ་བསྟན་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། དེ་ཉིད་ཀྱི་སྐུའི་སྐྱེ་བ་དེ་མ་ཐག་པ་ལྷ་སྲས་མུ་ཏིག་བཙན་པོའི་སྲས་སུ་འཁྲུངས་པའི་སྐྱེ་བ་བདུན་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་མངའ་བདག་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། ཁུ་དབོན་དེ་གཉིས་ལས་གཅིག་ལས་དུ་མར་འཕྲུལ་པའི་ཚུལ་གྱིས་ཆོས་རྒྱལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་འཕྲུལ་ལྔ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བྱོན་པ་རྣམས་འོག་ཏུ་འཆད་པར་འགྱུར་ལ། བསྟན་པ་ཕྱི་དར་གྱི་སྐབས་སུ་འོད་དཔག་མེད་དངོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་སྲས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། སྤྱན་རས་གཟིགས་དང་རྣམ་དབྱེར་མེད་པའི་བྱང་ཆུབ་སེམས་དཔའ་བཀའ་གདམས་བསྟན་པའི་ཆུ་མགོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྗེ་བཙུན་མི་ལའི་ཐུགས་སྲས་གསང་བའི་བདག་པོ་དང་དབྱེར་མེད་ཅིང་སྐུ་དངོས་ཀྱིས་མཁའ་སྤྱོད་དུ་གཤེགས་པ་རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བས་དགེ་སློང་འཚོ་བྱེད་ཅེས་མདོ་སྡེ་གསུམ་ནས་ལུང་བསྟན་པ་བཀའ་བརྒྱུད་བསྟན་པའི་མངའ་བདག་དྭགས་པོ་ལྷ་རྗེ་ཟླ་འོད་གཞོན་ནུ། དཔལ་ལྡན་ས་སྐྱ་པའི་འཇམ་དབྱངས་བདུན་བརྒྱུད་དུ་བྱོན་ཅིང་བོད་ཡུལ་རྡོ་རྗེ་འཛིན་པ་ཀུན་གྱི་གཙུག་རྒྱན་རྗེ་བཙུན་གྲགས་པ་རྒྱལ་མཚན། སར་གནས་ཀྱི་འཕགས་པ་ཆེན་པོའི་རྣམ་ཐར་མ་སྦས་གསལ་བར་སྟོན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན། ཀུན་བཟང་གདོད་མའི་མགོན་པོའི་དགོངས་པའི་གསང་མཛོད་ལ་རང་དབང་སྒྱུར་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་ཤིང་རྟ་པ་འགྲན་ཟླ་དང་བྲལ་བ་ཀློང་ཆེན་རབ་འབྱམས་བཟང་པོ། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ནང་ཐུགས་ཀྱི་སྲས་མཆོག་བཀའ་གདམས་བསྟན་པའི་མངའ་བདག་ཕྲིན་ལས་མཁའ་ལྟར་ཁྱབ་པ་པཎ་ཆེན་དགེ་འདུན་གྲུབ། རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་མཁས་མཆོག་བུ་སྟོན་ཆེན་པོའི་ཆོས་ཀྱི་ཁྲི་སྐྱོང་བ་ཞྭ་ལུ་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་དོལ་པོ་པའི་ཡང་སྲིད་རང་བྱུང་གི་གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་གདུལ་དཀའ་མཐའ་དག་འདུལ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཚར་ཆེན་ཆོས་རྗེའི་ཐུགས་སྲས་ཉི་མ་ལྟར་གྲགས་པ་གསང་ཆེན་སློབ་བཤད་ཀྱི་བསྟན་འཛིན་ཀུན་གྱི་ཕུལ་གྱུར་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དཔལ་ལྡན་བྲང་ཏིའི་གདུང་རིགས་ལས་བྱོན་པའི་ངོར་ཆེན་རྡོ་རྗེ་འཆང་གི་སེང་གེའི་ཁྲིར་འཁོད་པ་མཁྱེན་བརྩེ་ནུས་པའི་བདག་ཉིད་བྱམས་པ་ནམ་མཁའ་འཆི་མེད། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པའི་མཐར་སོན་ཅིང་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་རྩལ་རྫོགས་པས་འོད་གསལ་སྙིང་ཐིག་གི་བསྟན་པས་བོད་ཁམས་ཀུན་ཏུ་ཁྱབ་པར་མཛད་པ་རིག་འཛིན་འཇིགས་མེད་གླིང་པ་རྣམས་དང༌། གཞན་ཡང་གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས། ཁ་ཆེ་པཎ་ཆེན་གྱི་ཐུགས་སྲས་དཔྱལ་ཨ་མོ་གྷ་བཛྲ། ཞི་བྱེད་བསྟན་པའི་སྣང་ཆེན་སྙེ་མདོ་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ་བ་སོགས་སྐྱེས་བུ་དམ་པ་རྣམས་དང༌། རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཡབ་ཏུ་གྱུར་པའི་འབྲུག་པའི་རྟོགས་ལྡན་ཞིག་དང༌། གཏེར་ཆེན་རྡོ་རྗེ་གླིང་པའི་གསང་བའི་གཟུངས་མ་ལྷོ་བྲག་ནས་རྡོ་རྗེ་འཚོ་བྱ་བ་ཞིག་སོགས་རྣལ་འབྱོར་ཕོ་མོ་སྣ་ཚོགས་པའི་རྣམ་པར་ཡང་བསྟན་པའི་སྔོན་གནས་རྗེས་སུ་དྲན་པ་དང༌། ཁྱད་པར་དུ་ཆོས་རྒྱལ་ཁུ་དབོན་གཉིས་ཀྱི་སྐྱེ་སྤྲུལ་ནི་མངའ་བདག་ཁྲི་སྲོང་ཉིད་ནས་བརྩམས་ཏེ་འཕགས་བོད་ལྷ་ཡུལ་རྣམས་སུ་སྐྱེ་བ་བཅུ་གསུམ་བཞེས་པའི་བཅུ་བཞི་པར། ཉང་རལ་པ་ཅན་ཉིད་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་པདྨ་ཅན་དུ་མ་ཆགས་པདྨའི་སྤྱན་དུ་སངས་རྒྱས་པའི་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་རིམ་པར་བྱོན་པར་གསུངས་ཏེ། ཐང་ཡིག་ལས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ འཕྲུལ་ལྔ་བསྒྱུར་བའི་སྟོབས་སུ་འབྱུང༔ ཞེས་སོགས་གཞན་ལས་ཀྱང་དེ་མཚུངས་མང་དུ་འབྱུང་བ་དང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ནི༔ ཡབ་གཅིག་ཁྲི་སྲོང་སྐྱེ་བ་བཅུ་གསུམ་དུ༔ བདག་གིས་བྱིན་བརླབས་གདམས་པ་ཉམས་བླངས་པས༔ གསང་སྔགས་ནང་གི་ས་ལམ་མ་ལུས་བགྲོད༔ མངོན་པར་བྱང་ཆུབ་ཡེ་ཤེས་ཆེ་བརྙེས་ནས༔ སླར་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གྲངས་ཅན་གྲངས་མེད་བསམ་མི་ཁྱབ༔ བོད་ཁམས་མཐའ་དབུས་ཀུན་ཏུ་ཡང་ཡང་འབྱུང༔ ཟབ་ཏིག་ཉེར་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ཉི་མ་འོད་ཟེར་སྤང་རྗེ་སྟོན་པ་སོགས༔ སྨོན་ལམ་དག་པའི་སྤྲུལ་སྐུ་རྣམས་ཀྱིས་བཏོན༔ བདག་གིས་དབང་ལུང་གདམས་པའི་བཀའ་གཏད་ནས༔ བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས༔ སྙིང་པོའི་བསྟན་པའི་སྲོག་རྩ་ཟིན་པ་འབྱུང༔ ཞེས་སོགས་འབྱུང་བ་ལྟར། ཆོས་རྒྱལ་ཁྲི་ལྡེའི་རྣམ་འཕྲུལ་གཙོ་བོ་ལྔ་ནི། སྐུ་སྤྲུལ་ཟབ་གཏེར་སྒོ་འབྱེད་ཀུན་གྱི་སྤྱི་མེས་མངའ་བདག་ཉང་རལ་ཉི་མ་འོད་ཟེར། གསུང་སྤྲུལ་སྤྱན་རས་གཟིགས་དངོས་འགྲོ་འདུལ་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་སྤྲུལ་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་མངའ་རིས་པཎྜི་ཏ་ཆེན་པོ་པདྨ་དབང་གི་རྒྱལ་པོ། ཡོན་ཏན་སྤྲུལ་པ་མེ་ཉག་བྱང་པ་བདག་པོ་བཀྲ་ཤིས་སྟོབས་རྒྱལ་མཁའ་འགྲོ་ཡོངས་གྲུབ་རྩལ། ཕྲིན་ལས་སྤྲུལ་པ་རྩོད་དུས་གངས་ཅན་སྐྱོབ་པའི་དཔལ་མགོན་ངག་དབང་བློ་བཟང་རྒྱ་མཚོ་བཅས་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་མགྲིན་གཅིག་ཏུ་གསལ་བ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལའང་སྤྲུལ་པ་ལྔ་ཕྲག་རེ་དང་དེ་ལས་ཀྱང་ཡང་སྤྲུལ་ཉིང་སྤྲུལ་དུ་མ་འབྱུང་བ་རྣམས་ཀྱང་དབྱིངས་གཅིག་པར་ངེས་པས། ཐམས་ཅད་ཀྱང་རྗེ་བླ་མ་འདི་ཉིད་ཀྱི་ཐུགས་རྗེའི་རྣལ་རོལ་ཏུ་གྲུབ་པ་དང༌། རྒྱལ་སྲས་ལྷ་རྗེ་ནི་ཐང་ཡིག་ལས། སྲས་འདི་སྐྱེ་བ་ཡང་སྔ་ད་བར་དུ༔ བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངས༔ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང༔ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང༔ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པ༔ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པས༔ ཡར་ཀླུང་གཏེར་ཁ་འདི་ལ་གཏད་དོ་གསུངས༔ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལ༔ ཞེས་སོགས་དང༌། གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང༔ འགྲོ་བ་མང་པོ་སངས་རྒྱས་ཞིང་དུ་འཁྲིད༔ སྙན་པས་ས་སྟེང་ཐམས་ཅད་ཁྱབ་པ་འབྱུང༔ ཞེས་དང༌། དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་པར༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ༔ གྲིབ་མས་རེག་ཙམ་ཏིལ་འབྲུ་ཙམ་ཞིག་ཉེ༔ ངན་སོང་འགྲོ་ངེས་ཤེས་ཀྱང་མཐོ་རིས་སྐྱེས༔ དགེ་རྒྱུ་ཉུངས་འབྲུ་ཙམ་ཞིག་ས་བོན་ཐེབས༔ ཞེས་སོགས་གསུངས་པ་ལྟར། དང་པོར་གཏེར་འབྱིན་ཐམས་ཅད་ཀྱི་ཐོག་མ་མངའ་རི་གློ་བོ་དགེ་སྐར་ནས་རྩ་གསུམ་དྲིལ་སྒྲུབ་དངོས་གྲུབ་བརྟན་གཟིགས་སོགས་སྤྱན་དྲངས་པ་སངས་རྒྱས་བླ་མ། གཉིས་པ་བལ་བོད་མཚམས་ཀྱི་པུརྞ་རྫ་རི་ནས་བླ་མ་བསྟན་གཉིས་སྐོར་གསུམ་སོགས་སྤྱན་དྲངས་པ་རྒྱ་ལོ་ཙཱ་རྡོ་རྗེ་བཟང་པོ། གསུམ་པ་མང་ཡུལ་བྱམས་པ་སྤྲིན་ནས་བླ་རྫོགས་ཐུགས་གསུམ་དྲག་སྔགས་ཀྱི་སྐོར་སོགས་བཏོན་པ་ཉི་མ་སེང་གེ །བཞི་པ་མོན་སྤ་གྲོ་གཅལ་གྱི་བྲག་ནས་ཆོས་བོན་སྨན་རྩིས་སྐོར་རྒྱ་ཆེར་བཏོན་པ་ཀུ་ས་སྨན་པ་པདྨ་སྐྱབས་སམ་ཁུ་ཚ་ཟླ་འོད། ལྔ་པ་ཡར་འབྲོག་མུ་ཏིག་སྤ་མ་གོང་ནས་བླ་རྫོགས་ཐུགས་གསུམ་སྤྱན་དྲངས་པ་དོ་བན་རྒྱ་མཚོ་འོད་དང་སྐུའི་བཀོད་པ་གཅིག་ཟུར་པཀྴི་ཤཱཀྱ་འོད་ཀྱིས་བྲག་རྡོ་རྗེ་སྲ་བརྟན་ནས་ཚེ་ཆུ་བུམ་པ་གཏེར་དུ་བཞེས། དྲུག་པ་བུ་ཚལ་གསེར་ཁང་ནས་གུར་དྲག་དང་འཇིག་རྟེན་མཆོད་བསྟོད་ཀྱི་སྐོར་སྤྱན་དྲངས་པ་གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་དང༌སྐུའི་བཀོད་པ་གཅིག་ཁྱུང་ནག་ཤཱཀྱ་དར་ཏེ་འདིས་ཀྱང་ཆོས་སྨན་རྩིས་སྐོར་གྱི་གཏེར་མང་དུ་བཏོན། བདུན་པ་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་གཏེར་ཁ་རྒྱ་ཆེར་སྤྱན་དྲངས་པ་ཡར་རྗེ་ཨོ་རྒྱན་གླིང་པ། བརྒྱད་པ་ཟབ་ལུང་མེ་ཚོར་མཁའ་འགྲོ་ཕུག་ནས་བླ་མ་ཡོངས་རྫོགས་ཀྱི་ཆོས་སྐོར་བཏོན་པ་དོལ་སྔགས་འཆང་ལས་འཕྲོ་གླིང་པ། དགུ་པ་གནས་གསར་མཁྱེན་བརྩེའི་དབང་ཕྱུག་མཚན་ཉིད་ཀྱི་གྲྭ་སར་ཞུགས་པ་སོགས་ཀྱི་སྐྱོན་གྱིས་གཏེར་ཁ་རྒྱ་ཆེར་བཞེས་མ་གྲུབ་ཀྱང་གྲམ་པ་རྒྱང་ནས་ངོ་མཚར་གྱི་གདམས་པ་པུསྟ་ཀ་གཅིག་ཙམ་བཞེས་པར་གྲགས་ཤིང༌། མངའ་རིས་པཎ་ཆེན་ཡང་སྐུའི་བཀོད་པ་གཅིག་ཏུ་ངེས། བཅུ་པ་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པར་རྫུ་འཕྲུལ་གྱིས་བྱོན་ནས་ཐུགས་དམ་ཟབ་པ་སྐོར་བདུན་སོགས་ཆོས་རྟེན་དམ་རྫས་མང་དུ་སྤྱན་དྲངས་པ་ཨེ་སྤེ་ལྕོག་གར་དབང་ལས་འཕྲོ་གླིང་པ། བཅུ་གཅིག་པ་བདུད་རི་གནམ་ལྕགས་བྲག་ནས་གུ་རུ་ཞི་དྲག་གི་སྐོར་སོགས་ཟབ་གཏེར་མང་པོའི་མངའ་བདག་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་ནམ་པདྨ་ཚེ་དབང་རྩལ། བཅུ་གཉིས་པ་ཟག་མེད་འཇའ་ཚོན་ཕུག་པ་ནས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་གཙོས་གཏེར་ཁ་མང་པོའི་མངའ་བདག་ཨོ་རྒྱན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་རྩལ། བཅུ་གསུམ་པ་ནི་བཀའ་བབས་ཆེན་པོ་བདུན་གྱི་ཤིང་རྟ་འདྲེན་པ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་༧རྗེ་བླ་མ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་དོ། །དེ་ལྟར་སྨྲོས་པ་དེ་དག་ཀྱང་ལ་ལ་ནི་དུས་མཉམ་དུ་བྱོན་པ་དང༌། འགའ་ཞིག་སྐུ་ཚེའི་སྟོད་སྨད་ཀྱི་སྔ་ཕྱི་ཙམ་ཡོད་པ་དང༌། ཕལ་ཆེར་གཅིག་རྗེས་སུ་གཅིག་བྱོན་པ་སོགས་ཚུར་མཐོང་བློས་དཔྱད་པར་དཀའ་བ་ཡོད་ཀྱང་། སོ་སྐྱེའི་རྣམ་པར་ཤེས་པ་སྔ་མ་འཕོས་ནས་ལས་རླུང་གིས་ཕྱི་མའི་མངལ་དུ་ཚུད་པ་ལྟ་བུ་ལས་ཀྱི་དབང་གིས་ཁམས་གསུམ་དུ་སྐྱེ་བ་བརྒྱུད་པ་མ་ཡིན་པ། འཕགས་པའི་ས་ལ་བཞུགས་པ་རྣམས་སྨོན་ལམ་དང་སྙིང་རྗེའི་དབང་གིས་གཅིག་དང་དུ་མའི་སྤྱོད་ཡུལ་ལས་འདས་པའི་ཡེ་ཤེས་སྒྱུ་མའི་རོལ་པ་གང་ལ་གང་འདུལ་ཅིར་ཡང་སྟོན་པ་ནི། ནམ་མཁའི་ཉི་མ་གཅིག་ཉིད་ས་གཞིར་ཆུའི་སྣོད་ཇི་སྙེད་པ་དེ་སྙེད་དུ་དེ་དང་འཚམ་པའི་གཟུགས་སུ་ཤར་བ་ལྟ་བུ་སྟེ། རྒྱུད་བླ་མ་ལས། གང་ཕྱིར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་ལ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཅར་འཆར། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང༌། །ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བོའི་སྤྱོད་པ་སྣ་ཚོགས་དང༌། ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཀྱང༌། །དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །ཅེས་གསུངས་པ་ལྟར་བསམ་གྱིས་མི་ཁྱབ་པའི་ཚུལ་ཁོང་དུ་ཆུད་ནས་ཡིད་ཆེས་པར་བྱ་དགོས་སོ། །དེ་ལས་སྐབས་འདིར་ལྷ་དང་བཅས་པའི་འཇིག་རྟེན་གསུམ་ན་མཚན་གྱི་རྔ་བོ་ཆེ་སྙན་པར་གྲགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་དུས་གསུམ་དུ་འབྱོན་པར་དཀའ་བའི་སྐྱེས་བུ་ཆེན་པོ། སྐྱེ་རྒུ་མ་ལུས་པའི་སྐྱབས་དང་སྐྱོབ་པ་གཅིག་པུ། འབྲེལ་ཚད་དོན་དང་ལྡན་པའི་ཕྲིན་ལས་ཅན། ཤེས་བྱའི་གནས་ལྔ་ལ་ཆགས་ཐོགས་མི་མངའ་ཞིང་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། འདིར་སྣང་ཆོས་བརྒྱད་ཀྱི་འཆིང་བ་ཡོངས་སུ་བཅད་པས་འཁྲུལ་པ་ཞིག་པའི་དབང་ཕྱུག་ཆེན་པོ། ཞེན་ལོག་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་གང་ལའང་ཆགས་འཛིན་སྤུ་ཙམ་མི་མངའ་བས་བྱ་བཏང་གི་རྒྱལ་པོ། རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་ཚོགས་རྗེས་སུ་འཛིན་པ་ལ་མཁས་པས་བྱང་ཆུབ་སེམས་དཔའ་ཆེན་པོ། མཁས་པ་དང་གྲུབ་པར་བསྙེམས་པ་གང་གིས་ཀྱང་སྤོབས་པའི་སྟོབས་མི་ཆོམ་པས་འཇིགས་བྲལ་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ། དེ་ཉིད་བཅུའི་མཐར་སོན་ཅིང་རྡོ་རྗེ་ནང་གི་ས་ལམ་བགྲོད་པས་གྲུབ་པ་ཆེན་པོའི་གོ་འཕང་བརྙེས་པ་དེ་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་བསམ་གྱིས་མི་ཁྱབ་པས་ཇི་བཞིན་པ་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་ལས་གཞན་དུ་མ་གྱུར་ཀྱང༌། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་གུས་པ་འཕེལ་བའི་སླད་དུ་རང་བློས་རྗེས་སུ་དཔོག་པ་ཅུང་ཟད་ཙམ་བརྗོད་པ་ལ་གསུམ། གདུལ་བྱ་ཐུན་མོང་བའི་མཐུན་སྣང་དུ་གྲུབ་པའི་ཕྱིའི་རྣམ་ཐར་དང༌། ཐུན་མོང་མ་ཡིན་པ་རྗེ་ཉིད་ཀྱི་ཁྱད་ཆོས་སུ་གྲུབ་པ་ནང་གི་རྣམ་ཐར་དང༌། ཤིན་ཏུ་ཐུན་མོང་མ་ཡིན་པ་ཕལ་པའི་སྤྱོད་ཡུལ་ལས་འདས་པ་གསང་བའི་རྣམ་ཐར་རོ། །དང་པོ་ལ་བརྒྱད། ཚད་མར་གྱུར་པའི་ལུང་ལས་ཇི་ལྟར་བསྟན་པའི་ཚུལ། ༡ ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བསམ་བཞིན་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ། ༢ དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཇི་ལྟར་ཞུགས་པའི་ཚུལ་དང་སྡོམ་པ་གསུམ་ལྡན་དུ་མཛད་ཚུལ། ༣ ཞུགས་ནས་དགེ་བའི་བཤེས་གཉེན་བསྟེན་ཅིང་ཐོས་བསམ་ཇི་ལྟར་མཛད་པའི་ཚུལ། ༤ དེའི་དོན་ཉམས་སུ་བཞེས་ནས་མངོན་པར་རྟོགས་པའི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ། ༥ དེ་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པའི་ཚུལ། ༦ ཞར་བྱུང་དུ་བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་ཇི་ལྟར་བསགས་པའི་ཚུལ། ༧ མཐར་མཛད་པ་མཐར་ཕྱིན་ནས་སྤྲུལ་པའི་བཀོད་པ་དབྱིངས་སུ་ཐིམ་པའི་ཚུལ་ལོ། ༨ །དང་པོ་ནི། དཔེར་ན་བདག་ཅག་གི་སྟོན་པས་དུས་གསུམ་འདྲེན་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཐུགས་བསྐྱེད་དེ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ནས་མི་མཇེད་ཀྱི་འཇིག་རྟེན་དུ་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས་བཟུང་བར་མཛད་པ་ལྟར། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཕུལ་དུ་བྱུང་བ་རྣམས་ཀྱང་ཆེས་སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་བའི་ཆེད་དུ་བྱོན་པ་ཡིན་ཏེ། སྡུད་པ་ལས། དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང༌། །དེ་བཞིན་དཔའ་རྣམས་སེམས་ཅན་ཀུན་གྱི་དབང་གིས་འགྲོ། །ཞེས་དང༌། ཇི་སྐད་དུ། བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱིད། །ཅེས་རྒྱུད་ཀྱི་དམ་བཅའ་ཉེར་བརྒྱད་པ་ལས་གསུངས་པའི་དོན་བཞིན། ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ཞིང་ཁམས་གཞན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མ་ཐུལ་བའི་སེམས་ཅན་མང་པོ། དེང་སང་ཞིང་འདིར་སྐྱེས་ནས་རྒྱུད་མ་རུངས་པར་གྱུར་པ་མཐའ་དག་ལ་ཐར་པའི་ས་བོན་སྣ་རེ་ཙམ་བཞག་ཅིང་འཁོར་བ་མཐའ་ཅན་མཛད་པའི་སླད་དུ། རང་ཉིད་ཁམས་གསུམ་ལས་འདས་ཀྱང་རྣམ་པར་གྲོལ་བའི་ཞི་བདེ་ལ་མི་གཞོལ་བར་སྲིད་པའི་ཚུལ་བཟུང་བ་ནི། སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན། །ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་གསུངས་པ་ལྟར་གང་ལ་གང་འདུལ་གྱི་རྣམ་འཕྲུལ་ཚད་མེད་པས་འགྲོ་བའི་དོན་རྒྱུན་མི་འཆད་པ་ནི་འཕགས་པ་རྣམས་ཀྱི་ཆོས་ཉིད་ཡིན་ཞིང༌། ལྷག་པར་རིགས་གསུམ་མགོན་པོ་དང༌། དེ་ལས་ཀྱང་འཇམ་དཔལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཉིད་བོད་འབངས་རྣམས་ལ་ཐུགས་ཤིན་ཏུ་བརྩེ་བས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་པ་ཡང་ནས་ཡང་དུ་འབྱུང་བའི་ཚུལ་སངས་རྒྱས་གཉིས་པ་གུ་རུ་པདྨའི་རྡོ་རྗེའི་ལུང་རྣམས་སུ་གསལ་བ་ལས། བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མར། མངའ་བདག་རྗེ་ཉིད་ཆེ་བའི་ཡོན་ཏན་རྒྱས༔ དགོངས་པ་ཡོངས་རྫོགས་རྣམ་པར་གྲོལ་གྱུར་ནས༔ མངའ་རིས་གདུལ་བྱ་རྗེས་འཇུག་ལ་སོགས་པ༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་སླད་དུ༔ སྤྲུལ་པས་དོན་མཛད་ཐུགས་རྗེའི་འོད་ཟེར་འཕྲོ༔ རང་བཞིན་ཐབས་ཀྱིས་གདུལ་ཐབས་སྣ་ཚོགས་སྟོན༔ ཕལ་ཆེར་སྟོད་ཁམས་བར་ཁམས་ཁམས་སྨད་དང༔ ལ་ལ་རུ་བཞི་དབུ་རུ་ལ་སོགས་དང༔ སྨོན་ལམ་དབང་གིས་མཐའ་འཁོབ་ཡང་འཁོབ་ཏུ༔ འགྲོ་བའི་དོན་བརྩོན་མཛད་ཚུལ་བསམ་མི་ཁྱབ༔ ཅེས་དང༌། དེ་བཞིན་སྤྲུལ་པ་ཡང་སྤྲུལ་དཔག་མེད་འགྱེད༔ གང་ལ་གང་འདུལ་ཚུལ་གྱི་གཟུགས་སུ་སྟོན༔ འགྲོ་བའི་དོན་བརྩོན་སྐྱོ་དུབ་མེད་པ་འབྱུང༔ གང་འབྲེལ་ཐམས་ཅད་པདྨ་ཅན་དུ་སྤྱོད༔ ཅེས་གསུངས་པ་ལྟར་སྤྱིར་ལུང་བསྟན་པ་དང༌། བྱེ་བྲག་ཏུ་མངའ་བདག་ཉང་གི་གཏེར་ལུང་ལས། རྩེ་སྒང་ཞེས་པའི་རི་བོའི་མདུན༔ ཕ་ཝཾ་ཀླུ་དབང་འཁྱིལ་བའི་སྟེང༔ མངའ་བདག་འཇམ་པའི་དབྱངས་ཞེས་འབྱུང༔ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་སྐུ་འཁྲུངས་པའི་གནས་སོགས་གསལ་བར་བསྟན་པའི་ལུང་དོན་འོག་ནས་འབྱུང༌། ཐང་ཡིག་ལས། རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་ནི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔ ཞེས་པའང་པདྨ་ཚེ་དབང་རྒྱལ་པོ་ལ་དེར་གྲགས་མོད། ལས་འཕྲོ་གླིང་པ་སྔ་ཕྱི་བཞི་ཙམ་བྱོན་པ་བཞིན་བཀའ་ཐང་དུ་ལུང་བསྟན་པ་རེ་རེ་ལ་སྔ་ཕྱི་ངོས་འཛིན་གཉིས་གསུམ་རེ་བྱོན་པ་ཐམས་ཅད་ཚད་མས་གྲུབ་པས་འགལ་བ་མེད་པ་མ་ཟད། ཚེ་དབང་རྒྱལ་པོས་ལུང་བསྟན་པའི་གནས་དེ་ནས་གཏེར་བཞེས་པར་མ་གྲགས་ཤིང༌། རྗེ་བླ་མའི་ཟབ་གཏེར་རྩ་གསུམ་བཀའ་འདུས་ཆོས་སྐོར་དེའི་གཙུག་ལག་ཁང་གི་ཀ་ཞུའི་ནང་དུ་བཞུགས་ཀྱང་དུས་ཐོག་ཏུ་ཕེབས་མ་གྲུབ་པས་ཕྱིས་གཙུག་ལག་ཁང་འཇིག་ལ་ཉེ་བ་ན་གཏེར་གནས་འཕོས་ཏེ་དེ་སྐོར་གྱི་བྲག་ཞིག་ཏུ་བཞུགས་པ་གསལ་བར་གཟིགས་པ་དང༌། དེའི་རྟེན་གྲལ་དམ་ཚིག་གི་རྡོ་རྗེ་ཁྱད་པར་ཅན་གཏེར་སྲུང་གིས་ཕྱག་ཏུ་ཕུལ་འདུག་པ་དངོས་སུ་མཇལ་བས་མཚོན་ལུང་འདིའང་རྗེ་འདི་ཉིད་དུ་གྲུབ། ཨོ་རྒྱན་གླིང་པའི་ཟུར་མཁར་རྡོའི་མཆོད་རྟེན་གྱི་གཏེར་མ་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གཏེར་ལུང་ལས། མ་འོངས་ཆོས་ཀྱི་བདག་པོ་དེ་ཉིད་ཀྱང༔ ཤར་གྱི་ཕྱོགས་ནས་འབྲུག་གི་ལོ་པ་འབྱུང༔ རང་ནོར་སྤྱོད་པས་བསྟན་པའི་མེ་རོ་གསོ༔ ཞེས་འབྱུང༌། དེའི་དོན་ནི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་ངོ་མཚར་ཁྱད་པར་དུ་འཕགས་པའི་ཆོས་སྡེ་དང༌། བཀའ་འདུས་སྙིང་པོ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་རྣམས་ཀྱི་ཤོག་སེར་ཕྱག་ཏུ་བབས་ཤིང་སྔ་མ་གཏན་ལ་ཕབ་ནས་འཆད་སྤེལ་མཛད་པས་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་རྒྱམ་སྔོན་ཆད་མཚན་ཙམ་ལས་མི་བཞུགས་པ་ལ་འདིར་བསྟན་པའི་མེ་རོ་གསོས་པ་དང༌།  རཏ་གླིང་ཕྱག་ཆེན་ཉི་མའི་སྙིང་པོ་ལས། སྟག་ཚང་རོང་དུ་སྦས་པ་འདི༔ མངའ་བདག་མྱང་གི་གདུང་རྒྱུད་ནི༔ མི་རབས་ཡང་རྒྱུད་བཅུ་གསུམ་ན༔ འཇམ་དབྱངས་སྤྲུལ་པ་བློ་གྲོས་ཅན༔ འཇམ་དཔལ་བཤེས་གཉེན་ཞེས་པས་འདོན༔ གདུལ་བྱ་གངས་ཅན་ཡུལ་ཁྱབ་འབྱུང༔ ཞེས་པའང་མངའ་བདག་ཉང་གི་གདུང་རྒྱུད་མི་རབས་བཅུ་གསུམ་རྫོགས་ཟིན་པའི་རྗེས་སུ་འབྱོན་པའི་དུས་དང༌། སྟག་ཚང་མིང་ཅན་བཅུ་གསུམ་ལས་རོང་རྨེ་དཀར་མོ་སྟག་ཚང་ལས་ཟབ་གཏེར་བཞེས་པའི་གནས་སོགས་གསལ་བར་བསྟན། ཆོས་རྒྱལ་རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ་གྱི་གཏད་རྒྱའི་ལུང་བསྟན་ལས། མ་འོངས་དུས་མཐར་བཀའ་བརྒྱུད་ཡལ་བའི་ཚེ༔ བི་མས་བྱིན་བརླབས་ཆོས་འདི་སྤྱོད་པ་ན༔ བཻ་རོའི་ཐུགས་བསྐྱེད་རྒན་གཞོན་བྱིས་པའི་ཚུལ༔ གསུམ་གྱིས་འཆད་ནས་ཅུང་ཟད་དར་ཡང་སྲིད༔ ཅེས་གསུངས་པའི་དོན་བཞིན་ཆོས་རྒྱུན་ཆད་ནས་ཡུན་རིང་སོང་བ་ན། རྗེ་བླ་མ་ཉིད་ནས་དཔེ་རྒྱུན་བཙལ། གུ་རུ་རིན་པོ་ཆེ་དང་གཏེར་སྟོན་གྱི་ཡེ་ཤེས་ཀྱི་སྐུས་ཉེ་བརྒྱུད་བསྩལ་བ་ལྟར་རྒན་པ་ཁོ་བོ་དང༌། གཞོན་པ་དཔའ་བོ་མཆོག་སྤྲུལ་དང༌། བྱིས་པའམ་ཆུང་བ་སྤུ་བོ་རྦ་ཁ་སྤྲུལ་སྐུ་རྣམས་ཡིན་པར་མཛད་ནས་རིམ་པར་བསྩལ་བས་ལུང་དོན་དང་འབྱོར། །མངའ་རིས་པཎ་ཆེན་གྱི་བཀའ་བརྒྱད་ཡོངས་འདུས་ལུང་བྱང་ལས། བདག་དང་ནམ་མཁའི་སྙིང་པོའི་སྨོན་ལམ་ལས༔ ཁམས་ཀྱི་ཕྱོགས་སུ་འབྲུག་གམ་བྱི་ཕག་ལོ༔ སྡེ་སྣོད་རྒྱུད་སྡེའི་གསང་བ་ཀུན་བསྡུས་ནས༔ རིག་འཛིན་རྣམ་བཞིའི་བརྒྱུད་པ་རྒྱས་པར་བྱེད༔ མཐར་ནི་དཔལ་ཆེན་ཐུགས་དང་གཉིས་སུ་མེད༔ ཅེས་ས་ཕྱོགས་དགུང་སྙིང་མཛད་པ་བཅས་གསལ་བར་བསྟན་ལ། སྤྲུལ་གཞིའི་ཁྱད་པར་ཡང་སྤྱིར་རྗེ་འབངས་རྣམས་ཡེ་ཤེས་ཀྱི་དབྱིངས་གཅིག་པར་མ་ཟད། པཎ་ཆེན་རིན་པོ་ཆེའི་སྤྲུལ་གཞིར་དམིགས་སུ་གསུངས་པས་ཤིན་ཏུ་ངེས་པ་ཡིན་པ་དང༌། གཞན་ཡང་རྡོ་རྗེ་གླིང་པ། བདུད་འདུལ་རྡོ་རྗེ་རྣམས་ཀྱི་ལུང་ལས་ཀྱང་ཤིན་ཏུ་གསལ་བར་བསྟན་ཅིང༌། རོལ་པའི་རྡོ་རྗེའི་བྲག་གཏེར་ལུང་ལས་ཀྱང༌། མཉྫུའི་མཚན་ཅན་ངུར་སྨྲིག་འཆང་བ་འབྱུང༔ ཞེས་སོགས་གཏེར་རྙིང་འགའ་ཞིག་ལས་རང་གིས་མཐོང་ཚོད་བཀོད་པ་སྟེ། ལུང་ཟིན་གྱི་སྐྱེས་བུ་ལ་འདྲ་མིན་དང་མི་ནོར་བའི་མཚན་རྟགས་ཀྱང་དགོངས་འདུས་ལུང་བསྟན་ཆེན་མོ་ལས། གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན༔ ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ནམ༔ སྨེ་བ་དཀར་དམར་ཐིག་ལེས་སྤྲས་དང་གཅིག༔ ངག་ནི་སྙན་འགྱུར་ངག་ཚིག་རྩོལ་བ་ཅན༔ ཡང་ན་མགྲིན་པར་ཤ་མཚན་ཐིག་ལེ་འམ༔ པདྨ་ལས་བྱུང་པདྨའི་མིང་ལྡན་གཉིས༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམ༔ དེ་གསུམ་གསུམ་འཛོམ་མཆོག་ཡིན་གཉིས་འཛོམ་འབྲིང༔ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེ༔ ཞེས་གསུངས་པའི་རྟགས་གསུམ་ཀ་རྗེ་འདི་ལ་མངའ་བ་དང༌། མཆོག་གླིང་གཏེར་བྱོན་ཟབ་པ་སྐོར་བདུན་ལུང་བསྟན་ལས། ཁྲི་སྲོང་སྤྲུལ་པས་ཕ་བུའི་ལས་འཕྲོ་སྐྱོང༔ ཞེས་པ་ནི་གཏེར་སྟོན་ཡོངས་གྲགས་སུ་འགྱུར་བའི་བཀའ་དྲིན་སྐྱོང་ཚུལ་འོག་ཏུ་སྨྲོས་པ་ལྟར་ལ། ཁྲི་སྲོང་སྤྲུལ་པ་རབ་བྱུང་འབྲུག་གི་ལོ༔ ཡང་ན་ཡོས་ཀྱི་ལོ་པ་ཤིང་ཁམས་པ༔ ཨཱ་ཡུ་འམ་ནི་མཉྫུའི་མིང་ཅན་ཞིག༔ བློ་གྲོས་མཐར་ཕྱིན་གཞན་སྣང་ཟིལ་གནོན་པ༔ སོ་བདུན་ལོ་ལ་ཆོས་འདི་འཕྲོད་པར་གྱིས༔ ཞེས་ཡང་དག་ཐུགས་ཀྱི་སྙིང་པོའི་ཆོས་བདག་དམིགས་སུ་གསུངས་པ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལས། མངའ་བདག་སྤྲུལ་པ་དབང་པོའི་མིང༔ ཀཿཐོག་ཉེ་བའི་ཕྱོགས་སུ་འབྱུང༔ ཆོས་ཀྱི་སྒོ་འབྱེད་ཕྲིན་ལས་སྤེལ༔ ཅེས་གསུངས་པ་ལྟར་ཐོག་མར་རྣམ་གཉིས་ཞལ་རྒྱས་པས་གཏན་ལ་ཕབ་ཅིང་ཀུན་ཁྱབ་ཡོངས་གྲགས་ཀྱི་ཕྲིན་ལས་སྤེལ་བའི་བདག་པོའི་རྐྱེན་དུ་གྱུར་པ་དང༌། ཁྱད་པར་གཏེར་གསར་ལུང་བྱང་སྙིང་གི་མེ་ལོང་ལས། དེ་ནས་ཡང་དག་བཤད་བྱ་བ༔ བྱང་རྒྱུད་ཕྱོགས་ཀྱི་དམག་དཔུང་ཞིག༔ བོད་ཡུལ་དབུས་འདིར་སླེབ་པ་ན༔ བོད་ཁམས་བསྟན་པ་ཉམས་ལ་ཐུག༔ དེ་ཚེ་པདྨའི་ཐུགས་བསྐྱེད་མཐུས༔ ཟ་ཧོར་རྒྱལ་པོའི་གདུང་མཐའ་རུ༔ ཡབ་གཅིག་ཁྲི་སྲོང་སྤྲུལ་པ་འབྱུང༔ པཎ་གྲུབ་ཁ་ཡར་འགའ་ཚོགས་ཏེ༔ ད་ལྟའི་བསྒྱུར་བཤད་ཆོས་རྣམས་ཀུན༔ དེ་དུས་ཅུང་ཟད་འཆད་ཉན་བྱེད༔ དེ་ནས་ཕལ་ཆེར་ནུབ་ཉེའི་དུས༔ བི་མ་མི་ཏྲས་བྱིན་བརླབས་པ༔ ཁྲི་སྲོང་སྤྲུལ་པ་དགེ་སྦྱོང་ཚུལ༔ ལྕགས་ཁམས་འབྲུག་གི་ལོ་པ་ནི༔ སྐྱེས་བུ་བློ་རྩལ་ལྡན་པ་འབྱུང༔ སྙིང་པོའི་བསྟན་པ་གསལ་བར་བྱེད༔ བོད་ཁམས་བདེ་ཐབས་སྣ་ཚོགས་སྤེལ༔ ཁྱད་པར་བདག་གིས་དངོས་ཉམས་དང༔ རྨི་ལམ་ཚུལ་དུ་བྱིན་བརླབས་པས༔ འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཉིད༔ གྲུབ་པ་མཆོག་གི་ཚུལ་བཟུང་ནས༔ མཐར་ཐུག་ནོར་བུ་ལྔ་ལ་སོགས༔ ཟབ་མོའི་གཏེར་སྒོ་འགའ་ཞིག་འབྱེད༔ ཡང་ན་བཀའ་རྙིང་བསྟན་པ་བསྐྱང༔ འབྲེལ་ཚད་སྨིན་གྲོལ་ལམ་ལ་བཀོད༔ མདོ་སྔགས་སྤྱི་དང་སྙིང་པོའི་སྲོལ༔ གྲུབ་པ་བརྙེས་པའི་རིང་ལུགས་རྣམས༔ བཀའ་བསྡུ་འཆད་ཉན་སྒོམ་སྒྲུབ་ཀྱིས༔ དབུས་གཙང་མདོ་སྨད་ཀུན་ཏུ་དར༔ ཞེས་སོགས་གཏེར་གསར་ལུང་བྱང་ཐམས་ཅད་ལས་དཔལ་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཡང་ནས་ཡང་དུ་བསྔགས་བརྗོད་ཀྱི་ཨུཏྤལ་ཆར་དུ་བསྙིལ་ཞིང༌། རྗེ་ཉིད་ཀྱི་ཟབ་གཏེར་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ལུང་ལས། ནམ་ཞིག་སྤྲུལ་པའི་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་རོལ་པ་མཐའ་ཀླས་པས༔ བོད་ཁམས་འགྲོ་རྣམས་སྐྱོབ་པ་དང༔ བསྟན་པའི་མེ་རོ་ཡང་ཡང་གསོ༔ ཁྱད་པར་སུམ་ཅུའི་ཁ་རལ་དུས༔ གསུང་སྤྲུལ་བདུན་གྱི་གསུམ་པ་ནི༔ པདྨ་འོད་གསལ་མདོ་སྔགས་གླིང༔ ཤེས་རབ་ཆེན་པོའི་རྩལ་རྡོལ་ཞིང༔ བསམ་གྱིས་མི་ཁྱབ་ཉམས་མྱོང་ཅན༔ གཞན་སྣང་ཟིལ་གནོན་བརྟུལ་ཞུགས་དང༔ གསང་བ་བསྲུང་ལ་བློ་བརྟན་པས༔ སུས་ཀྱང་བརྟག་པར་དཀའ་བ་ཞིག༔ ལྕགས་ཁམས་འབྲུག་གི་ལོ་ཤར་དུས༔ མདོ་ཁམས་འབྲི་རྫ་སྒང་རྒྱུད་ལས༔ བཀྲ་ཤིས་དབང་གི་གནས་ཀྱི་མདུན༔ ཆུ་བོ་ལྷུང་ལྷུང་འབབ་པའི་གཡས༔ རི་བོ་གླང་ཆེན་འགྱིང་འདྲའི་གདོང༔ ཀླུ་དབང་འཁྱིལ་འདྲའི་བྲག་གི་སྟེང༔ ངོ་མཚར་ལྟས་དང་བཅས་ཏེ་འབྱུང༔ དེ་ཚེ་ད་ལྟའི་སྨོན་ལམ་མཐུས༔ རྒྱལ་བའི་བསྟན་པ་མཐའ་དག་དང༔ ཁྱད་པར་སྙིང་པོའི་དོན་ལ་མོས༔ མང་དུ་ཐོས་པས་མི་ངོམས་ཤིང༔ ཐོས་དོན་ཉམས་ལེན་གཏན་ལ་འབེབ༔ མར་མེ་འཆི་ཀ་ལྟ་བུ་ཡི༔ ཟབ་ལམ་མང་པོའི་སྲོག་མཐུད་ནས༔ རང་དང་གཞན་གྱི་མཐུས་བཟུང་སྟེ༔ ཕྱོགས་མཐའ་ཀུན་ཏུ་རྒྱས་པར་བྱེད༔ ཅེས་དང༌། གྲུབ་ཐོབ་བཀའ་བརྒྱད་ལས། འོ་མའི་ནང་ནས་མར་དང་ནི༔ མར་གྱི་སྙིང་པོ་ཞུན་བྱས་ལྟར༔ ལྟ་སྒོམ་སྤྱོད་འབྲས་བོགས་འདོན་དང༔ སྒྲུབ་པའི་གཞུང་དང་ཡན་ལག་བཅས༔ རྣལ་འབྱོར་བདག་གི་སྙིང་ཐིག་འདི༔ བོད་ཀྱི་རིག་འཛིན་སྔགས་པ་གཞན༔ སུ་ལའང་འཕོ་བའི་སྐབས་མེད་པས༔ རིན་ཆེན་ལྟ་བུའི་གང་ཟག་ནི༔ ཅིག་ཅར་རིགས་ཅན་བརྟུལ་ཞུགས་མཐོ༔ སུས་ཀྱང་མི་དཔོག་རང་ཟུངས་ཐུབ༔ བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ནས་འབྲུག་གི་ལོ༔ གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པའི་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ ཞེས་པས་མཚོན་གཏེར་ཁ་རེ་རེ་བཞིན་རྒྱ་ཆེར་འབྱུང་ཡང་སོ་སོའི་གཞུང་དུ་གསལ་བས་འདིར་འགོད་པའི་སྤྲོས་པ་མ་བགྱིས་ཤིང༌། གཏེར་ཁ་ཕལ་ཆེར་ལས། མངའ་བདག་གི་སྐུ། པདྨའི་གསུང༌། ནམ་མཁའི་སྙིང་པོའི་ཐུགས། བི་མའི་ཡོན་ཏན། ལང་གྲོ་དཀོན་མཆོག་གི་ཕྲིན་ལས་ཀྱི་རྣམ་འཕྲུལ་དུ་བསྔགས་པས་རྣམ་ཐར་མཐའ་ཡས་པའི་བདག་ཉིད་ཅན་དུ་ཤེས་པར་བྱའོ།།  །།གཉིས་པ་ཐུགས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ལས་བསམ་བཞིན་དུ་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ་ནི། བདག་ཉིད་ཆེན་པོ་རྣམས་སྤངས་རྟོགས་མཐར་སོན་པས་སྲིད་པ་ཉེ་བར་ལེན་པའི་ས་བོན་རྩད་ནས་བཅད་ཟིན་ཀྱང་གདུལ་བྱའི་ཡུལ་དང་ཐུགས་རྗེའི་རྐྱེན་ཚོགས་པ་ལ་བརྟེན་ནས་སྲིད་པའི་གཟུགས་སུ་མངོན་པར་སྣང་བ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུའི་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པ་དང་རྗེས་སུ་མཐུན་པ་དང༌། གདུལ་བྱ་གདུལ་དཀའ་བ་རྣམས་ལ་ལྷག་པར་ཡང་ཐུགས་རྗེ་ཆེན་པོ་སྐྱེས་ནས་བསམ་བཞིན་དུ་སྲིད་པར་ཉིང་མཚམས་སྦྱོར་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་ལྟར་དེང་སང་སྐྱེ་བོ་མི་བསྲུན་པ་རྣམས་ལ་བཟང་ངན་ལས་ཀྱི་འབྲེལ་བ་ཅུང་ཟད་ཙམ་གྱིས་ཀྱང་ཐར་པའི་ཁ་ལོ་གྱེན་དུ་སྒྱུར་བ་ལ་གཟིགས་ནས་སྐུ་སྐྱེ་བ་བཞེས་པའི་ཡུལ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ལས་ཟལ་མོ་སྒང༌། ཆོས་སྐྱོང་བའི་རྒྱལ་པོ་སྡེ་བཞི་དགེ་བ་བཅུ་ལྡན་གྱི་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ནང་ཚན་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ལས་དབང་གིས་འདུལ་མཛད་རི་བོ་དབང་ཞུ་དང༌། ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང༌། གཡུང་དྲུང་རྣམ་པར་བཀོད་པའི་གནས་མཆོད་རྟེན་དགུ་བརྩེགས་སོགས་གནས་ཆེན་གནས་ཕྲན་མང་པོས་བསྐོར་ཅིང་ཆོས་རྟེན་གྱི་གཏེར་ཁ་དུ་མས་གཏམས་པས་གཏེར་ཀླུང་ཞེས་བྱ་བའི་ཡུལ་ལྗོངས་སུ། མངའ་བདག་ཉང་གི་གཏེར་ལུང་གིས་གསལ་བར་བསྟན་པ་ལྟར། རྒྱབ་རི་རྩེ་སྒང་ཞེས་པའི་མདུན་རོལ། འོག་ཏུ་བྲག་རི་སྦྲུལ་འཁྱིལ་པའི་གཟུགས་སུ་གནས་པའི་སྟེང་དུ་དེའུ་ཡོད་པས་དིལ་མགོ་ཞེས་པར། རུས་ནི་ཤིང་ཁམས་སྒ་དང༌། རིགས་ནི་སྨྱོས་ཡིན་པར་གྲགས་པས་འོད་གསལ་ལྷ་ལས་མཆེད་པའི་རིགས། སྔོན་གྱི་དུས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཞལ་སློབ་ཀྱི་གཙོ་བོ་རང་མཉམ་བཅུ་གསུམ་གྲགས་པའི་གྲུབ་ཐོབ་ཆེན་པོ་དཔལ་ལྡན་བྱང་ཆུབ་གླིང་པ་ཞེས་དཔལ་སྤུངས་དགོན་ཐོག་མར་འདེབས་པ་པོའི་དབོན་རྒྱུད། ལྷ་ཆོས་དང་མི་ཆོས་གང་ལའང་ཕུན་སུམ་ཚོགས་པ་རིམ་པར་བྱུང་བའི་མཐར། ཡ་རབས་དྲྭ་མའི་རིགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་མི་ཆོས་ཀྱི་དཔེར་འོས་ཤིང་སྙན་དངགས་དང་རྩིས་དཀར་ནག་ཡིག་བྲིས་སོགས་ལ་མཁས་པའི་རྩེར་སོན་པས། ཆོས་རྒྱལ་ཆེན་པོའི་དྲུང་ཆེན་གྱི་ལས་ཀ་འཛིན་པ། ཆོས་ཕྱོགས་ལའང་ཤིན་ཏུ་དད་པས་རྟེན་གསུམ་ཁྱད་པར་ཅན་བཞེངས་པ་དང་ཁ་ཏོན་ཚོགས་གསོག་ལ་རྟག་ཏུ་བརྩོན་པ། ཤར་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་ནས་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་ཡིན་ཅེས་བཀའ་བསྩལ་ནས་རིན་ཆེན་དབང་རྒྱལ་ཅེས་བཏགས་པ་ཉིད་སྐྱེད་པའི་ཡབ་དང༌། ས་ཕྱོགས་འདིར་རིགས་རུས་ཐོབ་ཐང་ཆེ་བར་གྲགས་པ་དགེ་རབ་གཉེར་ཆེན་མགོན་ཚེའི་བུ་མོ་བསོད་ནམས་འཚོ་ཞེས་པ་སྐྱེད་པའི་ཡུམ་སྟེ། ཡབ་ཀྱིས་སྔོན་དུས་གྲུབ་དབང་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་ཁོ་བོ་རབ་ཏུ་བྱུང་ན་ཅིར་འགྱུར་ཅེས་ལུང་བསྟན་ཞུས་པ་ན། ཁྱེད་རང་རབ་ཏུ་མ་བྱུང་ན་ལེགས་ཤིང་སྐྱེ་བོ་བྱས་ན་རིགས་རྒྱུད་ལ་སྤྲུལ་པའི་སྐུ་ཁྱད་པར་ཅན་འབྱུང་ཞིང་དེས་བསྟན་འགྲོ་ལ་ཕན་པ་རླབས་པོ་ཆེར་འགྱུར་བའི་ཚུལ་ནན་ཏན་དུ་ལུང་བསྟན་པའི་ཚུལ་ད་ལྟའང་ཡོད་པར་སྣང༌། དེ་ལྟར་ཡབ་ཡུམ་དེ་གཉིས་ལས་སྲས་གཉིས། སྲས་མོ་ལྔ་བྱུང་བའི་ཆུང་ལྟག་ཏུ་རྗེ་འདི་ཉིད་ཕེབས་པ་ཡིན་ལ། ལྷུམས་སུ་ཞུགས་པའི་ཚེ་ཡབ་ཡུམ་གྱིས་མནལ་ལྟས་ཁྱད་པར་ཅན་གཟིགས་པ་སོགས་སྔ་ཕྱི་ཀུན་ཏུ་དགེ་མཚན་དུ་མ་བྱུང་ཡོད་པ་གཞིར་བཅས་ཀྱང་གཏན་ཁེལ་གྱི་ཐོར་འཁོད་པ་སོགས་མི་སྣང༌། ཕྱིར་ཉིན་སྐུ་བལྟམས་རྒྱུའི་ནངས་མོར་ཐོ་རངས་ཉི་མའི་དཀྱིལ་འཁོར་ཤར་པ་ལྟ་བུས་འོད་ཀྱིས་ཁྱིམ་ནང་གང་བ་གཡོག་མོ་ཞིག་གིས་མཐོང་ནས་ཉི་མ་ཤར་བ་རེད་སྙམ་ནས་ཧར་ལངས་ཏེ་མེ་འབུད་པ་སོགས་བྱས་རྗེས་ཐོ་རངས་ཙམ་དུ་འདུག་པ་དང༌། ནངས་མོ་ཆུ་ལེན་པས་ཆུ་ཟོམ་གང་ཁུར་འོང་བས་ཁྱིམ་དུ་སླེབ་དུས་འོ་མར་གྱུར་པ་ནི་ཀུན་གྱིས་མཐོང་གསལ་ཡིན་འདུག །སྐུ་འཁྲུངས་པའི་དུས་ནི་རབ་བྱུང་བཅུ་བཞི་པ་ལྕགས་ཕོ་འབྲུག་གི་ལོ། ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཆེན་ཆུ་སྟོད་ཀྱིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ། རེས་གཟའ་ཟླ་བའི་སྲས་པོ་རྒྱུ་སྐར་ནབས་སོར་རྩེ་བའི་ཉིན་ཕྱེད་རྟའི་དུས་ལ་མཚན་དཔེའི་དཀྱིལ་འཁོར་གསལ་བའོ། །སྐུ་འཁྲུངས་པའི་གནས་ནི། ཡབ་གཞིས་འབྱོར་ལྡན་ཆེན་པོའི་རིགས་ཡིན་པས་སྟོན་དགུན་དུ་ཐམས་ཅད་ཡུལ་ཁྱིམ་དུ་འཁོད་པ་དང༌། དཔྱིད་དབྱར་འབྲོག་སྒར་དུ་གནས་པའི་སྲོལ་ཡོད་པས་སོས་ཀའི་རུ་བ་ཕྱིས་སུ་རྗེ་ཉིད་དང་གཏེར་ཆེན་མཆོག་གླིང་ལྷན་རྒྱས་པས་རིགས་འཛིན་ཡོངས་རྫོགས་ཀྱི་སྙིང་ཐིག་སྤྱན་དྲངས་པའི་གཏེར་གནས་ཁྱུང་ཚང་བྲག་གི་མདུན་ཞོལ་དུ་ཡོད་པ། མ་ཡུམ་ལ་ལྷུམས་སུ་ཞུགས་ནས་ཟླ་བ་བརྒྱད་ལས་མ་སོང་སྟབས་དོགས་པ་མེད་པས་དབྱར་རུ་ལ་སྤོ་རྒྱུའི་སྔ་སྐྱེས་ཐམས་ཅད་ཐེག་ཚར་བ་དང༌། བཙའ་བའི་ལྟས་བྱུང་བས་རས་དཀར་གྱི་ལྡིང་གཡབ་ཕུབ་པའི་ནང་དུ་རེ་ཞིག་བཞུགས་པས་གནོད་པ་མེད་པར་བདེ་བར་བལྟམས། དེའང་དབུ་སྐྲ་ནག་སིལ་ལེ་བས་སྙན་ཡན་ཁེབས་པ་དང༌། ཕྲུ་མ་ཆོས་གོས་བཞིན་དུ་དཀྲིས་པའི་སྟེང་དུ་རྩྭ་མཆོག་ཀུ་ཤས་བསྡམས་པ་ཞིག་ཏུ་བྱོན་པར་སྣང་སྟེ། གུ་རུ་ཇོ་རྩེའི་གཏེར་ལུང་ལས། མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན༔ རི་བོ་ཁྱུང་ཆེན་ལྡིང་བའི་ཞོལ་དུ་འབྱུང༔ ཞེས་པ་ཉིད་རཏ་གླིང་སོགས་གཏེར་སྟོན་འགའ་ཞིག་གིས་ཀྱང་ཞལ་བདག་མཛད་མོད། སྤྱི་ལུང་ཡིན་ཕྱིར་གཅིག་ཁོ་ནར་ངེས་པ་མེད་ལ། འདིར་ནི་བོད་ཡུལ་དབུས་ལ་ཆ་བཞག་པའི་ཡུལ་མཐའ་རྣམས་སུ་སྐྱེས་པ་ལ་མོན་བུའི་སྒྲ་འཇུག་པ་དང༌། ལྕང་ལོ་སླད་ནས་བཞག་པ་མང་མོད་སྐྲའི་ལྭ་བ་ལྷན་སྐྱེས་སུ་བྱུང་བ་དང༌། འཁྲུངས་པའི་གནས་ཀྱི་རིའི་མིང་རྣམས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གནས་གསར་མཁྱེན་བརྩེ་སྐུ་བལྟམས་པའི་ཚེ་ལྟེ་བས་ཆོས་གོས་བཞིན་དུ་དཀྲིས་པ་ལ། འཚོ་བྱེད་མཁས་པ་རིན་ཆེན་པས། འདིའི་ལྟེ་བའི་དཀྲི་ཚུལ་ལ་དཔྱད་ན། ངེས་པར་བསྟན་པ་ལ་ཕན་པའི་དགེ་བཤེས་ཤིག་འབྱུང་ཞིང༌། རྒྱུད་ལས། དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་བྱེད། །ཅེས་འབྱུང་བས་ཁབ་ཏུ་བཞུགས་ཀྱང་གཞན་དང་མི་འདྲ་བ་ཞིག་འབྱུང་ཞེས་ལུང་བསྟན་ཞུས་པ་ལྟར་ཕྱིན་ནས་དེ་ཁོ་ན་ལྟར་བྱུང་བ་དང༌། ཀུ་ཤ་ནི་དག་བྱེད་དགེ་བའི་རྩྭ་རྒྱལ་བའི་གསུང་དང་ཐུན་མོང་རིག་བྱེད་ལས་ཀྱང་ཡོངས་སུ་གྲགས་པ་ཡིན་པས་ལས་ཉོན་གྱི་སྒྲིབ་པ་དང་མངལ་གྱི་དྲི་མས་ཐུགས་རྒྱུད་ལ་མ་གོས་པའི་བརྡར་སྣང་ངོ༌། །དེ་ནས་ཡུལ་ལུགས་དང་མཐུན་པའི་ཞབས་འདེགས་ཞུས་ཏེ་རིམ་པར་སྐུའི་སྐྱེད་བསྲིངས། ཡབ་ཀྱིས་ཚེ་རིང་དོན་གྲུབ་ཅེས་པའི་མཚན་གསོལ། ཐུགས་ཀྱིས་དྲན་ཙམ་གྱི་དུས་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཤིན་ཏུ་བརྩེ་ཞིང་རྗེས་སུ་སྐྱོང་བར་མཛད་པ་གཟིགས་ཤིང་སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་དུ་དྲན། གཟིམས་ཁང་ནས་ནངས་མོ་བཞེངས་ཏེ་རྒྱབ་ཏུ་ཆབ་བསིལ་ལ་ཕེབས་སྐབས་གཡས་ཕྱོགས་སུ་རི་བོ་དབང་ཞུའི་རི་གདོང་དུ་དཀར་འཛང་བྲག་ཅེས་པའི་བྲག་དཀར་དེའི་ངོས་སུ་ཨོ་རྒྱན་རིན་པོ་ཆེའི་སྐུ་ཤིན་ཏུ་གསལ་བ་ཞིག་བཞུགས་པ་ནངས་རེ་བཞིན་གཟིགས་པ། དེ་སྐབས་བྲག་ངོས་ལ་དེ་འདྲ་ཞིག་ཡོད་དར་བ་རེད་དགོངས། ཕྱིས་དཔྱད་དུས་བྲག་དེར་སྐུ་ཚབ་ཁྱད་པར་ཅན་ཞིག་གཏེར་དུ་བཞུགས་ཡོད་པ་ཡིན་འདུག་གསུངས། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ས་སྐྱོང་སྡེ་དགེའི་དབུ་བླར་མཛད་ནས་གཏེར་ལུང་དུ་ཕེབས་སྐབས་དིལ་མགོར་གདན་འདྲེན་ཞུས། རྗེ་འདི་དགུང་ལོ་གསུམ་བཞེས་པ་མ་ཡུམ་གྱི་པང་ན་འཚོ་བའི་སྐབས་ཐོག་མར་མཇལ་ཏེ་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་སུ་གནང་བ་གསན་པས་ཐུགས་ཀྱི་སྲས་སུ་འགྱུར་བའི་རྟེན་འབྱུང་ལེགས་པར་འགྲིགས། དགུང་ལོ་བཞི་ལྔ་བཞེས་པ་ནས་རབ་ཏུ་བྱུང་བའི་ཕྱོགས་ལ་ཤིན་ཏུ་དགྱེས་ཤིང༌། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་རྣམས་དང་ལྡན་པ་དང༌། སྐུ་རྩེད་ཀྱང་བླ་མའི་གོ་ས་བཟུང་ནས་དབང་བསྐུར་ཆོས་བཤད་ལ་སོགས་པ་དང༌།  བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་མཛད་པ་ཡིན་གསུངས་ནས་འཇིམ་སོགས་ལས་གཏོར་མའི་ཚོམ་བུ་མང་པོ་བཀོད། དེ་ལ་ཤོག་བུ་དཀར་སེར་དམར་པོ་རྣམས་ཀྱི་རྒྱན་བཏགས་ནས་འདོན་དབྱངས་ཁོ་ནར་མཛད་པ་སོགས་བྱིས་པ་ཕལ་པའི་སྤྱོད་པ་ལས་འདས་པས་ཡུལ་མི་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུར་ངེས་པ་རྙེད་པའི་ངོ་མཚར་བསྟན། འདི་སྐབས་ཀློག་སློབ་པའི་བཅའ་ག་མཁན་པདྨ་བཀྲ་ཤིས་ཟེར་བ་གཏུམ་པོ་ཞིག་ཡོད་པ་དེའང་བསམ་པ་བཟང་པོ་ཡིན་པ་གཞིར་བཅས་ཀྱང༌། རྗེ་འདི་ཉིད་སྤྲུལ་པ་བ་ཡིན་པར་མ་ངེས་ནས་བྱིས་པ་ཕལ་པ་ལྟར་གཅུན་པ་ཞིག་ཡོད་པ་དེའི་མཐོང་ཚོར་སར་ཙོག་གེར་བཞུགས་པ་མ་གཏོགས་སྐུ་རྩེད་གང་ཡང་མི་ཆོག་པས། ལན་གཅིག་ཁོ་རང་གཞན་དུ་སོང་བའི་ཤུལ་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚིག་མང་པོ་གྱེར། གོང་སྨྲོས་ལྟར་གཞི་བཀོད་ཡོད་པ་ལ་མ་ཚོར་བར་ཁོ་རང་བྱུང་ནས་གཞི་རྡོག་པས་འཕྱགས། རྗེ་ཉིད་ལའང་འོ་བརྒྱལ་ཞུས་པ་དང༌། དུས་རྒྱུན་གཟིགས་སྣང་ཤིན་ཏུ་མང་པོ་ཡོད་འདུག་པས་གཞན་གྱིས་ཀྱང་མཐོང་ངམ་དགོངས་པ་དང༌། མནལ་ལམ་ཟུར་ཙམ་གསུངས་པ་ལའང་དང་ལེན་མེད་པའི་ཁར་ཁྱད་གསོད་ཁོ་ན་ཞུས་ཡོད་འདུག །དེས་ཐུགས་ཆེས་སུན་པར་གྱུར་པས་རྩ་བའི་རྟེན་འབྲེལ་འཆུག་པའི་རྐྱེན་དུ་བྱས་ཡོད་པར་སྣང༌། སྐྱེས་བུ་དམ་པ་རྣམས་སྐུ་ནར་མ་སོན་པ་དང་ཐུགས་དམ་གྱི་རྩལ་མ་རྫོགས་བར་དུ་བར་གཅོད་ཆེས་མང་བར་འབྱུང་བ་ནི་ཆོས་ཉིད་ཡིན་ཏེ། སྡུད་པ་ལས། དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ནས་སྨྲོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང༌། །བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ནས་སྨྲོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང༌། །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང༌། །ཞེས་གསུངས་པ་ལྟར་དང་གཞན་གྱི་བཙོག་གྲིབ་སོགས་ལ་བརྟེན་ཐུགས་རིག་མི་གསལ་ཅིང༌། ལྗགས་བདེ་བའང་མེད་པས་དགུང་ལོ་ལྔའི་དུས་ནས་ལྗགས་ཀློག་སྦྱངས་ཀྱང་རེ་ཞིག་འགོར། དགུང་ལོ་བརྒྱད་པ་ཙམ་ནས་ཡབ་ཉིད་ལས་ཡིག་བྲིས་དང༌རྩིས་དཀར་ནག་སོགས་ཅུང་ཟད་རེ་སྦྱངས། ཡབ་ཚན་དུ་གྱུར་པ་འཚོ་བྱེད་མཁས་པའི་དབང་པོ་ཚེ་དབང་གིས་གསོ་དཔྱད་སྦྱང་ན་ལེགས་པར་བསྐུལ་བ་ལྟར། ས་སྐྱོང་སྡེ་དགེའི་བླ་སྨན་པ་ཆེན་པོ་ཆོས་གྲགས་རྒྱ་མཚོ་སོགས་ལས་གསོ་རིག་གི་བཤད་པ་དང་ལག་ལེན་མཐར་ཕྱིན་པ་གསན། དེས་སད་བྱེད་ཀྱི་རྐྱེན་བྱས་ནས་དེ་ཕྱིན་ཐུགས་རིག་ཇེ་གསལ་དང༌། ལྗགས་རིམ་བདེའི་རྣམ་པར་སོང༌། དགུང་ལོ་བཅུ་གཉིས་བཞེས་པའི་དུས་ཙམ་ཐར་རྩེ་མཁན་ཆེན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ནས་ཡབ་དྲུང་ཆེན་པ་ལ་གསོལ་སྟོན་དང༌དར་ཕྱི་མཛོད། རྒྱ་དངུལ་རྡེལ་ཚད་གཅིག་གནང་ནས་ཁྱོད་ཀྱི་བུ་ཆུང་བ་དེ་མཁན་ཆེན་ནམ་མཁའ་འཆི་མེད་ཀྱི་སྤྲུལ་པའི་སྐུར་ངེས་པས་ཐར་རྩེ་ལ་བླུ་གཏང་དགོས་གསུངས་པར། དྲུང་ཆེན་པས་ངེད་ཀྱི་བུ་རྒྱུ་དང་ཉོ་ཚོང་བྱེད་པའི་དགོས་པ་མེད། བསྟན་འགྲོ་ལ་ཕན་ཐོགས་པ་ཞིག་འབྱུང་བའི་དགོངས་བཞེད་ཡོད་ན་ཉིད་ལ་འབུལ་ཆོག་ཞུས་ནས་དངུལ་མ་བླངས། དེ་སྐབས་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་པའི་ཞལ་སྔ་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་གྱིས་བརྒྱན་པར་མཛད། དེ་ཕྱིན་ནས་ཐར་རྩེ་སྤྲུལ་སྐུ་དང་ཞབས་དྲུང་ཞེས་པའི་མཚན་ཆགས། དེའི་རྒྱུ་མཚན་ཡང༌། ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་དེ་ཉིད་དཔལ་ལྷུན་གྲུབ་སྟེང་གི་སྒྲུབ་ཁང་བླ་བྲང་དུ་ཞིང་གཤེགས་པར་ཉེ་བའི་སྐབས། སྡེ་དགེ་ས་སྐྱོང་ཆེན་པོས་སྐུ་སྐྱེ་ཕེབས་དགོས་ཚུལ་ནན་ཏན་དུ་གསོལ་བ་བཏབ་པས་དངོས་སུ་ཞལ་གྱིས་མ་བཞེས། ནང་འཁོར་སྐུའི་དབོན་རྗེ་འཇམ་དཔལ་བཟང་པོ་སོགས་ལ། ས་སྐྱོང་རིན་པོ་ཆེས་དེ་ལྟར་གསུངས་ནའང་བར་དོའི་རྣམ་ཤེས་ལས་རླུང་གི་གཞན་དབང་ལས་རང་དབང་འདུས་པོ་ག་ལ་འོང༌། དེ་འདྲའི་ཅི་མོས་ཆོག་ན་ད་དུང་ལོ་ཤས་མ་ཤི་བར་སྡོད་ན་དགའ་མོད། གལ་སྲིད་ངེས་པར་ཕྱོགས་འདིར་སྐྱེ་བ་ལེན་པའི་རང་དབང་ཞིག་བྱུང་ཕྱིན་དྲུང་ཡིག་རིན་ཆེན་དབང་རྒྱལ་དང༌། ལ་བཙས་དབང་རྒྱལ་འདི་གཉིས་འདྲ་མོའི་བུ་ཚ་ཞིག་ཏུ་སྐྱེས་ན་མི་གཞི་བཟང་བས་བསྟན་པ་ལ་ཕན་པ་ཞིག་ཨེ་ཡོང༌། གཞན་ཆེ་བཙན་དང་མ་རབས་ཀྱི་རིགས་སུ་སྐྱེས་ན་ཕུགས་རང་གཞན་ལ་གནོད་པ་ལས་མེད་ཅེས་རང་བཞིན་བབས་འཕྲོས་སུ་བསྩལ་རྗེས་མཁན་ཆེན་རིན་པོ་ཆེ་ཞིང་གཤེགས་པའི་དེ་ལོ་རང་དུ་རྗེ་འདི་ཉིད་འཁྲུངས་པ་དང༌། དྲུང་ཡིག་ཡབ་རྗེ་དེ་ཉིད་ནས་རྗེ་ཉིད་ཀྱི་གསན་ཐོ་རིན་པོ་ཆེ་གླེགས་བམ་ཚང་མ་གསར་བསྒྲིགས་ཀྱི་ཞབས་འགྱུར་ཞུས་པ་སོགས་ཐུགས་ལ་མཆོག་ཏུ་འདོགས་པ་ཞིག་ཡིན་འདུག་པ་བཅས་གང་ཅིར་སྐུ་སྐྱེ་ངེས་པ་ཅན་ཡིན་ཅེས་རྗེ་འཇམ་དཔལ་བཟང་པོས་གསུངས། འོན་ཀྱང་མཁན་ཆེན་རིན་པོ་ཆེ་ཞིང་གཤེགས་པ་དང༌། རྗེ་འདི་འཁྲུངས་པའི་བར་ལ་ཟླ་བ་དྲུག་ལས་མེད་སྟབས་སོགས་ཀྱིས་རྗེ་ཉིད་ནས་ཞལ་གྱིས་མི་བཞེས་རུང༌། འགའ་ཞིག་དེ་འདྲ་མང་དུ་ཡོད་དེ། སྐྱེས་བུ་དམ་པ་རྣམས་འཚོ་བའི་འདུ་བྱེད་ནི་བཏང༌། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ལོ་ཟླ་ཅི་རིགས་པར་བཞུགས་པ་ཡོད་པས། འཚོ་བའི་འདུ་བྱེད་བཏང་མ་ཐག་ཐུགས་འདུན་གར་གཏད་དུ་སྐྱེ་བ་བཞེས་གྲུབ་པའི་ཕྱིར་ཞེས་གསུངས་པའང་ཐོས། གང་ལྟར་ཡང་བསྟན་པ་རིས་མེད་པ་ལ་ཕན་པའི་ཕྱིར་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་དགོངས་པ་གཅིག་ཏུ་བྱིན་གྱིས་བརླབས་པའི་སྤྲུལ་པར་ངེས་ཏེ། མངའ་རིས་པཎ་ཆེན་སོགས་ཀྱི་རྣམ་ཐར་དུ་འཕགས་བོད་མཁས་གྲུབ་ཕལ་མོ་ཆེའི་སྤྲུལ་པར་ལུང་བསྟན་ཚུལ་ཡོད་པ་དང༌། སྤྱིར་འཕགས་ས་ཐོབ་ནས་སྐྱེས་བུ་དམ་པ་མང་པོའི་སྤྲུལ་པ་གཅིག་ཏུ་བྱིན་གྱིས་བརླབས་པ་དང༌། སྐྱེས་བུ་དམ་པ་རྣམས་ཀྱང་སྤྲུལ་པ་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་སྟོན་ནུས་པའི་མིག་འཕྲུལ་ལྟ་བུའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་པའི་ཕྱིར་གང་ལྟར་བརྟགས་ཀྱང་འགལ་བ་མེད་པར་སེམས་ཏེ། གོང་དུའང་ཅུང་ཟད་སྨྲོས་པ་ལྟར་རོ། །འདི་སྐབས་དབྱར་སོས་སྐོར་དུ་སྐྱོ་སངས་ཆེད་སྐུ་རྐྱང་གིས་གཡས་གཡོན་སྤང་ལྗོངས་བྲག་རི་སོགས་ལ་ཕེབས་སྐབས་གཟིགས་སྣང་མང་པོ་དང་གཏེར་གྱི་ཆ་ཤས་ཕྱག་ཏུ་སོན་པ་ཡོད་འདུག་ཀྱང་གཞན་ནས་མཐོང་ཚོར་མེད། ལན་གཅིག་བྲག་སྐྱིབས་ཤིག་ཏུ་ཕེབས་ནས་ཅུང་ཟད་མནལ་བ་ན། ནམ་མཁའ་ནས་དྷཱིཿཞེས་པའི་སྒྲ་ཆེན་པོ་གྲགས་པས་ཅུང་ཟད་ཤེས་པ་བརྒྱལ་ཐབས་སུ་སོང༌། དེ་ལས་སད་མ་ཐག་འཇམ་དཔལ་གཞོན་ནུ་དང་སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་པ་དངོས་སུ་མཇལ་ནས་བྱིན་གྱིས་བརླབས་པས་འཇམ་དཔལ་བཤེས་གཉེན་གྱི་སྙིང་ཐིག་སྒྲོན་མ་བདུན་པ་ཐུགས་ལ་བཀྲ་ལམ་མེར་གསལ་བ་ཕྱིས་དུམ་བུ་དང་པོ་ལོ་རྒྱུས་ཀྱི་སྒྲོན་མ་ཙམ་འབེབ་པར་མཛད་སོང༌། དགུང་ལོ་བརྒྱད་པར་འབྱུང་གདོན་གྱི་བར་ཆད་ཀྱིས་ཕྱག་གཉིས་ཐབ་ཆེན་མེ་འོབས་སུ་ཤོར་བས་ཟུག་རྔུའི་ཚོར་བས་ཤིན་ཏུ་གདུང་བའི་སྐབས་སུ་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་ཞལ་བསྟན་ནས། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་བྱིན་གྱིས་བརླབས། ཡང་ཕུར་སྦྲགས་མའི་སྙིང་ཐིག་སྙན་བརྒྱུད་དུ་བསྩལ་བས་སྐུ་ཁམས་འཕྲལ་དུ་དྭངས། ཞལ་གཟིགས་སྐོར་ནི་གཞན་ལ་ཟུར་ཙམ་ཡང་གསུང་བར་མི་སྣང༌། དགུང་ལོ་བཅུ་བཞེས་པའི་སྐོར་ནས་ཡབ་མེས་རྣམས་ཀྱི་གྲྭ་ཤུལ་རྫོང་སར་དགོན་དུ་ཕེབས་ནས་རང་ཤག་ཏུ་ཕལ་ཆེར་གདན་འཇགས་པར་མཛད། དགུང་གྲངས་བཅུ་གཅིག་སྐོར་དུ་ཀཿཐོག་རྡོ་རྗེ་གདན་དུ་ཕེབས། རང་གི་ཁུ་བོ་རྨོག་སྟོན་གསང་བདག་ཆེན་པོས་ཐུགས་བརྩེ་བས་སྐྱོང་ཞིང༌། འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཞེས་པའི་མཚན་གསོལ། །གྲུབ་དབང་བྱང་ཆུབ་ཆོས་ཀྱི་ཉི་མ་ལས་ཀྱང་ཚེ་དབང་གསན་པས་སྐུ་ཚེ་མཐར་ཕྱིན་པའི་རྟེན་འབྲེལ་ཤིན་ཏུ་དགེ་བར་བྱུང་གསུངས། དགུང་ལོ་བཅུ་གཉིས་ཡན་ཆད་ནས་རིགས་ཀྱི་ནུས་པ་སད་དེ་ཅིའང་མ་བསླབ་པར། སྙན་ངག་གི་བསྟོད་ཚོགས་དང༌ཉམས་མགུར་སོགས་ཚིག་དོན་ཤིན་ཏུ་བཟང་བས་མཁས་པ་དང་གྲུབ་པ་རྣམས་ཀྱང་ཐུགས་འཕྲོག་ནུས་པ་བྱུང༌། དེ་དུས་ཤེས་བྱའི་གནས་ལ་བསླབ་སྦྱོང་མཛད་རྒྱུ་བྱུང་ན་གངས་ཅན་ཙམ་ན་འགྲན་ཟླ་བྲལ་བའི་མཁས་པ་ཆེན་པོ་འབྱུང་ངེས་སུ་སྣང་ནའང་། ཡབ་དྲུང་ཆེན་པ་གཤེགས་པ་སོགས་ཀྱིས་བསླབ་གཉེར་མཛད་རྒྱུ་མ་བྱུང་བར་ལོ་ཤས་ལུས། ཁྱད་པར་དགུང་ལོ་བཅུ་དྲུག་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པའི་དག་སྣང་བྱུང་བ་ནས་བརྩམས་ཏེ། ཕྱག་དཔེ་ཚར་རེ་གཟིགས་པ་ཙམ་གྱིས་དེའི་ཚིག་དོན་གང་ཡོད་ཐུགས་ལ་ཆུབ། བླ་མའི་རྣམ་ཐར་ལྟ་བུ་ཚར་གཅིག་གཟིགས་པས་སང་ཉིན་དེའི་དོན་ཐམས་ཅད་མཐར་ཆགས་སུ་མ་འདྲེས་པར་འཆད་ནུས་པ་དང༌། ཚིག་དེ་ལྡེབ་མ་དེའི་མདུན་རྒྱབ་ཀྱི་ཕྲེང་གར་ཡོད་ཀྱང་མི་ནོར་བར་མཁྱེན་པའི་ཤེས་རབ་ཀྱི་རླབས་བསམ་ལས་འདས་པ་ཞིག་ཏུ་བྱུང་འདུག །དེ་སྐོར་ལུང་དོན་ལྟར་ཁ་བ་དཀར་པོའི་ཕྱོགས་སུ་ཕེབས་གྲུབ་པ་ཞིག་བྱུང་ན་འབམ་ལྷ་མདུན་དུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་མཁའ་འགྲོ་ཞིག་ཡོད་པས་གྲོགས་བྱས་ནས་གཏེར་ཁ་བཅུ་གསུམ་རིམ་པར་བཞེས། དབུས་གཙང་མཚམས་སུ་ཆོས་སྡེ་ཞིག་བཙུགས་ནས་གསང་ཆེན་རྡོ་རྗེ་ཐེག་པའི་འབྱུང་གནས་བྱེད། མཐའ་དམག་ལོ་བརྒྱའི་བར་དུ་ཟློག །མངོན་ཤེས་དང་རྫུ་འཕྲུལ་ལ་དབང་འབྱོར། སྐུ་ཚེའི་མཇུག་ཏུ་སྨད་གཡུ་ལུང་གངས་རའི་གནས་སྒོ་འབྱེད་ནས་དེར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ་ཡིན་འདུག་ཀྱང༌། དེ་འདྲའི་ཕྱོགས་ལ་གྲོགས་བྱེད་མེད་པའི་ཐོག །མ་ཡུམ་གཙོར་བྱས་དགེ་རྒན་སོགས་ནས་མནལ་ལམ་སོགས་ཟུར་ཙམ་ཐོས་ནའང་ཁྲེལ་བདས་དང་ཁྱད་གསོད་ཆེན་པོ་བྱེད། རྗེ་ཉིད་དགུང་ལོ་ཆུང་བའི་སྟབས་གཞན་དབང་དུ་ཤོར་བར་སྣང༌། ཡབ་དེ་ནི་ལྕང་ལོ་ཅན་དུ་ཕྱག་རྡོར་གྱི་ཞལ་མཐོང་བའི་གནོད་སྦྱིན་ཞིག་ཏུ་སྐྱེས་པ་དང༌། ཡུམ་ཡང་ཤ་ཟ་མཁའ་འགྲོའི་རིགས་ཅན་ཡིན་པས་དེང་སང་གནས་ཡུལ་ཀུན་ཏུ་ཉུལ་བའི་ཤ་ཟ་མཁའ་འགྲོ་ཞིག་ཏུ་སྐྱེས་ནས་སྐབས་རེར་ལུང་སྟོན་པའང་བྱེད་འདུག་གསུངས། དགུང་ལོ་བཅུ་བདུན་པར་འབམ་ལྷ་བདུན་གྱི་མཁའ་འགྲོ་དེའང་གཤེགས་པའི་མཚན་མ་གཟིགས། མཁའ་འགྲོ་འཁྲུགས་པའི་རྐྱེན་གྱིས་མནལ་ལྟས་རྣམས་ཀྱང་ལྡོག །ལོ་དེའི་མཇུག་ཏུ་རྫོང་སར་སྒང་སྣ་ཆོས་རྗེས་གསོལ་ཚིགས་ཞུས་པར་ལུག་ཤ་ཞིག་བཞེས་པའི་རྐྱེན་གྱིས་ཁམས་ལྡོག །དེ་ནུབ་དགོན་གྱི་གཟིམས་ཤག་ཏུ་གཟིམས་པའི་ཟ་ཟིའི་ངང་དུ་སྐྱེས་པ་དང་བུད་མེད་ཤ་ཆེན་པོ་རལ་པ་ཉག་རེ་ལ་གཡུ་བྱེར་མང་པོ་བཏགས་པ་གཉིས་རབ་གསལ་ནས་བྱུང་སྟེ་གདན་འོག་ཏུ་འཛུལ་སོང་བའི་སྣང་བ་བྱུང༌། ཕྱིར་ཉིན་ནས་རིམས་ལྟ་བུའི་བསྙུན་གཞི་ཚབས་ཆེན་གྱིས་ཟིན། ཞག་བདུན་བར་དུ་གསོལ་ཆས་འགགས། ཞལ་དབུགས་ཀྱི་འགྱུ་བ་ཆད། མ་ཡུམ་སོགས་ཀྱིས་ཉིན་མཚན་ཀུན་ཏུ་ཤངས་སྒོར་སྤུ་ཉག་བཞག་ནས་བསྲུང་དགོས་པ་ཞིག་བྱུང༌། རྗེ་ཉིད་ནི་འདིར་སྣང་ཡོངས་སུ་ནུབ་ནས་རིགས་དྲུག་གི་གནས་སྦྱོང་ལྟ་བུས་མཐོ་རིས་ནས་ངན་སོང་ཡན་ཆད་མ་སླེབས་ས་གཅིག་ཀྱང་མེད་པའི་སྣང་བ་ཤར་བས་གཞན་གྱིས་སྟངས་བྱས་ན་དེ་རྗེས་འདས་ལོག་གི་སྒྲུང་པོད་ཆེན་པོ་བྲི་ཆོག་པ་ཡོད་གསུངས། དེ་སྐབས་སྐུ་རིམ་མང་དུ་བྱས། ཞག་བདུན་ཙམ་སོང་ཉིན་སྒང་སྣ་ཆོས་རྗེས་འཇིགས་བྱེད་སྦྱིན་སྲེག་བླུགས་ནས་མེ་ཞགས་འཕངས་པའི་སྐབས་སྤྱན་ལམ་དུ་དམར་ཚུབས་ལྟ་བུ་བྱུང་བས་རྐྱེན་བྱས་ནས་སྤྱན་གྱིས་ཅུང་ཟད་གཟིགས་སུ་ཡོད་པ་དང༌། རིམ་གྱིས་གསོལ་ཇ་ཞུས་པ་ཕྲན་བུ་བཞེས་ཤིང་གསུང་ཅུང་ཟད་བྱོན་ཐུབ། ཐོག་མར་གཞན་ཅིའང་མི་མཁྱེན་མ་ཡུམ་ཁོ་ན་ངོ་མཁྱེན་འདུག་གསུངས། དེ་ནས་ཞག་རེ་བཞིན་སྐུའི་ཉེར་སྤྱད་ཡན་ལ་ངོ་གསར་དུ་སྤྲད་ནས་མིང་རེ་རེ་བཏགས་དུས་རེ་རེ་ཤེས་དགོས་པ་ཞིག་བྱུང་བས། དེ་རྗེས་སྐུ་ཁམས་རྩ་བ་ནས་དྭངས་སྐབས་ཀྱང་སྐྱེ་བ་སྔ་མ་འཕོས་ནས་སྐྱེ་ལུས་གསར་དུ་བླངས་པ་ལྟ་བུས་བྲིས་ཀློག་ཚུན་མུ་མཐུད་དུ་མཁྱེན་དགོས་པ་བྱུང་བས་སྔར་གྱི་ཤེས་རབ་དེའི་བཞི་ཆ་ཙམ་ཞིག་ལས་མ་བྱུང་གསུངས། དགུང་གྲངས་བཅོ་བརྒྱད་པར་ཆོས་རྒྱལ་སྡེ་དགེ་མཆོད་ཡོན་གྱི་བཀས་བསྐུལ་ཏེ་ཞེ་ཆེན་རི་ཁྲོད་པདྨ་འོད་གླིང་དུ་ཕེབས། བཅུ་ཕྲག་རིག་པའི་གནས་མཐར་སོན་པའི་མ་ཧཱ་པཎྜི་ཏ་སྣང་བའི་བདེན་འཛིན་གྱི་འཁྲུལ་པ་གཏད་མེད་དུ་ཞིག་པའི་གྲུབ་བརྙེས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་ཞབས་པད་དུ་བསྙེན་ཏེ། བརྡ་སྤྲོད་རིག་པའི་གཞུང་ཆེན་གསུམ། སྡེབ་སྦྱོར། སྙན་དངགས་མེ་ལོང་མ། མངོན་བརྗོད་འཆི་མེད་མཛོད་རྩ་འགྲེལ། མངའ་རིས་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་རྣམ་ངེས་རྩ་འགྲེལ། སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་རྩ་རྒྱུད་གསང་བ་སྙིང་པོའི་བཤད་པ་གཙོ་བོར་གྱུར་པའི་རྙིང་མ་བཀའ་གཏེར་མང་པོའི་སྨིན་གྲོལ་གསན་ནས་སླར་ཕེབས། དགུང་གྲངས་བཅུ་དགུའི་སྐོར་དུ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སློབ་མདོ་ཁམས་ཐུག་སྲས་རྣམ་གསུམ་གྱི་ཡ་གྱལ། བྱང་ཆུབ་སེམས་དཔའ་ཆེན་པོ་འགྲོ་བ་འདུལ་བའི་ཕྲིན་ལས་ལ་མངའ་བརྙེས་པ་འཇིགས་མེད་རྒྱལ་བའི་མྱུ་གུ་གཏེར་ལྷུང་ཕྱོགས་སུ་ཕེབས་པ་ལས། ཀློང་ཆེན་སྙིང་ཐིག་གི་སྨིན་གྲོལ་རྩ་བ་རྣམས་གསན་པའི་དབང་གི་སྐབས་ཤིག་བཞུགས་སྒར་གྱི་ཐད་དུ་ཁ་དོག་ལྔ་ལྡན་གྱི་འཇའ་གུར་ཕུབ་པ་སོགས་ལྟས་བཟང་པོ་བྱུང༌། གླིང་སྲས་རིག་འཛིན་པདྨ་འགྲོ་འདུལ་ཕེབས་པ་ལས་ཀྱང་ཉིད་ཀྱི་དགོངས་གཏེར་ཡཀྴ་མེ་དབལ་སོགས་ཀྱི་དབང་ལུང་གསན། རྡོ་གྲུབ་ཆེན་གྱི་ཞལ་སློབ་བླ་མ་བློ་བཟང་ནོར་བུ་ཞེས་པ་ལས་གྲུབ་ཆེན་གྱི་དགོངས་གཏེར་འོད་དཔག་མེད་ཀྱི་དབང་ལུང་སོགས་གསན་ཅིང༌། སེམས་དོན་གྱི་ངོ་སྤྲོད་ཕུལ་བས་ཕྱིས་ཀྱང་སེམས་ཀྱི་ངོ་བོ་ལ་དེ་ལས་བོགས་དབྱུང་དུ་མི་འདུག་གསུངས། གཏེར་སྟོན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་ཡུལ་དེར་བཞུགས་པའི་སྦས་པའི་རྣལ་འབྱོར་པ་སངས་རྒྱས་དོན་གྲུབ་ཅེས་པ་ཡབ་གཞིས་སུ་སྐབས་རེར་སྐུ་རིམ་ཆེད་དུ་བྱོན་པ་ཞིག་ཡོད་པ་དེ་ལས་གཏེར་ཆོས་འགའ་རེ་གསན། བླ་མ་དེས་རྗེ་འདི་ཉིད་སྐུ་ཆུང་ངུ་ནས་དམ་པའི་རྣམ་འཕྲུལ་དུ་བསྔགས་ཤིང་ཕྱིས་འབྱུང་གི་ལུང་བསྟན་ཐོར་བུ་འགའ་རེ་ཐོལ་བྱུང་དུ་གསུངས་པའང་ཐོག་ཏུ་ཁེལ་བ་ཡིན་སྣང་ངོ༌།།  །།གསུམ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་སྡོམ་པ་གསུམ་ལྡན་དུ་མཛད་པའི་ཚུལ་ནི། གང་ཞིག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ནི་ལྷག་པའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་མི་སློབ་པ་དང༌། རྒྱུད་སྡོམ་པས་མི་སྡོམ་པ་ནི་གནས་མེད་པའི་ཕྱིར། སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པའི་གོ་རིམ་དུ་གསུངས་པ་ལྟར། ཐོག་མ་ཉིད་དུ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལེགས་པར་བཞེས་ནས་རིམ་གྱིས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་པར་བཞེད་པ་དང༌། ཐར་རྩེ་མཁན་ཆེན་རིན་པོ་ཆེ་མཆེད་ཞལ་གྱི་བཞེད་པ་སྐོང་བའི་སླད་དུ་དགུང་གྲངས་ཉི་ཤུ་པ་ས་མོ་ཕག་གི་ལོར་རྫོང་སར་དགོན་ནས་ཆིབས་བསྐྱོད་དེ་དབུས་ལྗོངས་དག་པའི་ཞིང་ཁམས་སུ་རིམ་གྱིས་བྱོན་ནས། ཐོག་མར་ངོར་ཨེ་ཝཾ་ཆོས་ལྡན་དུ་ཞབས་བཀོད་ནས་ཐར་རྩེ་བླ་བྲང་དུ་བཞུགས་གདན་འཇགས་པར་མཛད། དགུང་ལོ་ཉེར་གཅིག་ཏུ་སོན་པ་ལྕགས་ཕོ་བྱི་བའི་ལོར། མདོ་སྡེ་མཛངས་བླུན་ལས། གང་ཞིག་རབ་ཏུ་བྱུང་བ་དེའི་བསོད་ནམས་ནི་རབ་ཏུ་མང་སྟེ། བདག་གི་བུའམ་བུ་མོའམ་བྲན་ཁོལ་ལས་གང་ཡང་རུང༌། རབ་ཏུ་བྱུང་བར་གནང་ངམ། བདག་ཉིད་རབ་ཏུ་བྱུང་ན་དེའི་བསོད་ནམས་དཔག་ཏུ་མེད་དོ། །གང་ཞིག་སྦྱིན་པ་བྱས་པའི་བསོད་ནམས་དེ་ནི་སྐྱེ་བ་བཅུ་གཉིས་ཀྱི་བར་དུ་ལོངས་སྤྱོད་མོད་པར་འགྱུར། གནམ་རིམ་པ་དྲུག་གི་ལྷར་ཡང་དང་ཡང་དུ་སྐྱེ་བ་ལས།  མི་གཅིག་རབ་ཏུ་བྱུང་ངམ་བདག་ཉིད་རབ་ཏུ་བྱུང་ན་བསོད་ནམས་འདི་ནི་སྔ་མ་བས་མཆོག་ཏུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན་སྦྱིན་པ་བྱས་པའི་བསོད་ནམས་ནི་ཟད་མཐའ་ཡོད་ཀྱི། རབ་ཏུ་བྱུང་བའི་བསོད་ནམས་དཔག་ཏུ་མེད། མཐའ་མེད། གཞན་ཡང་ཚུལ་ཁྲིམས་སྲུང་བའི་བསོད་ནམས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན། དྲང་སྲོང་དང་མཐོ་རིས་ཀྱི་ལོངས་སྤྱོད་ཚངས་པའི་འཇིག་རྟེན་གྱི་བར་དུ་མྱོང་བར་འགྱུར་གྱི། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །ཞེས་དང༌། ཡང་ན་རབ་ཏུ་བྱུང་བའི་ཆོས་ཀྱིས་ནི་བདུད་ཀྱི་འཁོར་མེད་པར་བྱེད་ཅིང་སངས་རྒྱས་ཀྱི་གདུང་འཚོབ་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཕྱོགས་མེད་པར་བྱེད་ཅིང༌དགེ་བའི་ཕྱོགས་སྐྱེད་པར་བྱེད་དོ། ཁ་ན་མ་ཐོ་བའི་དྲི་མ་མེད་པར་བྱེད་ཅིང༌བླ་ན་མེད་པའི་བསོད་ནམས་ཀྱི་ལས་སྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བའི་བསོད་ནམས་ནི་རི་རབ་ལྷུན་པོ་བས་ཀྱང་འཕང་མཐོ་འོ། །རྒྱ་མཚོ་བས་གཏིང་ཟབ་བོ། །ནམ་མཁའ་བས་རྒྱ་ཆེ་འོ། །ཞེས་སོགས་གསུངས་པ་དང༌། འཇུག་པ་ལས་ཀྱང༌། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོགས་བཀའ་དང་བསྟན་བཅོས་ལས་རྒྱ་ཆེར་འབྱུང་བའི་དོན་བཞིན་སོ་ཐར་གྱི་སྡོམ་པ་གསན་པར་བཞེད་ཅིང༌། དེའང་སྔ་འགྱུར་གྱི་སྡོམ་རྒྱུན་ཞིག་གསན་དགོས་པའི་རྒྱུ་མཚན་ཡོད་པར་སྣང་ཡང་དེ་འདྲའི་གནད་བཀའ་གནང་བའི་སྲོལ་མེད་སྟབས་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་བ་བཅས་དཔོན་སློབ་གཉིས་བྱ་བྲལ་བའི་འགྲོས་ཀྱིས་དབུས་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། སྟོན་པའི་ཞལ་རས་ལྷ་ཁང་དུ། ལྷོ་བྲག་པ་གྲུབ་ཆེན་མེ་ལོང་རྡོ་རྗེའི་གདུང་ལས་བྱོན་པ་བརྟན་མཁས་ཕན་འདོགས་པའི་ཡན་ལག་རྨད་དུ་བྱུང་བས་མངོན་པར་མཐོ་བའི་མཁན་པོ་འགྱུར་མེད་རིག་འཛིན་བཟང་པོ། ལས་ཀྱི་སློབ་དཔོན་ཁྲི་འཛིན་པ་འགྱུར་མེད་དོན་གྲུབ། གསང་སྟེ་སྟོན་པ་སྔགས་རབ་འགྱུར་མེད་གར་དབང༌། དུས་གོ་བ་བྱང་འདྲེན་ཆེན་མོ་འགྱུར་མེད་ཀུན་ལྡན། གྲོགས་དན་པ་དགེ་བསྐོས་ཆེན་མོ་སྔགས་རབ་འགྱུར་མེད་དཔལ་བཟང་བཅས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་སོ་སོ་ཐར་པའི་དགེ་སློང་གི་སྡོམ་ལྡན་དུ་བསྒྲུབས་པར་མཛད། མཁན་པོ་དང་ལས་གྲྭ་རྣམས་ལ་གཏང་རག་གི་བསྙེན་བཀུར་བས་ཀྱང་མཉེས་པར་མཛད། སྤྱིར་རང་གཤིས་ཀྱིས་སྐུ་ཆུང་ངུའི་དུས་ནས་སྤྱོད་ལམ་གཙང་ཞིང་རྣམ་པར་དག་པ་ཁོ་ནར་བཞུགས་ཤིང༌། དེ་ཕྱིན་ཆད་ནས་ཞི་བར་གཤེགས་ཀྱི་བར་ཡང༌། ཕྱི་རུ་ཉན་ཐོས་སྤྱོད་པ་བསྐྱང༌། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་གསུངས་པ་ལྟར་རྟགས་དང་ཆ་ལུགས་ཚུན་ཆད་དགེ་སློང་གི་དངོས་པོ་ལས་ནམ་ཡང་མི་འདའ་བའི་ཀུན་སྤྱོད་ཤིན་ཏུ་གཙང་ཞིང་ཚངས་སྤྱོད་ཀྱི་བསླབ་པ་དྲི་མ་མེད་པ་སྐུ་ཉམས་སུ་བསྟར་བར་མཛད་དོ། །ཞི་བ་ལྷས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ལ་མེད་ན་མི་འབྱུང་བའི་ས་བོན་གྲུངས་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐོག་མ་མེད་པ་ནས་གོམས་པ་མཐར་སོན་ཀྱང་། གདུལ་བྱའི་སྐྱེ་བོ་རྗེས་སུ་གཟུང་བའི་སླད་དུ་ཤིང་རྟའི་སྲོལ་ཆེན་པོ་གཉིས་ལས་བྱུང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པའང་སོ་སོར་གསན་པར་མཛད་དེ། དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་རྡོ་རྗེ་རིན་ཆེན། འཇམ་མགོན་བསྟན་འཛིན་སྙན་གྲགས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་རྣམས་ལས་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མ་ལུགས་དང༌། འཇམ་མགོན་ས་སྐྱ་པ་ཆེན་པོ། སེམས་དཔའ་ཆེན་པོ་བློ་གསལ་བསྟན་སྐྱོང༌། ཁོ་བོ་བློ་གྲོས་མཐའ་ཡས་ལས་ཀྱང་ཐོགས་མེད་ནས་བརྒྱུད་པའི་སེམས་ཙམ་ལུགས་སུ་གྲགས་པའི་སེམས་བསྐྱེད་གསན་པར་མཛད་ཅིང་དེ་དག་སོ་སོར་ཡང་སྐབས་སུ་བབས་པའི་མཆོད་པའི་སྤྲིན་རྒྱ་ཆེར་སྤྲོ་བ་དང༌། དངོས་པོ་གྱ་ནོམ་པ་ཅི་འབྱོར་པ་སེམས་བསྐྱེད་པའི་རྟེན་དུ་འབུལ་ཞིང་རྣམ་པ་ཀུན་ཏུ་རང་འཁྲིས་དང་གཡོ་སྒྱུ་སྤངས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དག་པར་འཇུག་པ་ནི་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ཉིད་དོ། །གྲངས་མེད་གསུམ་དུ་ཕ་རོལ་ཕྱིན་དྲུག་དཀའ་བ་དུ་མས་སྤྱོད་པ་སོགས་ལ་མི་ལྟོས་པར་ཐབས་དང་ཤེས་རབ་ཟབ་མོ་བདེ་མྱུར་གྱི་ལམ་གྱིས་ཚེ་གཅིག་གམ་སྐྱེ་བ་བཅུ་དྲུག་ཚུན་ལ་ཟུང་འཇུག་རྡོ་རྗེ་འཆང་གི་སར་སྦྱོར་བ། བདག་ཅག་གི་སྟོན་པའི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་ཁྱད་པར་ཁོ་ན་ལས་བྱུང་བ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གསན་པའི་ཚུལ་རྒྱས་པ་འོག་ཏུ་འབྱུང་ཞིང༌། གཙོ་བོར་རྗེ་ཉིད་ཀྱི་ཕྱག་ཐོ་གནང་བར། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་བྱ་རྒྱུད་ཀྱི་གཙོ་བོ་རིགས་གསུམ་སྤྱི། མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་ལས་སྤྱོད་རྒྱུད་ཀྱི་གཙོ་བོ་རྣམ་སྣང་མངོན་བྱང༌། ཁྱབ་བདག་བློ་གསལ་བསྟན་སྐྱོང་ལས་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས། རྡོ་རྗེ་འཆང་ཀུན་དགའི་ཞབས་ལས་རྣལ་འབྱོར་བླ་མེད་ཕ་རྒྱུད་གསང་འདུས་ལུགས་གཉིས་དང༌མ་རྒྱུད་བདེ་མཆོག་ལཱུ་ནག །ཁྱབ་བདག་ཞྭ་ལུ་པ་དང༌། དུས་ཞབས་པ་འཇམ་པའི་དབྱངས་བློ་གྲོས་མཐའ་ཡས་ལས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས། མཁན་ཆེན་རྡོ་རྗེ་འཆང་ཞལ་རྣམ་པ་གཉིས་ལས་རྒྱུད་སྡེའི་མཐར་ཐུག་དཔལ་ཀྱེ་རྡོ་རྗེའི་དབང་གི་མངོན་པར་རྟོགས་པ་བརྒྱད་ལྡན། འཇམ་མགོན་མཐུ་སྟོབས་རྣམ་རྒྱལ་སོགས་ལས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་དང༌། བཀའ་དགོངས་ཕུར་གསུམ་གྱིས་མཚོན་པའི་དབང་བཀའ་མཐའ་ཡས་པ་གསན་པར་གསུངས་ཏེ། རིག་འཛིན་སྔགས་ཀྱི་སྡོམ་པས་རྒྱུད་སྨིན་ཅིང་གྲོལ་བར་མཛད་དེ་བསྟན་པ་ལ་ཞུགས་ཤིང་ཡོངས་སུ་རྫོགས་པའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་པ་ཡིན་ནོ།།  །།བཞི་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་གསན་བསམ་གྱི་སྒོ་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མཛད་པའི་ཚུལ་ནི། འཕགས་པ་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་དང༌། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་སོགས་གསུངས་པ་ལྟར། དམ་པ་འདི་ཉིད་ནི་སྐུ་ཆུང་ངུའི་དུས་ནས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དང་བླ་མ་བསྟེན་པ་ཁོ་ན་ལ་ཐུགས་དགྱེས་ཤིང་དེ་དག་ལས་དམ་པའི་ཆོས་ཚོལ་བ་ཉིད་མཛད་པའི་གཙོ་བོ་ཡིན་པར་སྣང་སྟེ། དེའང་རིགས་རུས་ཆོ་འབྲང་བཙུན་པ་དང༌། གོ་ས་ཐོབ་ཐང་ཆེ་བ་དང༌། སྟོབས་དང་འབྱོར་པའི་གཟི་བརྗིད་ཀྱིས་དྲེགས་པ་རྣམས་ཀྱིས་ནི་རང་ལས་དམན་པའི་བླ་མ་ལ་ཆོས་ཀྱི་ཡོན་ཏན་ཡོད་དུ་ཟིན་ཀྱང༌། རང་གི་ཆེ་བ་ཉམས་ཀྱི་དོགས་པ་དང༌། གཞན་གྱིས་དཔྱས་གདགས་ཀྱི་དོགས་པ་དང༌། ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས་པའི་ཕྱིར་བསྟེན་པར་མི་སྤོབས་ལ། རིག་པའི་གནས་སམ་མདོ་རྒྱུད་ལ་གོ་རྟོགས་ཡོད་པ་རྣམས་ཀྱང་དེ་ཙམ་ཤེས་པའི་ཁེངས་པས་བསྙེམས་ཏེ་བདག་ནི་མཁས་པའོ། །བདག་ནི་དགེ་བཤེས་ཆེན་པོའོ་སྙམ་པའི་ང་རྒྱལ་གྱིས་ཁོང་སྦོས་ཏེ་གང་ལའང་འདུད་པར་མི་བྱེད་པ་དང༌། ཕལ་མོ་ཆེ་ནི་བདག་ནི་གྲྭ་ས་དེ་དང་ཆོས་ལུགས་དེ་འཛིན་པའོ་སྙམ་པའི་ཕྱོགས་གཅིག་ཁོ་ནར་ཞེན་ཏེ་རང་ལུགས་ཀྱི་བླ་མ་ཡོན་ཏན་ཡོད་མེད་གང་ལྟར་བླུན་ཞེན་ཁོ་ནས་སངས་རྒྱས་ལྟར་འཛིན་ཅིང་། དཀོར་སྡུད་ཀྱི་ལག་སྣེ་ཟ་ཆོག་ཕྲན་ཚེགས་ཙམ་ལས་ཟབ་རྒྱས་ཀྱི་ཆོས་དོན་དུ་གཉེར་བ་ཤིན་ཏུ་དཀོན་པ་སྙིགས་དུས་ཀྱི་མུན་རུམ་ཆེན་པོ་འདིར། གཞན་དང་མ་འདྲེས་པའི་རྣམ་ཐར་གློག་འོད་འཁྱུགས་པ་ལྟར་སྣང་བ་ནི་སྔོན་གྱི་ཐུགས་བསྐྱེད་ཀྱི་སྟོབས་ལས་བྱུང་བའི་ཕྱིར། རིགས་རུས་གོ་ས་སྟོབས་འབྱོར་སོགས་ཀྱི་ཁེངས་དྲེགས་གཏན་ནས་མི་མངའ་ཞིང༌། རང་ཉིད་ཀྱི་བསླབ་ཤེས་ཡོན་ཏན་ཇི་ཙམ་མངའ་ཡང་དེ་ལ་སྙེམ་པ་རྡུལ་ཙམ་མི་མཛད་པར་གཞན་གྱི་ཡོན་ཏན་ཆུང་ངུ་ལའང་ངོ་མཚར་དུ་འཛིན་པར་མཛད་པ་དང༌། རྗེ་ཉིད་རྩ་བ་ས་ངོར་གྱི་བསྟན་འཛིན་ཆེན་པོ་ཡིན་པ་གཞིར་བཅས་ཀྱང་རང་འདོད་ཀྱི་ཕྱོགས་འཛིན་རྩ་བ་ནས་མེད་པས་གངས་ཅན་ཐུབ་པའི་བསྟན་པ་ཡིན་ནོ་ཅོག་གི་བསྟན་འཛིན་རྣམས་ལ་གུས་པ་དང༌། སོ་སོའི་ཆོས་རྒྱུན་ཁུངས་དང་འབྲེལ་ངེས་པ་རྣམས་ཕྱོགས་རིས་དང་ཆོག་ཤེས་མེད་པར་གསན་བསམ་ཡང་ནས་ཡང་དུ་མཛད་པ་ལ་ནམ་ཡང་བརྩོན་པ་མི་བརྟུལ་ཅིང་སྐྱོ་དུབ་ཅུང་ཟད་ཀྱང་མི་མངའ་བས། མང་དུ་ཐོས་པར་སྨྲ་བ་མང་ཡང་ཐུབ་བསྟན་ཡོངས་སུ་རྫོགས་པའི་མང་དུ་གསན་པ་འདི་ལྟ་བུ་ནི་ཆེས་དཀོན་པར་སྣང་ངོ༌། །མདོ་སྡེ་ལས་མང་དུ་ཐོས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཤིང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་ཤིང༌། བཀའ་དང་བསྟན་བཅོས་རྣམས་ཀྱི་ཆོས་ཀྱི་དོན་ཤེས་པ་ལས། བདུད་ཀྱི་ལས་སུ་གྱུར་པའི་སྡིག་པ་དང་དོན་མ་ཡིན་པའི་བྱ་བ་ཐམས་ཅད་སྤངས་པས་སྐྱེས་བུ་དམ་པའི་ཡོན་ཏན་མཐའ་དག་ལྡན་པར་འགྱུར་ལ། དེ་དང་ལྡན་པས་ལྷ་དང་བཅས་པའི་འཇིག་རྟེན་ན་བསྔགས་པར་འོས་པ་སྟེ། སྐྱེས་རབས་ལས། ཡོན་ཏན་ཡོད་ན་རྒྱལ་པོའི་གོ་འཕང་དང༌། །སྐྱེ་རྒུ་མངོན་པར་མཐོ་བ་ཐོབ་པར་འགྱུར། །ལྷ་དབང་དཔལ་ཡང་ཡོན་ཏན་ལ་ལྟོས་ཏེ། །ཡོན་ཏན་ཡོད་ན་ཕ་རོལ་མགུ་བར་འགྱུར། །གྲགས་པ་རྣམས་ཀྱང་ཡོན་ཏན་ཉིད་ལས་འཕྲོ། །བདག་ཉིད་ཆེ་བའང་ཡོན་ཏན་ལྡན་ལས་འབྱུང༌། །ཟླ་འོད་ལས་ཀྱང་གསལ་བའི་ཡོན་ཏན་གྱིས། །དགྲ་བོ་མི་བཟད་དྲེགས་ཤིང་སྡང་བ་དང༌། །འཁོན་རྙིང་ཡོད་ཅིང་ཕྲག་དོག་ཆེ་བ་ཡང༌། །ཡིད་ནི་རབ་ཏུ་དྭངས་ཤིང་མགུ་བྱེད་དོ། །ཞེས་སོགས་འབྱུང་བ་བཞིན་ནོ། །ཡོན་ཏན་དེ་ལྡན་གྱི་གསན་བསམ་མཛད་པའི་ཚུལ་ལ་གཉིས། ཐུན་མོང་བ་ཕྱི་རིག་པ་དང༌། ཐུན་མོང་མ་ཡིན་པ་ནང་རིག་པའི་གནས་རྣམས་སོ། །དང་པོ་ནི། རྒྱལ་བས་མདོ་ལས་རྒྱས་པར་བཀའ་བསྩལ་པའི་དོན་རྒྱལ་ཚབ་བྱམས་པས་ཚིགས་སུ་གཅད་པ། རིགས་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང༌། ས་སྐྱ་པཎ་ཆེན་གྱིས། རང་བློ་ཤེས་བྱའི་གནས་ལ་མ་སྦྱང་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང༌། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །རིག་པའི་གནས་རྣམས་སྦྱང་ཞེས་ལེགས་པར་གསུངས། །ཞེས་གསུངས་པ་ལྟར་ཐོག་མར་རིག་པའི་གནས་ལ་གསན་བསམ་མཛད་དེ། ཞེ་ཆེན་པཎྜི་ཏ་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱི་ཞལ་སྔ་ནས། ཀཿཐོག་པཎྜི་ཏའི་འགྲེལ་པའི་སྟེང་ནས་དབྱངས་ཅན་སྒྲ་མདོའི་ས་རིས་ཐུགས་ཐོག་ནས་ཆིག་རྒྱུགས་འཕེར་བ་ཟླ་བ་གཅིག་དང་ཞག་བཞིས་འདྲིལ་བར་མཛད་ཅིང༌། གཞན་ཡང་ས་བཟང་སྒྲ་ཊཱིཀ་སོགས་ཀྱི་སྟེང་ནས་ཀ་ལཱ་པའི་གཞུང༌། སི་སོགས། ཏི་སོགས། བྱིངས་མདོ་རྩ་འགྲེལ་བཅས་ཀྱི་རི་མོ་ཚང་མ། འཇམ་མགོན་སི་ཏུ་རིན་པོ་ཆེའི་འགྲེལ་ཆེན་སྟེང་ནས་ཙཱནྡྲ་པའི་གཞུང་དང༌། སུཔྲ་མཐའ། ཏིང་མཐའ། ཨུཎ་སོགས་ཀྱི་རི་མོ་ཚང་མ། སི་ཏུ་རིན་པོ་ཆེའི་ཞལ་ལུང་ཁམས་པའི་འགྲེལ་ཆེན་སྟེང་ནས་སྙན་ངག་མེ་ལོང་ལེའུ་གསུམ་གའི་གོ་དོན་རྩོམ་རྒྱུགས་རྒྱས་སྤྲོས་བཅས་ཞག་ཉི་ཤུས་འདྲིལ་བ། སྨིན་གླིང་ལོ་ཆེན་འགྲེལ་པའི་སྟེང་ནས་སྡེབ་སྦྱོར་རིན་འབྱུང་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་བཅས་ཞག་དྲུག་གི་ཁོངས་སུ་འདྲིལ་བར་མཛད་པས་སློབ་དཔོན་ནས་ཀྱང་མཁྱེན་རབ་ཆེ་བའི་བསྔགས་བརྗོད་གནང་ཞིང༌། སྔོན་ཆད་སྲོལ་མ་བྱུང་བ་སྙན་ངག་གི་གསལ་བྱེད་ངེས་པའི་བྱ་དཀའ་སོགས་ལེགས་སྦྱར་སྐད་དུ་བརྩམས་པ་དང༌། ངོ་མཚར་རྟོགས་བྱེད་ཀྱི་རི་མོ་འབྲི་ཚུལ་སོགས་རྩོམས་ཤིག་ཅེས་བཀས་བསྐུལ་བར་མཛད་པ་ལྟར་བྲིས་ཏེ་སྤྱན་འབེབ་ཕུལ་བས་ཀུན་བཤད་ཀྱི་མཚན་འདོགས། ཚངས་སྲས་དགྱེས་པའི་བློ་ལྡན་གདོང་དྲུག་དགའ་བའི་ལང་ཚོ་ཞེས་པ་དང་འབྲེལ་བའི་བསྔགས་བརྗོད་ཀྱང་མཛད། རྗེ་ཉིད་ནས་ཀྱང་སྒྲ་རིག་པའི་བྱིངས་དང་རྐྱེན་སྐད་དོད་སོགས་ལ་ཤིན་ཏུ་བྱང་བར་སྦྱངས་པས་གཞན་ངོ་འབྲིད་པའི་སུམ་བིད་ཙམ་ལ་ཕལ་ཆེར་སྐད་དོད་ལ་ལྟོས་མི་དགོས་པས་ཤྭ་ལོ་ཀ་མང་པོ་བློ་ཐོག་ནས་སྒྲིག་པ་སོགས་ནུས་ཀྱང་དེ་འདྲས་གར་ཡང་མི་ཕྱིན། རྒྱ་དཔེ་བསྒྱུར་ནུས་པ་ཞིག་གི་གོ་དོན་གཏིང་ཚུགས་པ་བྱུང་ན་ངོ་མཚར་ཆེའང་རྒྱ་བོད་སྐད་རིགས་མི་གཅིག་པའི་སྟེང་ནས་གོ་བ་གནད་དུ་ཕྱིན་པ་ཤིན་ཏུ་དཀའ་བས་རྒྱ་དཔེ་བསྒྱུར་ནུས་པ་ནི་ཆེས་འོང་བ་དཀའ། དེས་ན་དེང་སང་སྒྲ་པ་ལ་དོན་འབྲས་ཆེར་མེད་པའི་གཟུགས་བརྙན་དུ་སྣང་གསུངས། ཚད་མ་ལ་ཤིན་ཏུ་དགྱེས་ཤིང་རྒྱ་ཆེར་མ་སྦྱང་རུང་བཀྲས་ལྷུན་ཀ་ཆེན་བློ་བཟང་དགེ་ལེགས་སོགས་ལས་བསྡུས་པའི་འགྲོ་ཕྱོགས་དང༌། རྒྱལ་ཚབ་རྗེའི་འགྲེལ་པའི་སྟེང་ནས་རྣམ་འགྲེལ་གྱི་བཤད་ལུང༌། བྲག་སྒོམ་པཎྜི་ཏ་ལས་མདོ་དང་རྣམ་འགྲེལ་སྦྱར་བའི་གོ་དོན་རགས་རིམ་གྱི་བཤད་ལུང་སོགས་གསན་ཅིང་གཟིགས་པས་རིགས་པ་སྨྲ་བར་རློམས་པའི་ཁེངས་པ་ཅན་དག་ལ་འབེལ་བའི་གཏམ་མཛད་པ་ཙམ་གྱིས་ཀྱང་དོན་གྱི་གཏིང་དཔོགས་པའི་མཁས་པའོ་ཞེས་བསྔགས། བཟོ་རིག་ཕྱག་གིས་འདུ་མཛད་པ་མེད་རུང༌། སྐུ་གསུང་ཐུགས་རྟེན་གྱི་ཐིག་རྩ་དང་ཉམས་འགྱུར་སོགས་ཀྱི་གཞུང་གཞན་ལས་ཞིབ་པར་མཁྱེན། ས་སྐྱོང་སྡེ་དགེའི་བླ་སྨན་པ་མཁས་དབང་ཆོས་གྲགས་རྒྱ་མཚོ་ལས། གསོ་རིག་རྒྱུད་བཞིའི་བཤད་པ་ལག་ལེན་བཅས་ཞིབ་ཁྲིད་དུ་གསན། ཟུར་མཁར་བའི་བྱེ་བ་རིང་བསྲེལ། འབྲི་གུང་གཅེས་བཏུས་ཕན་བདེའི་སྙིང་པོ། །ཕན་བདེའི་ཆར་རྒྱུན། གློ་བུར་ནད་ལྔའི་བཅོས། ཞལ་ཤེས་སྙིང་གི་ཁུ་བ་གམྦྷཱི་ར། ལྷ་ལུང་གཅེས་བཏུས་བུ་ཡིག་དང་བཅས་པ། ཀརྨ་རཏྣའི་གཅེས་བཏུས་འཆི་མེད་ནོར་ཕྲེང་རྣམས་ཀྱི་ལུང་གསན། བླ་སྨན་པ་ཀརྨ་ཚེ་དབང་ལས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་ནག་ཆེན་མོའི་ཕྱག་ལེན་སྦྱོར་ཐབས་མཐོང་རྒྱུད་དུ་བསྟར་བ་དང༌། སྨན་བླ་ལོངས་སྐུའི་སྒྲུབ་ཐབས་དང་གསོལ་འདེབས་ཀྱི་ལུང་གསན། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་ལས་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱོར་བ་བརྒྱ་པ། དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་རྣམས་ཀྱི་ལུང་གསན། བྲག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་རྩ་བ། སྨན་མིང་ངོ་སྤྲོད། བུ་ཡིག་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་རྣམས་བཤད་ལུང་གི་ཚུལ་དང༌། ཡང་ཡིག་ཆ་དེ་རྣམས་ཚང་མ་དང༌། གསང་སྨན་ཆིག་བརྒྱུད་ཀྱི་ཡིག་ཆུང༌། ལྷན་ཐབས་ཞལ་ཤེས་སྙིང་གི་ཡང་བཅུད། དར་མོ་སྨན་རམས་པའི་ཞལ་ཤེས་སོགས་ཆོས་གྲགས་རྒྱ་མཚོ་ལས་ཀྱང་གསན་ནས། གསོ་དཔྱད་ཀྱི་ཕྱག་བཞེས་ཀྱང་ལོ་ཤས་མཛད་པ་ལ་རྒྱུད་བཞི་ཐུགས་འཛིན་གནང་བས་རྟག་ཏུ་བྱང་བར་བཞུགས་ཤིང་གོ་དོན་ལ་སྨྲོས་མ་དགོས། རྩ་ཆུའི་རྣོ་ཐིག་དང་སྨན་གྱིས་ཕན་ཐོགས་སོགས་སྨན་པ་གང་ལས་ཀྱང་ཁྱད་པར་འཕགས་པ་ཡིན་འདུག་གོ །གཉིས་པ་ནང་རིག་པ་ལ་རྒྱུ་མཚན་ཉིད་ཐེག་པའི་བཤད་རྒྱུན་ནི། ན་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་མདུན་ནས། རོང་སྟོན་ཆེན་པོའི་བཤད་སྲོལ་འགྲེལ་པ་དོན་གསལ་ལ། མཆོག་སྤྲུལ་ཉིད་ཀྱིས་མཛད་པའི་འགྲེལ་པ་དང་སྦྱར་ཏེ་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་བཤད་པ་ཞིབ་མོ་དང༌། འདུལ་བ་མདོ་རྩའི་བཤད་ལུང་བཅས་གསན། ལི་ཐང་བྱམས་པ་གླིང་གི་རབ་འབྱམས་པ་ཆེན་པོ་དགེ་བཤེས་བྱམས་པ་ཕུན་ཚོགས་ལས་དབུ་མ་འཇུག་པའི་བཤད་པ་རྗེ་རིན་པོ་ཆེའི་འགྲེལ་པ་དགོངས་པ་རབ་གསལ་དང་སྦྱར་བའི་བཤད་པ། དབྱིག་གཉེན་མངོན་པ་མཛོད་མཆིམས་འགྲེལ་དང་སྦྱར་བ། ཤེར་ཕྱིན་བརྒྱད་སྟོང་པའི་བཤད་པ་ཉིད་མཛད་མཆན་བུས་གསལ་བ་རྣམས་གསན། འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་བཤད་རྒྱུན་སྔ་འགྱུར་རྙིང་མའི་སྐོར་ལ། ཞེ་ཆེན་དབོན་སྤྲུལ་རིན་པོ་ཆེའི་མདུན་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་སྤྱི་དོན་གསང་བདག་ཞལ་ལུང་དང༌། ཚིག་འགྲེལ་གསང་བདག་དགོངས་རྒྱན་གཉིས་ཀ་མཐར་ཆགས་སུ་གསན་ཅིང༌། གཞན་ཡང་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱིས་མཛད་པའི་སྤྱི་དོན་རིན་ཆེན་ཕྲེང་བ། ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་འགྲེལ་པ། སྒེག་པ་རྡོ་རྗེའི་སྤར་ཁབ། རོང་ཟོམ་པའི་འགྲེལ་པ། གཡུང་སྟོན་པའི་འགྲེལ་པ། བཤད་པའི་ལེ་ལག་ཏུ་གཏོགས་པའི་ཡིག་ཆ་ཚང་མ་དང་སྒྲུབ་དཀྱིལ་གྱི་ལུང་རྣམས་ཀྱང་གསན། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་མདུན་ནས། སྔགས་གསར་མའི་རྒྱུད་ཀྱི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་དྲི་མེད་འོད་གཉིས་ལ་བུ་སྟོན་རིན་པོ་ཆེའི་གསུང་མཆན་དང༌། སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གིས་ཡང་མཆན་བཏབ་པ་རྩ་བར་གཟུང༌། དེ་ལ་དགོས་པའི་ཡིག་ཆ་མཁས་མཆོག་བུ་སྟོན་ཆེན་པོས་མཛད་པའི་བཤད་པའི་སྤྱི་དོན་རིན་ཆེན་གཅེས་པའི་ལྡེའུ་མིག །བསྡུས་དོན་དྲི་མ་མེད་པའི་འོད་ཀྱི་རྒྱན། མདོར་བསྡུས་དང་པོའི་ཊཱི་ཀ་སྙིང་པོ་སྣང་བའི་འོད་ཟེར་རྣམས་དང༌། ཁ་སྐོང་སྒྲ་རིག་མཁས་པའི་ཁ་རྒྱན། སྡེབ་སྦྱོར་མེ་ཏོག་ཕྲེང་འཛིན། ལྔ་བསྡུས་སྒྲ་གཅན་དང་བཅས་པའི་གཞུང་གཟའ་ལྔ་དང་དེའི་མྱུར་རྩིས་ཀྱི་ལྷན་ཐབས། གོ་ལའི་རྣམ་གཞག །རྩིས་ཀྱི་བསྟན་བཅོས་ཆེན་མོ་མཁས་པ་དགའ་བྱེད། དུས་སྦྱོར་གྱི་དྲིས་ལན་དཀའ་གནད་འགལ་སྤོང༌། བཤད་ཐབས་ངེས་དོན་སྙེ་མ། ཐུགས་སྲས་ལོ་ཙཱ་བས་མཛད་པའི་གསུང་སྒྲོས་ཟིན་བྲིས་ཆེན་མོ་དང༌། སྔགས་ཀྱི་དགྲ་གྲོགས་རྩི་བ་རྣམས་སྐབས་དང་འཚམ་པར་སྦྱར་བ་དཔལ་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་བཤད་ལུང་ཡོངས་རྫོགས་གསན། མཁས་མཆོག་རྡོ་རྗེ་སློབ་དཔོན་ངག་དབང་ལེགས་གྲུབ་མདུན་ནས། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་བརྟག་པ་གཉིས་པ་ལ་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཚུལ་གསུམ་དང༌། རྗེ་བཙུན་གྲགས་པས་མཛད་པའི་ལྗོན་ཤིང༌། དཀོན་མཆོག་ལྷུན་གྲུབ་ཀྱི་མཛེས་རྒྱན་རྣམ་གཉིས་སྦྱར་བའི་བཤད་ལུང་ཞིབ་མོ་དང༌། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཀྱི་བཀླག་ལུང་ཡང་གསན། དགེ་བཤེས་བྱམས་པ་ཕུན་ཚོགས་ལས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་གྱི་ཕྱག་བཞེས་ལྟར་ནམ་མཁའ་དང་མཉམ་པའི་རྒྱུད་གསང་བ་འདུས་པ་འགྲེལ་པ་བཞི་སྦྲགས་སུ་གྲགས་པའི་བཤད་ལུང་དང༌། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་པ་ལ་རྗེ་རིན་པོ་ཆེས་མཛད་པའི་འགྲེལ་པ་སྦས་དོན་ཀུན་གསལ་དང་སྦྱར་བའི་བཤད་པ། རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྗེ་དགེ་འདུན་རྒྱ་མཚོས་མཛད་པའི་སྟེང་ནས་བཤད་པ་བཅས་གསན་པར་མཛད་དེ། དེང་སང་བོད་ཡུལ་དུ་རྒྱུད་ཀྱི་བཤད་བཀའ་བཞུགས་པ་ནི་དེ་ཙམ་མོ། མདོ་ཕྱོགས་ལའང་དབུ་མ་རིག་ཚོགས་དྲུག །བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་གཙོ་བོར་གྱུར་པའི་རྒྱ་གཞུང་ཕལ་མོ་ཆེར་བཤད་པ་བཏང་བ་མང་རུང༌། དེ་དག་རྣམས་ལས་རྒྱུད་བླ་མ་ཙམ་ལས་ཕལ་ཆེར་མཁས་པའི་རྩལ་བཤད་མ་གཏོགས་བརྒྱུད་པའི་བཤད་སྒྲོས་མ་ཆད་པ་ནི་བཞུགས་པར་དཀའ་སྣང་ངོ༌། །གསར་རྙིང་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་བྱེད་དབང༌། གྲོལ་བྱེད་གདམས་ཁྲིད། རྒྱབ་རྟེན་ལུང་གི་ཚོགས་མཐའ་ཡས་པ་གསན་པའི་ཚུལ་ནི། རྣམ་ཐར་རྩ་བ་ཞལ་གསུངས་ལས། སྔ་ཕྱིར་ཁམས་དབུས་གཙང་གསུམ་དུ། །མི་ལོ་བཅུ་གསུམ་ཐོས་པ་བཙལ། །རྡོ་རྗེ་འཛིན་དང་དགེ་བའི་བཤེས། །རིག་བྱེད་གཞུང་ལ་མཁས་པ་སོགས། །གཙུག་ནོར་བརྒྱ་དང་ལྔ་བཅུ་བསྟེན། །བཟོ་གསོ་སྒྲ་ཚད་ཡན་ལག་བཅས། །འདུལ་མཛོད་དབུ་ཕར་བཤད་སྲོལ་ཐོས། །གསར་རྙིང་རྡོ་རྗེ་ཐེག་པ་ཡི། །དབང་དང་བྱིན་རླབས་རྗེས་གནང་སོགས། །བཀའ་གཏེར་བཀའ་གདམས་ས་སྐྱ་པ། །འབྲི་སྟག་མཚུར་དང་གདན་འབྲུག་གི །སྔོན་གྱི་ལུགས་སྲོལ་མ་ཉམས་པར། །བཞུགས་པའི་སྨིན་གྲོལ་གདམས་ངག་དང༌། །བདེ་དགྱེས་གསང་གསུམ་དུས་འཁོར་ལོ། །སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས། །རྒྱབ་རྟེན་རྒྱུད་ཀྱི་བཤད་པ་དང༌། །བཀའ་བསྟན་དམ་པའི་གསུང་རབ་ལུང༌། །གླེགས་བམ་བདུན་བརྒྱ་ལྷག་ཙམ་ཉན། །མདོར་ན་བཤད་བརྒྱུད་ཤིང་རྟ་བཅུའི། །རིང་ལུགས་རྒྱུན་བཞུགས་ཕལ་ཆེར་ཐོས། །ཅུང་ཟད་སྦྱངས་ཤིང་ཕྱོགས་ཙམ་ཤེས། །རང་གཞན་གྲུབ་མཐའི་ཁས་ལེན་དང༌། །ཆོས་རྒྱུས་ཤིན་ཏུ་ཆེ་བར་བྱུང༌། །ཞེས་གསུངས་པ་ལྟར་མདོ་ཁམས་ནས་དབུ་བརྩམས། དབུས་གཙང་དུ་ལན་གཉིས་བྱོན་པ་དང༌། སླར་མདོ་ཁམས་སུ་བཞུགས་པའི་སྔ་རྗེས་ཀུན་ཏུ་གསན་བསམ་ངོམས་པ་མེད་པར་མཛད་པས་ཤིན་ཏུ་རྒྱ་ཆེ་ཞིང་ཤེས་པར་དཀའ་བས་འགོད་པར་མ་ནུས་ཀྱང་གཙོ་ཆེ་བ་འགའ་ཞིག་ཕྱག་ཐོ་དང་བསྟུན་ནས་འགོད་པར་བྱ་སྟེ། དཔལ་ས་སྐྱ་པ་ཁྲི་ཆེན་ཀུན་དགའ་བཀྲ་ཤིས་ལས་ཚེ་དཔག་ལྷ་དགུའི་དབང༌། དེའི་མན་ངག་གི་ལུང་ཁྲིད། ལམ་འབྲས་སློབ་བཤད་བརྒྱུད་འདེབས་བཅས་ཀྱི་ལུང༌། སྔགས་འཆང་ཀུན་དགའ་རིན་ཆེན་ལས་དཔལ་མགོན་གྱི་རྗེས་གནང་ཁྲིད་ལུང་ཡོངས་རྫོགས། ལམ་འབྲས་སློབ་བཤད་བརྒྱུད་འདེབས། །རྣམ་ཐར་སྤར་མ་ཕལ་ཆེར། ཚར་ཆེན་གྱིས་མཛད་པའི་བླ་མ་ལྔ་བཅུ་པའི་རྣམ་བཤད། བླ་མཆོད། གཟའ་ཡུམ། སོར་འབྲང་དཀར་མོ། ཨུ་ཙརྱ། ཁྱུང་ཁྲ་ནག །འཇམ་དཔལ་ནག་པོ། རྟ་མགྲིན་ཟླ་རྒྱལ་ལུགས་རྣམས་ཀྱི་རྗེས་གནང་ལུང་བཅས། ཞལ་རྣམ་འགྱུར་བཅུ་བདུན། བེཀྩེའི་རིགས་གཉིས་བཅས་ཀྱི་རྗེས་གནང༌། གསང་ཁྲིད། ཞལ་པོད་གཉིས་ཆ་ཚང་དང་བེཀྩའི་དཔེ་བུམ་སྐོར་ཕལ་ཆེར་ཚང་མའི་ལུང༌། ཕུར་པ་སྟོད་ལས་སྨད་ལས་ཀྱི་དབང་ཚང་བ། དཀར་བདུད་རྗེས་གནང༌། ཨ་མེས་ཞབས་ཀྱི་ཕུར་པའི་ཞི་སྦྱིན། རྒྱུན་ཁྱེར་ངེས་དོན་ཐིག་ལེ་བཅས་ཀྱི་ལུང༌། གུར་དྲག་ཉང་ལུག་དབང་ཆེན། དེའི་རྗེས་གནང༌། ཕྲིན་གཞུང་དྲེགས་པ་ཟིལ་གནོན། དབང་ཆོག་མཐོང་བ་རང་གྲོལ། །ལས་མཐའ་གསལ་བྱེད་དགྲ་བགེགས་ཚར་གཅོད་བཅས་ཀྱི་ལུང༌། ཚེ་སྒྲུབ་ལྕགས་སྡོང་མ་ལྷ་མང་དང༌། ལྷ་གཅིག་བུམ་གཅིག་གི་ཚེ་དབང༌། ཡིག་ཆའི་ལུང་བཅས། ས་སྐྱ་ཀུན་བཀྲས་དབང་ཆོག་འཆི་མེད་འདོད་འཇོ་དང༌། སྒྲུབ་ཐབས་རྒྱུན་ཁྱེར་བདུད་རྩི་བུམ་བཟང་གི་ལུང་བཅས། འཇམ་མགོན་རྡོ་རྗེ་རིན་ཆེན་ལས་སེམས་བསྐྱེད་ལུགས་གཉིས། སྣང་མཐའི་ཉལ་སྒོམ་ལུང་ཆ་ཚང༌། འཇིགས་བྱེད་ས་ལུགས་དང༌། བདེ་མཆོག་དྲིལ་བུ་པའི་དབང༌། ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད་བྱིན་རླབས། མཁའ་སྤྱོད་འཆད་ཐབས། དམར་པོ་སྐོར་གསུམ་པོད་ཆ་ཚང༌། ཛམ་ལྷ་སུམ་སྒྲིལ། ཚོགས་བདག་ཁྱད་པར་བའི་རྗེས་གནང༌། གཤེད་དམར་སྤྲོས་མེད་བསྐྱེད་རྫོགས་དང༌། རྒྱུན་ཁྱེར་སོགས་ཀྱི་ལུང༌། ཚེ་སྒྲུབ་ཞག་བདུན་མ། གང་བློ་མའི་རིག་གཏད། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་རྗེས་གནང༌། སྒྲུབ་ཐབས་ཀྱི་ལུང༌། བཅུ་གཅིག་ཞལ་རིགས་བཞིས་སྐོར་བ་དང༌། གཙུག་འབར་རྗེས་གནང་ལུང་བཅས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཁྲིད་ལུང་བཅས། སྒྲོལ་མཚན་ལུང༌། ཤངས་ཆོས་སྐོར་ཉིད་ལ་གང་བཞུགས་ཆ་ཚང༌། མགོན་དཀར་རྗེས་གནང༌། པོད་ལུང༌། དུར་བདག་རྗེས་གནང༌། པོད་ཚང་མའི་ལུང༌། གུར་ལྷ་བརྒྱད་རྗེས་གནང༌། ཆོས་དབང་གཏེར་བྱོན་ཐུགས་ཆེན་འཁོར་བ་དོང་སྤྲུག་དབང༌། ཨ་མེས་ཞབས་ཀྱིས་མཛད་པའི་རྡོར་དྲིལ་བུམ་པ་དགང་བླུག་བཅས་ཀྱི་རྣམ་བཤད་ཕྲིན་ལས་ཀུན་ཁྱབ་དང༌། ཚེ་སྒྲུབ་མདའ་འཕེལ་མའི་དབང་ཆོག་དང༌། ཛཾ་དཀར་རྗེས་གནང་ཁམས་གསུམ་དབང་སྡུད་ལུང༌། དུས་འཁོར་ཁྱུང་ཁྲའི་རྗེས་གནང༌། ཁྲོ་མོ་སྨེ་བརྩེགས་རྗེས་གནང་ལུང་བཅས། སྨེ་བརྩེགས་ས་ལུགས་ཀྱི་གྲིབ་མདོས་ལུང༌། རིགས་བྱེད་དཔེ་བུམ་གྱི་ལུང་སོགས་གསན། ཐེག་ཆེན་བཀྲ་ཤིས་རིན་ཆེན་ལས་མཁའ་སྤྱོད་སྐོར་གསུམ་གྱི་གླེགས་བམ་རྒྱས་པའི་ལུང༌། རིགས་བྱེད་དཔེ་བུམ་གྱི་ལུང་སོགས་གསན། ངོར་དུ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ཞལ་སྔ་ནས་དབང་གི་ཐོག་མར་བདེ་མཆོག་ནག་པོ་ལུགས་ཀྱི་དབང་བསྐུར་གསན་པའི་སྐབས། བུམ་པ་ཕྱག་ཏུ་བཞེས་ནས་ཆུ་དབང་མ་རྫོགས་བར་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པའི་རྣམ་པ་ཅན་དངོས་སུ་གཟིགས། མུས་ཆེན་འཁོར་ལོ་སྡོམ་པའོ་སྙམ་པའི་ཐུགས་ཤེས་གསལ་བས་དེ་ཕྱིན་མུས་ཆེན་དཀོན་མཆོག་རྒྱལ་མཚན་ཉིད་དུ་ཐུགས་ཐག་ཆོད། སྔ་རྗེས་རྣམས་སུ་བདེ་མཆོག་ལཱུ་ཧི་ལུགས། ཀྱེ་རྡོར་ལུགས་གསུམ། ལམ་འབྲས་སློབ་བཤད། གསང་བ་འདུས་པ་རིགས་གསུམ། འཇིགས་བྱེད་ར་ལུགས་ལྷ་དགུ་དང་ལྷ་བཅུ་གསུམ་མ། གཤེད་དམར་ལྷ་ལྔ། སྤྲོས་མེད་ཀྱི་ཁྲིད། ནཱ་རོ་མཁའ་སྤྱོད་ཀྱི་རྗེས་གནང་དང་ཁྲིད་ལུང་ཡོངས་རྫོགས། སྲུང་བ་ལྔ་བཅུ་རྩ་གཅིག་པ། གདུགས་དཀར་ཉེར་བདུན་མ། མི་འཁྲུགས་པ་ལྷ་དགུ། ཚེ་དཔག་ལྷ་དགུ། ཀུན་རིག །ཕྱག་རྡོར་འཆི་འཇོམས། ས་ལུགས་དམར་པོ་སྐོར་གསུམ་དང་དམར་ཆུང་སྐོར་གསུམ། ནོར་ལྷ་དང་ཆོས་སྲུང་གི་རིགས། སྒྲུབ་ཐབས་བརྒྱ་རྩ། སྣར་ཐང་བརྒྱ་རྩ་སོགས་དབང་དང་རྗེས་གནང་གི་རིགས་མང་པོ། མུས་ཆེན་སེམས་དཔའ་ཆེན་པོ། གོ་རམས་བསོད་ནམས་སེང་གེ །དཔལ་ལྡན་དོན་གྲུབ་ཀྱི་བཀའ་འབུམ་གཙོས་དབང༌། རྗེས་གནང༌། ཁྲིད་དང་ལུང་གི་རིགས་མང་དུ་གསན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་ངོར་གྱི་ཁྲི་ཐོག་པའི་སྐབས་སུ། ཐུན་མིན་སེམས་བསྐྱེད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང༌། ཡན་ལག་གི་དབང་རྣམས་དང༌། གདམས་ངག་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་ཀྱི་ཁྲིད་ཡོངས་རྫོགས་གཙོ་བོར་གྱུར་པའི་དབང༌། རྗེས་གནང༌། ལྗགས་ལུང་མང་དུ་གསན། ལམ་ཟབ་བླ་མའི་བྱིན་རླབས་གསན་སྐབས་གྲུབ་ཆེན་བིརྺ་པའི་སྐུར་དངོས་སུ་གཟིགས་པས་དེ་ཕྱིན་བིརྺ་པའི་རྣམ་འཕྲུལ་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གི་སྐུའི་སྐྱེ་བར་ཐུགས་ངེས་གཏིང་ནས་འདྲོངས། ཕྱིས་སྐུ་གཤེགས་པའི་སྐབས་སུའང་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་སྣང་ངོ༌། །མཁན་ཆེན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལས། བི་རཱུ་པའི་སྲུང་བའི་བྱིན་རླབས། འཇམ་དབྱངས་སྨྲ་སེང༌། གཉན་སྒྲོལ་ཡན་ལག་དྲུག་པ། སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམས་ཀྱི་རྗེས་གནང༌། ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ། མང་མཁར་བློ་གྲོས་བཟང་པོའི་སྒྲོལ་དཀར་སྐོར། ཉིད་མཛད་སྨན་བླའི་མདོ་ཆོག་སོགས་ལུང་མང་དུ་གསན། བྱམས་པ་དཔལ་ལྡན་བཟང་པོ་ལས་དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་གཉིས་དང༌། དཔེ་བུམ་ཡོངས་རྫོགས་ཀྱི་ལུང་བཅས་གསན། བྱམས་པ་འཇམ་དཔལ་གྲགས་པ་ལས་ཚེ་དཔག་ལྷ་དགུའི་དབང༌། ཆོས་རྗེ་ངག་དབང་ཚུལ་ཁྲིམས་ལས་ཀུན་རིག་དབང༌། ཚེ་རྟ་ཟུང་འབྲེལ། འཇམ་ནག །ཁྱུང་ནག །རི་ཁྲོད་མ། འབྱུང་འདུལ། སེང་གེ་སྒྲ། རྣམ་འཇོམས། འཇམ་དཔལ་དམར་སེར། སྒྲོལ་མ་བཅས་ཀྱི་རྗེས་གནང་གསན། སྨྲ་བའི་སེང་གེ་རྡོ་རྗེ་སློབ་དཔོན་ཆེན་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་ཀྱི་མདུན་ནས་གུར་རིགས་བསྡུས། སམྦུ་ཊ། མཁའ་འགྲོ་རྒྱ་མཚོ་སོགས་དབང་ཆེན་དང༌། གུར་ཞལ་བཀའ་སྡོད་དང་བཅས་པའི་རྗེས་གནང༌། དུར་ཁྲོད་བདག་པོའི་རྗེས་གནང་དང་བེ་བུམ་གྱི་ལུང༌། དམ་ཚིག་རྡོ་རྗེའི་རིག་གཏད། ལས་འབྲེལ་གཏེར་བྱོན་ཕྱག་རྡོར་དྲེགས་འདུལ་གྱི་དབང་ལུང་སོགས་མང་དུ་གསན། ཁྱད་པར་བོད་དུ་ལན་རྗེས་མ་ཕེབས་སྐབས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་རྡོ་རྗེ་ཕྲེང་བའི་དབང་བསྐུར་གསན་པའི་སྐབས་མནལ་ལྟས་གཟིགས་པ་རྣམས། རྗེ་ཉིད་ཀྱིས་ཕྱག་ཐོར་བཀོད་པ་འདི་ལྟ་སྟེ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། ཡེ་ཤེས་ཉི་མ་ནང་གི་དབུ་མའི་མཁར། །ཤར་བའི་མོད་ནས་བདེ་ཆེན་གྲུབ་པའི་གཟིས། །མཆོག་ཏུ་མི་འགྱུར་པདྨོ་རྒྱས་མཛད་པ། ཁྱབ་བདག་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་ཤྲཱི་བཛྲ་ཨཱ་བ་ལིའི་མ་ཧཱ་མཎྜ་ལ་རྣམས་སུ་གཏོར་བ་དང་བླུགས་པའི་བདུད་རྩིས་ཡིད་ཀྱི་ཨུཏྤ་ལ་ཁ་བྱེ་བའི་ཚེ། ཉིང་འཁྲུལ་གྱི་ངེས་པ་ལ་ཇི་ལྟར་འཆར་བའི་རིམ་པ་མདོ་ཙམ་བརྗོད་པར་བྱ་སྟེ། དང་པོར་ཨ་དྷི་ཏིཥྛའི་ཐོ་རངས། སྐྱེས་བུ་བརྗིད་ཆགས་པ། སྣུམ་བག་ཅན། གཟུགས་གཞན་ལས་འདབས་འགྱུར་གྱིས་ཆེ་བ། ཟ་འོག་ནག་པོའི་གོས་ལྷུབ་གྱོན་བྱས་པ་ཞིག་གིས་ཐོག་དྲངས་སྐྱེ་བོའི་ཚོགས་རབ་ཏུ་མང་པོས་བདག་ཉིད་ལ་འདུད་པ་དང༌། ཤར་ཕྱོགས་ནས་ཉི་མ་ཞིག་ཤར་བ་སྙིང་གར་ཐིམ། དེ་ལས་སླར་སྐར་མ་ལྟ་བུའི་ཉི་མ་ཆུང་ངུ་མང་པོ་འཕྲོ་བ་དང༌། བྱིའུ་ཆུང་ངུ་ཞིག་ཁྲས་དེད་པ་སྲོག་བསྐྱབས་པ་རྣམས་བྱུང་ངོ༌། །གཉིས་པ། མཉྫུ་བཛྲའི་ཐོ་རངས། སྔར་ཕྱིན་མྱོང་བ་ལྟ་བུའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཏུ་སླེབས་པའི་ཐོ་ཕྱི་ཐམས་ཅད་མེ་ཏོག་དཀར་པོ་ཕོར་བ་ཙམ་རྒྱས་པའི་ཤིང་ལྗོན་པ་ཁོ་ནས་གང་བའི་ཁྲོད་ནས་ཕར་སྤྲོ་བཞིན་དུ་ཕྱིན་ཕྱིན་པས། ཤིང་སྡོང་མེ་ཏོག་སེར་པོ་རྒྱས་པ་ཞིག་གི་བསིལ་གྲིབ་ཏུ། མ་ཧཱ་ཨུ་པ་དྷྱཱ་ཨཱ་ནནྡའི་ཞབས་དྲང་སྲོང་གི་ཆ་བྱད་དུ་བཞུགས་པ་ལ་མོས་གུས་ལྷག་པར་འབར་ནས་བསྐོར་བ་བྱས་པ་ཞིག་བྱུང༌། དེ་བཞིན་དུ། གསུམ་པར། གངས་རི་ཨོ་རྒྱན་རྫོང་དུ་འཛེགས་པའི་ལམ་བར་ཐམས་ཅད་ཤུག་པའི་ནགས་སྟུག་པོ་དང༌། མེ་ཏོག་རྒྱས་པར་སྣང༌། བར་སྐབས་ཤིག་ཐར་དཀའ་བར་སྟེང་ནས་སུ་ཡིན་ངོ་མ་འཚལ་བས་གཟན་གོས་ལྟ་བུ་ཞིག་འཕངས་བྱུང་བའི་སྣེ་ལ་ཟིན་ནས་ཕྱིན་པས་བདེ་བླག་ཏུ་ཐར། དེར་ཁང་བཟང་བཀོད་ལེགས་ཅུང་རྙིང་པ་ཞིག་གི་ཕུགས་སུ། དམར་པོ་སྐོར་གསུམ་གྱི་བྲིས་སྐུ་སྣུམ་བག་ཆགས་པའི་མདུན་མར་མེ་གསལ་ལམ་པ་མང་པོ་སྦར་བ་མཐོང༌། བཞི་པར། གཞོ་སྟོད་གཏེར་སྒྲོམ་རེད་སྙམ་ཞིག་གི་མདའ་ནས་ཡར་བཛྲ་དྷཱ་ར་མཻ་ཏྲི་ཨཱ་ནནྡའི་ཞབས་དང་ལྷན་དུ་ཕྱིན་པས། སྐབས་ཤིག་ཆུ་ལས་ཐར་དཀའ་ཡང༌། བཛྲ་དྷཱ་རའི་ཞབས་སྔོན་ལ་ཚེགས་མེད་པར་ཕེབས། རང་ཉིད་ཀྱིས་ལན་གཉིས་བརྒལ་བའི་སྔ་མར་ཕྱིན་མ་ཐུབ། རྗེས་མར་བདེ་བླག་ཏུ་ཕྱིན་པའི་ཕར་ཀར་ཕ་ཝང་ཞིག་གི་སྟེང་དུ་གྲུབ་པའི་སློབ་དཔོན་བཛྲ་གྷཱཎྚ་པ་བཞུགས་འདུག །དེའི་འཁྲིས་སུ་ཀུན་ཏུ་རྒྱུའི་ཆ་བྱད་ཅན་ཞིག་གིས་ལི་ཁྲི་དངོས་ཡིན་ཚུལ་གྱིས་ཤིང་ལོ་དམར་སེར་རེག་པས་ཚོན་དམར་སེར་དུ་འགྱུར་བ་ཞིག་དཔྲལ་བར་བསླན། དཱུརྦ་དངོས་ཡིན་ཞེས་ཤིང་ཏོག་སེར་པོ་ཞིག་བྱིན་པ་ཟོས་པས་རོ་ཁྱད་པར་དུ་འཕགས་པ་བྱུང༌། བཅུད་ལེན་མཆོག་ཏུ་འགྱུར་ཞེས་ཟེར། ཡང་རེ་ཞིག་ན་ལྷ་ཁང་གོག་པོ་ཞིག་ཏུ། བྱམས་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་ཐིགས་པས་འཇིགས་ལ་ཁད་དུ་འདུག །འཁྲིས་དེར་མི་མང་པོས་ངེད་ལ་ཞིག་གསོས་གྱིས་ཞེས་བསྐུལ་བ་ན། རང་ཉིད་ནས་ཀྱང་དེ་ལྟར་བྱེད་པའི་ཁུལ་གྱིས། དར་ཅིག་ན་ཞལ་རས་ཡན་ལེགས་པོ་ཞིག་གྲུབ་སོང་བར། རབ་གནས་བྱ་ཟེར། མ་ཧཱ་སནྡྷི་པ་ཨནྱ་ཧི་ཏའང་བཞུགས་འདུག །ཆོ་ག་ཞིག་བཏང་སོང་བ་བརྗེད། ཚོགས་འཁོར་ཟིན་པ་ན་བདུད་རྩི་ཡིན་ཟེར་ཤིང་ཏོག་གི་ཁུ་བ་འདྲ་མོ་སེར་པོ་ཞིག་གནང་བྱུང་བ་འཐུངས་པས་ཟི་བུན་པ་ཞིག་བྱུང༌། དེར་གླུ་ལོངས་ཞེས་གསུངས་པས་འདི་འདྲ་ཞིག་འཐེན་པའི་སྣང་བ་ཤར་རོ། །ཨོཾ་ཤྲཱི་ཨ་ལ་ལ་ཧོཿ བདེ་ཆེན་གྱི་ཡེ་ཤེས་མཐར་སོན་པས། ཁ་སྦྱོར་ལ་ཡན་ལག་བདུན་དང་ལྡན། །དཔལ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་བླ་མའི་ཞབས་པད་སྙིང་ནས་དྲན། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀུན། །གདན་གསུམ་གྱི་དཀྱིལ་འཁོར་གཅིག་ཏུ་ཤར། །རྗེ་བླ་མ་སྐུ་ཡི་རྡོ་རྗེ་ལ། །ཡུལ་སྣང་སྟོང་གི་ངང་ནས་གསོལ་བ་འདེབས། །རྩ་ཨ་བ་དྷཱུ་ཏིའི་རྒྱུད་མངས་ལས། །རླུང་མི་ཤིགས་ནཱ་དའི་དབྱངས་སྙན་ལེན། །རྗེ་བླ་མ་གསུང་གི་རྡོ་རྗེ་ལ། །སྒྲ་གྲགས་སྟོང་གི་ངང་ནས་གསོལ་བ་འདེབས། །ཐབས་བདེ་བ་ཆེན་པོས་དྲངས་པ་ཡི། །སྟོང་ཉིད་ལ་སྙིང་རྗེའི་རང་རྩལ་རྫོགས། །རྗེ་བླ་མ་ཐུགས་ཀྱི་རྡོ་རྗེ་ལ། །བློ་རིག་སྟོང་གི་ངང་ནས་གསོལ་བ་འདེབས། །ཆེ་ཕྲ་བའི་རྩ་རླུང་ཐིག་ལེའི་ཁམས། །འོད་གསལ་དུ་དྭངས་པའི་ཟུང་འཇུག་སྐུ། །རྗེ་བླ་མ་ཡེ་ཤེས་རྡོ་རྗེ་ལ། །དོན་དབྱེར་མེད་ཀྱི་ངང་ནས་གསོལ་བ་འདེབས། །ངེས་འབྱུང་གི་ཆུ་ཡིས་སྙིང་རབ་བསིལ། །ཚུལ་ཁྲིམས་ཀྱི་བསླབ་པས་ལུས་ངག་དག །ཏིང་འཛིན་གྱི་བྱེད་པོས་སེམས་རྒྱུད་དུལ། །ཤེས་རབ་ཀྱི་མིག་དང་ལྡན་པར་ཤོག །སྣང་བ་ཀུན་འཇའ་ཚོན་ལྷ་སྐུར་ཤར། །སྟོང་པ་ཡང་བདེ་བའི་ཐབས་དང་བཅས། །ཟུང་འཇུག་ལ་དགའ་བཞིའི་རྩལ་རྫོགས་པའི། །གོ་འཕང་དེ་ཚེ་འདིར་འགྲུབ་གྱུར་ཅིག །ཅེས་པ་སྟེ། ཚིག་ཟུར་རེ་གཉིས་ཉམས་ཡོད་ན་མ་གཏོགས་འདི་ཇི་ལྟ་བའོ། །ལྔ་པར། ཕ་རོལ་ཏུ་སྨན་ལྗོངས་དང༌། བཟའ་ཤིང་གི་ར་བ་དང༌། ཁང་བཟང་ཡིད་འཕྲོག་པ། ཚུ་རོལ་ཏུ་རང་ཉིད། བར་དུ་ཆུ་ཀླུང་ཆེན་པོ་ཞིག་འབབས་པར་སྣང་བས། རང་ཉིད་དེར་འཇུག་འདོད་ཀྱི་བློ་སྐྱེས་མ་ཐག །ཉིང་འཁྲུལ་དུ་ཤེས་ནས་ཐོག་བརྫིས་ཀྱིས་ཕྱིན་ཀྱང༌། ཆུ་གཞུང་ཙམ་དུ་སླེབས་པ་དང་ཕྱིར་འཁོར་ནས་མ་ཐར། སླར་གོས་དང་བྲལ་བས་ཕྱིན་པ་ན་བདེ་བླག་ཏུ་སླེབས། དེར་བྲམ་ཟེའི་གཟུགས་ཅན་ཞིག་གིས། སྙན་ངག་མེ་ལོང་གི་རྒྱ་དཔེ་ཞིག་གཏད་ནས། ཅུང་ཟད་ཁྲོ་ཚུལ་བཅས། ཁྱོད་སྙིང་རུལ། ཚེ་འདིར་ཆུ་འདི་ལས་བརྒལ་མི་ནུས། འོན་ཀྱང་ཕྱི་མར་དཀའ་བ་མེད་པར་ཐར་བར་འགྱུར་རོ། །ཞེས་ཟེར་རོ། །དྲུག་པར། བསམ་ཡས་མཆིམས་ཕུའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གདུང་འབུམ་ཡིན་རྒྱུ་དེའི་འཁྲིས་ནས་ཕར་ཕྱིན་པ་ན། སེ་བའི་ཕུང་པོ་མེ་ཏོག་རྒྱས་པ་ཞིག་གི་ཁྲོད་ནས་རྗེ་བླ་མ་དྷཱི་ཀཱ་ཤའི་ཞབས་ཀྱི་ཕྱག་བྲིས་ཡིན་པའི་ཤོག་དྲིལ་ཞིག་རྙེད། སྟོད་ཆ་དེར་ཚིག་འགའ་ཞིག་འདུག་ཀྱང་བརྗེད། གཤམ་དེར་སྙན་བརྒྱུད་འཆི་མེད་བཅུད་ལེན་ཟུར་དུ་བྲིས་པ་འདི་ཇི་ལྟ་བ་བཞིན་གདའ། དེར་སེམས་སྤྲོ་སྣང་གིས་ཚར་ཁ་ཤས་ཀློག་པ་བློ་ལ་གསལ་བ་བྱུང༌། དེ་མཚམས་རྗེ་བླ་མ་དྷཱི་ཀཱ་ཤའི་ཞབས་མཇལ། འདི་ལྟར་འདུག་ཅེས་ཞུས་པས། རེ་ཞིག་ཅི་ཡང་མི་གསུང༌། དར་ཅིག་ན། དེ་འབའ་ར་བའི་སྙན་བརྒྱུད་ཟབ་ཤོས་ཤིག་ཡིན། ངས་ཙ་རིར་འགྲོ་དུས་བྲིས་པ་ཡིན་ཅེས་ཕེབས། དེ་རྗེས་ཙམ་དུ་རྡོ་རྗེ་འཛིན་དབང་ཝཱ་གིནྡྲ་མཇལ་བར་འཕྲོས་ཞུས་པས། དགྱེས་པའི་རྣམ་འགྱུར་དང་བཅས་ཐོད་ཕྲེང་རྒྱན་ལྡན་ཞིག་གནང་ནས། དམ་ཚིག་གཙང་བ་ཡིན་འདུག །ཅེས་དང༌། དམ་ཚིག་འདི་ནི་འདའ་བར་དཀའ། །དེ་བས་སྲོག་བཞིན་གཅེས་པར་ཟུངས། །ཞེས་གསུངས་པའི་སྣང་བ་བྱུང༌། བདུན་པར། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སླེབས་པ་ན། ནང་སྐོར་དུ་ཕྱིན་པར། རང་གི་ལག་ཏུ་འབྲས་དཀར་གྱིས་ཁེངས་པའི་རིན་པོ་ཆེའི་ཟ་མ་ཏོག་ཞིག་འདུག་པ་ནས་འཐོར་བཞིན་དུ་ཕྱིན་པས། ས་ལ་ཆགས་རིམ་བཞིན་དུ་མེ་ཏོག་དཀར་པོ་རེ་རེ་ལམ་ལམ་སྐྱེས། སྤྲོ་སྣང་བཅས་ཇོ་བོ་རིན་པོ་ཆེའི་མདུན་དུ་སླེབས། དེར་མར་མེ་བརྒྱ་ཀོང་ཞིག་སྤར་ཆོག་བྱས་འདུག་པའི་འཁྲིས་དེར་ངོ་མི་འཚལ་བའི་མི་ཞིག་གིས། སྐུ་ཞབས་ཀྱི་གྲུབ་རྟགས་ཁྱད་པར་འཕགས། ད་མར་མེ་འདི་རྣམས་ལ་ཐུགས་སྨོན་གནང་ན་རང་འབར་དུ་ཡོང༌། དེ་བྱུང་ན་སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་ཟེར་བར། མར་མེ་ལ་དམོད་བཙུགས་ཏེ་མེ་ཏོག་འཐོར་བས་རང་འབར་དུ་བྱུང༌། དེར་ཕན་བདེ་འབྱུང་བའི་སོགས་དང༌། འཇིག་རྟེན་བདེ་ཞིང་སོགས་ཀྱི་སྨོན་ལབ་བཏབ་པས། ད་ཅིའི་དེ་ན་རེ། རང་དོན་དུའང་སྨོན་ལམ་རེ་མཛོད་ཟེར་བར། ཕར་ལྟོས་དཔོན་མེད་ཚུལ་ལྟོས་གཡོག་མེད་ཅིང༌། །འདུལ་རྒྱུའི་དགྲ་མེད་བསྐྱང་རྒྱུའི་གཉེན་མེད་པར། །དབེན་པའི་གནས་སུ་རང་སེམས་འདུལ་བ་དང༌། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །ཅེས་བཏབ་པས་ཡི་རངས་པའི་རྣམ་འགྱུར་སྟོན་ཏོ། །བརྒྱད་པར། བཙུན་པ་བགྲེས་སོང་ཞིག་གིས་གླེགས་བམ་ཆེན་པོ་ཞིག་གཏད་འདི་ཕྲེང་བ་སྐོར་གསུམ་གྱི་དོན་འགྲེལ་གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པ་དེ་ཡིན་ཟེར། ཞལ་ཕྱེས་པས། ཐོག་མ་དེར་སྲིད་སྤེལ་དང༌། དེ་འོག་བྱིས་པ་ལ་འཇུག་པའི་སྒོ་དང༌། སྨན་དཔྱད་སོགས་ནས། མཐར་དུས་འཁོར་ལས་གསུངས་པའི་བཅུད་ལེན་སོགས་ཡོད་པ། དཔེ་ཚན་ཤིན་ཏུ་མང་བ། བོ་དོང་པའི་དེ་ཉིད་འདུས་ཆེན་གྱི་སྙིང་པོ་བསྡུས་པ་ལྟ་བུ་ཞིག་འདུག །དེ་ཙམ་ན་ལུང་ཡོད་མེད་དཔྱོད་པའི་སྣང་བ་ཤར་མ་ཐག །རྗེ་བླ་མ་ཝཱ་གིནྡྲ་དང་མཇལ། ལུང་ཡོད་ཀྱང་བརྒྱུད་པ་ངེས་འདྲོངས་མི་འདུག་གསུངས། ཅུང་ཟད་ན་མདུན་གྱི་ནམ་མཁར་སློབ་དཔོན་རིན་པོ་ཆེ་དང༌། གྲུབ་ཆེན་མི་ཏྲ་གང་ཡིན་མ་འཚལ་བ་ཞིག་བྱིན་གྱིས་རློབ་རློབ་ལྟར་བཞུགས་པའི་འཕྲོར་གཉིད་སད་དོ། །དགུ་པར། མི་ཞིག་གིས་བསམ་ཡས་ནས་བསྐུར་བ་ཡིན་ཟེར་རྒྱ་མ་ཆེན་པོ་ཞིག་སྤྲད། ཁ་ཕྱེ་བས་གནམ་ལྕགས་རྡོ་རྗེ་དངོས་གཙང་ཁྱད་མཚར་ཞིག་འདུག །དེར་མི་དེས། འདི་ལས་ཅུང་ཆུང་བ་ཞིག་ཡོད་པ་མ་ཧཱ་སནྡྷི་པར་ཕུལ་བས་ཐུགས་མཉེས་པོ་རང་བྱུང་སོང༌། འདི་ན་ཉིན་ནས་སྐུ་ཞབས་རང་ལ་འབུལ་སྙམ་ཡང༌། ཐུགས་བཅའ་གནང་གི་མེད་དམ་སྙམ་པས་བཞག །ད་ལན་ཐུགས་བཅའ་གནང་བ་འདྲ་ཟེར་བས་ཕུལ་བ་ལགས་ཟེར་བའི་འཕྲོར་བཞད་མོ་མང་དུ་འཆོར་བ་ཞིག་བྱུང་ངོ༌། །བཅུ་པར། རང་ཉིད་སྐྱེ་ཡུལ་ཡིན་སྙམ་པའི་སྨན་ལྗོངས་ཉམས་དགའ་བ་ཞིག་ཏུ་སླེབས་པར། བདུད་རྩི་རིལ་བུར་འགྲོ་བའི་སྔོ་སྨན་རྣམས་ཚོལ་བའི་འདུན་པས་ཕྱིན་པར་ཕལ་ཆེར་ཞིག་རྙེད། སླར་ཕྱིན་པས་ཨ་རུ་རའི་ནགས་ཚལ་ཐོ་རེ་བ་ཞིག་ཏུ་སླེབས། དེ་ན་སྨན་གྱི་དྲང་སྲོང་ཡིན་ཟེར་བའི་དགེ་སློང་བགྲེས་པོ་སྐྲ་དང་སྨ་ར་དཀར་པོ་ཅན་ཞིག་འདུག་པས། སྔོ་སྨན་མང་པོའི་ངོས་འཛིན་དང༌། སྨན་སྦྱོར་ཁ་ཤས་གསུངས། དེ་ལ་ཡུལ་འདི་རྒྱ་བལ་གྱི་ས་ཆ་ཞིག་ཡིན་འདྲ་བས་ཇི་སྐད་ཟེར་བ་ལགས་ཞུས་པར། བདེ་མཆོག་གི་གནས་ཁྱད་པར་ཅན་ཡིན། སྐུ་རང་བྱོན་ཀྱང་བཞུགས་པས་མཇལ་དུ་འདོང་ཞེས་ཁྲིད། ཁང་བཟང་ཅུང་ཟད་གོག་པ་ཞིག་གི་སྒོ་ཕྱེ་བའི་ནང་དུ། མཚོ་ནག་ངམ་པ་ཞིག་གི་དབུས་སུ་བདེ་མཆོག་གི་སྐུ་བློས་མི་འཁྱུད་པའི་ཆེན་པོ་ཞིག་མཇལ། ཟིལ་བསམ་གྱིས་མི་ཁྱབ་པས་རེ་ཞིག་བརྒྱལ་བ་སྙམ་བྱེད་དོ། །བཅུ་གཅིག་པར། སྲོད་ཁྲ་འབྲུག་ཏུ་སླེབས། པཎ་ཆེན་ནགས་རིན་གྱི་སྐུ་དེ་མཇལ་བས། ཅུང་ཟད་ན་སྐུ་དངོས་སུ་སོང༌། ཕྱག་གིས་རེག་ཅིང༌། ཁྱོད་ཀྱིས་དབང་ཇི་ཙམ་ཐོབ་གསུངས། ཐོབ་ཚུལ་རགས་པ་ཞུས་པས། སྐལ་བཟང་དང་དམ་ཉམས་གཉིས་ཀ་མང་དུ་བསགས་འདུག་ཕེབས། སྤྱིར་སྔགས་ཀྱི་དམ་ཚིག་སྲུང་ཤིན་ཏུ་དཀའ་ནའང་རྩ་བ་ཆེ་རིགས་དང་འགལ་བ་ཆེར་མི་བདོག་ཞུས་པས། གནད་མ་གོ་བ་མཚངས་ཆེ། ཐ་མལ་གྱི་སྣང་ཞེན་དང་བཅས་པས་དབང་ཚིག་འཆད་ཉན་ཙམ་ལའང་ལྟུང་བ་ཆར་བཞིན་འབབས་གསུངས། འོ་ན་དབང་གཏན་ནས་མི་ཞུ་བ་ལེགས་སམ་ཞུས་པ། དེ་འདྲ་ག་ལ་ཡིན། རྫས་ལྡོག་སོ་སོར་ཕྱེ་དགོས་པ་ཡིན་མོད་གསུངས་པས། བོད་སྔ་ཕྱིའི་སྔགས་ཀྱི་ཕྱག་ལེན་ཡངས་དོག་དང༌། ཇོ་བོ་རྗེས། སོ་སོར་ཐར་པའི་ཉེས་པས་གཏན་ནས་མ་གོས་སོགས་དང༌། འཇམ་དབྱངས་བླ་མས། རྡོ་རྗེ་ཐེག་པའི་བསྟན་པ་ནི། །སོགས་ལ་གོ་བ་ཁྱད་པར་ཅན་སྐྱེ་བ་སྙམ་བྱེད་པ་བྱུང༌། དེར་ཉིད་ཀྱི་པདྨ་ཚེ་ཁྲིད་དེ་གནང་དགོས་ཞུས་པས། དཔེ་བརླགས་ནས་མེད་གསུངས། ཐུགས་ནས་གནང་བས་ཁྱབ་ལགས་སམ་ཞུས་པར། གདམས་ངག་དགོས་ན་དབང་བསྐུར་བ་དགོས་པ་ཡིན་མོད་གསུང་བའི་འཕྲོར་སྐུ་རང་དུ་སོང་ངོ༌། །ཐོ་རངས། ཕྲེང་བའི་སྐོར་ལ་འབེལ་གཏམ་མང་དུ་བགྱིས་ཀྱང་བརྗེད། དྲན་པ་ཞིག་ལ། ཨ་བྷ་ཡས། རྒྱུད་སྡེ་སོ་སོར་མ་ཕྱེས་ཟེར་བ་མི་བདེན་ཏེ། རྒྱུད་སྡེ་ཕྱི་ནང་གཉིས་སུ་ཕྱེ་ཞིང༌། ནང་ལའང་ཁྱད་ཆོས་མ་འདྲེས་པར་བཤད་པའི་ཕྱིར། དེ་ལའང་རྒྱུ་མཚན་ཡོད་དེ། ལམ་དང་འབྲས་བུ་དངོས་བཏགས་ལྡོག་པ་དང་བཅས་པའི་དབྱེ་བ་དང༌། བསླབ་པ་གསུམ་རྫོགས་པའི་དབང་དུ་བྱས་པའི་ཕྱིར། འོན་ཀྱང་ཕྱག་ལེན་ལ་གཉིས་ཀ་གནང་སྟེ། མ་ངེས་པའི་དབང་རྣོན་དང༌། བླ་མེད་ཁོ་ནར་ངེས་པའི་དབང་རྣོན་དག་གི་ཆེད་དུའོ། །དེ་ལྟ་མོད་ཀྱི་ད་ལྟའི་ཕྱག་ལེན་ལྟར་ནའང་དོན་གྱིས་བླ་མེད་དུ་འགྱུར་ཏེ། ཐོག་མ་ནས་དེའི་དབང་བསྐུར་བ་ཙམ་གྱིས་རྒྱུད་བདེ་སྟོང་ཆེན་པོའི་ངོ་བོར་བསྡོམས་ཟིན་པའི་ཕྱིར་རོ། །ཞེས་སོགས་རྒྱུ་མཚན་དང་བཅས་ཏེ་སྨྲ་བ་ཞིག་བྱུང་ངོ༌། །ཞེས་བཀའ་བསྩལ་པ་ལྟར་ཡ་མཚན་པའི་མནལ་ཉམས་ཁྱད་པར་ཅན་དང་བཅས་གསན་པར་མཛད་དོ། །ཕན་བདེ་བཟང་པོ་ལས་ཀྱང་རྡོ་རྗེ་ཕྲེང་བའི་དབང་བསྐུར་ཕལ་ཆེར་དང༌། འཇམ་ནག །གཟའ་ཡུམ། གཤེད་དམར་རྣམས་ཀྱི་རྗེས་གནང༌། ངག་དབང་ལྷུན་གྲུབ་ལས། ཀུན་རིག་དབང༌། སེང་གདོང༌། གུར་དྲག །སེང་གེ་སྒྲ་རྣམས་ཀྱི་རྗེས་གནང༌། ཚེ་རྟ་ཟུང་འབྲེལ་དབང༌། ཚུལ་ཁྲིམས་དཔལ་བཟང་ལས་སེང་གེ་སྒྲ། གཤེད་དམར་སོགས་ཀྱི་རྗེས་གནང༌། ཀུན་དགའ་བསམ་འགྲུབ་ལས་རྣམ་འཇོམས་རྗེས་གནང་དང༌། ཚེ་རྟ་ཟུང་འབྲེལ། ཆོས་གྲགས་ལས་རྣམ་འཇོམས་རྗེས་གནང༌། ངག་དབང་བཀྲ་ཤིས་ལས་ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་དབང༌། རྣམ་འདྲེན་དམ་པ་དགེ་འདུན་རྒྱ་མཚོ་ལས་ཚེ་དཔག་ལྷ་དགུའི་དབང་འཆི་བསླུ་དང་འབྲེལ་བ། རི་ཁྲོད་མ། ཚེ་རྟ་ཟུང་འབྲེལ་སོགས་གསན། དཔལ་ལྡན་ཕྲིན་ལས་ལས་ཀྱེ་རྡོར་རྒྱུ་ལམ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། །སྒྲོལ་མ་བར་ཆད་ཀུན་སེལ་རྣམས་ཀྱི་རྗེས་གནང་སོགས་དང༌། ཚེ་རྟ་ཟུང་འབྲེལ། འཇམ་དབྱངས་དམར་སེར་གྱི་རྗེས་གནང་ལུང་བཅས། བྱམས་པ་བསྟན་འཛིན་རྣམ་རྒྱལ་ལས་ཞུ་ཆེན་པའི་བཅུ་གཅིག་ཞལ་གྱི་སྨྱུང་གནས་ལུང༌། བླ་མ་ངག་དབང་གྲགས་པ་ལས་རབ་གནས་དཔལ་འབྱོར་རྒྱ་མཚོའི་ལུང༌། ངག་གི་དབང་པོ་ལས་འཇམ་དཔལ་ཤེས་རབ་འཁོར་ལོ་དང༌། གཙུག་ཏོར་འབར་བའི་རྗེས་གནང་ལུང་བཅས་གསན། རྡོ་རྗེ་སློབ་དཔོན་བསོད་ནམས་ཕུན་ཚོགས་ལས་དུས་འཁོར་བུ་ལུགས་དབང་རྫོགས་པ། བརྒྱུད་འདེབས། སྒྲུབ་དཀྱིལ་ལུང༌། རྡོ་རྗེ་ཤུགས། སྣ་ཚོགས་ཡུམ། རྡོ་རྗེ་ཁྱུང་ཁྲ་རྣམས་ཀྱི་རྗེས་གནང༌། རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང་བཅས། ཆོས་རྗེ་དགེ་ལེགས་རྒྱལ་མཚན་ལས་སྦྱོང་དཀྱིལ་བཅུ་གཉིས། འཆི་འཇོམས། ཉི་སྦས་སྒྲོལ་མ་ཉེར་གཅིག །ཚེ་དཔག་དཀར་པོ། ཁྲོ་མོ་སྨེ་བརྩེགས། བཅུ་གཅིག་ཞལ། མི་འཁྲུགས་པ་རྣམས་གསན། རྡོ་རྗེ་འཛིན་པ་ངག་དབང་བཟང་པོ་ལས། ཐུགས་རྗེ་ཆེན་པོ་ཕྱག་ཆེན་ཟུང་འཇུག །ཚེ་དཔག་མེད་སྤྲུལ་སྐུ། བདེ་མཆོག་བོང་ཞལ་ཅན། དགྲ་ནག །རིགས་གསུམ་སྤྱི་དབང་སོགས། དཔལ་ལྡན་དོན་གྲུབ་ལས། བཅུ་གཅིག་ཞལ། ཐུགས་ཆེན་སྐྱེར་སྒང་ལུགས། འཇིག་བྱེད་དཔའ་གཅིག །བིར་སྲུང༌། ཕྲིན་ལས་རབ་རྒྱས་ལས་ཐང་ལུགས་ཚེ་དབང༌། དེའི་ཡིག་ཆའི་ལུང༌། ཞབས་དྲུང་བྱམས་པ་ཀུན་དགའ་དཔལ་བཟང་ལས་ས་རུ་པའི་ལུགས་གཅོད་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་གསན། འཇམ་དབྱངས་བློ་གསལ་ལས་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང༌། གསང་འདུས་སྤྱན་རས་གཟིགས་དབང༌། འཇིགས་བྱེད་བཅུ་གསུམ་མའི་དབང༌། འཇིགས་བྱེད་ར་པོད་ཀྱི་ལུང༌། ངོར་ཆེན་བཀའ་འབུམ་པོད་བཞི། ཞུ་ཆེན་བཀའ་འབུམ་པོད་བརྒྱད་ཀྱི་ལུང་སོགས་གསན། ནཱ་ལེནྡྲའི་གཟིམ་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་ཞལ་སྔ་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད། དེའི་བརྒྱུད་འདེབས་ལུང༌། བློ་སྦྱོང་ཞེན་པ་བཞི་བྲལ། དེའི་དོན་འགྲེལ་གྲགས་པ། ས་པཎ། ནུབ་པ་རིག་འཛིན་གྲགས། ཀུན་དགའ་ལེགས་རིན་བཅས་ཀྱིས་མཛད་པའི་ཁྲིད་ལུང༌། གྲུབ་ཆེན་མི་ཏྲའི་ཚེ་དཔག་དཀར་པོའི་རྗེས་གནང༌། དེའི་བརྒྱུད་འདེབས། སྒྲུབ་སྐོར། རྗེས་གནང་བཅས་ཀྱི་ཡིག་ཆའི་ལུང༌། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་གནང་དང་ཁྲིད་ལུང༌། སྒྲུབ་ཐབས་ཀྱི་ལུང༌། དབྱངས་ཅན་མ་དཀར་མོའི་རྗེས་གནང་ལུང་བཅས། བོ་དོང་ལུགས་ཀྱི་དབྱངས་ཅན་དཀར་མོའི་རྗེས་གནང་ལུང་བཅས། བོ་དོང་པས་མཛད་པའི་དེའི་སྒྲུབ་ཐབས་ཚིག་ལྷུག །གེགས་སེལ། སྦྱིན་སྲེག །བསྟོད་པ་དང་བཅས་པའི་ལུང་སོགས་དབྱངས་ཅན་མའི་སྐོར་གྱི་རྗེས་གནང་བཀླག་ལུང་མང་དུ་གསན། ཚེ་དཔག་མེད་ལྷ་དགུའི་དབང༌། ས་ལུགས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་རྗེས་གནང་ལུང་བཅས། ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་ཁྲིད། ཡིག་ཆ་སྐོར་དུ་མའི་ལུང༌། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས། རྟ་མགྲིན་པད་དབྱུག་ཅན་གྱི་ལུང༌། རྟ་མགྲིན་ཟླ་རྒྱལ་ལུགས་ཀྱི་རྗེས་གནང༌། ཁྱུང་ནག་འབྱུང་པོ་འུར་འདེད་ཀྱི་རྗེས་གནང་ལུང་བཅས། ཨོ་རྒྱན་རིན་པོ་ཆེ་ལ་བསྟེན་པའི་བླ་མ་མཆོད་པའི་ཆོ་ག་གྲུབ་གཉིས་འདོད་འཇོའི་བསམ་འཕེལ། ཨོ་རྒྱན་བསྟོད་པ། ནཱ་རོ་མཁའ་སྤྱོད་ཀྱི་དམིགས་རིམ་ཁྱེར་བདེ་བཅས་ཀྱི་ལུང༌། ལྕམ་དྲལ་ལྷ་གསུམ་གྱི་རྗེས་གནང༌། ཉིད་མཛད་མགོན་པོའི་བླ་མཆོད་དང༌། ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་འདེབས། སྒྲུབ་ཐབས། སྨོན་ལམ་གྱི་ལུང་སོགས་ཟབ་ཆོས་མང་དུ་གསན། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་མངོན་སུམ་རྗེས་སུ་བཟུང་བ་མཁས་ཤིང་གྲུབ་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཞྭ་ལུ་རི་སྦུགས་མཆོག་སྤྲུལ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང་གི་ཞལ་སྔ་ནས་སྔ་ཕྱིར་བཀའ་ཆོས་རྒྱ་མཚོ་གསན་པའི་ཟེགས་མ་ཙམ་བཀོད་པར། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད། རིགས་བྱེད་མའི་རྗེས་གནང་ཕྱི་སྒྲུབ་ཐུན་མོང་བ། ཛཾ་དམར་རྗེས་གནང་ལུང་བཅས། མགོན་པོ་བེང་དམར་རྗེས་གནང་ལུང་བཅས། གཏོར་ཆོག་ལུང༌། ཕྱག་རྡོར་འབྱུང་འདུལ་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་ལུང་བཅས། ཐུབ་དབང་འོད་ཟེར་དྲི་མེད་ལྷ་བདུན་མའི་དཀྱིལ་འཁོར་དུ་དབང་བསྐུར་བ། གཙུག་ཏོར་དྲི་མེད་ལྷ་ལྔའི་དབང༌། དོན་ཡོད་ཞགས་པ་ལྷ་མང་གི་དབང་ཆེན། དབང་ཆོག་གི་ལུང༌། དཔལ་རྡོ་རྗེ་དབྱིངས་རྩ་བའི་ལུགས་ཀྱི་དཀྱིལ་འཁོར་གྱི་དབང་བསྐུར་ཆེན་མོ་སྔོན་དངོས་རྗེས་ཚང༌། དཀྱིལ་ཆོག་སོགས་ཀྱི་ལུང་བཅས། དཔལ་རྡོ་རྗེ་རྩེ་མོ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་དབང་བཀའ་བཅུ་ཐམ་པ་ཚང་བ། མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་པ་འཇམ་དཔལ་གསང་ལྡན་གྱི་དབང་ཆེན། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དབང༌། རྣམ་འཇོམས་དཀར་པོ་ལྷ་བཅུ་དགུ་མའི་དབང༌། ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་དབང་ཆེན། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་རྒྱས་པ་ཚར་ལུགས་ལྟར། ཉིད་གསུང་རྣལ་འབྱོར་མའི་བྱིན་རླབས་ཀྱི་ཆོ་ག །གེགས་སེལ་སོགས་ཀྱི་ལུང༌། དཔལ་མཆོག་རྡོར་སེམས། མི་འཁྲུགས་བཅུ་གསུམ་མ། འཇིགས་བྱེད་དཔའ་གཅིག་རྣམས་ཀྱི་ལུང༌། ནི་གུའི་སྐོར་རྗེ་ཉིད་ཀྱི་ཆོག་ཁྲིགས་ཚང་མའི་དབང་བྱིན་རླབས། སུ་ཁའི་བྱིན་རླབས། རྩ་ཁྲིད། སྟན་གཅིག་མ། ལྷན་ཐབས་རྣམས་ཀྱི་ཁྲིད་ལུང༌། སུ་ཁའི་ཁྲིད། ཕྱག་ཆེན་གྭའུ་མའི་བྱིན་རླབས་ཁྲིད་དང་བཅས་པ། ཡིག་ཆའི་ལུང༌། བདེ་མཆོག་དྲིལ་བུ་པའི་དབང༌། བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང༌། བདེ་མཆོག་སྡོམ་འབྱུང་གི་དབང༌། བདེ་མཆོག་སྤྱན་རས་གཟིགས་པདྨ་དྲྭ་བའི་དབང༌། བདེ་མཆོག་ལྭ་བ་བཅུ་གསུམ་མའི་དབང༌། མ་ཧཱ་མ་ཡའི་དབང༌། བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་དབང༌། བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའི་དབང༌། གསང་འདུས་འཇམ་རྡོར་དབང༌། གསང་འདུས་འཇིག་རྟེན་དབང་ཕྱུག་དབང༌། གཤིན་རྗེ་གདོང་དྲུག་གི་དབང༌། དཔལ་དུས་ཀྱི་འཁོར་ལོ་བུ་ལུགས་ཀྱི་དབང་བསྐུར་ཆེན་མོ་སྔོན་དངོས་རྗེས་ཚང༌། གྲུབ་ཐོབ་ཚེ་སྒྲུབ་ཀྱི་དབང༌། ཇོ་ནང་ཁྲིད་བརྒྱའི་གསུང་ཁྲིད། པོད་དབང༌། ལུང་བཅས། ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད་ཀྱི་གསུང་བཤད་སྔོན་འགྲོ་ནས་བརྩམས་མཐར་ཆགས་སུ་རྒྱས་སྤྲོས་བཅས། བདེ་མཆོག་དྲིལ་བུ་ལུགས་ཀྱི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། ཏི་ཕུའི་ཚེ་སྒྲུབ་ཞལ་ཤེས་མའི་ཞལ་ཁྲིད། གསང་འདུས་རིམ་ལྔའི་ཁྲིད། མི་ཏྲ་ལུགས་ཀྱི་ཐུགས་ཆེན་ཡི་གེ་བཞི་པའི་བྱིན་རླབས། རྫོགས་རིམ་ཕྱག་ཆེན་སེམས་ཉིད་ངལ་གསོའི་ཁྲིད། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ཀྱི་ཚེའི་ཉམས་ཁྲིད་ཟབ་མོ་ཞག་བདུན་དང༌། འབའ་ར་བའི་ཚེ་ཁྲིད་རིན་ཆེན་གཏེར་མཛོད་སོགས་ཀྱི་ལུང༌། བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ། ཚེ་སྒྲུབ་བུ་སྟོན་གོང་ཁུག་མའི་ཁྲིད་ལུང༌། ལམ་སྐོར་ཕྱི་མ་བརྒྱད་ཀྱི་པོད་གཞུང༌། བུ་སྟོན་ཡོ་གའི་ཆོས་འབྱུང་རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས། བུ་སྟོན་རིན་པོ་ཆེའི་རྡོར་དབྱིངས་མཆོད་ཕྲེང༌། རྗེ་ཉིད་མཛད་དབང་གི་ས་སྡོམ་རིག་པའི་འཕྲུལ་འབྱེད། ལམ་འབྲས་པོད་ནག་མ། རྗེ་ཉིད་མཛད་རྣལ་འབྱོར་མའི་བླ་མའི་རྣལ་འབྱོར། ཆོས་ཉིད་དངོས་བསྟན་གྱི་ཟིན་བྲིས་སོགས། ཞྭ་ལུ་པའི་གདན་རབས་གླེགས་བམ། སྦྱོང་དཀྱིལ་བཅུ་གཉིས་ཀྱི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ཚར་ལུགས་བླ་མའི་རྣམ་ཐར་སྐོར་ལས། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ། རྡོ་རྗེ་འཆང་སྒོ་རུམ་པ། ཚར་ཆེན་རྗེ། མཁྱེན་བརྩེ། མང་ཐོས་ཀླུ་སྒྲུབ། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྟ་ར་བ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། དབང་ཕྱུག་རབ་བརྟན། མགོན་པོ་བསོད་ནམས་མཆོག་ལྡན། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ། ཉིད་མཛད་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་པ་བཅས་ཀྱི་རྣམ་ཐར་དེ་དག་གི་ལྗགས་ལུང་སོགས་སྒྲུབ་ཐབས། ཁྲིད་ཟིན། ལས་ཚོགས་སོགས་ཀྱི་བཀླག་ལུང་རབ་ཏུ་མང་པོ་གསན་ནོ། །གོང་དཀར་པོ་ཏ་ལ་པ་མཁན་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མདུན་ནས། དཔལ་མཆོག་དང་པོ་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་དཀྱིལ་འཁོར་བཅུ་བཞི་རྡུལ་ཚོན་གྱིས་བཞེངས་པའི་སྟེང་ནས་དབང་སྐུར་ཡོངས་སུ་རྫོགས་པ་སྔོན་དངོས་རྗེས་ཚང་དང༌། ས་ལུགས་ཡང་དག་ལྷ་དགུའི་དབང་རྫོགས་པར་གསན། བྲག་སྒོམ་ཞབས་དྲུང་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་ཆོས་མང་དུ་གསན་པ་ལས། གསང་བདེ་འཇིགས་གསུམ་སྔགས་བཏུའི་བྱིན་རླབས། བདེ་མཆོག་སྔགས་བཏུའི་ལུང༌། དབྱངས་ཅན་དམར་མོའི་རྗེས་གནང་ལུང་བཅས། འཇམ་བཞད་གཉིས་པའི་ཡི་དམ་སྒྲུབ་སྐོར་ནས། འཇམ་དཀར། དམར་སེར། ཕག་དཀར། གདུགས་དཀར་འདོན་ཐབས། རྣམ་འཇོམས་བུམ་ཆོག་བཅས་ཀྱི་ལུང༌། དྲི་མེད་འོད། རྡོ་རྗེ་སྙིང་འགྲེལ། རྒྱན་འཇུག །རྒྱན་འགྲེལ་དོན་གསལ། ཞྭ་ལུའི་ཆོས་སྤྱོད་ལས་ཆུ་གཏོར་མ་གཏོགས་ཚང་བ། བློ་སྦྱོང་ཆེན་མོ། ལམ་རིམ་ཟིན་བྲིས་བཅས་ཀྱི་ལུང༌། རྗེ་རིན་པོ་ཆེའི་ཡོན་ཏན་གཞིར་གྱུར་མ། རིན་ཆེན་གསུམ་གྱི་གཏམ། ཕྱག་རྡོར་སྟོད་འགྲེལ། ནག་པོ་གཞུང་དྲུག །དྲིལ་བུ་སྐོར་གསུམ། ལཱུ་ཧི་པའི་སྒྲུབ་ཐབས་ཆེ་བ། ཕྲེང་བ་སྐོར་གསུམ། རྒྱ་མཚོ། སྒྲོན་གསལ། མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། དཀྱིལ་ཆོག་ཉི་ཤུ་པ། བྱང་ཆུབ་སེམས་འགྲེལ། རིམ་ལྔ། ཟུང་འཇུག་གསལ་བ། ཀླུ་སྒྲུབ་བསྟོད་ཚོགས། དཔག་བསམ་འཁྲི་ཤིང༌། མདོ་ཀུན་བཏུས། བསྐལ་བཟང་རྒྱན་ཕྲེང༌། སྐྱེས་རབས་སོ་བཞི་པ། བསླབ་བཏུས། སྤྱོད་འཇུག །བྱང་ས། ཆེད་དུ་བརྗོད་པའི་ཚོམས། བྱམས་ཆོས་ཕྱི་མ་བཞི། རིགས་ཚོགས་དྲུག །ཚད་མ་མདོ། རྣམ་འགྲེལ་སོགས་སྡེ་བདུན། སོ་ཐར་མདོ། འདུལ་བ་མདོ་རྩ། སུམ་བརྒྱ་པ། མེ་ཏོག་ཕྲེང་རྒྱུད། འོད་ལྡན། མངོན་པ་མཛོད། ཀུན་བཏུས། དབུ་མ་བཞི་བརྒྱ་པ། འཇུག་པ་རང་འགྲེལ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། སྣར་ཐང་བརྒྱ་རྩ། རིན་སྤུངས་སྐོར་གསུམ། བློ་སྦྱོང་བརྒྱ་རྩ། ཐོགས་མེད་བཀའ་འབུམ། སྙན་བརྒྱུད་ཆེན་མོ། བླ་མ་ལྔ་བཅུ་པ། རྩ་ལྟུང་དང་སྦོམ་པོའི་རྩ་བ། སྤྱན་སྔ་བློ་གྲོས་རྒྱལ་མཚན་པའི་འདུལ་བའི་སྡོམ་ཚིག །དགེ་ཚུལ་སློང་བྱང་སྔགས་བཅས་ཀྱི་ཕྱིར་བཅོས། གསང་འདུས་རྩ་རྒྱུད་རྒྱུད་ཕྱི་མ་དང་བཅས་པ་རྣམས་ལེགས་པར་གསན། གཞན་ཡང་རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ལུང༌། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། རྣམ་སྣང་མངོན་བྱང་གི་དབང༌། དེའི་སྒྲུབ་དཀྱིལ་སོགས་ཀྱི་ལུང༌། གཤེད་དམར་བཅུ་གསུམ་མའི་དབང༌། དྲིལ་བུ་ལྷ་ལྔའི་དབང༌། སྒྲུབ་དཀྱིལ་ལུང༌། དྲིལ་བུ་ལུས་དཀྱིལ་དབང༌། དེའི་སྒྲུབ་སྐོར་སོགས་ཀྱི་ལུང༌། ཕྱག་རྡོར་འཁོར་ཆེན་གྱི་དབང༌། ཨུ་ཙརྻ་དང༌། སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང༌། འཇིགས་བྱེད་དུག་དབང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་ནས་སྤྱན་རས་གཟིགས་དང༌། སྒྲོལ་དཀར་རྗེས་གནང༌། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་བཅས་ཀྱི་ལུང༌། བཀའ་གདམས་གླེགས་བམ་རིན་པོ་ཆེ་ཡོངས་རྫོགས། བཀའ་གདམས་ཐོར་བུ། པོ་ཏོ་བའི་ཆིག་ལབ་རིང་མོ། །བྱང་ཆུབ་འོད་ཀྱི་ཞལ་གདམས། དིང་རི་བརྒྱད་ཅུ། ཨང་ཡིག་བདུན་ཅུ་པ། ཐོ་ལྕོགས་དྲུག་པ། ནག་ཚོའི་ཇོ་བསྟོད་བརྒྱད་ཅུ་པ། མན་ངག་ལྷན་ཐབས། བདེ་མཆོག་རྩ་རྒྱུད། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་འཇམ་དཀར། དབྱངས་ཅན་དཀར་མོ། སྲད་བརྒྱུད་ལུགས་ཀྱི་རི་ཁྲོད་མ་རིགས་གསུམ་གྱི་སྒྲུབ་ཐབས། སོ་སོའི་ལས་སྦྱོར་དང་བཅས་པའི་ལུང༌། སྟག་ཕུ་བའི་རྣལ་འབྱོར་མའི་བསྐྱེད་རྫོགས་ཆེན་མོ་བཻཌཱུར་ཞུན་མའི་ཐེམ་སྐས། ཐུའུ་བཀྭན་པས་མཛད་པའི་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་དམིགས་རིམ་ཤིན་ཏུ་ཟབ་པ་བདེ་ཆེན་བཅུད་ཀྱི་སྙིང་པོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའི་བསྟོད་པ་སྲིད་གསུམ་འགུགས་པའི་ལྕགས་ཀྱུའི་འགྲེལ་ཆེན་རྡོ་རྗེ་གསུམ་གྱི་སྣང་བ་ཞེས་ཁྲི་གུང་ཐང་པས་བཀོད་པའི་གླེགས་བམ་བཅས་ཀྱི་ལུང༌། བློ་སྦྱོང་ཉི་མའི་འོད་ཟེར། ཡོངས་འཛིན་རིན་པོ་ཆེའི་དོན་བདུན་མ། བློ་སྦྱོང་ཚིག་རྐང་བརྒྱད་མ། ཚེམ་བུ་དམར་ཁྲིད་བཅས་ཀྱི་ཁྲིད། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང་བཅས། གསོ་དཔྱད་རྒྱུད་བཞི། ས་པཎ་ཚིག་གཏེར། སྡེབ་སྦྱོར་རིན་འབྱུང༌། མེ་ཏོག་ཆུན་པོ། སྙན་ངག་མེ་ལོང༌། སྒྲ་ཀ་ལཱ་པ། དབྱངས་ཅན་སྒྲ་མདོ་རྩ་འགྲེལ་བཅས་ཀྱི་ལུང་སོགས་དབང་རྗེས་གནང་བཀླག་ལུང༌། ཞལ་ཁྲིད་སོགས་ཤིན་ཏུ་རྒྱ་ཆེན་གསན་ནོ། །དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་ལས་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང༌། ཤར་རྩེ་གྲགས་པ་བསྟན་དར་ལས་འདུལ་བ་རྒྱ་མཚོའི་སྙིང་པོ་དང༌། བྱང་རྩེ་བློ་བཟང་མཁས་གྲུབ་ལས་ཡོན་ཏན་གཞིར་གྱུར་མ་སོགས་ཀྱི་ལུང༌། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེ་ལས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ལུང༌། མཆོག་སྤྲུལ་བློ་བཟང་མཐུ་སྟོབས་ལས་ཚེ་དབང་གྲུབ་རྒྱལ་མ་དང༌། བྱ་སྤྱོད་སྤྱིའི་ཆོ་གའི་ལུང༌། དབུ་མའི་ལྟ་ཁྲིད་སྐོར་གྱི་གསུང་བཤད། ཀ་ཆེན་ནོར་བུ་དོན་གྲུབ་ལས་པཎ་ཆེན་དཔལ་ཡེས་ཀྱིས་མཛད་པའི་དུག་དབང་བསྐུར་ཚུལ། རིགས་བྱེད་མའི་བསྟོད་ལུང༌། སྒྲུབ་ཐབས་བརྒྱ་རྩའི་རྒྱ་གཞུང་གི་ལུང་བཅས་གསན། ལྷ་བཙུན་འཇམ་པའི་རྡོ་རྗེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ཐུབ་པ་དམ་ཚིག་གསུམ་བཀོད་ལྷ་ལྔ། སྨན་བླ་ཞེ་བདུན་མ། གདུགས་དཀར་ལྷ་མང༌། རྣམ་འཇོམས་མཐིང་ག་ལྷ་བཅོ་ལྔ། གཟའ་ཡུམ་ལྷ་བཅུ་བཞི། ཁམས་གསུམ་རྣམ་རྒྱལ། འཇིགས་བྱེད་སྐྱོ་ལུགས་ཞེ་དགུ་མ། དགེ་ལུགས་འཇིགས་བྱེད་དཔའ་གཅིག །འབྲུག་ལུགས་རས་ཆུང་ཚེ་དཔག་མེད་ནང་སྒྲུབ་ཞི་བ་ལྷ་མང༌། གསང་སྒྲུབ་ཁྲོ་བོ་ལྷ་མང༌། ངམ་རྫོང་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ། སྟག་ལུང་པའི་དགྱེས་རྡོར་ཛྙཱ་ན་ལུགས། ཀྱེ་རྡོར་ཏིང་འཛིན་དབང་བཞི། ཁྲོས་ནག་ལྷ་ལྔ་རྣམས་ཀྱི་དབང་ཆེན། ཁྲོ་ཕུ་ལོ་ཙཱའི་མན་ངག་བརྒྱ་རྩ་འབྲིང་པོའི་ལུང༌། གཏུམ་མོ་ཞག་བདུན། ཞག་གསུམ་མ། རླུང༌། ཆུ། མེ་ཏོག་བཅས་ཀྱི་བཅུད་ལེན། རྡེའུའི་བཅུད་ལེན་བཅས་པའི་ཕྱག་ཁྲིད་ལུང་བཅས། མ་ནིང་ཧ་འདོན་གྱི་ཁྲིད། དིང་རི་བརྒྱད་ཅུ་པ། དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ། འཇིགས་བྱེད་ནག་པོའི་དུག་སྲུང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། འབའ་ར་བའི་ཡིག་ཆ་ཚང་མ། ཁྱུང་པོའི་མགུར་བརྒྱད། སྒྲོལ་དཀར། འཇམ་དབྱངས་སྨྲ་སེང༌། འཇམ་དཔལ་ནག་པོ། །སེང་གདོང་སྔོན་མོ་གོང་དཀར་ལུགས། དབྱངས་ཅན་དཀར་མོ་རྣམས་ལས་སྔར་མ་གསན་པའི་ཡིག་ཆ་ཅི་རིགས་ཀྱི་ལུང་སོགས་གསན། དཔེ་ཆོས་རིན་ཆེན་སྤུངས་པ། གཏམ་རྒྱུད་རིན་ཆེན་ཕྲེང་མཛེས། མན་ངག་རིན་ཆེན་སྤུངས་པ་རྣམས་ངག་དབང་ལེགས་གྲུབ་ལས་གསན། མཆོག་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་ལས་ཐིག་ལེ་བཅུ་དྲུག་གི་རྒྱུན་ཁྱེར་དབང་ཁྲིད་གཙོས་རྗེས་གནང་དང་ལུང་འགའ་ཙམ་གསན། སེར་བྱེས་རབ་འབྱམས་པ་དགེ་བཤེས་ཡེ་ཤེས་གོང་འཕེལ་ལས་ནག་ཚོའི་ཇོ་བསྟོད་བརྒྱད་ཅུ་པ། འབྲོམ་གྱི་ཇོ་བསྟོད་སུམ་ཅུ་པ། འབྲོམ་གྱི་ལྷ་ཆོས་མི་ཆོས་གནད་ཕྲེང༌། ལྷ་བཙུན་བྱང་ཆུབ་འོད་ཀྱི་ཞལ་གདམས། འཆད་ཀ་བའི་དོན་བདུན་མའི་རྩ་ཚིག །བློ་སྦྱོང་ཐུན་གཅིག་མ། ཆོས་གསུམ་དྲི་ལེན་དང་རྒྱལ་སྲས་ལག་ལེན། རྒྱ་མ་སྤྱན་སྔ་བའི་བློ་སྦྱོང་བླ་མའི་རྣལ་འབྱོར། འཇམ་དབྱངས་ཁ་ཆེའི་སྙིང་གཏམ་བཅུ་གསུམ་མ་རྣམས་ཀྱི་ལུང༌། བྱང་སེམས་ར་སྒྲེང་བའི་བློ་སྦྱོང་བྱང་སེམས་ཆུ་རྒྱུན། པོ་ཏོ་བའི་མན་ངག་བེ་བུམ་སྔོན་པོ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཆེན་མོ་སོགས་གསན། དགེ་བའི་བཤེས་གཉེན་རབ་འབྱམས་པ་གྲགས་པ་ལྷུན་གྲུབ་ལས་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད། འཇམ་མགོན་བྱམས་པ་ཕུན་ཚོགས་ལས་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད་དང་སེམས་བསྐྱེད། ལམ་རིམ་བསྡུས་དོན་ཁྲིད་ལུང་བཅས། བཀྲ་ཤིས་ལྷུན་པོའི་ཀ་ཆེན་རྣམ་རྒྱལ་རྒྱལ་མཚན་ལས་བ་རི་བརྒྱ་རྩའི་རྒྱ་གཞུང་ཡོངས་རྫོགས་ཀྱི་ལུང༌། ཀ་ཆེན་རིན་པོ་ཆེ་བློ་བཟང་དགེ་ལེགས་ཀུན་ཁྱབ་ལས་པཎ་ཆེན་ན་བཟའ་བའི་བེ་བུམ་དགོས་འདོད་ཀུན་འབྱུང་ལུང་བཅས་གསན་པའི་ཚུལ་འདིར་མདོ་ཙམ་མོ། །ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་ཆེན་རིན་པོ་ཆེ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས། བཀའ་མའི་ཡང་དག་ལྷ་དགུ་སོ་ལུགས་ཀྱི་དབང༌། ཉིད་མཛད་དོང་སྤྲུགས་ཀྱི་སྦྱིན་སྲེག་ལུང༌། ཉང་གཏེར་དྲག་དམར་པོད་རགས་རིམ། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕལ་ཆེར་ཚང་བ། ཆོས་དབང་བླ་མ་གསང་འདུས་དབང་ཡོངས་རྫོགས། ལུང་རགས་རིམ། ཐུགས་ཆེན་ཡང་སྙིང་འདུས་པའི་དབང༌། ལུང་འགའ་རེ། ཕུར་པ་སྤུ་གྲིའི་དབང་ལུང་ཆ་ཚང༌། ལས་འབྲེལ་ཕྱག་རྡོར་གཏུམ་པོའི་སྐོར་འགའ་རེ། པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་སྐོར་འགའ་ཞིག་གི་ལུང༌། རིག་འཛིན་ཐུགས་ཐིག་དབང༌། ཚེ་དབང༌། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབ་ཁྲིད་ལུང༌། རྡོར་སེམས་དབང༌། རྩ་ཁྲིད་བཅས། རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ལས་སྔ་ཕྱིར་དབང་ལུང་ཁྲིད་གསུམ་མང་དུ་གསན་པ་ལས། གཙོ་བོར་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་གསུམ་ཆ་ཚང༌། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་ལུང་ཁྲིད། ཉང་གཏེར་གཏུམ་མོ་ཞག་བདུན་མའི་དབང་ཁྲིད་འབྲེལ་མ་ལུང་བཅས། ཆོས་དབང་རིན་པོ་ཆེའི་ཞལ་གདམས་འགའ་རེ། ར་ཤག་མདོས་བཅུ་སྟོད་སྨད་འཕྱོང་བཅས། ཐང་ལུགས་ཚེ་རྟ་ཟུང་འབྲེལ། པད་གླིང་ནག་པོ་སྐོར་གསུམ། མན་ངག་གཏེར་ཕྲན། ཉི་ཟླ་སངས་རྒྱས་འཕོ་བ་འཇག་ཚུགས་མའི་ཁྲིད་ལུང༌། སྙན་བརྒྱུད་མ་བཅས། དཀོན་མཆོག་སྤྱི་འདུས་རྩ་དབང༌། ཚེ་དབང༌། བཤར་ཁྲིད་བཅས། ཐུགས་ཏིག་རྩ་དབང༌། ཚེ་དབང༌། རྩ་ཁྲིད་བཅས། ལོ་ཆེན་རིན་པོ་ཆེའི་རྩ་ཁྲིད་ངོ་སྤྲོད། རྩ་དབང་དང་ཚེ་དབང་མཚམས་སྦྱོར་བཅས་ཀྱི་ལུང༌། རྡོར་སེམས་དབང༌། རྩ་ཁྲིད། རྨི་ལམ་དང༌། འཕོ་ཁྲིད། ལོ་ཆེན་རིན་པོ་ཆེའི་གསུང་ཚང་མའི་ལུང༌། རིན་རྣམ་ལྷན་ཐབས་མཛེས་རྒྱན་བཅས། ཨ་ཏིའི་རྩལ་དབང༌། ཁྲིད། ལུང་ཚང་མ། དྲག་དམར་དབང་གསུམ་དྲེགས་པའི་སྲོག་དབང་བཅས། རིན་རྣམ་བསྙེན་ཡིག །ཞི་སྦྱིན། ཚེ་སྒྲུབ། མི་འགྱུར་དཔལ་སྒྲོན་གྱི་ལྷ་ཁྲིད། དམིགས་རིམ་བཅས་ཀྱི་ལུང༌། དྲེགས་འཇོམས་ལུང༌། ཐུགས་རྗེ་ཆེན་པོའི་རྩ་དབང༌། མཆོག་དབང༌། གཏོར་དབང༌། གར་ཚེ། གསང་ཡེ། ལྷ་ཆེན་བཅས། རྩ་ཁྲིད། གཏུམ་མོའི་ཤར་ཁྲིད། པོད་རགས་རིམ། ལོ་ཆེན་གྱི་རྩ་ཁྲིད་སྙིང་པོ་སྟན་ཅིག་མ། ཨཽ་ཌི་ཡཱ་ནའི་གར་ཚེའི་བསྙེན་ཡིག །ཁྱུང་རས་པའི་ནང་སྒྲུབ་གསལ་བྱེད་ཟུང་འཇུག་རྣམ་རོལ་དང༌། གསང་སྒྲུབ་གསལ་བྱེད། ལྷ་ཆེན་བསྙེན་ཡིག་སོགས་ཀྱི་ལུང༌། ལོ་ཆེན་གྱིས་མཛད་པའི་ཆོས་སྤྱོད་ཕྱི་མ་ལས་འགའ་ཞིག་དང༌། ནང་གི་ཆོས་སྤྱོད། ཐུན་དྲུག །སྨྱུང་གནས་ཆོ་ག །ཀླུ་ཆོག །ཞི་བྱེད་སྐོར་ཆ་ཚང༌། གཅོད་དབང་དང༌། ཁྲིད་ལུང༌། གཡའ་བཟང་བའི་ལུགས་ཀྱི་གཟའ་བཅོས་གསལ་བྱེད་བཅས་ཀྱི་ལུང༌། ཉིད་མཛད་གསང་སྙིང་བཤད་རྒྱུན་གསོལ་འདེབས་སྤྱི་དོན་དང་འབྲེལ་བ། ཨ་ནུ་ཡོ་ག་ལུང་བདུན་གྱི་འཆད་ཚུལ། ཉང་གཏེར་ཁྲོས་ནག་རྒྱུན་ཁྱེར། བསྙེན་ཡིག །ཐུགས་ཆེན་བདེར་འདུས་སྔོན་འགྲོའི་ཁྲིད་ཡིག །ཐུན་མོང་སྔོན་འགྲོའི་ཟིན་བྲིས། གཏུམ་མོའི་གསོལ་འདེབས། རྡོར་སེམས་འཕོ་ཁྲིད། གཏེར་གསར་སྐོར་གྱི་བརྒྱུད་འདེབས། ལྷ་བཙུན་པའི་གཅོད་ཡུལ་དཔའ་བོའི་ཐོལ་གླུའི་ཟིན་བྲིས་སྣང་སྲིད་རང་གྲོལ་རྣམས་དང༌། ལོ་ཆེན་རིན་པོ་ཆེའི་རྒྱུད་ཆོག །པདྨ་དབང་རྒྱལ་གྱིས་མཛད་པའི་རྒྱུད་འཆད་ཐབས་ཀྱི་ཟིན་བྲིས་ལུང་སོགས་གསན། དགེ་སློང་དགེ་བའི་བཤེས་གཉེན་འགྱུར་མེད་ཕུན་ཚོགས་ཞལ་སྔ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡོངས་སུ་རྫོགས་པ་གསལ་དག་སྙན་གསུམ་དང་ལྡན་པའི་སྒོ་ནས་བློ་ཁ་ཚིམས་པར་ཐོབ་པས་མི་ལུས་ཙམ་པོ་བ་ཐོབ་པ་འདི་དོན་ཅུང་ཟད་དང་ལྡན་པར་གྱུར་སྙམ་རྣམ་པ་ཀུན་ཏུ་རྗེས་སུ་དྲན་ཏོ། །ཞེས་གསུངས། དགེ་སློང་སྔགས་རབ་སློབ་དཔོན་འགྱུར་མེད་དོན་གྲུབ་ལས། ལོ་ཆེན་རིན་པོ་ཆེས་མཛད་པའི་སོ་ཐར་ལས་ཆོག །གཞི་གསུམ། སྡོམ་གསུམ་རྣམ་ངེས། གསང་བདག་དགོངས་རྒྱན། ཆོས་སྤྱོད་ཚང་བ་བཅས་གསན། དགེ་སློང་དགེ་བའི་བཤེས་གཉེན་སྔགས་རབ་འགྱུར་མེད་བསྟན་འཕེལ་ལས། གཏེར་ཆེན་རིན་པོ་ཆེའི་གསུང་རབ་གླེགས་བམ་བཅུ་གསུམ་ཡོངས་སུ་རྫོགས་པ་དང༌། གཏེར་གསར་སྐོར་གཏེར་གཞུང་ཆ་ཚང་གི་ལུང་བཅས་གསན། རྒྱལ་སྲས་གཞན་ཕན་མཐའ་ཡས་ལས། གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་རྟ་མགྲིན་བརྒྱ་རྩ་དང༌། ཉིད་མཛད་གྲུབ་མཐའ་རིས་མེད་གསོལ་འདེབས་ཀྱི་ལུང༌། ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་ལུང་ཁྲིད། ཀུན་བྱེད་དོན་ཁྲིད། གནུབས་ཀྱི་ཤོག་དྲིལ་བཅུ། འབྲི་གུང་ཆོས་གྲགས་གཤིན་རྗེའི་བེ་བུམ་ནག་པོར་གནུབས་ཀྱི་གོང་ཁུག་བརྒྱ་རྩར་མཚན་གསོལ་བ། རྟ་མགྲིན་ཡང་ཁྲོས་རྩ་དབང་ཚེ་དབང༌། བཀའ་སྲུང་སྲོག་གཏད་བཅས། པུསྟི་ཡོངས་རྫོགས་ཀྱི་ནང་ཚན་ཁ་ཤས་མ་གཏོགས་ཚང་མ་སོགས་བཀའ་ཆོས་ཁྱད་འཕགས་རབ་ཏུ་མང་བ་གསན། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་དམ་ཆོས་འོད་ཟེར་རམ་པདྨ་བཛྲའི་ཞལ་སྔ་ནས། སྔ་འགྱུར་བཀའ་མའི་ཕྲིན་ཆོག་ཕྱོགས་བསྡུས་གླེགས་བམ་དགུའི་ལུང་ཡོངས་རྫོགས། མཁྱེན་བརྩེའི་བཀའ་འབུམ་ལུང་ཡོངས་རྫོགས། རྫོགས་ཆེན་རྒྱུད་བཅུ་བདུན་དབང་ལུང༌། ཁྲོས་མའི་སྲོག་དབང༌། སྒྱུ་འཕྲུལ་ཞི་ཁྲོ་དང་འདུས་པ་མདོའི་དབང་ལུང་ཡོངས་རྫོགས། ཀློང་ཆེན་སྙིང་ཏིག་སྐོར། གཤིན་རྗེའི་གཤེད་དམར་དབང༌། ཁ་ཐུན་དབང༌། རོང་ཕུར་དབང༌། རོག་ཕུར་དབང༌། དོང་སྤྲུགས་ཞི་ཁྲོ་རིགས་བསྡུས་འགྲོ་བ་ཀུན་སྒྲོལ་དང༌། རིགས་བསྡུས་པདྨ་བརྒྱ་ལྡན་གྱི་དབང༌། བཀའ་བརྒྱད་རྫོང་འཕྲང་གི་དབང༌། དབུ་ལུགས་སེམས་བསྐྱེད་ཆོ་ག །རོང་ཕུར་པོད་ལུང༌། ཕུར་འགྲེལ་འབུམ་ནག་གི་ལུང༌། བཀའ་བརྒྱད་རྫོང་འཕྲང་པོད་ལུང༌། ཕུར་པ་རྒྱལ་པོ་ལུགས་སམ་རྒྱུད་ལུགས་ཕུར་པའི་དབང་ལུང་ཆ་ཚང༌། ཞི་ཁྲོ་ཁྲོམ་དཀྲུགས་ངན་སོང་སྦྱོང་བའི་དབང༌། ཕྲེང་པོ་རིན་པོ་ཆེའི་གྲོལ་ཏིག་དགོངས་པ་རང་གྲོལ་དབང་ལུང་སོགས་ཟབ་རྒྱས་ཀྱི་གདམས་ཁྲིད། དབང་ལུང་རྒྱ་ཆེན་གསན། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་ལས། ཆོས་དབང་ཡང་ཏི་སངས་རྒྱས་མཉམ་སྦྱོར། རྡོར་གླིང་ལྟ་བ་ཀློང་ཡངས་པོད་བཞི་དང༌། ལེགས་ལྡན་ཚེ་སྒྲུབ་བདུད་རྩི་འཁྱིལ་བ་རྣམས་ཀྱི་དབང་ལུང་ཡོངས་རྫོགས། རྒྱ་གཞུང་ཐོར་བུའི་རིགས། གཏེར་ཆོས་ཐོར་བུའི་རིགས་ཀྱི་དབང་ལུང་མང་དུ་གསན། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས། གཏེར་ཁ་གོང་མ་མངའ་བདག་ཉང་གི་གཏེར་བྱོན་བླ་མ་དྲག་པོ་དམར་ཆེན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ། རྗེ་བཙུན་ཁྲོས་མ་ནག་མོའི་དབང་ལུང་ཁྲིད་གསུམ་ཚང་མ། ཆོས་དབང་བླ་མ་གསང་འདུས་སྐོར་གྱི་དབང་དང༌། ལུང་རགས་རིམ། སྨན་ལུང་པའི་ཡིག་ཆ་ཚང་མ། ཐུགས་སྒྲུབ་དྲེགས་པ་ཚར་གཅོད། མཚོ་རྒྱལ་སྒྲུབ་ཐབས་ལེའུ་ལྔ་པ། མཁའ་འགྲོ་གྲིབ་སེལ་གྱི་སྐོར། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ལུང༌། སྔོན་འགྲོའི་ངག་འདོན། ཐུགས་ཆེན་འཁོར་བ་དོང་སྤྲུགས་ཀྱི་རྩ་དབང༌། ལམ་དབང་གཏེར་གཞུང་དང༌། མཁྱེན་བརྩེའི་ལམ་ཟབ་སོགས་ཀྱི་ལུང་ཚང་བ། ཕྱག་རྡོར་གཏུམ་པོའི་དབང་ལུང་ཆ་ཚང༌། ཡེ་ཤེས་ལྷུན་གྲུབ་ཀྱི་བརྒྱུད་འདེབས་དང༌། བསྙེན་ཐབས། སེམས་བསྐྱེད་བསྟན་པའི་སྙིང་པོ། ཞང་ཁྲོམ་ཀིང་དམར་རླུང་སྒྲུབ་གཞུང་དང་བཀྲས་སྟོབས་པའི་ཆོག་ཁྲིགས། རྡོར་འབུམ་གཏེར་མ་བུམ་ཆེན་གྱི་ཆ་ལག །རྣམ་དག་དབང་གི་ཆུ་རྒྱུན། སྲུང་བའི་སྡོམ། ཞལ་ཤེས་ཕྱག་ལེན། འཁོར་ལོ་ཁྱུང་གསུམ་བཅས། བུམ་ཆུང༌། བཟང་པོ་གྲགས་པའི་འཁོར་ལོ་འབར་བའི་རྩ་བ། བརྡ་དོན་ལམ་ཟབ་ཁྲིད། དུག་དབང་སྔགས་བཅས། ཁྱུང་ནག་གཏོར་དབང༌། རིན་གླིང་ནཱ་ག་རཀྴ་འདྲེན་སྐེམ་སྨན་འཁོར་དང༌ལས་ཚོགས་དགུ་པ་མ་གཏོགས་ཆ་ཚང༌། གྲྭ་པའི་ཛཾ་དམར་དང༌། ལོ་ཆེན་སྦྱིན་སྲེག །པད་གླིང་བླ་མ་ནོར་རྒྱམ་ལས་བཅུད་ལེན་ཡིད་བཞིན་ནོར་བུ་ནང་གསེས་བཅས། ལས་ཚོགས་ང་བཞི་པ་རིན་ཆེན་སྤུངས་པ། རྒྱ་ནག་ཆུ་འཁོར་ཆར་འབེབ་སྐོར་བཅས། དྲི་མེད་རྡོ་རྗེའི་ཟ་ཡིག་ནོར་བུའི་བང་མཛོད། མངའ་རིས་པཎ་ཆེན་གྱི་ཡོན་ཏན་གཏེར་མཛོད། ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་དང༌། ནམ་མཁའ་ཟས་ཟ། བྱང་བདག་ཚེ་སྒྲུབ་སྐུ་གསུམ་རིགས་འདུས། དྲག་པོ་ཀརྨ་གུ་རུའི་དབང་ལུང་ཆོག་བསྒྲིགས་བཅས་ཆ་ཚང༌། དག་སྣང་མདོས་ཆོག་སྣང་སྲིད་སྤྱི་སྐོང༌། བ་མཁལ་བའི་གསོལ་འདེབས་བར་ཆད་ལམ་སེལ། ཉི་ཟླ་སངས་རྒྱས་འཕོ་བ་འཇག་ཚུགས་མ་དང༌། ཀ་དག་མའི་ཁྲིད་ལུང༌། རྒྱ་ཕུར་བུའི་རྭ་སྲུང་དུག་ཁྲག་བུམ་ལྕགས་གཉིས་ཚང་བ། སྐལ་ལྡན་བྱིས་པའི་འབྲུམ་སྲུང་གཅུད་འཁོར་དཔེའུ་རིས་དང་སྦྲགས་པ། གུ་རུ་ཇོ་ཚེའི་ཤ་བརྒྱ་ཟན་བརྒྱ། སྣ་ནམ་ཐུབ་རྒྱལ་གཏོ་བཅོས་བརྒྱ་རྩ། ཟུར་མཁར་ཨ་ཇོ་བལ་པོའི་བསོད་ནམས་གླང་པོ་སྟོབས་སྐྱེད། ཟངས་གླིང་དབང་ཕྱུག་གཏད་ཧྲུལ། རཏ་གླིང་ཡང་ཟློག་དང་གཏད་ཧྲུལ། ཨ་ཙཱ་ར་དམར་པོའི་སེར་སྲུང༌། གཏེར་སྟོན་ཚེ་རིང་རྡོ་རྗེའི་སྤྱི་ཏིའི་སྐོར་གྱི་དབང་ལུང་ཚང་བ། གཏེར་སྟོན་དྲི་མེད་ལྷུན་པོའི་དོན་ཏིག་དང༌། ཟླ་བ་རྒྱལ་མཚན་གྱི་ཟབ་ཏིག་ཆོས་དབྱིངས་རང་གསལ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ལས་ཕྱི་མ་གཙོ་བོར་བྱས་པའི་དབང་ལུང༌། གྲུབ་ཆེན་ཉི་ཟླ་ཀློང་གསལ་གྱི་དག་སྣང་ཛ་བཱིར་ཉེ་བརྒྱུད་ཀྱི་དབང་ལུང་དམིགས་ཁྲིད། བྲམ་ཟེ་སྡོམ་བཟང་རླུང་འཁོར་ཉེར་གཉིས་མ། ཇག་ཆིངས་ར་རུ་མའི་གཞུང་ཞལ་གདམས་བཅས་ཆ་ཚང༌། ཐོག་སྲུང་ཞལ་ཤེས་སོགས་མང་དུ་གསན། རིག་འཛིན་ཀུན་བཟང་གསང་སྔགས་བསྟན་འཛིན་ལས། རྡོར་འབུམ་ཆོས་གྲགས་གཏེར་བྱོན་བདུད་རྩི་བུམ་པའི་དབང་ལུང༌། བུམ་ཆེན་ཚང་མའི་པོད་ལུང༌། ཆོས་དབང་ཡང་དག་སྙིང་པོའི་དབང་ལུང༌། ཟབ་མོ་དག་སྣང་གི་ཆོས་སྡེ་འཆི་མེད་མནྡཱ་རཿབའི་དབང་ལུང༌། པད་ཕྲིན་ཀུན་རིག་རྣམ་བཤད། བླ་མ་གསང་འདུས་བསྙེན་ཡིག །ཉམས་ལེན་ལམ་ཟབ་གསལ་བྱེད། ཡོན་ཏན་གཏེར་མཛོད་དབང་གི་ཟིན་བྲིས། བརྒྱུད་འདེབས། ལས་བྱང༌། གསོལ་འདེབས་ལམ་ཁྱེར་ཟིན་བྲིས། བསྙེན་ཡིག་བཅས་ཀྱི་ལུང༌། ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་མའི་ངག་འདོན། དམིགས་རིམ། དམར་ཁྲིད། རྟ་མགྲིན་གསང་སྒྲུབ་རྒྱུན་ཁྱེར། བསྙེན་ཡིག །ཞི་སྦྱིན་རྣམས་ཀྱི་ལུང༌། ལྔ་པའི་གསུང་རབ་ཡང་དག་འཁོན་ལུགས་ཀྱི་སྒྲུབ་དཀྱིལ། བླ་མ་གསང་འདུས་ལས་བྱང༌། བསུན་ཟློག་སྐོར་ལེ་ཚན་བཞི། རྟ་མགྲིན་ཡང་གསང་ལོ་རྒྱུས། ལས་བྱང་ཆེ་ཆུང༌། བསྙེན་ཡིག་སོགས། རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་འཕོ་བ་འཇག་ཚུགས་མ། ཁྱུང་ནག་གི་ལས་བྱང༌། ཕག་མོའི་མེ་མཆོད། བརྟན་བཞུགས་ལེ་ཚན། རྒྱལ་པོ་ལུགས་ཀྱི་ཐུགས་ཆེན་ལས་བྱང༌། ཚོགས་མཆོད་སོགས། གནས་བརྟན་འཇམ་དབྱངས་གྲགས་པའི་གསུང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཁྲིད་ཟིན་ལུང༌། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་དབང༌། ཆོས་དབང་གཏེར་མ་སེམས་བསྐྱེད་བསྟན་པའི་སྙིང་པོ་སོགས་བཀླག་ལུང་རབ་མང་གསན། མཆོག་སྤྲུལ་མཁྱེན་བརྩེའི་དབང་ཕྱུག་གི་ཞལ་སྔ་ནས། དཀོན་མཆོག་སྤྱི་འདུས་ཞི་བའི་དབང་ཚེ་དབང་བཅས། བླ་མ་དྲག་པོ། རྒྱ་ཅན་སྨན་བླ་རྣམས་ཀྱི་དབང༌། ཀློང་སྙིང་ཐུན་མོང་ཐུན་མིན་སྔོན་འགྲོའི་ཁྲིད། སྔོན་འགྲོའི་སྐོར་གྱི་ངག་འདོན་ནས་དུས་མཐར་གདབ་པའི་སྨོན་ལམ་བར་དང༌། བཻ་རོའི་བླ་སྒྲུབ་སོགས། གཏུམ་མོའི་གསོལ་འདེབས། དཔལ་ཆེན་དང་སེང་གདོང་བརྒྱུད་འདེབས། འཕགས་པའི་གསོལ་འདེབས། ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ། ཐུགས་རྗེ་ཆེན་པོའི་པྲ་ཁྲིད། ཚེ་སྒྲུབ་བདུད་རྩིའི་བུམ་བཅུད། རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་ཞལ་ལུང༌། ཕུར་པ། མཁའ་འགྲོའི་རྩ་སྒྲུབ། ནང་སྒྲུབ། གསང་སྒྲུབ། དེའི་སྲུང་ཟློག །བླ་མ་དྲག་པོ། མ་མགོན། འཁྲུགས་སྐོང༌། གཟའ། ཚེ་རིང་མ། འཕོ་བའི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག །རིག་འཛིན་སྲོག་འཁོར། ཀུན་བཟང་ཀློང་རྒྱུད། རྒྱུད་ཕྱི་མ་བཅས་ཀྱི་ལུང་རྣམས་གསན། སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞལ་སྔ་ནས། རིགས་འདུས་ཐུགས་རྗེ་ཆེན་པོ་རིགས་བདག་འོད་དཔག་མེད་རྣམས་ཀྱི་སྨིན་དབང་རྒྱས་པ། ཀློང་སྙིང་མཁའ་འགྲོའི་བྱིན་རླབས། སྔོན་འགྲོ་གཉིས་ཀྱི་སྨིན་ཁྲིད་དངོས་གཞིའི་ངོ་སྤྲོད་བཅས། འདོན་ཆ་གོང་སྨྲོས་ཕལ་ཆེར། ཡང་དག །སྨྱུང་ཆོག །མཁའ་འགྲོའི་སྲེག་བླུག །ཐུགས་རྗེ་ཆེན་པོའི་ཚོགས་སྐོང༌། རིག་འཛིན་རྩ་རྒྱུད་བཅས་ཀྱི་ལུང་སོགས་ཆོས་བཀའ་མང་དུ་གསན། མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ཞལ་སྔ་ནས། གུ་ཎ་ཀོ་ཥ་སྐབས་བཅུ་གསུམ་པའི་ལུང༌། མཁའ་འགྲོའི་བྱིན་རླབས་ལུང་བཅས། རྗེ་བཙུན་བསོད་ནམས་མཆོག་ལྡན་མདུན་ནས། མི་ལའི་བྱིན་རླབས་ལུང་བཅས། ཡུམ་བཀའ་སེང་གདོང་མའི་དབང༌། དཔལ་ཆེན་དབང་ལུང༌། ཚེ་དཔག་མེད་སྐུ་གསུམ་འདུས་པའི་ཆོག་ཁྲིགས། རྡོར་སེམས་བླ་མའི་རྣལ་འབྱོར་ཇ་མཆོད་ལེ་ཚན་བར། མདོ་སྔགས་སྨོན་ལམ། ཡང་རྫོང་ཐུགས་སྒྲུབ་ཧཱུྃ་དམིགས། ཆོས་སྤྱོད་བསྟན་པ་ཡོངས་རྫོགས། གནས་བརྟན་ཕྱག་མཆོད། ཞལ་བཞི། གཡུ་སྒྲོན། རྣམ་སྲས། མ་སང་བཅས་ཀྱི་སྐོང་བ། མངའ་གསོལ། བསྐང་བཤགས། ཕྲིན་བཅོལ། ཚོགས་བསྡུས་བཅས་ཀྱི་ལུང༌། གྲུབ་ཆེན་རིན་པོ་ཆེའི་བཀའ་འབུམ་ནས། དམ་ཆོས་བདེ་ཆེན་ལམ་མཆོག་གི་གསང་སྒྲུབ། རྒྱུན་ཁྱེར། འཕོ་བའི་གདམས་པ། གྲིབ་བསང་སོགས་ལུང་ཤིན་ཏུ་མང་པོ་གསན། རྗེ་བཙུན་བླ་མ་ཆོས་ཉིད་རང་གྲོལ་གྱི་མདུན་ནས། རིག་འཛིན་ཚེ་དབང་དང་བཅས་པ། འདོན་ཆའི་ལུང༌། སྒྲུབ་བརྩོན་ཀརྨ་དཔལ་ལྡན་མདུན་ནས་རྟ་ཁྱུང་འབར་བའི་དབང་དང༌། བླ་མའི་རྣལ་འབྱོར་སོགས་ཀྱི་ལུང༌། སྒྲུབ་ཆེན་དགེ་བ་འཕེལ་རྒྱས་ལས་བླ་མའི་རྣལ་འབྱོར་གྱི་ལུང༌། བླ་མ་པདྨ་རྒྱལ་མཚན་ལས་ཀྱང་རིག་འཛིན་སོགས་འདོན་ཆ་འགའ་ཞིག་གི་ལུང༌། འཇིགས་མེད་གཞན་ཕན་དབང་ཕྱུག་ལས་རིག་འཛིན་ཚེ་དབང་དང༌། ཁྲིད་ཡིག་ཟིན་བྲིས་ཀྱི་ལུང༌། སྔོན་འགྲོའི་ངག་འདོན་ལུང་བཅས་གསན། མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ལས་ཀློང་གསལ་སྐུ་གསུམ་ཞི་ཁྲོའི་དབང༌། ཚེ་སྒྲུབ་ཡང་གསང་བླ་མེད་དབང་བཅས། འཇིགས་མེད་རིག་འཛིན་མགོན་པོ་ལས། གུར་དྲག་ཡེ་ཤེས་རབ་འབར་དབང་རྒྱས་པ། ཚེ་དབང་འཆི་མེད་རྔ་སྒྲ་བཅས། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ལས། བཀའ་བརྒྱད་ཡོངས་འདུས། གུར་དྲག་དབང་རྒྱས་བསྡུས། ཚེ་སྒྲུབ་ཡང་གསང་བླ་མེད། ཞི་ཁྲོ་འཕྲད་ཚད་རང་གྲོལ། འགྲོ་དྲུག་རང་གྲོལ། སྐུ་གསུམ་ཞི་ཁྲོ། དམ་པའི་གསུང་རྡོ་རྗེ། བདུད་འདུལ་ཕྱག་རྡོར་དྲེགས་འདུལ། རྩ་གསུམ་རྡོ་རྗེ་སྙིང་པོ་ནས། རྟ་ཕྱག་ཁྱུང་གསུམ། སྨན་བླ། རི་ཁྲོད་མ། རྣམ་འཇོམས། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དབང་སྒྲུབ་ཆེན་དང་འབྲེལ་བ། བསམ་ལྷུན་དབང༌། ནཱ་ག་རཀྴ་དང་སྙིང་ཐིག་གི་བླ་མ་དྲག་པོའི་དབང་གདོན་ཁྲོལ་བཅས། སེང་གདོང་མའི་བྱད་འགྲོལ་དབང༌། གཅོད་ཡུལ་ལུང་བཅས། ཨོ་རྒྱན་བསྟན་འཛིན་ནོར་བུ་ལས། སྐུ་གསུམ་རྡོ་རྗེ་སྙིང་པོའི་དབང་སྒྲུབ་ཆེན་དང་འབྲེལ་བ། རྡོ་རྗེ་སྙིང་པོ་ལས། རྡོར་སེམས། ཐུགས་ཆེན་རིགས་གཉིས། མནྡཱ་རཿབ་བཅས། རྩ་གསུམ། བི་མ། སྙན་བརྒྱུད། སྨིན་གླིང་རྡོར་སེམས་བཅས་ཀྱི་དབང་ལུང་ཡོངས་རྫོགས། གྲུབ་དབང་བྱང་ཆུབ་ཆོས་ཀྱི་ཉི་མ་ལས་ཚེ་སྒྲུབ་ལྕགས་སྡོང་མའི་དབང༌། སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་འོད་གསལ་ལས་དཀོན་སྤྱི་ཞི་དྲག་དང༌། དགོངས་པ་རང་གྲོལ་དབང༌། མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་ཞི་ཁྲོའི་དབང༌། དེ་དང་རྗེས་འབྲེལ་ཡིག་ཆ་མང་པོའི་ལུང༌། ཉང་གཏེར་ཁྲོས་ནག་དང༌། སྨིན་གླིང་བདེ་གཤེགས་ཀུན་འདུས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། ཚེ་སྒྲུབ་འཆི་མེད་ཡང་སྙིང༌། གཤིན་རྗེ་དྲེགས་འཇོམས་དབང༌། རྒྱ་ཅན་དབང་ལུང་ཡོངས་རྫོགས། གཙུག་ཏོར་དྲི་མེད་དབང་ལུང༌། གྲུབ་བརྒྱའི་བྱིན་རླབས། ཉང་གཏེར་བཀའ་བརྒྱད་རྣམས་ཀྱི་དབང༌། དུག་དབང་རྡོ་རྗེ་ཕ་ལམ། མདོ་བསྐལ་བཟང་དང༌། མངའ་པཎ་སྡོམ་གསུམ་རྩ་འགྲེལ་གྱི་ལུང༌། ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་ཁྲིད་ལུང༌། བྱད་འགྲོལ་གསེར་ལྡེའི་ལུང་མན་ངག་དང་བཅས་པ་སོགས་གསན་པ་རྒྱ་ཆེན་མཛད་དོ། །གར་དབང་ཆོས་ཀྱི་རྒྱལ་མཚན་ལས་ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དབང་སྒྲུབ་ཆེན་དང་འབྲེལ་བ། ཨོ་རྒྱན་རང་བྱུང་རྡོ་རྗེ་ལས་བླ་མ་གསང་འདུས་དབང༌། རིག་འཛིན་ཐུགས་ཀྱི་རྡོ་རྗེ་ལས་དཀོན་མཆོག་སྤྱི་འདུས་ཚེ་དབང༌། ཐུགས་ཆེན་རྒྱལ་བ་རྒྱ་མཚོའི་དབང༌། རྒྱ་ཅན་སྨན་བླའི་དབང༌། བླ་མ་ཆོས་ལོངས་སྤྲུལ་གསུམ། ཡཀྴ་མེ་དཔལ། སྨན་བླ། རྡོར་སེམས། ཕུར་པ་བཅས་ཀྱི་ལུང༌། ཡོངས་རྫོགས་ཀྱི་བཀའ་གཏད་རྗེས་གནང༌། གསང་སྙིང་ལུང་བཅས། གར་དབང་ཐུགས་མཆོག་རྡོ་རྗེ་ལས་ཞི་ཁྲོའི་དབང༌། ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་རིག་འཛིན་པའི་ཕྱག་རྡོར་དང༌། ཞི་ཁྲོའི་དབང༌། བླ་མ་རིན་པོ་ཆེ་པདྨ་དར་རྒྱས་ལས་སྙིང་ཐིག་གི་འདོན་ཆ་འགའ་རེའི་ལུང༌། འཇིགས་མེད་གཞན་ཕན་ལས་ཚེ་དབང༌། སྙིང་ཐིག་གི་ཁྲིད་ལུང༌། སྔོན་འགྲོའི་ལུང་བཅས། ཨོ་རྒྱན་བསྟན་འཛིན་ཉི་མ་ལས་ཚེ་སྒྲུབ་རིགས་གཉིས་ཀྱི་དབང༌། བླ་མ་རིན་ཆེན་བཟང་པོ་ལས། ཚེ་གུར་གྱི་དབང༌། ཛ་ཀ་མཆོག་སྤྲུལ་ཀུན་བཟང་རྣམ་པར་རྒྱལ་བ་ལས། ཀློང་གསལ་སྙིང་པོའི་གཏེར་ཆོས་གུར་དྲག་ཡེ་ཤེས་རབ་འབར་གྱི་དབང༌། ལམ་འབྲས་ཁྲིད། ཀློང་གསལ་རྡོ་རྗེ་སྙིང་པོའི་དབང༌། ཁྲིད་ཆེན་ཐབས་ལམ་བཅས་ཡོངས་རྫོགས། རྩ་གསུམ་རྡོ་རྗེ་སྙིང་པོ། བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཡང་གསང་བླ་མེད་སྐོར། བི་མ་དང་སྲོང་བཙན་སྙན་བརྒྱུད། རྫོགས་ཆེན་ཡང་སྙིང་ཀུན་ཟབ། དམ་པ་བདེ་གཤེགས་ཀྱི་སྒྱུ་འཕྲུལ་བཅས་ཀྱི་དབང་ལུང་ཡོངས་རྫོགས། བཀའ་འབུམ་པོད་གཅིག །མཆོག་སྤྲུལ་ཉིད་ཀྱིས་མཛད་པའི་བདུད་འདུལ་དང་ཀློང་གསལ་གཏེར་ཆོས་རྣམས་ཀྱི་དབང་བསྒྲིགས་པོད་གཉིས་བཅས་ཀྱི་ལུང༌། བདུད་འདུལ་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་པོད་ལྔ། བཀའ་འབུམ་པོད་གཅིག་རྣམས་ཀྱི་ལུང་གསན། དཔལ་ཡུལ་རྒྱ་སྤྲུལ་ཀརྨ་ཀུན་བཟང་བསྟན་པའི་ཉི་མ་ལས། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་པོད་བཞིའི་ལུང༌། གནམ་ཆོས་པུསྟི་བཅུ་གསུམ་གྱི་དབང་ལུང་ཚང་མ། ཁྲོ་བོ་རོ་ཟའི་གཏུམ་མོ། རྫོགས་ཆེན་སངས་རྒྱས་ལག་བཅང་གི་ཁྲིད་དང་ཡིག་ཆའི་ལུང༌། དགོངས་གཏེར་པོད་གཅིག་གི་དབང་ལུང༌། བཀའ་འབུམ་པོད་གཉིས། ཆགས་མེད་དང་མི་འགྱུར་རྡོ་རྗེའི་རྣམ་ཐར་སྐོར་ཚང་མའི་ལུང༌། བདུད་འདུལ་གཏེར་བྱོན་དམ་ཆོས་དགོངས་པ་ཡོངས་འདུས། སྤྲུལ་སྐུ་སྙིང་ཐིག །ཟབ་དོན་གསང་བ་སྙིང་ཐིག །རིག་འཛིན་འདུས་པ། སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་ཡོངས་འདུས། ཚེ་ཡང་ཕུར་གསུམ། འཇམ་དཔལ་སྐོར། སྙན་བརྒྱུད་སྐོར་རྣམས་ཀྱི་དབང་ཚང་མ། བཀའ་སྲུང་ཞིང་སྐྱོང་གི་སྲོག་གཏད་བཅས་ད་ལྟ་རྒྱུན་གང་བཞུགས་ཚང་མ་གསན། སྒྲུབ་བརྩོན་བླ་མ་འཇིགས་མེད་དགེ་ལེགས་ལས། བླ་མ་དྲག་པོ། རྟ་མགྲིན་དམར་ནག །དཀོན་མཆོག་སྤྱི་འདུས། རྣམ་འཇོམས་རྣམས་ཀྱི་དབང༌། ཀུན་བཟང་ཀློང་རྒྱུད་སོགས་ཀྱི་ལུང༌། ཞི་ཁྲོའི་དབང༌། གུ་རུ་དྷརྨཱ་པ་ཏཱི་ལས་དཀོན་སྤྱིའི་ཚེ་དབང༌། འཆི་མེད་ཐུགས་ཐིག་གི་ལུང་བཅས། ནམ་མཁའི་ཞབས་ལས་ཐུགས་རྗེ་ཆེན་པོའི་དབང༌། བླ་མ་དམ་པ་འགྱུར་མེད་བསྟན་འཛིན་ལས་ཕྱག་རྫོགས་དབུ་གསུམ་གྱི་རྣམ་གཞག་དང༌། ཞལ་གདམས་གསོལ་འདེབས་ལེ་ཚན་འགའི་ལུང༌། དོན་དབང་ཟབ་མོ་ཞལ་གདམས་ངོ་སྤྲོད་སོགས་སྨིན་རྒྱས། སྒྲུབ་བརྩོན་འགྱུར་མེད་བསྟན་འཕེལ་ལས་སློབ་སྤྲིང་ལུང་སོགས། བླ་མ་དཔལ་ལྡན་ཆོས་རྒྱལ་ལས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང༌། འོད་དཔག་མེད། བསམ་ལྷུན། རྟ་མགྲིན་ནག་པོ་རྣམས་ཀྱི་དབང༌། ཆོས་མཛད་རཏྣ་ཤཱ་ར་ཎ་ལས་ཀློང་གསལ་བཀའ་བརྒྱད། གུར་དྲག །ཚོགས་བདག་དངོས་གྲུབ་འབྱུང་གཏེར། གསང་བ་སྤུ་གྲི། གནམ་ཆོས་འོད་ཆོག་སྐོར། རྡོར་གཅོད། འོད་མདོ། དྲི་མེད་བཤགས་རྒྱུད། བདུད་འདུལ་ཕུར་པ། ཀློང་གསལ་བཀའ་སྲུང་ཡོངས་རྫོགས། བདུད་འདུལ་དང༌། ཀློང་གསལ་གཏེར་མ་བཀའ་ཐང་སོགས་ཀྱི་ལུང་རྣམས་གསན། བླ་མ་བློ་གྲོས་དཔལ་བཟང་ལས་ཞི་ཁྲོའི་དབང༌། སྙིང་ཐིག་སྐོར་གྱི་དབང་ལུང་འགའ་ཞིག །བླ་མ་བི་ཤུདྡྷ་ལས་གནམ་ཆོས་རྟ་ཕྱག་ཁྱུང་གསུམ། གུར་དྲག་ཕུར་མཇུག་གི་དབང༌། ཨེ་ཝཾ་བླ་མ་ལས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང༌། བསྟན་འཛིན་ཆོས་ཀྱི་ཉི་མ་ལས་ཀུན་གཟིགས་ཕྲེང་པོ་རིན་པོ་ཆེའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། གྲོལ་ཐིག་གི་ཁ་སྐོང་གྲས། ལམ་འབྲིང་བསྡུས་ཀྱི་ལས་བྱང༌། བླ་མ་དྲག་པོ་དང་རྟ་མགྲིན་བསྙེན་ཡིག །གཏེར་བུམ་སྒྲུབ་ཐབས། དབང་གི་སྦྱིན་སྲེག །ཚེ་སྒྲུབ་སྐུ་གསུམ་འདུས་པའི་ཆོག་ཁྲིགས་ལུང་སོགས། ཀུན་བཟང་པདྨ་བསྟན་འཛིན་ལས་པད་གླིང་ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་དང༌། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོའི་མདུན་ནས་བཀའ་གདམས་པའི་མན་ངག་ནོར་བུ་བསྟན་པ་སྤྱི་དབང༌། བསྟན་པའི་ཉིན་བྱེད་ཀྱི་བཀའ་འབུམ་ཚང་མའི་གདམས་གཏད། ཕྱག་ཆེན་མ་རིག་མུན་སེལ་དང༌། ཆོས་དྲུག་བདུད་རྩིའི་ཉིང་ཁུའི་ཁྲིད་ལུང༌། སྦྱོར་དྲུག་སྔོན་འགྲོའི་ངག་འདོན་ལུང༌། ཆོས་གླིང་ཚེ་སྒྲུབ་རྡོ་རྗེའི་སྲོག་སྒྲུབ། བདེ་གླིང་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་བཅས་ཀྱི་དབང༌། ཞྭ་དམར་མཁའ་སྤྱོད་དབང་པོའི་བཀའ་འབུམ་ལས། རྫོགས་ཆེན་ཨ་རོ་ལུགས། རླུང་སེམས་དབྱེར་མེད། སྐུ་གསུམ་ངོ་སྤྲོད། ཕྱག་ཆེན་འཁོར་བ་རྒྱུན་གཅོད། རོ་སྙོམས་སྒང་དྲིལ། ཞི་བྱེད་སོ་ལུགས། རས་ཆུང་པའི་ལུས་མེད་མཁའ་འགྲོའི་ཆོས་སྐོར། བྱང་ཆུབ་ལམ་རིམ་གྱི་ཁྲིད་བསྡུས་རྣམས་ཀྱི་ལུང༌། ཉིད་མཛད་སྒྲོལ་མ་རྣལ་འབྱོར་མའི་དབང་བཤད་ཀྱི་ལུང་བཅས་གསན། དཔལ་ཀརྨ་པ་བཅུ་བཞི་པ་ཁྱབ་བདག་ཐེག་མཆོག་རྡོ་རྗེའི་ཞལ་སྔ་ནས་འབྲུག་ལུགས་ཚེ་དཔག་མེད་ཕྱི་སྒྲུབ་ལྷ་གཅིག །ཡང་གསང་གོང་ཁུག་མ་ལྷ་དགུ། ལྷ་ལྔ། ཚེ་རྟ་ཟུང་འབྲེལ། དཀར་པོ་ལྷ་དགུ། ཆོས་གླིང་ཡང་དག་བདེ་ཆེན་སྙིང་པོའི་དབང་ལུང་ཆ་ཚང༌། གནམ་ཆོས་འོད་དཔག་མེད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྟ་མགྲིན་ལྷ་ལྔ་བཅས་ཀྱི་དབང༌། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཚང་མའི་པོད་འབྲུ་ལུང༌། ཡང་ཆགས་མེད་སྨྲ་སེང་སྒྲུབ་ཐབས། ཡང་དགོན་རི་ཆོས་ཐོར་ལུང༌། ཚེ་དབང་ནོར་བུའི་ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་དང༌། གཅོད་ཡུལ་ལེ་ཚན་ལུང༌། རང་བྱུང་བའི་ཕྱག་ཆེན་སྙིང་གཏམ་ཚིག་གཅིག་མའི་ལུང༌། རྗེ་ཉིད་ཀྱི་གསུང་ཐོར་བུའི་ལུང༌། རྩེ་ལེ་རིན་པོ་ཆེའི་ཕྱག་རྫོགས་ཟུང་འཇུག་གི་ཞལ་གདམས་དང༌། བདུད་འདུལ་རྡོ་རྗེའི་ཞལ་གདམས་ལུང་སོགས་གསན། སྟག་ལུང་པ་ངག་དབང་བསྟན་པའི་ཉི་མའི་མདུན་ནས་དྭགས་པོའི་ཐར་རྒྱན་གསུང་བཤད་ཞིབ་མོ། སྟག་ལུང་རྗེས་གནང་ཞེ་གསུམ་གྲས་བདེ་མཆོག་དཀར་པོ་བྱང་ཆུབ་སྒྲུབ་པ་དང༌། དེའི་ཚེ་སྒྲུབ་ཚེ་དཔག་མེད་ལོངས་སྐུ་དང༌། འབྲི་གུང་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་དབང་ལུང་སོགས་གསན། དགེའུ་མཆོག་སྤྲུལ་རིན་པོ་ཆེ་བཀའ་བརྒྱུད་ཕྲིན་ལས་དབང་ཕྱུག་ལས་དཔལ་བདེ་མཆོག་རས་ཆུང་སྙན་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་གསན། རྩེ་པ་མཆོག་སྤྲུལ་ངག་དབང་གྲགས་པ་ཡོངས་ཁྱབ་ལས་སྟག་ལུང་ཐང་པའི་བཀའ་འབུམ་རགས་རིམ་གྱི་ལུང་བཅས། ཟླ་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་མདུན་ནས། མི་ཏྲ་བརྒྱ་རྩའི་དབང་ཡོངས་རྫོགས། དཀོན་མཆོག་འབངས་ཀྱི་ཆོས་སྤྱོད། ཆོས་ཀྱི་དབང་ཕྱུག་གི་བསྟན་པ་རྒྱ་མཚོ། ཟུར་མང་རི་ཆོས་ཀུན་བཟང་དང༌། བཻ་ཌཱུརྻའི་ཕྲེང་བའི་ལུང་སོགས་མང་དུ་གསན། མཆོག་སྤྲུལ་ཀརྨ་ངེས་དོན་དབང་པོའི་མདུན་ནས་ཕྱག་ཆེན་རྒྱ་གཞུང་ལུང༌། ཞྭ་དམར་དཀོན་མཆོག་འབངས་ཀྱིས་བསྒྲིགས་པའི་ནག་རྒྱལ་ཕག་གསུམ་གྱི་གཞུང་པོད་ལུང༌། གཏུམ་པོ་རས་ཆུང་ལུགས་ལྷ་ལྔའི་དབང་ལུང༌། རས་ཆུང་སྙན་བརྒྱུད་ལས་བྱུང་བའི་ཆོས་དྲུག་གི་ཀ་དཔེ་ཆུང་བ། གཏུམ་མོའི་གཞུང་ཆུང༌། མི་ལའི་ཕྱག་ཆེན་ཡེ་ཤེས་གསལ་བྱེད། སྟེང་སྒོ་ཆོས་དྲུག །བར་དོ་བློ་ཆོད་བཅས། ཁྲིད་རིམ་སྤྱི་ཁྱབ་ཀྱི་སྔོན་འགྲོའི་ངག་འདོན་ཐར་ལམ་རབ་གསལ། ཆགས་མེད་པའི་ཨ་ཆོས་བཅུ་གསུམ། སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་ཆེན་མྱུར་སྟེར། དྭགས་པོའི་ལམ་མཆོག་རིན་ཆེན་ཕྲེང་བ། གསང་ལམ་བླ་སྒྲུབ། རིགས་འཛིན་ཆེན་པོའི་ཞིང་སྦྱོང་ཁྲིད། ཐུགས་རྗེ་ཆེན་པོའི་ཁྲིད། བཛྲ་གུ་རུ་འདོན་ཐབས། ཤངས་ཆོས་སྔོན་འགྲོའི་ངག་འདོན་སོགས་ལུང་མང་བ། དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་ལུང་ཆ་ཚང་གསན། དུས་མཁྱེན་བཀའ་འབུམ་ལས་ལྔ་ཚན་ལྔ་སོགས། འབྲི་གུང་དགོངས་གཅིག །ཆགས་མེད་སེང་གདོང་མའི་དབང་ལུང་ཆ་ཚང་འཁོར་ལོའི་མན་ངག་བཅས། ཆགས་མེད་རིན་པོ་ཆེའི་རི་ཆོས། རྒྱབ་ཆོས། ཡང་དགོན་པའི་རི་ཆོས། ཉང་གཏེར་རྟ་ནག་སྐོར། ཆགས་མེད་གཏོ་པོད་སྐོར། དྭགས་པོའི་ཐར་རྒྱན། པད་དཀར་དྲག་པོ་ཀཱི་ལ་ཡའི་དབང་ལུང༌། བི་མའི་སྒྲོལ་དཀར་དབང་ལུང་སོགས་དུ་མ་གསན་པར་མཛད། རི་པ་མཆོག་སྤྲུལ་ཀརྨ་མཁས་མཆོག་གྲུབ་པའི་དབང་པོའི་ཞལ་སྔ་ནས། བདེ་མཆོག་ལྷ་ལྔའི་མངོན་དཀྱིལ། ཕག་མོ་ལྷ་ལྔའི་སྒྲུབ་དཀྱིལ། རྒྱལ་བ་རྒྱ་མཚོའི་མངོན་དཀྱིལ་སོགས། གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང༌། དེའི་ཉེར་མཁོའི་ཟིན་བྲིས། རྒྱུན་ཁྱེར་ལུས་སྦྱིན་བཅས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བསྡུས་དོན་རྩ་ཚིག །ཁྲིད་ཡིག་རྒྱས་པ་ངེས་དོན་རྒྱ་མཚོ། འབྲིང་པོ་ཆོས་སྐུ་མཛུབ་ཚུགས། བསྡུས་པ་མ་རིག་མུན་སེལ། ཆོས་དྲུག་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ། རས་ཆུང་སྙན་བརྒྱུད་ལས་ཆོས་དྲུག་སྲས་མཁར་མ། ཆོས་དྲུག་གོ་བྱའི་ཆིངས། ཁྲིད་ཡིག་གསེར་ཞུན་མ། ཆགས་མེད་ཐུགས་རྗེ་ཆེན་པོའི་དམར་ཁྲིད་བསྡུས་པ་ཚིགས་བཅད་མ་རྣམས་ཀྱི་ལུང་སོགས་གསན། སྤང་ཕུག་བླ་མ་མཁས་དབང་ཀརྨ་ངེས་དོན་མདུན་ནས་སྟག་ཤམ་བསམ་གཏན་གླིང་པའི་གཏེར་ཆོས་སྐོར་པུསྟི་དགུའི་བཀླག་ལུང༌། སྤོ་རུ་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་ལས་ཆགས་མེད་རིན་པོ་ཆེའི་བཀའ་འབུམ་ཕལ་མོ་ཆེའི་བཀླག་ལུང༌། ས་བདག་སྐོར་དང་མགོ་གསུམ་གཙོས་པའི་གཏོ་པོད་རྣམས་ཀྱི་ལུང་བཅས་གསན། གཞན་ཡང་རིས་མེད་ཀྱི་དམ་པ་རྣམས་ལས་བཀའ་ཆོས་ཐོར་བུའི་རིགས་ཤིན་ཏུ་རྒྱ་ཆེན་གསན་པ་ལས། བསམ་སྡིངས་རྡོ་རྗེ་ཕག་མོ་ཆོས་དབྱིངས་བདེ་ཆེན་འཚོ་མོའི་ཞལ་སྔ་ནས། གནོད་སྦྱིན་ཨ་པ་ར་ཙིཏྟ་ཕྱི་ནང་གསང་གསུམ། ནང་སྒྲུབ་སྤོག་ཆོག་དང་བཅས་པའི་རྗེས་གནང་བཞི། ཚོགས་བདག་གསང་སྒྲུབ་སྤྲེལ་གདོང་ཅན་གྱི་རྗེས་གནང༌། འདིའི་མན་ངག་གཉིས། སྐོང་ཆོག །རྗེས་གནང་ཀག་ཆོལ་གྱི་ལུང༌། གྲུབ་ཆེན་པདྨ་གར་དབང་ལས་སྙན་བརྒྱུད་སེང་གདོང་མའི་ཆོས་སྐོར་ཐུན་མོང་དང་ཐུན་མིན་གྱི་སྨིན་གྲོལ་ཡོངས་རྫོགས། རས་ཆེན་དཔལ་འབྱོར་བཟང་པོའི་གཏུམ་མོ་ཞག་བདུན་མའི་ཉམས་ཁྲིད། ཕག་མོ་ཧྲཱིཿགཅིག་མའི་མེ་དབང་དང་བཅས་པ། རས་རྐྱང་གི་ཕྱག་ལེན། གཏོར་རྒྱུན་རྒྱ་མཚོའི་གྲས་ནས་དབང་བཀའ་འགའ་ཞིག །རྗེ་བཙུན་རིན་པོ་ཆེ་འདི་ཉིད་ཀྱིས་ཕག་མོའི་བཀའ་སྲོལ་དྲུག་ཅུ་ལྷག་ཙམ་གསན་པའི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་བ་དཔའ་མོ་སྙིང་ཏིག་གི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། ཕྱག་ཆེན་ཟབ་གསལ་དང་ཐུབ་པ་མདོ་གཅོད་ཀྱི་ཁྲིད་བཅས་གསན། འདར་སྟོན་བློ་བཟང་བསྟན་པའི་ཉི་མ་ལས། ཆོས་དབང་གཏུམ་པོའི་དབང༌། ལུང་རགས་རིམ། རྟ་མགྲིན་གསང་སྒྲུབ། དབང་ཆེན་གསང་སྒྲུབ། རྟ་མགྲིན་ཡང་ཁྲོས་དབང་སོགས་གསན། ལྕགས་ཟམ་མཆོག་སྤྲུལ་བརྒྱད་པ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས་ལས། ཆོས་དབང་བླ་མ་གསང་འདུས་ལུང་ཚང་བ། ཛཾ་དཀར་དམར། ལྷ་བུ་བཙོན་འཛིན། ཀརྨ་གུ་རུ་དར་ནག་བེར་ཆེན། གྲུབ་ཆེན་ཐང་རྒྱལ་གྱིས་རྡོ་རྗེ་ཕག་མོ་ལས་དངོས་སུ་གསན་པའི་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་སྐོར། གྲུབ་ཆེན་ཉེ་བརྒྱུད་ཚེ་རྟ་ཟུང་འབྲེལ་འཆི་མེད་དཔལ་སྟེར་སྐོར་ལེ་ཚན། བསྟན་འཛིན་བདུན་པས་མཛད་པའི་སྒྲུབ་ཐབས། ཚེ་འགུགས། དབང་ཆོག །བསྙེན་ཡིག་རྒྱས་བསྡུས། གནས་བརྟན་ཡན་ལག་འབྱུང་ལས་གསན་པའི་ཤེར་ཕྱིན་བརྒྱད་སྟོང་པའི་སྐབས་གསུམ་པ། ནི་གུ་ཆོས་དྲུག་བླ་བརྒྱུད་རྣམ་ཐར་ཚང་མ། གྲུབ་ཆེན་རིན་པོ་ཆེའི་རྣམ་ཐར་ལྔ་བསྡུས་ལུང་སོགས་གསན། སྤྲུལ་པའི་སྐུ་ཉི་མ་ཆོས་འཕེལ་ལས་ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་ས་བཅད་དང་བཅས་པའི་ལུང༌། ཏཱ་ར་ནཱ་ཐའི་གཅོད་ཁྲིད་སོགས་གསན། སྤྲུལ་སྐུ་ཀུན་དགའ་ཕྱོགས་ལས་རྣམ་རྒྱལ་ལས། གདུགས་དཀར་ལྷ་བཅུ་བདུན་མའི་དབང༌། སྲུང་བ་ལྷ་ལྔའི་རིག་གཏད། འོད་དཔག་མེད་ཀྱི་ཉལ་སྒོམ། གྲོལ་མཆོག་ཁྲིད་བརྒྱའི་ཡིག་ཆ། དབང་བརྒྱ་མགོན་བརྒྱའི་མཚན་ཐོ། མཐའ་རྟེན་སྨོན་ལམ་གཉིས། བདེ་མཆོག་བཀྲ་ཤིས་ཀྱི་ལུང་བཅས་གསན། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་ལས་ཀཿཐོག་པཎྜི་ཏའི་གསང་སྔགས་ལམ་རིམ་འགྲེལ་ཆེན་བཀླག་ལུང་གསན། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ལས་འབྲི་གུང་དགོངས་པ་ཡང་ཟབ་ཀྱི་དབང་ལུང་ཕལ་མོ་ཆེ། ཆོས་ཀྱི་གྲགས་པའི་ཡང་ཟློག་གི་ལུང་སོགས་བཀླག་ལུང་འགའ་ཞིག་དང༌། མཆོག་གླིང་ཉིད་ཀྱི་གཏེར་ཆོས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱིས་ཐོག་དྲངས། བདེ་མཆོག་སངས་རྒྱས་མཉམ་སྦྱོར་འཇོག་མཚམས་གྱུར་གྱི་བར་ཕལ་མོ་ཆེ་དངོས་དང་བརྒྱུད་ནས་གསན། མདོར་ན་དབུས་གཙང་ཁམས་གསུམ་ན་བཞུགས་པའི་ས་དགེ་ཀར་རྙིང་གི་བསྟན་འཛིན་སྐྱེས་བུ་དམ་པ་མཁས་བཙུན་བཟང་གྲུབ་དང་ལྡན་པའི་ཡོངས་འཛིན་དམ་པ་བརྒྱ་ཕྲག་དང་ལྔ་བཅུ་ལྷག་པ་དཀའ་སྤྱད་ཆེན་པོས་ཚུལ་བཞིན་དུ་བསྟེན་ཏེ། དཔལ་ལྡན་ས་ངོར་ཚར་གསུམ་ནས་བརྒྱུད་པའི་དབང་ཁྲིད་ལུང་མན་ངག་གི་རྒྱུན་ཡོད་དོ་ཅོག་དང༌། ཞྭ་ལུ་དང་གོང་དཀར་ཕྱོགས་ཀྱི་རྒྱུད་སྡེ་ཆེན་པོའི་དབང་དང་ཁྲིད་རྒྱུན་གང་ཡོད། སྔ་འགྱུར་རྙིང་མ་བཀའ་མ་དེང་སང་རྒྱུན་གང་བཞུགས། གཏེར་ཁ་གོང་འོག །བྱང་པ་སྔ་ཕྱི། གླིང་པ་བཅུ་གསུམ། དྲི་མེད་རྣམ་གཉིས་སོགས་གཏེར་མ་ཁུངས་བཙུན་ཕལ་ཆེར། བཀའ་གདམས་རྙིང་མའི་གཞུང་མན་ངག་དང་བཅས་པ་དེང་སང་རྒྱུན་གང་ཡོད། བཀའ་བརྒྱུད་ཡ་བཞིའི་སྐོར་ཕལ་ཆེར། བཀའ་གདམས་གསར་མ་དགེ་ལུགས་ཕྱོགས་ཀྱི་དབང་བཤད་ཁྲིད་ལུང་གི་རྒྱུན་མང་པོ། གཞན་ཡང་ཤངས་ཆོས། ཞི་བྱེད། གཅོད་ཡུལ། བོ་དོང་པ་སོགས་གྲུབ་མཐའ་རིས་བྲལ་ལྷད་མེད་ཡིད་ཆེས་ཁུངས་བཙུན་གྱི་དབང༌། ཁྲིད། རྒྱུད་བཤད་སོགས་དང༌། དེ་དག་གི་རྒྱབ་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། བསྟན་འགྱུར་ལས་ལུང་རྒྱུན་གང་ཡོད་ཕྲ་ཞིང་ཕྲ་བའང་རྩད་བཅད་དེ་གསན་པར་མཛད་པས་མཚོན་གངས་ཅན་ཙམ་ན་ཡོངས་སུ་གྲགས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་མ་གསན་པ་མེད་པ་ལྟ་བུའི་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དོ། །ད་ནི་ཡོངས་འཛིན་དམ་པ་དེ་དག་རྣམས་ཀྱི་གྲལ་མཐར་འཁོད་པའི་རྨོངས་བརྟུལ་འདུ་ཤེས་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ཞེས་མིང་མང་ལྡན་པའི་གྱི་ན་པ་བདག་ལའང་རྗེ་ཉིད་ཀྱི་བ་སྤུ་ཉག་གཅིག་ལ་འགྲན་པའི་ཡོན་ཏན་གྱིས་དབེན་ཀྱང༌། དམ་པ་རྣམས་ནི་དམན་པ་ལ་ལྷག་པར་བརྩེ་བ་ཆོས་ཉིད་དུ་གྱུར་པ་དང༌། སྔོན་གྱི་ལས་འཕྲོའི་འབྲེལ་ཟབ་ལྟ་བུར་གཟིགས་ནས་དགུང་ལོ་བཅུ་དགུ་པར་ཐོག་མར་མཇལ་བ་ནས་ཐུགས་འདུན་ཆེན་པོས་སྐྱོང་ཞིང༌། ཕྱིས་ནས་མཁན་ཆེན་རྡོ་རྗེ་འཆང་སྐུ་མཆེད་དང༌། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་རྣམས་དང་མཉམ་པའི་བླ་མའི་གྲལ་འཇོག་མཛད་ཅིང་སྨིན་གྲོལ་གྱི་ཆོས་བཀའ་སྔ་ཕྱིར་མང་དུ་གསན་བཞེས་མཛད་པ་རྣམས། རང་ཉིད་ཀྱང་སྐལ་པ་བཟང་པོར་རློམས་ནས་ཆོས་ཀྱི་སྐྱེས་མཎྜལ་གྱི་ཚུལ་དུ་ཕུལ་བ་ལས་གཙོ་ཆེ་བ་རགས་རིམ་བསྡོམས་ནས་བརྗོད་ན། ཇོ་ནང་རྗེ་བཙུན་རིན་པོ་ཆེ་ཏཱ་ར་ནཱ་ཐའི་གསུང་རབ་ལྟར་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་སློབ་མ་རྗེས་འཛིན། སྟ་གོན། བྱིས་འཇུག །མཆོག་དབང་ཐུན་མོང་དང་ཐུན་མིན། རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བསྐུར་ཡོངས་སུ་རྫོགས་པ། སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་དང་ལྷན་ཐབས་འོད་བརྒྱ་འབར་བ་སྦྱར་བའི་སྨིན་ཁྲིད་དམ་པོའི་བྱིན་རླབས་དང་བཅས་པ། རྫོགས་རིམ་རྣམ་བཤད་ཟུང་འཇུག་རབ་གསལ་ཡན་ལག་ཡིག་ཆ་སྒྲུབ་དཀྱིལ་སོགས་ཀྱི་ལུང༌། སྟོད་འགྲེལ་ལུགས་ཀྱི་བདེ་མཆོག་གི་དབང༌། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང༌། ལཱུ་ཡི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད། དྲིལ་བུ་རིམ་ལྔ། ནག་པོ་པའི་རིམ་བཞི་དང་དཔྱིད་ཐིག་གི་ཁྲིད། འཁྲུལ་སྤངས་ལུགས་ཀྱི་ལྷ་དྲུག་ཅུ་རྩ་གཉིས་པ། མཻ་ཏྲི་བཅུ་གསུམ་མ། སྦྱངས་པའི་ཡོན་ཏན་ལཱ་བ་བཅུ་གསུམ་མ། སྡོམ་འབྱུང་བཅུ་གསུམ་མ། འཁོར་ལོས་སྒྱུར་དྲུག །འཇམ་པའི་རྡོ་རྗེ་ལྷ་ཉེར་ལྔ་པ། དྲིལ་ཆུང་ལྷ་ལྔ། གསར་འགྱུར་དྲག་པོ་ཕྱག་འབུམ་པ། བདེ་མཆོག་བོང་ཞལ་ཅན། ཁྲོ་བོ་རྡོར་སེམས། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། ཡུམ་བཀའ་ཕག་མོ་སོ་བདུན་མ། ནཱ་རོ་མཁའ་སྤྱོད། དཔྱལ་ལུགས་བདེན་གཉིས་ཞལ་ཅན། དོན་གྲུབ་མ། གསར་འགྱུར་ཤ་བ་རི་པའི་ཕག་མོ། རྔོན་པའི་གདམས་ངག་གི་སྨར་ཁྲིད། ཕག་མོ་འབྱུང་བ་ལྷ་ཉེར་གཅིག་པ། སམྦུ་ཊའི་རྡོར་སེམས་ལྷ་སོ་བདུན་མ། དགྱེས་རྡོར་ཞི་སྦས་ལུགས། ཕྱག་རྒྱ་བཞིའི་རྫོགས་རིམ་གྱི་ཁྲིད། གསང་འདུས་འཕགས་ལུགས། རིམ་ལྔ་འགོས་ལུགས་ཀྱི་ཁྲིད། འཇམ་པའི་རྡོ་རྗེ། གྲོལ་བའི་ཐིག་ལེའི་ཁྲིད། གཤེད་དམར་ལྷ་ལྔ་དང་བཅུ་གསུམ་མ། རྫོགས་རིམ་སྤྲོས་མེད་དང་རྣལ་འབྱོར་བཞི་རིམ་ཁྲིད། ཞང་ལུགས་གཤེད་ནག་ལྷ་བཅུ་གསུམ་མ། འཇིགས་བྱེད་སྐྱོ་ལུགས་ཁྲོ་མོ་བརྒྱད་སྐོར། མལ་ལུགས་ལྷ་དགུ། མི་གཡོ་ལྷ་དགུ། གསར་འགྱུར་སྒྲོལ་མ་རྣལ་འབྱོར་མ་རྣམས་ཀྱི་དབང༌། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ཕྱག་མཆན་དང་བཅས་པའི་རྒྱུད་བཤད། ཡེ་ཤེས་མྱུར་སྟེར་གྱི་ཁྲིད། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་སྤར་པོད་བཅུ་བདུན་ཡོངས་སུ་རྫོགས་པའི་བཀླག་ལུང༌། ཞི་སྦས་ལུགས་ཀྱི་བཀའ་བབས་དྲུག་ལྡན་གྱི་ཁྲིད། མངའ་བདག་མར་པ་ལས་བརྒྱུད་པའི་རྔོག་དཀྱིལ་སྔར་གྲགས་བདུན་པོ་ཆགས་མེད་ཡིག་ཆ་ལས་ལན་གཅིག་ཕུལ། རྗེས་ནས་རང་གིས་གསར་བསྒྲིགས་སྟེང་ནས་སྒྲོལ་དཀར་ཇོ་བོ་ལུགས་ཀྱི་རྗེས་གནང་དང་ཚེ་ཁྲིད། མར་ལུགས་རྡོར་སེམས་རྣམ་རྒྱལ་མ་སྒྲོལ་ལྗང་རྣམས་ཀྱི་རྗེས་གནང༌། ལམ་ཟབ་བླ་སྒྲུབ་ཀྱི་དབང༌། དགྱེས་རྡོར་མཚོ་སྐྱེས་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། གུར་རིགས་བསྡུས་རྣམས་ཀྱི་དབང༌། མར་ལུགས་བསྲེ་འཕོའི་ཁྲིད། མ་ཧཱ་མ་ཡའི་དབང༌། རྫོགས་རིམ་དབྱིབས་སྔགས་ཆོས་གསུམ་ཁྲིད། རྡོ་རྗེ་གདན་བཞི་ཡབ་བཀའ་ལྷ་མང་དང༌། ཡུམ་བཀའ་བཅུ་གསུམ་མའི་དབང༌། གདན་བཞིའི་རྫོགས་རིམ་ཁྲིད། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པའི་དབང༌། རྫོགས་རིམ་ཁྲིད། འདུས་པ་འཕགས་ལུགས་དབང༌། རིམ་ལྔ་མར་ལུགས། འཇམ་དཔལ་གསང་ལྡན་བླ་མེད་ལུགས། གཏུམ་པོ་ལྷ་ལྔ་རས་ཆུང་ལུགས་རྣམས་ཀྱི་དབང༌། བཀའ་བརྒྱུད་ཀཾ་ཚང་ལུགས་ཀྱི་བདེ་མཆོག་ལྷ་ལྔ། ཕག་མོ་ལྷ་ལྔ། རྒྱལ་རྒྱམ་ལྷ་དགུ་ལྷ་ལྔ་རྣམས་ཀྱི་དབང༌། ཟུར་མང་བཀའ་བརྒྱུད་ལས་བྱོན་པའི་བདེ་མཆོག་སྙན་བརྒྱུད་ཆེན་མོའི་དབང་དང་བྱིན་རླབས་ཐམས་ཅད། འཁོར་ལོ་ལྔའི་གཞུང་པོད་ཚང་མའི་ལུང༌། ཆོས་སྐྱོང་མ་མགོན་ཞལ་སྦྱོར་དབང་ཆེན། ཕྱག་བཞི་པའི་དབང་ཆེ་ཆུང༌། མ་མགོན་འཁོར་ལྔ་ཚེ་རིང་མ་སོགས་ཀྱི་རྗེས་གནང༌། ཇོ་ནང་རིན་འབྱུང་དང༌། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་ཞི་ཕྲེང་དྲག་ཕྲེང་ཆོས་སྐྱོང་གློག་ཕྲེང་བཅས་ཀྱི་རྗེས་གནང༌། རང་བྱུང་བའི་ཟབ་མོ་ནང་དོན། རྣམ་ཤེས་ཡེ་ཤེས། སྙིང་པོ་བསྟན་པ་རྣམས་ཀྱི་བཤད་ལུང༌། མར་མི་དྭགས་གསུམ་བྱིན་རླབས། ཕྱག་ཆེན་ཁྲིད་རྒྱས་འབྲིང་བསྡུས་གསུམ་དང་ནཱ་རོ་ཆོས་དྲུག་སོགས་ཀྱི་ཁྲིད་ལུང༌། ཤངས་ལུགས་རྒྱུད་སྡེ་ལྔའི་དབང་ཆེན། བདེ་མཆོག་ལྷ་ལྔའི་དབང་དང་ཁྲིད། ནི་གུ་ཆོས་དྲུག་ཇོ་ནང་ལུགས་ཀྱི་བྱིན་རླབས་རྣམས་དང་ཁྲིད། ཟུར་མང་དང་གནས་མདོ་ལུགས་ཀྱི་གཅོད་དབང་གཅོད་ཁྲིད། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་ཇོ་ནང་ནས་བརྒྱུད་པ། གཞན་ཡང་རྗེས་གནང་གི་རིགས། གོང་སྨྲོས་རྣམས་ཀྱི་ཡིག་ཆ་དང་ཆགས་མེད་གསུང་སྐོར་གཙོར་གྱུར་ལུང་གི་རྣམ་གྲངས་ཤིན་ཏུ་མང་པོ་ཕུལ། རྙིང་མའི་སྐོར་ལ་རྙིང་མ་རྒྱུད་འབུམ་སྤར་པོད་ཉི་ཤུ་རྩ་ལྔའི་བཀླག་ལུང༌། རྙིང་མ་བཀའ་མ་དྲག་དམར་འོ་བྲན་ལུགས། བཀའ་བརྒྱད་རྫོང་འཕྲང༌། རོང་ལུགས་ཕུར་པ། རོག་ཕུར་ལྷ་ནག །གདོང་དྲུག་ནག་པོ། གསང་རྫོགས་ཐུགས་ཀྱི་སྒྲུབ་པ། གཤིན་རྗེ་གཤེད་ཁ་ཐུན་ནག་པོ། གཤེད་དམར་རུ་མཚོན་དམར་པོ་རྣམས་ཀྱི་དབང༌། དེ་དག་གི་གཞུང་པོད་ཚང་མའི་ལུང༌། དོང་སྤྲུགས་ཞི་ཁྲོ་ཁྲོམ་དཀྲུགས་དང་པདྨ་བརྒྱ་ལྡན་གྱི་དབང༌། གཏེར་མའི་ཕྱོགས་ལ་ཉང་གཏེར་བཀའ་བརྒྱད་བདེར་འདུས་གཞུང་པོད་དགུའི་ལུང༌། ཆོས་དབང་གསང་རྫོགས་ཀྱི་དབང་ཆེན། དོན་དབང༌། གཞུང་པོད་བཞིའི་ལུང༌། བྱང་གཏེར་བཀའ་བརྒྱད་རང་ཤར། རིག་འཛིན་གདུང་སྒྲུབ། ཐུགས་སྒྲུབ་དྲག་པོ་རྩལ། ཐུགས་རྗེ་ཆེན་པོ། རྫོགས་ཆེན་དགོངས་པ་ཟང་ཐལ། ཕུར་པ་ཆེ་མཆོག་དང་སྤུ་གྲི། བསྟན་སྲུང་ཡོངས་རྫོགས་ལྷ་ཆེན་སོགས་ཀྱི་དབང་དང་ལུང་ཡོངས་རྫོགས། མཁའ་འགྲོ་སྙིང་ཐིག་དང་མཁའ་འགྲོ་ཡང་ཏིག་དབང་ལུང༌། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་དང་ངལ་གསོ་སྐོར་གསུམ་རྗེས་འབྲེལ་དང་བཅས་པའི་ལུང༌། ཞང་ཁྲོམ་ཚེ་བདག་ལྕགས་འདྲ་དང་ལྕགས་སྡིག་གི་དབང་ལུང་ཡོངས་རྫོགས། ར་ཤག་མ་མོ་སྒང་ཤར་གཞུང་པོད་ལུང༌། སངས་གླིང་བླ་མ་དགོངས་འདུས་པོད་བཅུ་གསུམ། ཐུགས་རྗེ་ཆེན་པོ་ཕྱི་རྒྱལ་པོ་ལུགས། ནང་ནོར་བུ་ལུགས། གསང་བ་མི་ཏྲའི་བླ་མེད་ལུགས་བཅས་པོད་གསུམ། ཕུར་པ་ཐུགས་ཀྱི་ཉིང་ཁུ། འཇམ་དཔལ་དཀར་དམར་ནག་གསུམ། ཁྱུང་གསང་བ་ཡང་ཁོལ་སོགས་ཀྱི་དབང་ལུང་ཡོངས་རྫོགས། ཀར་གླིང་ཞི་ཁྲོའི་དབང་དང་གཞུང་པོད་ལུང༌། ཞིག་གླིང་གཏེར་ཆོས་རྣམས་དང་འཇའ་ཚོན་སྙིང་པོའི་གཏེར་ཆོས་པོད་དྲུག་ཏུ་གྲགས་པ་རྣམས་ཀྱི་དབང་ཡོངས་རྫོགས། སྟག་ཤམ་ཡི་དམ་དགོངས་འདུས་གཙོར་གྱུར་གཏེར་ཆོས་ཕལ་མོ་ཆེའི་དབང༌། ཆོས་གླིང་གཏེར་ཆོས། ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་ཆོས་ཆེ་ཆུང་ལྔ། རོལ་རྡོར་མཚོ་བྲག་གཉིས་ཀྱི་སྐོར་ཚང་མའི་དབང་ལུང་གིས་མཚོན་གཏེར་མའི་ཕྱོགས་ཆེ་ཕྲ་ཤིན་ཏུ་མང་བ་རྣམས་དང༌། རང་རྩོམ་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་བཤད་ལུང་གི་ཚུལ་དུ་གསན་པར་བཞེད་པ་སོགས་རང་རྩོམ་རིགས་ཕལ་མོ་ཆེའང་བཀས་གནང་མ་ཐག་པ་ནས་དགྱེས་པ་སྐོང་བའི་སླད་དུ་གུས་པ་ཆེན་པོས་འབུལ་བར་བགྱིས་པའོ། །དེ་དག་རྣམས་ཀྱང་གསན་ཐོ་བཞུགས་རིགས་ལས་རགས་བསྡུས་ཙམ་བཀོད་པ་སྟེ་གསན་ཐོ་གང་བཞུགས་རྣམས་བཀོད་ན་ཡིག་ཚོགས་ཧ་ཅང་ཆེ་བ་དང་ཕལ་ཆེར་ཐོ་ཡིག་ཀྱང་མ་བཞུགས་པས་ཞིབ་པར་མ་འཚལ་ལོ། །དེ་ལྟར་རྒྱ་མཚོ་ཆེན་པོ་ལ་ཆུ་ཀླུང་བྱེ་བ་འབུམ་ཕྲག་སྙེད་སྡུད་ཀྱང་བྲི་བ་དང་གང་བ་ནམ་ཡང་མེད་པ་བཞིན་ཆོས་ཀྱི་རྒྱ་མཚོ་ཆེན་པོ་འདིས་ནི་དམ་པའི་ཆོས་ཀྱི་ཆུ་ཀླུང་ནམ་ཡང་ངོམས་པ་མེད་པར་གསོལ་བའི་རྣམ་ཐར་འདི་གཅིག་པུའང་ད་ལྟའི་གང་ཟག་སུས་ཀྱང་ཆ་ཙམ་བསྒྲུན་ནུས་པ་མ་མཆིས་སོ།།  །།ལྔ་པ་དེ་ལྟར་གསན་པའི་དོན་ཐུགས་ཉམས་སུ་བཞེས་ཏེ་མངོན་པར་རྟོགས་པའི་ཡོན་ཏན་གྱིས་འཕགས་པའི་ཚུལ་ནི། དེང་སང་སྙིགས་མའི་མཐར་མཆོག་དམན་ཐམས་ཅད་གལ་ཆུང་ཆོས་ལ་བྱེད་པའི་དུས་ངན་ཤར་བས། ད་ལྟར་སངས་རྒྱས་པའི་ཆོས་ཁུར་པོ་གཅིག་ལས་ཀྱང་ཁེ་གྲགས་ཟང་ཟིང་དངོས་པོ་ཕྲ་མོ་ཙམ་སྙིང་གི་དཀྱིལ་དུ་འཆང་བ་དང༌། རི་བོང་ཅལ་སྒྲོག་གི་རྗེས་སུ་རྒྱུག་པ་དང་བློ་ཆུང་དྲན་མང་འགའ་ཞིག་གིས་ཞུས་ཞུས་ཐོབ་ཐོབ་མང་པོ་བྱས་ཀྱང་དཔེ་ཆ་ལྡེབ་གཅིག་མི་བཞེངས། དོན་སྣེ་གཅིག་ཉམས་སུ་མི་ལེན། ཕལ་མོ་ཆེས་ནི་རང་ཉིད་དཀའ་ལས་གང་ཡང་མི་དགོས། ཆོས་ལ་ཞུ་རྟེན་མི་དགོས། ཕྱིན་ཆད་ཁས་ལེན་དམ་བཅའ་མི་དགོས་པའི་ཆུ་ཆེན་ནས་ཆུ་བཅུས་པ་ལྟ་བུ་ཞིག་བྱེད་དུ་ཡོད་ན་ཞུ་བ་སྐད་དང༌། དེའང་ཆོས་ཞུས་ཤིང་ཉན་པའི་དྲིན་བརྩི་བླ་མ་ལ་བྱེད་པའི་སྐབས་འདིར། རྗེ་བླ་མ་འདི་ནི་དངུལ་ཆུ་ས་ལ་ཕོ་ཡང་རྡུལ་དང་མ་འདྲེས་པ་ལྟར་ངན་པའི་མིག་ལྟོས་ཀྱིས་ནམ་ཡང་མ་བསླད་པར། སྐུ་ཆུང་ངུ་ནས་བླ་མ་ཚུལ་བཞིན་བསྟེན་པ་དང་དམ་ཆོས་ཚུལ་བཞིན་དུ་ཚོལ་བའི་རྣམ་པར་ཐར་པ་ལྷན་སྐྱེས་སུ་མངའ་བས་དབུས་གཙང་ནས་ལྷོ་མོན་ཚུན་ཆད་ཀྱི་གནས་རྟེན་རྣམས་མཇལ་བ་དང༌། རྣམ་འདྲེན་དམ་པ་རྣམས་ལས་ཆོས་གསན་དུ་ཕེབས་པ་ནའང་ཉེ་གནས་དམ་པ་ཚུལ་ཁྲིམས་རྒྱ་མཚོ་དང་དཔོན་སློབ་གཉིས་ཁོ་ན་བྱ་བཏང་ཀུན་ཏུ་རྒྱུའི་ངང་ཚུལ་གྱིས་ཕེབས། སྐབས་རེར་ཞབས་ཕྱགས་ཀྱང་མེད་པར་ཞབས་རྗེན་ཁོ་ནས་གཤེགས་པས་མཚོན་དཀའ་བ་དུ་མ་སྤྱད་དེ་གནས་རྟེན་རྣམས་ལ་ཕྱག་མཆོད་ཚོགས་སྐོང་སྨོན་ལམ་མཐིལ་ཕྱིན་པ་གནང༌། བླ་མ་རྣམས་ལ་དངོས་པོ་རྒྱ་མི་ཆེ་རུང་སྤུས་ནམ་གཙང་བའི་ཕྱག་རྟེན་ཅི་འབྱོར་པ་རེ་དང་བཅས་ཆོས་དང་གདམས་ངག་ཐུགས་ཁ་མ་རྫོགས་བར་འཚོ་ཆས་འབྱོར་མིན་དང་ཡུན་རིང་ཐུང་ལ་མི་གཟིགས་པར་གསན། ཕྱིས་སུ་བཞེད་པ་མེད་ཀྱང་འབྱོར་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་སྐབས་སུ་ནི་ཉིན་རེ་བཞིན་ཡང་མཎྜལ་གྱི་རྟེན་དངོས་གཙང་བ་རེ་དང་དབང་ཆོས་གྲུབ་པའི་སྐབས་སུ་ཞབས་བརྟན་དང་འབྲེལ་བར་དངོས་པོ་གང་བཟང་གི་འབུལ་བ་སྤོམ་མཐོ་བ་རེ་མཛད་པ་སོགས། མདོར་ན་ཅི་མཛད་ཐམས་ཅད་མདོ་རྒྱུད་ནས་བཤད་པའི་ཆོས་མཐུན་གྱི་མཛད་པ་འབའ་ཞིག་ལྷུར་བཞེས་པ་སྟེ། རིན་ཆེན་བང་མཛོད་ལས། སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་ན་སངས་རྒྱས་དངོས་དང་མཚུངས། །རབ་དྭངས་སྲི་ཞུས་གུས་པས་སྤྱི་བོས་བསྟེན། །ཅེས་པ་ལྟར་སུམ་ལྡན་རྡོ་རྗེ་འཛིན་པ་རྣམས་ཚུལ་དེ་བཞིན་དུ་བསྟེན་པར་མཛད་པ་དང༌། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་ཉན་གྱི། །འདི་ལ་འཕྱ་ཞིང་སྐུར་བ་མི་བྱ་འོ། །ཆོས་སྨྲ་བ་ལ་མཆོད་པར་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་སྐྱེད། །ཅེས་གསུངས་པ་ལྟར་ཆོས་སྨྲ་བའི་བཤེས་གཉེན་ཐམས་ཅད་ལ་དེ་བཞིན་གུས་པར་མཛད་པ་དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ལས། འཇམ་དཔལ་གང་ན་ཆོས་སྨྲ་བ་འདུག་གམ། དེ་མཐོང་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ཆོས་སྨྲ་བ་དེ་ལའང་མཆོད་པར་བྱ་སྟེ། གལ་ཏེ་ཆོས་སྨྲ་བ་དེས་མཚམས་མེད་པ་ལྔ་སྤྱོད་ཀྱང་དེ་ལ་སེམས་འཁྲུགས་པར་མི་བྱའོ། །ཞེས་གསུངས་པའི་དོན་ཐུགས་ལ་བཞག་ནས་ཕལ་པ་ལྟར་སྣང་བ་རྣམས་ལའང་གུས་པ་དང་བཅས་པས་གདམས་ངག་སྣ་རེ་ཡིན་ཀྱང་གསན་པར་མཛད་ཅིང༌། གང་གསན་པའི་རིགས་ཐམས་ཅད་གཡས་ཆུང་དུ་མི་བཞག་པར་ཕྱག་དཔེ་འདྲི་བ་དང༌། གསར་རྙིང་རྒྱུད་སྡེ་རྣམས་ཀྱི་དཀྱིལ་ཐང༌། གཏེར་མ་ལ་སོགས་པའི་ཙཀ་ལི་བཞེངས་པ་དང༌། དབང་ཆས། མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཕྱག་རྫས་གང་ཡོད་ཕངས་མེད་དུ་བཏང་ནས། གཞན་གྱིས་དཔེར་འོས་པ་ཤ་སྟག་བཞེངས་པ་སོགས་བླ་མ་དམ་པ་རྣམས་མཉེས་ཤིང་བསྟན་པ་ལ་ཕན་པའི་མཛད་པ་ཁོ་ན་ལྷུར་བཞེས་པས་ས་ལམ་གྱི་ཡོན་ཏན་ཞར་བྱུང་དུ་རྫོགས་པ་གཞིར་བཞག །ལོ་ལེགས་ན་ཕུབ་མ་ཞར་ལ་འབྱུང་བ་ལྟར་གནས་སྐབས་ཀྱི་དཔལ་དང་འབྱོར་པ་ཐམས་ཅད་ཀྱང་ལོ་རེ་བཞིན་ཇེ་རྒྱས་སུ་འགྱུར་བ་སྟེ། ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་དེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབས་ན། །འདོད་པ་ཐམས་ཅད་འགྲུབ་པ་དང༌། །བསོད་ནམས་དཔག་ཏུ་མེད་པ་འཐོབ། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་གཉེས་པར་སུས་བྱས་ན། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་གསུངས་པ་ཉིད་མངོན་དུ་གྱུར་པའོ། །གང་ཞིག་གསན་པ་དེ་དག་ཐམས་ཅད་ཀྱང་མིང་རྐྱང་ཙམ་མ་ཡིན་པར་གྲུབ་མཐའ་སོ་སོའི་བཤད་པའི་རྣམ་གྲངས། ལྟ་སྒོམ་གྱི་འཇོག་མཚམས། བསྐྱེད་རྫོགས་སོ་སོའི་ཟབ་གནད། ཆོ་ག་དང་མན་ངག་གི་ཕྱག་ལེན་ཕྲ་མོ་ཚུན་ཆད་རང་རང་གི་ལུགས་སྲོལ་མ་འདྲེས་པར་གསལ་བར་མཁྱེན་ཅིང་དེ་ལྟར་ཕྱག་ལེན་དུའང་བསྟར་བར་མཛད་དོ། །དེ་དག་ཀྱང༌། ཇི་སྐད་དུ། དམ་པས་ཁས་འཆེ་མང་པོ་མི་བྱེད་ལ། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་དང༌། བླུན་པོ་ཆུ་ཡི་རི་མོ་འདྲ། །གང་ཞིག་བྱས་པ་དེ་མྱུར་འཇིག །མཁས་པ་རྡོ་ཡི་རི་མོ་འདྲ། །ཤིན་ཏུ་ཕྲ་བའང་བརྟན་པར་གནས། །ཞེས་པ་ལྟར་རིག་པའི་གནས་དང་མདོ་རྒྱུད་ལ་གསན་བསམ་མཛད་པའི་དོན་གོ་སྐུ་ན་གཞོན་པའི་སྐབས་སུ་འཆད་སྤེལ་གྱིས་སློབ་མ་བསྐྱངས། ཕྱིས་སུ་རྩ་བའི་གཞུང་དང་འགྲེལ་པ་ཕལ་མོ་ཆེ་པར་དུ་བཞེངས་ནས་ཆོས་སྦྱིན་འཛད་པ་མེད་པའི་སྒོ་འཕར་ཕྱེས། མདོ་རྒྱུད་ཀྱི་གཞུང་རྣམས་ཀྱང་སྣོད་དང་ལྡན་ཅིང་སྐབས་སུ་བབས་པ་ན་ཞིབ་མོར་བཤད། གཙོ་བོར་གསང་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོ་རྣམས་ལ་ཉམས་བཞེས་ཆད་པ་མེད་པར་མཛད་དེ། དགུང་ལོ་ཉེར་བཞི་པ་ཆུ་མོ་ཡོས་ཀྱི་ལོར་མཁན་རིན་པོ་ཆེ་འཇམ་དཔལ་བཟང་པོ་དང་ལྷན་ཅིག་མདོ་ཁམས་སུ་ཕེབས་ནས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་ཤག་ཏུ་བཞུགས་སྟན་འཇགས་ནས་ལོ་བཞི་ཙམ་ལ། ངོར་ལུགས་ཀྱི་ཕྱག་བཞེས་ལྟར་ཀྱེ་རྡོར་གཞི་བསྙེན་སྔོན་དངོས་རྗེས་ཚང་ཟླ་བ་བརྒྱད་ཀྱི་ཁོངས་སུ་བསྒྲུབ། བྱ་རྒྱུད་རིགས་གསུམ་སྤྱི། སྤྱོད་རྒྱུད་རྣམ་སྣང་མངོན་བྱང༌། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་རྣམས་ལ་ལས་རུང་གི་ལྗགས་བསྙེན་བཏང༌། ཆ་མཐུན་རྒྱུད་ཀུན་རིག་ཟླ་བ་དྲུག་གི་ཁོངས་སུ་བསྙེན་པ་རྒྱས་པ། གཞན་ཡང་རྣམ་འཇོམས། གདུགས་དཀར་གྱིས་མཚོན་པའི་ཕྲན་ཚེགས་ཀྱི་ལྗགས་བཟླས་ཀྱང་མང་དུ་མཛད། དགུང་ལོ་ཉེར་དགུ་པ་ས་སྤྲེལ་ལོར་མཁན་རིན་པོ་ཆེ་དང་ལྷན་ཅིག་བོད་དུ་ཕེབས་ནས་ལོ་གསུམ་ཙམ་བཞུགས། ལྕགས་ཕག་དགུང་ལོ་སོ་གསུམ་པར་ཕྱིར་ཕེབས་ནས་གསར་མའི་ཕྱོགས་ནས་དུས་ཀྱི་འཁོར་ལོ་གཙོས་པའི་རྒྱུད་སྡེ་ཆེ་ཕྲ། མཁའ་སྤྱོད་མ་སོགས་མཁའ་འགྲོའི་རིགས། གུར་ཞལ་སོགས་ཆོས་སྲུང༌། གཞན་ཡང་སྒྲུབ་ཐབས་མང་པོའི་རྣལ་འབྱོར་གྱི་རིམ་པ་ལ་བཞུགས་ནས་ལྗགས་བཟླས་དུ་མ་མཛད། རྙིང་མའི་ཕྱོགས་སུ་གཏེར་ཁ་གསར་རྙིང་གི་གུ་རུའི་ཐུགས་སྒྲུབ་ཞི་དྲག་ཆེ་ཕྲ། ཐུགས་རྗེ་ཆེན་པོའི་རིགས། ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་ཞི་ཁྲོ། བཀའ་བརྒྱད་ལུགས་སྲོལ་བཅུ་དགུ་ཙམ་དང་ཕུར་པ་ལུགས་སྲོལ་དེ་ཙམ། གསར་རྙིང་གི་ཚེ་སྒྲུབ་རིགས་བརྒྱ་རྩ་རེ་ཟུང་རྣམས་ལ་བསྙེན་བཟླས་དང༌། ཚོགས་སྐོང་བཤགས་ནར་མ། ཡར་མར་གྱི་ཚེས་བཅུ་དང་དུས་ཆེན་རིགས་ལ་ཚོགས་དང་མཆོད་པ་ཤིན་ཏུ་རྒྱས་པ། རྒྱུན་དུ་མར་མེའི་ཕྲེང་བ་གཙོར་བྱས་པའི་མཆོད་པའི་ཕྲེང་བ་ཚར་དུ་དངར་བ་རྣམ་གྲངས་དུ་མ་བཤམས་ནས་གསག་སྦྱོང་སྤེལ་བའི་རིམ་པ་ཕལ་པའི་བློས་འཁྱུད་པར་དཀའ་བ་ཁོ་ན་གནང༌། ཁྱད་པར་དུའང་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། གང་གིས་སེ་གོལ་གཏོགས་པའི་ཡུན་ཙམ་ཅིག་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་གྱིས་གདམས་པར་བྱའོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ལྟས་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་ལ་འཇུག་ན་བསྟན་པ་དོན་མེད་འགྱུར། །ཅེས་གསུངས་པའི་དོན་ཐུགས་ལ་བཅངས་ནས། སྤྱིར་དགུང་ལོ་ཆུང་ངུའི་དུས་ནས་སྐྱེས་ཐོབ་ཀྱི་སྟོབས་ཀྱིས་མཚན་བཅས་རྩ་རླུང་ཐིག་ལེའི་རྣལ་འབྱོར་འབད་རྩོལ་ཆུང་ངུས་འགྲུབ་པ་དང༌། ཉིན་མཚན་གྱི་རྟགས་བཅུ་དང་སྲིད་པ་གསུམ་གྱི་སྟོང་གཟུགས་རྐྱེན་ཆུང་ངུ་ལ་བརྟེན་ནས་ཤར་བ་དང༌།  འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེའི་འཆར་སྒོ་ཅི་རིགས་པ་འབྱུང་བ་དང༌། ཆོས་ཉིད་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པ་གཟིགས་པས་སེམས་འཛིན་དང་བྱུང་གནས་འགྲོ་གསུམ་གྱི་རྩད་གཅོད་སོགས་རིམ་གྱིས་པའི་ལམ་ལ་བརྟེན་མ་དགོས་པར་རང་བཞིན་ལྷུན་གྲུབ་ངང་བཞག་ཆེན་པོའི་ལྟ་སྒོམ་གྱི་ལྷུམས་སུ་ཚུད་ཀྱང་གདུལ་བྱ་རིམ་སྐྱེས་དང་བློ་རིགས་ཐ་དད་པ་རྣམས་དྲང་བའི་སླད་དང༌། སྨིན་གྲོལ་གྱི་རིམ་པ་ཟབ་མོ་གསན་པའི་གཤམ་དུ། སློབ་དཔོན་གྱིས་དེ་ཉིད་ཉམས་སུ་ལེན་དགོས་པར་གདམས་པ་ན། སློབ་བུས་གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་ཀྱི་ཁས་ལེན་ཞུ་བའི་སྲོལ་མཆིས་པ་རྣམས་ཀྱང་རྗེས་སུ་བསྒྲུབ་ཅིང་གསན་པ་རྣམས་ཆུད་ཟོས་སུ་མི་གཏང་བའི་ཕྱིར། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ། མཁའ་སྤྱོད་མའི་རྫོགས་རིམ་གྱི་དམིགས་རྐང་སོགས་ཀྱང་ཚར་རེ་མ་ཆག་པ་དང༌། ལོ་གསུམ་བཅད་རྒྱའི་ཁོངས་སུ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་བསྒྲིགས་པའི་ཟབ་ཁྲིད་བརྒྱ་དང་བརྒྱད་པ་ཉིད་རྩ་བར་བཟུང༌། སྒོམ་དོན་ཞིབ་མོ་སོ་སོའི་ཁུངས་སུ་གྱུར་པའི་ཁྲིད་ཡིག་རྣམས་དང་སྦྱར་ཏེ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་སོགས་ཀྱིས་རྒྱུད་སྦྱང་བ་སྔོན་དུ་བཏང་ནས། ཐོག་མར་བླ་མ་ས་སྐྱ་པའི་ཞེན་པ་བཞི་བྲལ་ནས་བཟུང༌། བྲམ་པ་ཀུན་དགའ་བཟང་པོའི་ཕྱག་རྫོགས་ནོར་བུ་མཐོང་གྲོལ་གྱི་བར་རྣམས་ལ། མདོ་དང་ཐུན་མོང་བའི་ལམ་རིམ་ཞེན་པ་བཞི་བྲལ། བཀའ་གདམས་ལམ་རིམ། བློ་སྦྱོང་དོན་བདུན་མ། དམར་ཁྲིད་རིགས་གསུམ་སོགས་དང༌། རྒྱུད་སྡེ་སོ་སོའི་རྫོགས་རིམ་དུས་འཁོར་སྦྱོར་དྲུག །ཀྱེ་རྡོར་ལམ་འབྲས། བདེ་མཆོག་ལཱུ་དྲིལ་ནག་གསུམ་སོགས་དང༌། རྒྱུད་སྡེ་ཐུན་མོང་གི་རྫོགས་རིམ་ནཱ་རོ་དང་ནི་གུའི་ཆོས་དྲུག །དྭགས་པོ་ལུགས་ཀྱི་ཕྱག་ཆེན་རྣམས་གཙོ་བོར་མཛད་ཅིང་ཞག་གྲངས་མང་བ་དང༌། གཞན་ཐམས་ཅད་ཀྱང་ཆད་ལུས་གཅིག་ཀྱང་མེད་པར་ཉམས་བཞེས་མཐར་ཕྱིན་པར་མཛད། རྙིང་མའི་ཕྱོགས་སུ་སེམས་སྡེ་ལུགས་གསུམ། ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པ། བི་མ་དང་མཁའ་འགྲོ་སྙིང་ཐིག །གཏེར་མའི་ཕྱོགས་ནས་ཀློང་ཆེན་སྙིང་ཐིག་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་དང༌། སེམས་ཉིད་ངལ་གསོ་སོགས། ཁྲོ་ཕུ་ལུགས་ཀྱི་ཁྲིད་ཞག་བདུན་མ་རྣམས་སོགས། བོ་དོང་ལུགས་ཀྱི་ཁྲིད་སོགས་མདོར་ན་ཁྲིད་ཚུལ་གསན་ཚད་ཤར་སྒོམ་རེ་ཙམ་མ་མཛད་པ་གང་ཡང་མེད་པས་ཉམས་དང་རྟོགས་པའི་ཡོན་ཏན་ཉིན་རེ་བཞིན་ཡང་གོང་འཕེལ་དུ་གྱུར། མདོར་ན་སྔ་རྗེས་ལོ་གྲངས་བཅུ་གསུམ་ཙམ་དུ་བསྐྱེད་རྫོགས་ཁོ་ན་ལ་བརྩོན་པར་མཛད་པས་སྔ་ཕྱིར་གྲུབ་པའི་མཚན་མ་མངོན་དུ་གྱུར་པའང་ཅི་རིགས་པར་བསྟན་ཡོད་པར་སྣང་བ་ལས་མཐོང་ཐོས་སུ་གྱུར་པ་ནི། ལྕགས་ཟམ་ཆུ་བོ་རིའི་ཚེ་ཆུ་ཕུག་ཏུ་ཚེ་རྟ་ཟུང་འབྲེལ་སྒོམ་བཟླས་མཛད་པའི་སྐབས་ཚེ་ཆུ་ཀར་ཡོལ་གང་གློ་བུར་དུ་བབས། ཡར་ཀླུངས་ཚེ་ཆུ་འབུམ་པ་ལ་ཕྱག་མཆོད་མཛད་པ་ནའང་དེ་མཚུངས་དང༌། ལྷ་ལྡན་ཇོ་བོ་རང་བྱོན་ལྔ་ལྡན་ལ་ཕྱག་མཆོད་མཛད་སྐབས་རིང་བསྲེལ་ཁ་ཤས་ཕྱག་ཏུ་ཕེབས། དཔལ་སྤུངས་གླིང་སྟོད་ནས་བདག་ཅག་འདུས་པ་རྣམས་ལ་ཉང་གཏེར་ཁྲོས་ནག་གི་དབང་གནང་སྐབས་དབང་རྟེན་ཐོད་པ་རེག་ཏུ་མི་བཏུབ་པ་ཙམ་གྱི་དྲོད་འབར། བྱང་རྫ་རྒྱུད་མ་མོ་ཐང་དུ་རྫོགས་ཆེན་དཔལ་སྤྲུལ་ནས་རྡོ་འབུམ་ལ་རབ་གནས་ཞུས་པར་ཚེས་བཅོ་ལྔ་ཞིག་ལ་མཆོད་པ་ཤོམས་ཤིག་གསུངས་ནས་རྫོང་སར་བཞུགས་གནས་ནས་དགོངས་གཏད་མཛད་པས། ཉིན་ལམ་བདུན་བརྒྱད་ཀྱི་བར་ཆོད་པའི་རྡོ་འབུམ་དེར་རབ་གནས་ཀྱི་མེ་ཏོག་ཆར་བབས་པ་བཞིན་བྱུང་བ་དེར་གནས་ཕལ་མོ་ཆེས་དད་རྟེན་དུའང་ཐོབ། ཕྱིས་སུ་ཚེ་སྒྲུབ་ལོ་གསུམ་ཙམ་ཆགས་མེད་མཛད་སྐབས་ཚེ་ཆང་རྒྱུན་བཞག་དེ་དབྱར་མི་རུལ། དགུན་མི་འཁེངས། ཁ་དོག་སེར་སྨུག་ཤིན་ཏུ་སྐ་བའི་ཉམས་ཅན། དབུས་ནས་གྱེན་དུ་ཕྱུར་བ་ལ་དྲི་རོ་གང་གིས་ཀྱང་མཚོན་དུ་མེད་པའི་ཡ་མཚན་ཅན་དུ་གྱུར། དད་སྐལ་ལྡན་པ་རྣམས་ཀྱིས་ཐོག་མར་མཇལ་སྐབས་ཐང་སྟོང་རྒྱལ་པོ་སོགས་སྐུའི་རྣམ་པ་ཐ་དད་དུ་མཐོང་བ་དང༌། གང་ཟག་བཟང་པོ་ཞིག་ལ་འཕགས་མའི་སྙིང་ཐིག་གི་དབང་བསྐུར་གནང་བའི་སྐབས་སྤྱན་བདུན་པོ་བཀྲ་ཧྲིག་ཡོད་པ་མཇལ་བས་དད་པའི་ཤུགས་ཀྱིས་ཤེས་པ་བརྒྱལ་ཐབས་སུ་སོང་བ་སོགས་མང༌། དངོས་ཉམས་མནལ་ལམ་ཅི་རིགས་པར་དག་སྣང་ཞལ་གཟིགས་རྒྱུན་ཆད་མེད་པར་འབྱུང་ཡང་དད་ལྡན་བློ་ཐུབ་ལ་ཟུར་ཙམ་རེ་ལས་གཏན་ནས་མི་གསུང༌། གཞན་པས་མཐོང་སྣང་བྱུང་ཚུལ་ཞུས་པ་ལའང་རླུང་ཁམས་ལྡང་བའི་མིས་མི་རིགས་མི་མཐོང་བ་ཅི་ཡོད། དེ་འདྲ་ལ་བློ་གཏད་ཅིའང་མེད་ཚུལ་གྱིས་ང་རྒྱལ་གཅོག་པ་ཁོ་ན་མཛད། སྐབས་རེར་ཟུར་ཙམ་གསུངས་པ་ལ་སངས་རྒྱས་བྱང་སེམས། རིག་འཛིན་མཁའ་འགྲོའི་ཚོགས་ལས་ཆོས་གསན་པ་དང༌། ཚིག་དོན་གྱི་སྒྲོ་འདོགས་བཅད་པ་དང༌། རྡོ་རྗེའི་སྔགས་རྒྱུད་མང་པོ་སྒྲོག་པ་དང༌། རྡོ་རྗེའི་གླུ་སྙན་ཅིང་དོན་ཟབ་པ་ལེན་པ་སོགས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པའི་ངོ་མཚར་འབྱམས་ཀླས་ཤིང༌། སྔ་ཕྱིར་ཀླ་ཀློ་དང༌། དམ་སྲི་གདུག་པ་ཅན་ཚར་བཅད་པའི་མཚན་མའང་མང་དུ་གཟིགས། དག་སྣང་གི་རིགས་ཅུང་ཟད་འོག་ཏུ་འཆད་པར་འགྱུར་ལ། འདིར་ཡང་ཅུང་ཟད་སྨྲོས་ན་གཙང་དུ་ཕེབས་སྐབས་དཔལ་ས་སྐྱའི་གདན་སར་ས་ཆེན་ཕུག་ཏུ་འཇམ་དབྱངས་དམར་སེར་གྱི་རིལ་བུ་སྒྲུབ་པ་ཞག་བདུན་མཛད་གྲུབ་པའི་ཐོ་རངས་ཁར། མདུན་གྱི་གཞི་སྟེང་དུ་འོད་དམར་སེར་གྱི་གོང་བུ་ཆེ་བ་ཞིག་གི་ནང་དུ་ཨུཏྤལ་སྔོན་པོ་ཁ་བྱེ་མ་ཐག་པ་ཅན་ཡུན་ཅིག་གསལ་བའི་མཐར་ཐུགས་ཀར་ཐིམ་པ་ཞིག་བྱུང༌། དེ་ཕྱིན་བློ་གྲོས་ཀྱི་སྤོབས་པ་ཇེ་འཕེལ་དུ་སོང་ནས་སུ་ལ་ཅི་ཞིག་འཆད་ཀྱང་ཐོགས་པ་མེད་པ་བྱུང་གསུངས། ཕྱིས་མེ་ཡོས་ཟླ་བ་གསུམ་པའི་ཚེས་ལྔ་ལ་ཨ་ལོ་ཞེ་དགར་ཁྱིམ་བདག་ཅིག་རྩར་བཞུགས་པའི་མནལ་ལམ་དུ་བཞུགས་ཁྲི་མཐོན་པོ་ཞིག་གི་ཁར་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་དང་ལྷན་ཅིག་ཏུ་བཞུགས། མཁན་ཆེན་རིན་པོ་ཆེས་འཐོར་ནས་མཛད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཀྲ་ཤིས་ཚིགས་བཅད་བརྒྱ་ཕྲག་མང་པོ་གསུང་བ་ཞིག་བྱུང་བས། དེའི་ཐོག་མའི་ཚིགས་བཅད། ལྷ་དབང་ལྷ་ཡི་ལོངས་སྤྱོད་ཆེན་པོས་བརྗིད། །མི་དབང་མི་ཡི་འབྱོར་པ་ཆེན་པོས་མཐོ། །ཀླུ་དབང་ཀླུ་ཡི་ནོར་བུ་ཆེན་པོས་ཕྱུག །འཇིག་རྟེན་ཆེན་པོ་གསུམ་གྱི་བཀྲ་ཤིས་ཤོག །གེ་སར་མངོན་ཤེས་རྫུ་འཕྲུལ་འགྲན་ཟླ་མེད། །ཞལ་ལུ་དཔའ་རྒོད་སྙིང་སྟོབས་འགྲན་ཟླ་མེད། ཁྲོ་ཐུང་འཕྲུལ་དང་བཀྲ་ལག་འགྲན་ཟླ་མེད། །འགྲན་མེད་མི་ཕོ་གསུམ་གྱི་བཀྲ་ཤིས་ཤོག །རྒྱ་བཟས་རྒྱ་ཡི་རྟེན་མཆོག་ཐབས་ཀྱིས་དྲངས། །བལ་བཟས་བལ་པོའི་མཆོད་སྡོང་རྫོངས་སུ་ཐོབ། །འབྲུག་མོས་འབྲུག་ལྟར་གྲགས་པའི་གཏམ་རྒྱུད་བཞག །ཡ་མཚན་བུད་མེད་གསུམ་གྱི་བཀྲ་ཤིས་ཤོག །ཅེས་པ་འཕྲལ་དུ་འབྲི་བར་མཛད་ནས་དེ་ཀའི་ཁྱིམ་དུ་བསླན། དེ་རྗེས་ཕྱོགས་དེའི་གར་བྱོན་སར་བཀྲ་ཤིས་ཀྱི་ཚིགས་གཅད་ངོ་མཚར་བ་མང་དུ་མཛད། ཁོ་བོའི་སྒྲུབ་ཁང་སོགས་ལའང་བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་དང་སྦྱར་བ་སོགས་མང་དུ་གནང་བ་རྣམས་ཀྱང་རྟེན་འབྲེལ་གྱི་སྒོ་ཁྱད་པར་ཅན་ཞིག་ཡོད་པར་མངོན། ཡང་ཕྱོགས་དེའི་སྦྱིན་བདག་ནིས་མདའ་ཚང་ལ་བཞུགས་པའི་མནལ་ལམ་དུ། ཀླ་ཀློའི་ཞགས་པ་བྱུང་ཟེར་མ་ཐག་ཏུ་དྲུ་གུ་འདྲ་བ་ཞིག་ཧྲིལ་གྱིས་བྱུང་ནས་སྐུ་ལུས་དཀྲིས་ཏེ་ནམ་མཁར་ཁྱེར་སོང་བས་ཅུང་ཟད་ཐུགས་ཞད་པའི་རྣམ་པ་བྱུང་མ་ཐག །མགོན་པོ་ཕྱག་བཞི་པ་བྱུང་ནས་གྲི་གུག་གིས་བཅད་སོང་བས་ས་ཐོག་ཏུ་རྡོ་རྗེ་ལེགས་པ་འདུག་པས་སྐུ་ལུས་པང་དུ་བཏེགས་ནས། ཧེ་ཧེ། མགོ་མཐོ་ས་ལ་བཏགས། སྐེ་ཕྲ་ས་ནས་ཆད་ཟེར་དཔེས། བྱད་ཐག་མགོན་པོས་བཅད་པ་བཟང་སྟེ་ང་མེད་ན་ས་ཐོག་ཏུ་འོ་བརྒྱལ་བྱས་ཨང་སོང་ཟེར་བ་དང་མནལ་སད། འདི་སྐོར་དུ་གར་ཕེབས་ཀྱི་རི་རྣམས་ཟང་ཐལ་དུ་གཟིགས་ཤིང་གནས་རི་རྣམས་ལ་རྩ་གསུམ་ལྷ་ཚོགས་ཅི་གནས། གཏེར་ཁ་དུ་ཡོད་ཐམས་ཅད་སྒྲིབ་མེད་དུ་གཟིགས་པ་ཞིག་བྱུང་འདུག །འོག་གསང་རྣམ་དུའང་ཁྱུགས་ཙམ་སྨྲོས་པ་ལྟར། ཁྱད་པར་དཔལ་འབྱོར་སྒང་དུ་བཞུགས་པའི་ནུབ་གཅིག་སྟོད་འབྲས་མོ་ལྗོངས། བར་པདྨ་བཀོད། སྨད་གཡུ་ལུང་གངས་ར་ཡན་ཆད་ཀྱི་གནས་ཀྱི་བཀོད་པ་དང་གཏེར་ཁ་གང་ཡོད་སོགས་མེ་ལོང་གི་གཟུགས་བརྙན་བཞིན་སྒྲིབ་མེད་མ་འདྲེས་གསལ་བར་གཟིགས། དེ་སྐབས་མཆོག་གྱུར་གླིང་པ་བོད་དུ་བྱོན་པས་མོན་ཡུལ་དཀར་མོ་བྲག་གི་ཁ་བྱང་ཡང་བྱང་སྙིང་བྱང་གནད་བྱང་བཅས་གཅིག་ཏུ་བསྡོམས་པ་མར་མེའི་འོད་ལ་བྲིས་ཏེ་བོད་དུ་བསྐུར་རྩིས་མཛད་ཀྱང་། རྗེས་སོར་མཚོ་རྒྱལ་གྱི་ལུང་བསྟན་དེ་བྱུང་ཕྱིན་དེ་ཕྱོགས་འཕྲོས་ཙམ་ཡང་མི་གནང་ཞིང་ཡི་གེ་དེའང་བསྐུར་མཛད་མ་སོང་བས་དེ་ཕྱོགས་ཀྱི་རྟེན་འབྲེལ་ཐམས་ཅད་བོད་སྤྱིའི་བསོད་ནམས་ཀྱིས་མ་ཆུན་པ་ལ་དགོངས་པར་སྣང༌། སྔར་ཕན་རྗེ་ཉིད་ལ་གཏེར་ཁ་བཞུགས་པའི་སྒྲོས་ཙམ་སུས་ཀྱང་མཐོང་ཐོས་མེད་པ་ལ་སྡེ་དགེའི་རྒྱལ་ཁབ་ཀྱི་ཉེ་སྐོར་རྡོ་ཁོ་མར་གཏེར་ཆེན་མཆོག་གླིང་དང་ཞལ་རྒྱས་བཞུགས་པའི་སྐབས། འཕགས་མའི་སྙིང་ཐིག་ཐོག་མར་སྤེལ་བ་སོགས་ཀྱི་ནུབ་ཅིག་མནལ་ལམ་དུ། ཉིད་ཀྱི་མ་ཡུམ་དེ་སྐྲ་དར་དམར་གྱིས་རྒྱབ་ཏུ་མདུད། གོས་ཆེན་གོས་གྱོན། པར་བུ་འཛེར་བུས་བསྡམས་པ་ཞིག་ཐོགས་ནས་བྱུང་སྟེ། ངེད་ཀྱི་གྲོགས་མོ་གསེར་གྱི་རྣ་ཆ་ཅན་བྱ་བ་དེས་གསང་འོས་པ་རྣམས་དམ་མེད་ལ་བསྒྲགས་པའི་ཉེས་པས་མཁའ་འགྲོ་མ་རྣམས་ཀྱིས་བསྒྲལ་ནས་ཤ་ཁྲག་ཚོགས་འཁོར་བྱས། སྙིང་འདི་རེད་ཟེར་ནས་པར་བུ་ཁ་ཕྱེ་ནས་སྙིང་རློན་པ་འཕར་འདར་ཕྲི་ལི་ལི་བྱེད་པ་ཞིག་འདུག་པ་དེ་ལ་སྐྲག་སྔངས་ལྟ་བུས་སྐུ་ལུས་འདར་ཕྲི་ལི་ལི་བྱས་ནས་མནལ་སད། ཕྱིར་ཉིན་ཀྱང་དེ་ནམ་དྲན་དུས་སྙིང་ཚ་ཤར་འགྲོ་བ་ཞིག་བྱུང་བས་དུས་སུ་མ་བབས་པར་གསང་བ་བསྒྲགས་པ་འདི་ཉེན་ཆེ་འདུག་གསུངས། ཡང་སྨིན་གླིང་པའི་གཏེར་བྱོན་རྡོར་སེམས་ཀྱི་ཆོ་ག་གཏང་བའི་སྐབས་ཤིག་མནལ་ལམ་དུ། རྡོར་སེམས་སྐུ་དངོས་ལྟ་བུ་ཞིག་ལ་སྐུ་སྨད་དུ་རིང་བསྲེལ་གྲངས་མེད་པ་འབྱར་ནས་འདུག་པ་མཇལ་བར། གཞན་ཞིག་ལ་འདི་ཅི་རེད་དྲིས་པར། ཁྱེད་རང་གིས་རྡོར་སེམས་སྒོ་ནས་དབང་དང་བྱང་ཆོག་བྱས་པ་རྣམས་རེད་ཟེར་གསུངས། འདིས་ནི་དེ་འདྲའི་འབྲེལ་ལྡན་རྣམས་རྡོ་རྗེ་སེམས་དཔའི་གོ་འཕང་དུ་རྣམ་པར་གྲོལ་བ་ཐོབ་པར་བརྡའི་སྒོ་ནས་ལུང་དུ་བསྟན་པར་སྣང༌། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སོགས་ལས་ཆོས་དབང་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྨིན་གྲོལ་གསན་གྲུབ་པའི་རྗེས་ལམ་དུས་ཀྱི་ཉམས་བཞེས་ཅུང་ཟད་རེ་མཛད་སྐབས་མནལ་ལམ་དུ་ཕྱག་མཐིལ་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་ཞིག་སྣང་བ་ལ། འཁོར་བ་དོང་སྤྲུགས་ཀྱི་གཟུངས་རིང་གསུངས་ནས་ཞལ་ཕུ་བཏབ་པས་རིང་བསྲེལ་གྲངས་མེད་པ་སྐད་ཅིག་ལ་འཕེལ་བ་ཐུགས་ཤིན་ཏུ་དགྱེས་པ་ཞིག་བྱུང་གསུངས། འདི་ནི་ཐུགས་རྗེ་ཆེན་པོའི་གདུང་འཛིན་གྲངས་མེད་འབྱུང་བའི་ལྟས་སུ་སྣང༌། སྡེ་དགེ་མ་ཡུམ་ཆོས་དབྱིངས་བཟང་མོ་སོགས་ལ་མཁའ་འགྲོ་ཡང་ཏིག་གི་དབང་ལུང་ཁྲིད་གསུམ་གནང་བའི་སྐབས་སུ་ཡང་ཏིག་གི་དག་སྣང་ཁྱད་པར་ཅན་གཟིགས་ཀྱང་ཞིབ་པར་མ་ངེས། བསམ་ཡས་མཆིམས་ཕུར་ཕེབས་པའི་སྣང་བ་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཇལ་ནས་སྙིང་ཏིག་ཡ་བཞི་ཉེ་བརྒྱུད་ཚུལ་དུ་གསན་པར་འདུག །མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་མ་བླ་མ་བརྒྱུད་པ་དང་བཅས་པས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་དང༌། ཉིད་ལས་མཁའ་སྤྱོད་མའི་ཆོས་འབྲེལ་ཐོབ་པ་རྣམས་ཀྱང་རིམ་པར་བྱིན་རླབས་ཐོབ་པའི་ལྟས་ཀྱང་གཟིགས། རྣལ་འབྱོར་མ་གྲུབ་པའི་རྟགས་སུ་སྤྱིར་བཤད་པའི་ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་སྟེ་འབར་བ་རྣམ་པ་གསུམ། ཉིན་མོ་མི། མཚན་མོ་ལྷ་འདྲེ། ནངས་ནུབ་ཟས་ནོར་ཏེ་འདུ་བ་རྣམ་པ་གསུམ་རྣམས་ནི་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དེར་གདའ། སྐབས་ཤིག་སྐུ་ལུས་ཀྱི་ནང་དུ་རྩ་གསུམ་འཁོར་ལོ་བཞིའི་གནས་ལུགས་རྣམས་གདོས་བཅས་ཀྱིས་མ་བསྒྲིབས་པར་གསལ་བར་གཟིགས་ཤིང༌། ལན་གཅིག་འཁོར་ལོ་འོག་མ་རྣམས་སྐམ། མགྲིན་པ་འོལ་ཙམ་དང་སྤྱི་བོ་རང་མལ་དུ་ཡོད་པའང་གཟིགས་པར་གསུངས་པ་འདི་ནི་ལམ་གྱི་མངོན་རྟོགས་ཆེས་མཐོན་པོར་ཕེབས་པའི་དོན་དུ་སྣང་ངོ༌། །འཛམ་ནང་པདྨ་ཤེལ་ཕུག་ཏུ་གཏེར་གསར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཚོགས་སྐོང་མཛད་སྐབས་ཁྲོམ་མང་དུ་འདུས་པ་ལ་ཁྲོམ་དབང་ཞིག་ཕུག་པ་དེར་མཛད་པར་བཞེད་པ་ལ་དམ་ཅན་དངོས་སུ་འོངས་ནས། འདིར་མི་ཉི་ཤུ་ལས་མང་བ་གཏན་ནས་བཙུད་མི་ཉན་ཞུས་པས་ཁྲོམ་དབང་རྒྱབ་ཏུ་མཛད། གཏེར་ལུང་པདྨ་ཤེལ་རིར་མཆོག་གླིང་དང་ཕྲན་བཅས་ཡོད་སྐབས་ཕྱི་དྲོ་ཞིག་ལ་སྐུ་ངལ་བའི་ཚུལ་གྱིས་ཅུང་ཟད་བསྙེས་ནས་བཞུགས་སོང་བའི་རྗེས། ད་ལྟ་འོག་གི་ཕ་ཝཾ་འགྲམ་འདིར་རྡོ་རྗེ་ལེགས་པ་བྱུང་ནས་གཡས་ཀྱི་རྡོ་རྗེ་ཡར་གྱི་བྲག་ལ་བསྟན། མིག་ཟུར་གྱིས་མར་གྱི་སྒྲུབ་ཕུག་འདི་ལ་བལྟས་སོང་བས་འདི་གཉིས་ལ་གཏེར་ཁ་རེ་རེ་ཡོད་པར་འདུག་གསུངས་པ་དེ་ལ་བརྟེན་ནས་ཕྱིར་ཉིན་ཡར་མར་ནས་མཆོག་གླིང་དང་རྗེ་ཉིད་བཅས་ཀྱིས་གཏེར་ཁ་རེ་རེ་ཐོན་སོང༌། ལར་དུས་རྒྱུན་དམ་ཅན། གཡུ་སྒྲོན་མ། ཤ་ཟ་ཁ་མོ་ཆེ་རྣམས་ནི་གྲིབ་མ་ལྟར་འགྲོགས་ཤིང་ལེགས་ཉེས་ཀྱི་ལུང་བསྟན་པ་དང་ཅི་བཅོལ་བའི་ཕྲིན་ལས་སྒྲུབ་པ་ཡིན་འདུག །ལྕགས་སྤྲེལ་ལོར་ཁོ་བོས་ཡང་ཁྲོད་སྒྲུབ་སྡེར་རྡོར་སེམས་སྐུ་བརྙན་བཞེངས་པའི་ནང་གཞུག་ལ་ཆེད་དུ་གསོལ་བ་བཏབ་པ་ལྟར། ཟླ་གམ་དབང་ཕུག་ཏུ་བཞུགས་སྐབས་རྡོ་རྗེ་གཡུ་སྒྲོན་མ་ལ་ཕྲིན་ལས་བཅོལ་བས། རིན་པོ་ཆེ་ཨསྨ་གརྦྷ་ལས་གྲུབ་པའི་རྡོར་སེམས་སྐུ་བརྙན་རྒྱལ་པོ་ཛཿའི་ཐུགས་དམ་རྟེན་ཁྱད་པར་འཕགས་པ་ཕུལ་འདུག་པ་བཀའ་དྲིན་དུ་བསྩལ་བས་ད་ལྟ་སྐུ་བརྙན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་ལགས། རབ་བྱུང་བཅོ་ལྔ་པ་ཐོག་མར་ཚེས་པ་མེ་ཡོས་ཟླ་བ་བཅུ་གཅིག་པའི་དགའ་བ་དང་པོར་ཡང་ཁྲོད་སྒྲུབ་ཁང་འདིར་རབ་གནས་བཀའ་དྲིན་བསྩལ་བའི་ནུབ་དག་སྣང་མུ་མེད་པ་ཤར། སྐབས་ཤིག་རི་བོ་ལྟ་བུའི་མཆོད་རྟེན་ཆེན་པོའི་ཞིག་གི་ཕྱོགས་བཞིར་སྒོ་བཞི། ནང་དུ་མཛོད་ལྔ་ཡོད་པའི་མཛོད་རེ་རེ་བཞིན་ཆོས་གཏེར་གྱིས་གཏམས་པ་ལ་པཎ་གྲུབ་དང་མཁའ་འགྲོ་མང་པོས་བརྡ་སྤྲད། རྗེ་ཉིད་ནས་ཀྱང་གཟིགས་པ་བཙལ་བས་དེ་དག་ལ་དོན་གང་ཡོད་ཐུགས་ལ་ངེས་ཤིང་དེའི་སྲུང་མ་ཆོས་སྲུང་ཁྱད་པར་བ་བཞི་ཡོད་པ་དང༌། རྒྱལ་ཆེན་པེ་ཧར་ནས་ཀྱང་ཐུགས་ཡུས་པའི་ཚུལ་གྱིས། ངེད་ལ་སློབ་དཔོན་པདྨས་བོད་ཡུལ་གྱི་གཙུག་ལག་ཁང་ཅི་ཡོད་གཉེར་གཏད་པ་ཡིན་ཀྱང་ཁྱེད་རང་རྣམས་ཀྱིས་གསོལ་མཆོད་ཙམ་མི་བྱེད་པའི་ཐོག །འདྲེར་བལྟ་བ་ཞིག་འདུག་པས་གནོད་པ་སྐྱེལ་ན་རི་རབ་ཙམ་ཡང་ཐལ་བར་བྱེད་ནུས་ཀྱང་ཁྱེད་རང་རྣམས་སློབ་དཔོན་པདྨའི་རྗེས་འཇུག་རེད་པས་ངེད་ཀྱིས་དེའི་དམ་ཚིག་ལ་བརྩིས་པ་ཡིན། ད་ཞག་གློ་བུར་མི་བདེ་བ་ཁ་ཤས་བྱུང་བ་དེ་རྣམས་ངེད་ཀྱིས་རྟགས་ཙམ་བསྟན་པ་ཡིན་ཟེར་བ་བྱུང༌། མཆོད་རྟེན་དེའི་དོན་ཁྱོད་ལ་མཛོད་ལྔར་གྲགས་པ་ཞིག་ཚང་དགོས་པར་འདུག་པས་ཤེས་བྱ་ཀུན་ཁྱབ་དེའི་ཕྱོགས་གཏོགས་བཅས་ཐུན་མོང་ཤེས་བྱའི་མཛོད། གསར་རྙིང་གི་རྒྱུད་སྡེའི་སྐོར་རྣམས་ཐུན་མིན་སྔགས་ཀྱི་མཛོད། གཏེར་ཆོས་གསར་རྙིང་གི་ཆོག་བསྒྲིགས་རྣམས་རིན་ཆེན་གཏེར་གྱི་མཛོད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་རྣམས་ཟབ་མོ་གདམས་ངག་གི་མཛོད། ས་གཏེར་དགོངས་གཏེར་གང་བྱུང་གསང་བ་ཐུན་མོང་མིན་པའི་མཛོད་ཀྱི་བརྡར་བཞག་ནས། དེ་སྔ་འགོ་བཞག་གྲུབ་པ་རྣམས་རིམ་པར་མཐའ་འདུས་གྲུབ་པ་དང༌། དེ་སྔ་མེད་རིགས་དེ་ལྟ་བུའི་འགྲིགས་ཤིག་བྱུང་ན་དགོས་པ་གནད་དོན་ཆེ་བར་འདུག་ཅིང༌། པེ་ཧར་ལའང་གསོལ་ཁ་རེ་ཙམ་གཏན་ནས་ཆག་མི་ཉན་པར་འདུག་ཅེས་བཀའ་ཕེབས་པས་མགོན་ཁང་དུ་སྐུ་ལྔའི་གསོལ་ཁ་ལྡེབ་གཅིག་ཙམ་བཏོན་པ་དང༌། དེ་ནས་ད་ལྟའི་བར་དུ་མཛོད་བཞི་པོ་རྣམས་བླ་མའི་བཀའ་ལུང་སོར་བཞག་གིས་དབང་ལུང་གི་རྒྱུན་བཙལ་འོས་པ་རྣམས་གསར་དུ་བཙལ། གསར་བསྒྲིག་དགོས་རིགས་དགེ་སྦྱོར་ཡང་གཅོག་ནས་དེ་ལ་འབད་འབུངས་བཏོན། དཔེ་གསར་བཞེངས་དང་སྤར་དུ་འཁོད་པའི་རྩ་བ་བྱས། དབང་ལུང་ཁྲིད་བཅས་རྒྱུན་ཡང་ཡང་སྤེལ་བའི་རྒྱུ་མཚན་ཡང་དེ་ལ་བརྟེན་པ་ལགས། ཚེས་བཅུ་གཉིས་པའི་སྔ་དྲོར་འཚུབ་སློང་ཆེན་པོས་ཐུགས་ཁམས་མ་བདེ་བས་མུན་པའི་ནང་དུ་བཞུགས་པའི་སྤྱན་སྔར་བྱང་ཤར་ཕྱོགས་ངོས། སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊི་སྐུ་མདོག་ཕྱག་མཚན་སོགས་སྔགས་སྲུང་མ་སྤྱི་དང་འདྲ་བ་ལ། ཚེམ་ཁྲབ་ལྟ་བུ་ཁ་དོག་ལྗང་གུ་གཡུ་འོད་འབར་བ་ཞིག་མནབས་པ། འཇིགས་ཟིལ་དང་བཅས་པ་ཇ་སྦྱོར་ཙམ་མངོན་སུམ་གཟིགས། མུན་མཐོངས་བསལ་ནས་ཀྱང་དེ་ལྟར་འཆར་བ་དེ་ཡིས། ཨེ། ཆོས་དབྱིངས་གདོད་ནས་སོགས་ཀྱི་གསོལ་མཆོད་བསྩལ་བ་དེ་ཉིད་ཡི་གེར་བཏབ་ནས་ཚར་གཅིག་གསུངས་པས་འཇའ་ཡལ་བ་ལྟར་སོང་གསུངས། དེའི་ཚེས་ཉེར་གཉིས་ནུབ་མོར་འོད་གསལ་གྱི་ངང་ལ་རྗེ་ཉིད་ལྷ་སའི་བར་སྐོར་དུ་བྱོན་པ་ན། བུད་མེད་མི་ལས་འདས་པའི་གཟི་བརྗིད་མཛེས་སྡུག་ཆས་རྒྱན་ཕུན་སུམ་ཚོགས་པ་ཞིག་གིས་རྒྱ་མན་ལྟ་བུའི་མེ་ཏོག་དམར་པོའི་སྡོང་པོ་ཆེན་པོས་བུམ་པ་བཀང་བ་ཐོགས་ནས་བྱུང་བ་དང་འཕྲད། ཕན་ཚུན་མ་བུ་ལྟ་བུའི་དགྱེས་པ་ཆེན་པོའི་ངང་གསུང་གླེང་འགའ་ཞིག་མཛད་པའི་མཐར་འགྲོགས་ནས་ཇོ་བོ་རིན་པོ་ཆེའི་མདུན་དུ་ཕྱིན་ཏེ་ལྷན་ཅིག་བོད་ཁམས་བདེ་བའི་སྨོན་ལམ་མང་པོ་མཛད། བུད་མེད་དེ་ལ་ཁྱེད་སུ་ཡིན་དྲིས་པས་ཁྱེད་རང་རྣམས་ཀྱིས་དུས་རྒྱུན་འབོད་པའི་ཡེ་ཤེས་མཚོ་རྒྱལ་བྱ་བ་དེ་ཡིན་གསུངས། འོ་ན་བོད་ཁམས་བདེ་བའི་ཐབས་ཅི་དྲགས་ཞུས་པས། ལུང་བསྟན་མང་དུ་གསུངས། བོད་འདིར་ནང་འཁྲུག་ཅིག་མ་བྱུང་ན་རེ་ཞིག་སྐྱོན་མེད། འོན་ཀྱང་ལོ་གསུམ་གྱི་ནང་ཚུན་ནང་འཁྲུག་ཅིག་འབྱུང་བས་དེ་ལ་བརྟེན་ནས་ཀླ་ཀློའི་ཉེན་ཆེ། ལར་ཁྱེད་རང་རྣམས་ནས་བྱ་དགོས་ངེས་དེ་ཅིའང་མི་བྱེད། ཁྱེད་ཀྱིས་མ་མཐའ་ནའང་ལོ་བརྒྱད་ཀྱི་སྐབས་ལ་ཁོ་མོས་ཡང་ཕུར་སྒྲུབ་ཐབས་བྱིན་པ་དེ་ཙམ་ཡང་རང་བཞིན་གལ་ཆུང་བསྐྱུར་བ་དེའང་མ་ལེགས་སོགས་གསུངས་ནས། བར་སྣང་ཐམས་ཅད་ཌཱ་མ་རུའི་སྒྲ་ཤར་ཤར་གྱིས་གང་བ་བཅས་མཁའ་ལ་གཤེགས། དེའི་ཕྱིར་ཉིན་དགུང་ལོ་བརྒྱད་པར་མཁའ་འགྲོ་མཚོ་རྒྱལ་གྱིས་བསྩལ་བའི་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ཕབ་པའི་ཡི་གེ་པ་ཁོ་བོས་ཞུས། ཉི་ཟློག་དང་འགྲིགས་པས་གཏོར་ཟློག་ཀྱང་གནང་བར་མཛད་དོ། །ཟླ་བ་བཅུ་གཅིག་པ་ཕྱི་མའི་ཚེས་ལྔ་ནུབ་རྨང་ལམ་དུ། དཔལ་སྤུངས་བྱང་འདྲེན་རབ་གྲུབ་ནས་ཕུར་པའི་བྲིས་ཐང་རི་མོ་སོགས་གསར་ཉམས་ཅན་ཧ་ཅང་ཁྱད་མཚར་མི་ཆེ་བ་ཞིག་ཁུར་ནས་འདི་ཤིན་ཏུ་རྩ་ཆེན་ཡིན་པས་རབ་གནས་ཤིག་ཞུ་ཟེར། འདི་དེ་ཙམ་གྱི་རྙིང་ཉམས་བཅའ་ཁ་སོགས་མི་འདུག་པས་ནམ་ཅི་ཆེ་གསུངས་པས། འདི་ནི་སྤང་མི་རབས་བཅུ་གསུམ་གྱི་ཐུགས་དམ་རྟེན་སོ་སོ་ལ་གསུང་བྱོན་པའི་རྩ་ཆེན་ཡིན་ཟེར་མ་ཐག །ཁོ་བོ་དེར་འདུག་པས་གྲུ་ཚུགས་ཤིག་བྱས་སོང་བར་རྫོགས་ཆེན་མཁན་པོ་པད་རྡོར་ལྟ་བུར་གནས་འགྱུར་བས་སྐད་ཆེ་སྙན་འབྲུག་སྒྲ་ལྟ་བུས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་ཛཔ྄་དབྱངས་ས་གཡོ་བ་ལྟ་བུ་བྱས་པ་དང་ལྷན་ཅིག་ཕུར་སྐུ་དེ་རྡོ་རྗེ་གཞོན་ནུ་དངོས་སུ་བཞེངས་ནས་བྱོན་ཏེ། རྗེ་ཉིད་དང་ཁོ་བོ་གྲོགས་དན་དེ་བཅས་གསུམ་ལ་ཕྱག་ཐ་མའི་ཕུར་པ་མགོ་ལ་བཞག་སྟེ་བྱིན་རླབས་མཛད་མ་ཐག་མནལ་སད། སྣང་བ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་དང་སྔགས་སྒྲས་མེར་མེར་ཤིག་ཤིག་བྱེད་པ་མངོན་སུམ་དུ་ཡུན་རིང་བྱུང་གསུངས། ཡང༌། དེ་སྐབས་ཤིག་གི་མཚན་མོར་གསལ་སྣང་དུ། རྗེ་ཉིད་ཁྱམས་ཡངས་པ་ཞིག་ན་ཁྲི་མཐོན་པོར་བཞུགས་འདུག་པ་ལ། དྲིལ་བུ་ལྟ་བུའི་སྒྲ་རྒྱུན་རིང་བྱུང་བའི་རྗེས་སུ་བུད་མེད་གཟུགས་བོང་ཆེ་ལ་མཚར་སྡུག་གཟི་བརྗིད་དང་ལྡན་པ་མོ་བཙུན་བཟང་མོའི་ཆས་ཅན་ཞིག་བྱུང་ནས་གོས་ཆེན་གོས་གཉིས། འགོ་སྣམ་གོས་གཉིས། ཐེར་ཕྲུག་སོགས་དང༌། བཟང་གོས་གཅོད་ལྡན་སྔོན་པོ་ཁ་བཞི་བཅུ་རྩ་གསུམ་ཡོད་པའི་ཡུག་གཅིག་ཕུལ་ནས་ཕྱག་དབང་ཞུས། གུས་པ་ཆེན་པོས། དུས་རྒྱུན་ཉིད་ཀྱི་གསུང་ཐོས་པ་ཙམ་གྱིས་ཀྱང་དགའ་བདེ་མི་བཟོད་པ་སྐྱེ། སྐུ་མདུན་འོང་སྙམ་ཡང་འགོལ་པོ་ཞིག་མ་བྱུང༌། ད་རེས་ལི་ཐང་དུ་ཕྱིན་པའི་ཡར་ལམ་སྐུ་མདུན་ཆེད་དུ་བཅར་བ་ཡིན་ཟེར་བ་ལ། ཁྱེད་སུ་ཡིན་གསུངས་པས། སྨན་བཙུན་རྡོ་རྗེ་དབྱར་མོ་བསིལ་ཡིན་ཟེར། འོ་ན་ཁྱེད་ལི་ཐང་དུ་ཅིའི་དོན་དུ་ཕྱིན་དྲིས་པས་དེར་གྲོགས་མོ་ཞིག་ཡོད་པས་གཏུགས་སར་ཕྱིན་ཟེར། ད་གང་དུ་འགྲོ་དྲིས་པས་ཟིལ་ཁྲོམ་དུ་འགྲོ་ཟེར། ཟིལ་ཁྲོམ་ལ་རྟེན་གནས་གང་ཡིན་དྲིས་པས་ཕྱག་མཛོད་ནོར་བུ་བཟང་པོ་རྩར་ཡིན་ཟེར། སྐབས་དེར་གྲོགས་མོ་བདེ་ཆེན་ཆོས་སྒྲོན་འདྲ་བ་ཞིག་གིས་བ་མེན་རྭ་ཅོ་ཞོས་བཀང་བ་ཞིག་ཕུལ་ནས། འདི་ལ་དུས་ཕྱིས་མི་བདེ་བ་ཞིག་བྱུང་བ་དེ་ལ་ཕན་པའི་བྱིན་རླབས་མཛད་དགོས་ཟེར། མི་བདེ་བ་ཅི་བྱུང་དྲིས་པས་སྨན་བཙུན་དེས་རྒྱབ་སྟོན་པ་ན་སྒལ་ཚིགས་རེ་རེ་བཞིན་འཛེར་ནག་འདྲ་བས་གང་བར་འདུག །ཞོ་དེ་བཞེས་པས་བདེ་བ་ཚད་མེད་པ་ཞིག་སྐྱེས་པ་དང་མཉམ་དུ་སྨན་བཙུན་དེས་སྐུ་ལ་ཁྲིལ་གྱིས་འཁྲིལ་བྱུང་བས། དགེ་སློང་ལ་བུད་མེད་ཀྱིས་འཁྱུད་པ་གཞན་གྱིས་མཐོང་ན་ཤིན་ཏུ་ངོ་ཚ་སྙམ་ནས་གནོང་བག་འཆར་བའི་སྐབས་དེར། གསང་གནས་འཕྲད་པས་གསང་རྩ་པདྨའི་སྣལ་མ་ལྟ་བུ་ལྟེ་བ་ལ་ཐུག་པར་བརྐྱངས་བྱུང་བས་བདེ་བའི་ངང་ཏུ་རྟོག་པ་གཞན་ནུབ་ནས་སྐུ་ལུས་རི་བོ་ཆེན་པོ་ལྟ་བུར་སོང་བ་ལ། རྩི་ཤིང་ནགས་ཚལ་ཐམས་ཅད་དཔའ་བོ་དཔའ་མོའི་རང་བཞིན་ཅན་གྱིས་རྡོ་རྗེའི་རྒྱུད་དང་སྔགས་ཀྱི་སྒྲ་མུ་མེད་པ་ཞིག་སྒྲོག་པ་ཤར་བའི་ངང་དུ་གསལ་སྣང་དེ་འགགས་སོ། །རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་ཁོ་བོ་ནས་བརྟན་བཞུགས་ཕུལ་བའི་སྟ་གོན་གྱི་ནུབ་མོར་མནལ་ལམ་དུ་སྡེ་དགེ་ས་དབང་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་ཉིད་རྗེ་ཉིད་ཀྱི་འཁྲིས་སུ་བྱིས་པ་ཆུང་ངུའི་ངང་ཚུལ་གྱིས་བརྩེ་གདུང་དང་བཅས་ཏེ་བཞུགས་འདུག་པ། རེ་ཞིག་ནས་བཞེངས་ཏེ་བརྐྱང་ཕྱག་གསུམ་འཚལ་བ་དང་སྦྲགས། རྗེ་ཉིད་ལ་སྐུ་ཆུང་ངུ་ཞིག་དང༌ཤོག་དྲིལ་ཞིག་སྤྲད་ནས་སྐུ་འདི་ཁོང་གིས་ཁྲོ་ཁོག་སྟོད་ཀྱི་བྲག་རྐེད་ཅིག་ནས་རྙེད་པ་ཁྱེད་ལ་ཕུལ་བ་ཡིན། ཡི་གེ་འདི་ཞབས་བརྟན་རྩོམ་ཕུད་ཡིན་ཞེས་གསུངས་པ་ཕྱག་ཏུ་བླངས་ནས་མཇལ་བས། སྐུ་ནི་སྨད་སྙིང་ཞོ་ཤ་ལ་སྟོད་ཀླུ་འཇིམ་གྱི་རྣམ་པ་རྡོ་རྗེ་འཆང་རྐེད་ཡན་ཆོད་ཤིན་ཏུ་གསལ་བ་ཞིག་འདུག །ཡི་གེ་ཁ་ཕྱེ་བས། རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན། །འཇམ་དཔལ་གཞོན་ནུ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །པད་སྡོང་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེ། །བསྐལ་བརྒྱར་འཚོ་གཞེས་སྐལ་བཟང་གྲུབ་གྱུར་ཅིག །ཅེས་སྣང༌། དེ་འཕྲོས་རྗེ་ཉིད་ནས་ཁྱེད་ཀྱི་སྐུ་འདི་གཏེར་མ་ཡིན་རྒྱུ་རེད་པས་འདི་མཉམ་ཤོག་སེར་ཨི་འདུག་གསུངས་པས། ཤོག་སེར་ཆུང་ངུ་ཞིག་འདུག་སྟེ་ངེད་ནས་ཀློག་མི་ཤེས་གསུངས། ངེད་ལ་སྟོན་དང་ཀློག་ཨི་ཤེས་ལྟ་གསུངས་པས་བསྟན་བྱུང་བར། ཤོག་སེར་ཆུང་ངུ་སྦྲང་བུའི་འདབ་མ་ལྟ་བུ་ཤེལ་ལྟར་དྭངས་པ་བརྡ་ཡིག་ཆ་ཤས་ཡོད་པ་ཞིག་སྣང་བ་ཀློག་པར་བརྩམས་པས། གསལ་སྣང་ལ། དཔལ་ཕྱག་ན་རྡོ་རྗེ་དྲག་པོ་དུས་ཀྱི་མེ་ལྕེའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་གསང་བ་བཤད་བྱ་བ། །བྷ་ག་ཆོས་ཀྱི་འབྱུང་གནས་ཆེ། །གྲུ་གསུམ་ཉམས་དགའི་གནས་མཆོག་ཏུ། །གསང་བའི་བདག་པོར་རབ་བཞུགས་ཏེ། །ཞེས་སོགས་དང༌། སྔགས། ཨོཾ་བཛྲ་སཏྭ་ཙཎྜ་མ་ཧཱ་རོ་ཥ་ཎ་ར་ཛྙཱ་པ་ཡ་ཏི་རངྒ་པ་ཡ་སོགས་ཡོད་པ། མཚན་ལ་དཔྱད་ན་གསར་མ་དང༌། རྒྱུད་སྡེ་འོག་མའི་སྔགས་རྒྱུད་ལྟ་བུ། མཆོད་བརྗོད་ལ་བརྟགས་ན་རྙིང་མ། བརྗོད་བྱ་བླ་མེད་ཀྱི་རྒྱུད་ཡིན་པ་ཞིག་ཏུ་སྣང་གསུངས་པས། ཕྱིར་ཉིན་རང་ནས་བརྩམས་པའི་ཞབས་བརྟན་གྱི་དབུར་དག་སྣང་ཤློཀ་དེའང་བསབས་པས་རྟེན་འབྱུང་ཤིན་ཏུ་དགེ་བར་གྱུར། མེ་གླང་ཟླ་བ་དང་པོའི་ཚེས་ཉི་ཤུ་ཉིན་རྗེ་ཉིད་དང་རྡོར་བྲག་མཁན་པོ་སོགས་ལ་བྱང་གཏེར་དགོངས་པ་ཟང་ཐལ་གྱི་དབང་བགྱིས་པའི་མཚན་མོར་རྗེ་བླ་མའི་གསལ་སྣང་དུ། ཟང་ཟང་ལྷ་བྲག་ཡིན་སྙམ་བྱང་ཁ་རི་ཆེན་པོ་ཁ་ཤས་ཕྱོགས་ཕྱོགས་སུ་ཡོད་པ། དེ་ནང་རི་གཅིག་ལ་བྲག་མི་ཆེ་བ་གདོང་གྱེན་རྒྱུག་ཡོད་པ་ཞིག་གི་མདུན་རབ་བྱུང་ཆས་སྦ་དབྱུག་བཅས་ཕེབ་པ། རིག་འཛིན་རྒོད་ལྡེམ་ཡིན་ཟེར་བའི་སྔགས་པ་ཟིལ་ཅན། སྤྱན་གྲུ་གསུམ་རྣམ་པ། དབུ་སྐྲ་ཐོར་ཅོག་ཆེ་ཙམ་ཡོད་པ། ཕྱག་ཏུ་ཐོད་ཕྲེང་བསྣམས་པ་ཞིག་དེ་ནས་བྱོན་བྱུང་བ་དེའི་ཞལ་ནས། དགོངས་པ་ཟང་ཐལ་དབང་དེ་དེ་འདྲ་བྱེད་བསྐུར་རྒྱུ་མིན། ཁྲིད་སྦྲེལ་དགོས་གསུངས། ཁམས་ཕྱོགས་སུ་དབང་ལུང་རྒྱུན་མ་ཆད་ཙམ་ལས་ཁྲིད་རྒྱུན་མི་འདུག་ཞུས། ང་ཡིས་དགོངས་པ་གཏད་པ་ཡིན། ཁྲིད་རྒྱུན་བྱེད་ཆོག །ཚིག་རྒྱུན་ཞིག་ཀྱང་ལོ་གསུམ་ནང་ཐོབ་འོང་གསུངས། ཟང་ཐལ་འདི་དབང་ཁྲིད་སྦྲེལ་དུས་སྔར་ལོ་གསུམ་དགོས་པ་སོགས་ཞིབ་ཆ་ཆེན་པོ་དགོས་པའི་ཕྱག་སྲོལ་འདུག་ཚུལ་ཞུས་པ། དེ་མི་སྐྱོན། བསྟན་པ་སྤྱིའི་བབས་དང་མཐུན་པར་གཏེར་ཆོས་རྣམས་ལའང་འབྲས་བུའི་དུས། སྒྲུབ་པའི་དུས། ལུང་གི་དུས། རྟགས་ཙམ་འཛིན་པའི་དུས་རྣམས་སུ་ཡོད་པ་ལ་འདིའང་མངའ་རིས་པཎ་ཆེན་སྐུ་མཆེད་ཡན་ཆད་ཆོས་འདིར་ཞུགས་ནས་ཚུལ་བཞིན་བསྒྲུབས་ཚད་འབྲས་བུ་མ་ཐོབ་པ་གཅིག་ཀྱང་མ་བྱུང༌། དེ་ནས་སྒྲུབ་པའི་དུས་ཡིན། ཚད་ལྡན་བྱེད་མཁན་ཁ་ཤས་འབྲས་བུ་ཐོབ་པའང་བྱུང༌། དེང་སང་ལུང་གི་དུས་ཡིན་པས་སྤྱི་འགྲེ་ལྟར་བྱེད་ཆོག །ལར་ཁྱེད་རང་ལ་བྱང་གཏེར་འདིའི་བག་ཆགས་ཆེན་པོ་ཡོད་པ་གསུངས། ངེད་ནས་བྱང་གཏེར་འདི་ལ་གཞན་དང་མི་འདྲ་བའི་དད་པ་ཡོད། ད་ཞག་བག་ཆགས་འདྲ་བ་ཐར་ཐོར་ཡང་འདུག་ཞུས་པས། འོ་དེ་ཀ་ཡིན་གསུངས། ད་ལྟ་ཡང་ཏིག་གཅེས་སྒྲོན་ཁྲིད་ཅིག་འཆད་སྐབས་ཡིན་ཡང་སྔར་ལྷ་རི་གཟིམ་ཕུག་ནས་ཁྲིད་ལུང་མདོར་བསྡུས་ཤིག་ལས་མ་ཐོབ་པས་ཅི་རེད་འགྲོ་ན་ཞུས་པས། དེའང་ང་ཡིས་དགོངས་པ་གཏོད་པ་ཡིན་པས་ཁྲིད་དངོས་རེད་འགྲོ་གསུང་འཕྲོར་སད། གཏེར་ཆེན་མཆོག་གྱུར་གླིང་པས་ཐོག་མར་མཇལ་བའི་སྐབས་བར་ཆད་སེལ་བའི་རྟེན་འབྲེལ་དུ་ཆོས་དབང་ཕུར་པ་སྤུ་གྲིའི་དབང་གནང་བའི་རྗེས་ནས་ཕྱིས་ཀྱི་བར་དུ་གཏེར་བཞེས་པ་ལ་བར་ཆད་མེད་པར་ཅི་འདོད་ཆོག་པ་མངོན་སུམ་གྱིས་གྲུབ་པ་བྱུང་སོང༌། དེ་རྗེས་ཞིག་ཏུ་བྱིན་རླབས་འབེབ་པའི་སླད་དུ་དཔལ་ཆེན་ཡང་དག་གི་དབང་གནང་བའི་སྐབས། གཏེར་ཆེན་ཉིད་ཀྱིས་རྗེ་བླ་མ་དཔལ་ཧེ་རུ་ཀའི་སྐུར་དངོས་སུ་གཟིགས་པའི་མོས་གུས་ཀྱི་རྐྱེན་གྱིས། ཐུགས་ཀ་ནས་འོད་ཟེར་མཐིང་ནག་གི་གོང་བུ་ཧཱུྃ་ཡིག་གིས་མཚན་པ་བྱུང་སྟེ་སྤྱི་བོ་ནས་ཞུགས་སྐུ་ལུས་ལ་ཐིམ་པས་བྱིན་ཕེབས་པའི་ཉམས་བཟོད་མེད་དུ་སྐྱེས། དེས་རྩ་མདུད་གྲོལ་བས་དེ་ཕྱིན་ཆད་ཤོག་སེར་འབེབ་པ་ལ་ཐོགས་པ་མེད་པ་དང་ཚིག་དོན་ཐམས་ཅད་རིམ་བཞིན་ཇེ་ལེགས་ཇེ་ཟབ་ཏུ་གྱུར་པ་བྱུང་འདུག །བར་སྐབས་ཤིག་འདི་སྐོར་ཕེབས་ནས་ཁྲོ་ཁོག་སོགས་སུ་དགོན་པ་འདེབས་པར་རྩོམ་པའི་དབྱར་ཐོག་བསྙུན་ཁམས་མང་པོ་ཞིག་བཞེས་པ་ལ་སྐྱབས་འཇུག་ཞུས་པའི་སྐབས་སྐུ་རིམ་དུ་སྒྲུབ་པ་ཞིག་མཛད་པའི་ནུབ་གཅིག་མནལ་ལམ་དུ། ཐང་ཡངས་པ་ཞིག་ཏུ་ཆོས་རྒྱལ་བླ་རི་ཡིན་ཟེར་བའི་རི་ཆེན་པོ་ཞིག་ལ་མེ་འབར་བའི་འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་པའི་མུས་སུ་རླུང་འཚུབས་ཆེན་པོ་ཞིག་ལངས་པས་རི་བོ་མེ་དང་བཅས་པ་གར་སོང་མེད་པར་གཏོར་སོང་བ་ཞིག་བྱུང་གསུངས་པ་ནི་ཕྱིས་འབྱུང་གི་ལུང་བསྟན་དུ་སྣང༌། ཕྱིས་ཤིག་གི་མནལ་ལམ་དུ་གུ་རུའི་སྐུ་ཚབ་ཤིན་ཏུ་ལེགས་པ་ཞིག་ཕྱག་ཏུ་འདུག་པ་ཞིག་ནས་ཐལ་བ་ལྟར་གྱུར་པ་ལ། ད་ནི་དེ་འདྲ་ཐོན་ཐབས་མེད་དགོངས་པའི་ཐུགས་འགྱོད་ཆེན་པོ་སྐྱེས་པ་ཞིག་བྱུང་གསུངས་པའི་རྗེས་ཡུན་རིང་མ་འགོར་བར་གཏེར་ཆེན་དེ་ཉིད་གཤེགས་སོང༌། ཡང་ལན་གཅིག་འོད་གསལ་སྣང་བར་དཔལ་ཆུ་བོ་རིའི་ཡར་རྒྱབ་ཐང་དཀྱིལ་དུ་གུར་དཀར་པོ་ཕུབ་པ་ཞིག་སྣང་བ་ལ། དེར་སུ་འདུག་བལྟ་དགོས་དགོངས་ནས་ཕེབས་པས། དེར་མངའ་རིས་རིག་འཛིན་ལེགས་ལྡན་རྡོ་རྗེ་ཉིད་སྔགས་པའི་ཆ་ལུགས་ཅན་དུ་བཞུགས་འདུག་པ་ལ་གུས་འདུད་མཛད་ནས་འདིར་ཕེབས་དོན་ཅི་ཡིན་ཞུས་པར། སྔོན་གུ་རུ་ཆོས་དབང་གིས་ལ་ཡག་གུ་རུ་ལྷ་ཁང་གི་སྒོ་གོང་དུ་སྦས་པ་ཕལ་ཆེར་མངའ་རིས་པཎ་ཆེན་གྱིས་བཏོན། འདིར་ཁྱོད་ལ་ལུང་བྱེད་དུ་འོང་བ་ཡིན་གསུངས། དྲང་སྲོང་དྲི་མེད་ཞི་བ་ཀུན་ཏུ་དགེ་བའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་དབང་ལུང་ཡུད་ཙམ་ལ་གནང་ནས་དཔེ་ཕྱག་ཏུ་གནང་བ་ཞིག་བྱུང༌། དེ་རྗེས་འཆི་མེད་སྤྲུལ་སྐུ་ནས་ལོཀྟྲ་ཞི་བའི་སྒྲུབ་ཐབས་ཤིག་མཛད་པར་ཞུས། རྟེན་འབྲེལ་དུ་དགོངས་ཏེ་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་སྒྲུབ་ཐབས་དབང་བསྐུར་ལས་ཚོགས་དང་བཅས་པ་དེ་གནང༌། འདི་སྐབས་གཏེར་གྱི་འཕྲོས་ཙམ་ཡང་མི་གསུང་ཞིང་རྗེ་ཉིད་ལ་གཏེར་ཁ་བཞུགས་པ་སུས་ཀྱང་མ་ཚོར་བའི་སྐབས་ཡིན་པས་མཛད་བྱང་སོགས་སུ་རྩོམ་ཆོས་ལྟ་བུར་གནང་བ་ལས་དོན་དུ་འདིའང་ཡང་གཏེར་གྱི་གྲལ་ཡིན་པར་སྣང་ངོ༌། །ཡང་རྗེ་ཉིད་ལ་སྔ་སོར་གསོལ་ངན་ཞིག་ཞུ་བར་བྱུང་བ་རླུང་གི་ནུས་པ་སོགས་ཀྱིས་དངོས་དེས་མ་ཚུགས་ཀྱང་། བསྙུན་རོ་དེ་གྲིབ་རྐྱེན་སོགས་ཀྱིས་སྐབས་རེར་འཕར་ལྡང་གིས་ཟུག་རྔུ་ཆེན་པོ་ལྡང་བ་ཡོད་པ་དེ་འདྲའི་རེས་ཤིག་ལ་ཕྲན་ནས་བྱབས་ཁྲུས་སོགས་སྐུ་རིམ་ཕུལ་བའི་སྐབས་ཤིག་ཏུ་གསུང་འཕྲོས་སུ། ཁོང་འཕགས་ཡུལ་དུ་པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས་སུ་གྱུར་པ་དབེན་རི་ཞིག་ན་བཞུགས་པའི་སྐབས་སུ། ཡུལ་དེར་མུ་སྟེགས་ལ་དགའ་བའི་སྡིག་སྤྱོད་ཀྱི་རྒྱལ་པོ་སྟོབས་ཆེན་ཞིག་ཡོད་པ་དུས་བཟང་ཞིག་གི་ཉིན་བློན་འབངས་ཀྱི་ཚོགས་ཀྱིས་བསྐོར་ནས་སྐྱེད་མོས་ཚལ་དུ་སྐྱོ་སངས་ཀྱི་དགའ་སྟོན་ལ་སྤྱོད་པ་ན། རྒྱལ་པོ་ན་རེ། དེ་རིང་སྐབས་གནས་ཉམས་དགའ། ཚེས་དུས་བཟང་པོ་ལ་སྔ་ན་མེད་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐབས་འདིར་བྱ་བ་ཁྱད་པར་ཅན་ཞིག་བྱེད་པའི་འདུན་མ་ཤོམ་དགོས་པས། ཁྱེད་བློན་འབངས་རྣམས་ཀྱིས་རང་རང་གིས་ཇི་ལྟར་འདོད་པ་རེ་སྨྲོས་ཤིག་བྱས་པའི་ཚེ། ལ་ལས་ནམ་མཁའི་ལྷ་མཆོད་པ་བཟང་ཟེར། ལ་ལས་གླུ་བྲོ་གར་གྱི་རྩེད་མོ་བྱེད་པ་བཟང་ཟེར། ལ་ལས་ཕ་རོལ་ལ་དམག་དྲངས་ནས་སྲིད་འཕྲོག་པ་བཟང་ཟེར་བ་སོགས་སྣ་ཚོགས་པའི་མཐར་ཐམས་ཅད་ཀྱིས་ཁ་འཆམས་པར་སངས་རྒྱས་ཀྱི་བསྟན་པ་བཅོམ་པ་བཟང་ཟེར་བ་ལ་བློ་མཐུན་པའི་ཚེ། པཎྜི་ཏ་ལ་མཁའ་འགྲོ་མས་ལུང་བསྟན་ནས་དེ་རིང་ཉིད་ནས་སྡིག་སྤྱོད་ཀྱི་རྒྱལ་པོ་དེ་མ་བསྒྲལ་ན་ངེས་པར་སངས་རྒྱས་ཀྱི་བསྟན་པ་ལ་འཚེ་བ་ཆེན་པོ་འབྱུང་བ་འགྱུར་རོ་ཞེས་བསྐུལ་ནས། པཎྜི་ཏས་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་གྱིས་མངོན་སྤྱོད་ཀྱི་ལས་བརྩམས་པས། རྒྱལ་བློན་རྣམས་འཚོགས་པའི་སར་གང་ནས་བྱུང་ཆ་མེད་པར་གླང་རྒོད་འཇིགས་སུ་རུང་བ་ཞིག་བྱུང་ནས་རྭ་རྩེས་སྡིག་རྒྱལ་གྱི་ལྟོ་བ་ཕུག་ནས་བསྒྲལ། བློན་པོ་ཆོས་ལ་གནག་པ་རྣམས་ཀྱང་བསྒྲལ་པས་ཐམས་ཅད་སྐྲག་ནས་བྱེར། དེའི་ལས་འབྲས་ཀྱིས་ད་ལྟ་ལྟོ་བ་ལ་ཟུག་གཟེར་འབྱུང་བ་དང༌། དེ་སྐབས་པཎྜི་ཏ་གང་བ་སྤེལ་དང་ཐུགས་ཤིན་ཏུ་མཐུན་པའི་མཛའ་བཤེས་སུ་ཡོད་པས་གང་སྤེལ་གྱི་སྐྱེ་བ་ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་ཡིན་འདུག་པས། དེ་ལོ་སྐུ་མདུན་བཅར་སྐབས་ཐུགས་ལ་ཤིན་ཏུ་འཐད་པས་བཤད་རྒྱུན་འགའ་ཞིག་གསན་རྒྱུ་རེད་པའང་སྔོན་གྱི་བག་ཆགས་ཡིན་པ་གསལ་བར་དྲན་འདུག་གསུངས། དེ་ལྟ་བུའི་སྔོན་གནས་རྗེས་དྲན་ངོ་མཚར་བ་རྒྱུན་ཆགས་སུ་བཞུགས་པར་སྣང་ཡང་ཐུགས་ཁམས་དྭངས་ཤིང་སྤྲོ་བའི་སྐབས་ཉམས་མཚར་རེ་ཙམ་ལས་གཏན་ནས་མི་གསུང་ཞིང༌། གཞན་ལ་གསུངས་པའང་ཆེར་མ་ཐོས་ཤིང་ཐོར་བུ་ཕྲན་ཚེགས་གསུངས་པའང་ངེས་ཏིག་ཅན་གྱི་ཟིན་དུ་བཏབ་པ་སོགས་མི་སྣང༌། དེ་མཚུངས་ཞིང་ཁམས་དང་ཡུལ་གྱི་བཀོད་པ་གཟིགས་པའི་ཚུལ་ཤིན་ཏུ་མང་བར་འདུག་ཀྱང་ངེས་པ་ཅན་པཎྜི་ཏ་མི་ཕམ་རྒྱ་མཚོ་ལ་བཀའ་བསྩལ་པ་ནི། སྐབས་ཤིག་ཁོང་ད་ཞག་སྐོར་ཟླ་བ་དྲུག་གིས་བགྲོད་དགོས་པའི་མྱ་ངམ་གྱི་ཐང་བརྒལ་ནས་རིའི་ཕུགས་སུ་ཡུན་རིང་སོང་ནས། ཤམ་བྷ་ལ་ཆུང་བའི་གནས་སྒོ་ལྷོ་ཕྱོགས་གསང་བ་བྲག་གི་ར་བ་ཞེས་གྲོང་ཁྲི་ཕྲག་ཙམ་ཡོད་པ། ཡུལ་དེའི་མི་རྣམས་བཅུད་ལེན་གྱི་མཐུས་ཡུན་རིང་འཚོ་བ། པདྨ་གླིང་པའི་གཏེར་ཆོས་དར་བ་དེར། སྔོན་སློབ་དཔོན་པདྨའི་སློབ་བརྒྱུད་ཡིན་པའི་རྣལ་འབྱོར་པ་ཡུལ་སྐད་ཏོང་ཀུ་བླ་མ་ཟེར་བ་ཞིག་ལས་རྡོ་རྗེ་སེམས་དཔའ་རྒྱན་འཁོར་ལྔ་པ་ཞེས་པའི་དབང་ལུང་ཞུས། བླ་མ་དེས་ཤམ་བྷ་ལ་ཆུང་བ་ནས་བླངས་པ་ཙནྡན་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་སྟོང་ཕྲག་མང་པོ་བཞུགས་པའི་ལྷ་ཁང་ཡང་མཇལ། དེས་ཤམ་བྷ་ལ་ཆུང་བར་འགྲོ་ལམ་བྲག་ཕུག་ནས་ཆུ་འབབ་པ་སོགས་བསྟན། གནས་འདི་བྲག་གི་ར་བ་གྲོང་ཁྲི་ཕྲག་ཙམ་ཡོད། འདི་ནས་བྱང་དུ་ལམ་བགྲོད་དཀའ་བར་ཕྱིན་ན་ཤམ་བྷ་ལ་ཆུང་བ་གཡའ་ཡི་ར་བ་ཞེས་གྲོང་འབུམ་ཕྲག་ཡོད། བོན་པོས་འོལ་མོ་ལུང་ཟེར་བའང་དེ་ཡིན་ཡང་བོན་པོ་ལ་ལོ་རྒྱུས་དག་པོ་མེད། དེ་ན་ནུས་པ་ཐོབ་པའི་རྣལ་འབྱོར་པ་དུ་མ་བཞུགས་ཡོད། དེ་ལས་ཀྱང་ཕར་བྱང་ཕྱོགས་སུ་ཕྱིན་ན་ཤམ་བྷ་ལ་ཆེ་བ་གངས་ཀྱི་ར་བ་ཅན་གྲོང་བྱེ་བ་དུ་མ་ཡོད་པ་དངོས་ཡོད་ཅེས་ཟེར་བ་ལྟ་བུའི་ཉམས་བྱུང་ཞིང༌། དེར་བྱོན་ལམ་དང་ཡུལ་དེའི་བཀོད་པ། བླ་མ་དེའི་རྣམ་འགྱུར་སོགས་ཉིན་སྣང་ལྟ་བུར་གསལ་གསལ་འདི་དང་འདི་འདྲ་འདུག་ཅེས་ཐུགས་ཉམས་མཚར་སྣང་དང་བཅས་ཏེ་བཀའ་བསྩལ་ཏོ་ཞེས་ཐོས། ཡང་སྐབས་ཤིག་མནལ་ལྟས་སུ། རྗེ་ཉིད་བསམ་ཡས་ཀྱི་ཕོ་བྲང་ཞིག་ཏུ་རྒྱལ་པོའི་ཚུལ་གྱིས་བཞུགས་ནས་འདུག །གཡས་ཕྱོགས་ཡངས་པ་ཞིག་ཏུ་སློབ་དཔོན་པདྨ་ཕེབས་ལམ་སྐས་བཙུགས་དགོས་པ་རེད་ཟེར་ནས་སྒྲོམ་སྐས་བར་སྣང་ལ་ཟུག་པ་ཞིག་མི་རེ་ཟུང་གིས་དཀའ་ལས་ཆེན་པོ་བྱེད་ནས་བཙུགས། དེ་སྐོར་མི་ཚོགས་ཤིན་ཏུ་མང་པོས་འུར་སྒྲ་སྒྲོག་ཅིང་འཚུབས་ཀྱི་ལི་ལི་བྱེད་ཀྱང་ཤིང་ཐུང་བས་ཡར་མི་སླེབ་པ་དང༌། ལྗི་བས་མི་ཐེག་པ་སོགས་ཀྱིས་སྐས་དངོས་ལ་མི་ཕན་འདུག །དེར་མི་བརྗིད་ཅན་ཞིག་འདུག་པ་དེས་འདི་རྣམས་ཀྱིས་སློབ་དཔོན་པདྨའི་ཕེབས་སྐས་བཙུགས་པ་ཡིན་ཟེར་འུར་སྒྲ་ཆེན་པོ་བྱེད་པ་རེད་ཀྱང༌། མཆོག་གྱུར་གླིང་པ་དང༌། ཀོང་སྤྲུལ་དང༌། ཁྱེད་རང་གསུམ་ཙམ་མ་གཏོགས་སྐས་ཆེན་འདི་ཚུགས་ཐུབ་པ་ནི་སུའང་མི་འདུག་ཟེར་བ་ཞིག་བྱུང་བས་འདི་ལའང་གོ་རྒྱུ་ཆེན་པོ་ཞིག་འདུག་གསུངས། ལར་མནལ་ལྟས་འདི་འདྲའང་དགོས་པའི་དབང་གིས་སྐབས་རེར་ཟུར་ཙམ་གསུང་བ་མ་གཏོགས་རྒྱུན་དུ་ནི་གཏན་ནས་བཀའ་གནང་བའི་སྲོལ་མི་འདུག་གོ །ཡང་ལན་གཅིག་འོད་གསལ་དག་པའི་སྣང་ཆར་འཕགས་ཡུལ་ལྟ་བུའི་ས་གཞི་ཤིན་ཏུ་རྒྱ་ཆེ་ཞིང་ཁོད་སྙོམས་པ། སྤང་ལྗོངས་ནེའུ་གསེང་ཆུ་མཚོ་རྣམས་ལ་མེ་ཏོག་དཀར་དམར་སྣ་ཚོགས་ཀྱིས་སྤྲས་ཤིང་ཤིན་ཏུ་ཉམས་དགའ་ལ་ཡིད་དུ་འོང་བ་ཞིག་ཏུ་ཕེབས་འདུག་པར། རྗེ་ཉིད་ཀྱིས་གསེར་གྱི་རུས་སྦལ་ཞིག་ལ་འཆིབ། ཞྭ་ལུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་གིས་སེང་གེ་དཀར་མོ་འཆིབ། རྫོགས་ཆེན་པ་གཞན་ཕན་མཐའ་ཡས་ཀྱིས་གླང་ཆེན་ཐལ་དཀར་འཆིབ། གཏེར་ཆེན་མཆོག་གྱུར་གླིང་པས་རྒྱ་སྟག་ངར་མ་འཆིབ། ཁོ་བོ་པདྨ་གར་དབང་གིས་གཡུ་འབྲུག་སྔོན་མོ་ལ་ཞོན། ཐམས་ཅད་ཀྱང་ཧེ་རུ་ཀའི་ཆ་བྱད་ཤ་སྟག་བྱས། དཔའ་བོ་མཁའ་འགྲོ་དར་དང་རིན་ཆེན་རུས་པའི་རྒྱན་ལྡན་ཤིན་ཏུ་མང་པོ་ཌཱ་དྲིལ་སོགས་ཕྱག་མཚན་སྣ་ཚོགས་ཐོགས་པ་རྣམས་དང་ལྷན་ཅིག་རྡོ་རྗེའི་གླུ་ལེན་ཅིང་གར་བསྒྱུར་བས་ཤིན་ཏུ་དགྱེས་པའི་སྣང་བ་ཡུན་རིང་མོ་བྱུང་གསུངས་ནས་ཐུགས་ངོ་མཚར་བའི་ཚུལ་མཛད། འདི་དག་གི་ཞོན་པ་ལས་སོ་སོའི་སྤྲུལ་གཞི་ཡོན་ཏན་ཕྲིན་ལས་སོགས་དང་འབྲེལ་བའི་གནད་དོན་གོ་རྒྱུ་ཆེན་པོ་རེ་ཡོད་པ་ཡིན་འདུག་པས། ཁོ་བོས་ཚུལ་དེ་ལྟ་བུའི་བཀོད་པ་བྲིས་ཐང་ཞིག་བཞེངས་ནས་སྤྱན་སྔར་ཕུལ་བས་ཐུགས་དགྱེས་པས་རབ་གནས་གནང་ཞིང་སྐུའི་ཉེ་ལོགས་སུ་ཡུན་རིང་བཀྲམ་པར་མཛད་སོང༌། ངེད་ལ་མངོན་ཤེས་མེད་ཅེས་དུས་རྒྱུན་དུ་གསུངས་མོད། དེང་སང་གི་ལུང་བསྟན་མཁན་པོ་མི་དགོས་དུས་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་བར་གསུམ་དང་ལེགས་ཉེས་ཤེས་པ་ལྟ་བུའི་ཡི་གེས་སྲང་མདོ་ཐམས་ཅད་ཁྱབ་ཅིང་ཐིག་མི་ཐིག་སྣ་ཚོགས་དང༌། དགོས་དུས་ཅིའང་མི་མཁྱེན་པ་མ་ཡིན་པར། དུས་འགྱུར་ཆེན་མོའི་སྐབས་སོགས་གལ་གནད་ཆེ་དུས་ཅི་གསུངས་ཐམས་ཅད་ཐོག་ཏུ་ཁེལ་བས་བླ་ཆེན་དང༌། མི་ཆེན་དང༌། མཁས་གྲུབ་ཐམས་ཅད་ཀྱིས་ཡིད་རྟོན་པའི་གནས་གཅིག་པུར་མཛད། དེས་མཚོན་མཁས་བཙུན་གྲུབ་པའི་ཡོན་ཏན་ལ་ཤེས་ལྡན་གཟུར་གནས་ཀུན་གྱིས་བསྔགས་པའི་གླིང་བུ་བསྒྱུར། སློབ་མ་དད་ལྡན་རྣམས་འགྲོ་ཁར་ད་ཕྱིན་ཆད་འཕྲད་པར་དཀའ་གསུངས་པ་དང༌། ད་དུང་རྗེས་ནས་འཕྲད་འོངས་གསུངས་པ་རྣམས་ཀྱང་དེ་བཞིན་ཁོ་ནར་གྱུར། ལན་གཅིག་དགོན་སྟོད་ལ་མེའི་དོགས་པ་གྱིས་གསུངས་པ་དང༌། ལན་གཅིག་དགོན་སྨད་དུ་མེ་ཤོར་བར་འདུག་པས་ལྟོས་ཤིག་གསུངས་པ་རྣམས་ཀྱང་དེ་སྐབས་ཁོ་ནར་མེ་འབར་བར་སྣང་བ་རྣམས་སོ་སོའི་ཁྱིམ་དུ་གནས་པས་ཀྱང་མ་མཐོང་བར་ལྐོག་གྱུར་གཟིགས་པ་སོགས་འདི་འདྲའི་རིགས་ཀྱང་མང་དུ་འདུག །མདོར་ན་སྤངས་པ་དང་རྟོགས་པའི་ཡོན་ཏན་དང་མངོན་པར་རྟོགས་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་པས་གནས་ཚུལ་ཇི་བཞིན་པ་བརྗོད་ནུས་པ་ལྟ་ཅི་སྨྲོས།  ཕྱོགས་རེ་ཙམ་ཡང་ཤེས་པ་དང་བརྗོད་པའི་རྔོ་ཐོགས་པ་མ་ཡིན་ཀྱང་སོ་སྐྱེ་ཐ་མལ་པས་ཇི་ཙམ་མཐོང་བ་དེ་ཙམ་ཞིག་བརྗོད་བྱར་བྱས་པའོ།།  །།དྲུག་པ་དེ་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་ཇི་ལྟར་མཛད་པ་ནི། དགུང་ལོ་ཉེར་གཅིག་པར་ངོར་གྱི་གདན་སར་བཞུགས་པའི་སྐབས་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀས་བསྐུལ་ཏེ། བརྡ་སྤྲོད་གཙོ་བོར་གྱུར་པའི་རིག་གནས་ཀྱི་བསླབ་གྲ་བཙུགས་པས། ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་སོགས་ཆེས་མཁས་པའི་སློབ་མའང་ཐོན། གཙང་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མས་ཀྱང༌། གསུང་བྲིས་ཀྱིས་བསྔགས་ཤིང༌། དངོས་སུ་ཞལ་མཇལ་སྐབས་ཁ་བཏགས་ནང་མཛོད་མགུལ་དུ་གསོལ། གསེར་ཞོ་ལྔ་ཕྱག་ཏུ་གཏད། དབུ་ལ་ཕྱག་གིས་བྱུགས་པ་དང་བཅས་ཐར་རྩེ་མ་ཧཱ་པཎྜི་ཏ་ཞེས་གསུང་གིས་གཟེངས་བསྟོད་པས་མཚོན། ཕྱོགས་དེར་སྡེ་དགེ་པཎྜི་ཏ་དང༌། ཐར་རྩེ་པཎྜི་ཏ་སོགས་སུ་མཁས་པ་རྣམས་ཀྱིས་སྙན་པའི་དྲིལ་བསྒྲགས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་ཡོན་ཏན་ཚད་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ༌། །ཞེས་པའི་ཆོས་བཞི་པོ་རྟག་ཏུ་ཐུགས་དམ་དུ་བཞེས་པ་ལས་ཁྱད་པར་དུ་གྱུར་པ། དཔལ་ས་སྐྱ་པའི་གསེར་པོད་དུ་གྲགས་པ་ལྷག་པའི་ལྷའི་སྒྲུབ་ཐབས་མང་པོ་ཕྱོགས་བསྡུས་ཀྱི་རྗེས་གནང༌། སོ་སོའི་རྒྱ་གཞུང་གི་ལུང་དང་བཅས་བར་མ་ཆད་པ་བཞུགས་པ་རྣམས་གཞིར་བཀོད། དེ་དག་གི་གསལ་བྱེད་ཡིག་ཆ་ཤིན་ཏུ་གལ་ཆེ་བ་རྣམས་ཀྱིས་ཁ་བསྐངས། མ་ཚང་བ་དང་མི་གསལ་བ་རྣམས་ལ་གསལ་བྱེད་ཀྱི་ཡིག་ཆ་གསར་དུ་སྤེལ། ཀར་དགེ་སོགས་ལུགས་སྲོལ་ཁུངས་ཐུབ་གཞན་ལས་བྱུང་བ་དེ་མཚུངས་རྣམས་ཀྱང་ཕྱོགས་སུ་བསྡེབས་ཏེ་བསྟན་པའི་རྒྱུན་གནས་པ་ཁོ་ན་ལ་དགོངས་པ་གཏད་ནས་སྒྲུབ་ཐབས་ཀུན་བཏུས་ཞེས་པའི་མཚན་གསོལ་བ་པུསྟ་ཀ་བཅུ་གསར་དུ་བསྒྲིགས་ནས་སྤར་དུ་བཀོད། དེ་དག་གི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་གཙང་དུ་ལན་གཅིག །མདོ་ཁམས་དཔལ་སྤུངས་ཀྱི་གདན་སར་ཟླ་བཟང་སྤྲུལ་པའི་སྐུ་དང༌། བདག་ཅག་དད་འདུས་ཉི་ཤུ་སྐོར་ལ་ལན་གཅིག །རྫོང་སར་དགོན་དུ་རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་དང༌། ཐར་རྩེ་མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེ་སོགས་ལ་ལན་གཅིག །ཐར་རྩེ་ཞབས་དྲུང་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང༌། ཁང་སར། ཕན་ཁང་ཞབས་དྲུང་སོགས་ལ་ཁ་སྐོང་གི་སྐོར་ཚར་གཅིག་བསྩལ། བྱམས་པས་སེང་གེའི་སྒྲ་བསྒྲགས་པའི་མདོ་ལས། གངྒཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་འཆད་པ། །དེ་ཡི་བསོད་ནམས་ཅི་འདྲ་སྔ་མར་མེད། །ཅེས་ཤིན་ཏུ་སྙིགས་མའི་དུས་འདིར་ཆོས་འཆད་པར་འོས་པའི་སྣོད་ཚུལ་དང་ལྡན་པ་ཤིན་ཏུ་དཀོན་ཡང༌། བསྟན་པའི་བཙས་དང་གཞན་ཕན་ལྷག་པའི་བསམ་པས་དྲངས་ཏེ་ཆོས་ཤློ་ཀ་གཅིག་འཆད་པ་ལའང་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་ལྟར། བསྟན་པ་འཛིན་པའི་བཤེས་གཉེན་ཆེན་པོ་རྣམས་ནས་བཟུང༌། མཆོག་དང་བར་པ་དང་དམན་པའི་འགྲོ་བ་རྣམས་ལ་ནམ་ཡང་སྐུ་ངལ་བ་དང་ཐུགས་སྐྱོ་དུབ་མེད་པར་ཆོས་ཀྱི་སྦྱིན་པ་བར་མ་ཆད་དུ་བསྩལ་བ་སྟེ། རྗེ་ཉིད་ཀྱི་རྩ་བའི་བླ་མ་གཅིག་པུ་ཐར་རྩེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཀྱང་ངོར་ཆེན་བཀའ་འབུམ་དང༌། ཞུ་ཆེན་བཀའ་འབུམ་གྱི་ལུང༌། དྲི་མེད་རྣམ་གཉིས་ཀྱི་དབང་བཀའ་སོགས་གསན་བཞེས་མཛད་པས་མཚོན། དཔལ་ས་སྐྱ་པ་ཁྲི་ཆེན་བཀྲ་ཤིས་རིན་ཆེན། རྗེ་བཙུན་མ་རྟ་མགྲིན་དབང་མོ། བསྟན་འཛིན་དབང་མོ། སྐལ་བཟང་ཆོས་སྒྲོན་སོགས་དཔལ་ལྡན་ས་སྐྱ་པའི་ཞལ་ངོ༌། ངོར་ཨེ་ཝཾ་པའི་མཁན་པོ་ཞབས་དྲུང་ཕལ་ཆེར། ཞྭ་ལུ་མཆོག་སྤྲུལ། ནཱ་ལེནྡྲའི་གཟིམ་འོག་རིན་པོ་ཆེ། ཡར་ཀླུངས་དབོན་རིན་པོ་ཆེ། ས་སྐྱ་དགའ་ལྡན་དཔོན་སློབ། ངོར་དཔོན་སློབ་ངག་དབང་ལེགས་གྲུབ། འདར་གྲོང་ཆེན་སློབ་དཔོན་ཀུན་དགའ་འཇམ་དཔལ། ས་སྐྱོང་སྡེ་དགེའི་དབུ་བླ་དཔལ་ལྡན་ཕྲིན་ལས་དང་དགེ་འདུན་རྒྱ་མཚོ་ཁུ་དབོན། ཤར་བླ་མ་མཁས་དབང་ཀུན་དགའ་དཔལ་ལྡན་སོགས་ས་ངོར་ཚར་གསུམ་གྱི་ཕྱོགས་དང༌། དཔལ་ཀརྨ་པ་ཆེན་པོ་གོང་འོག །སི་ཏུ་མཆོག་སྤྲུལ་གོང་འོག །སྟག་ལུང་མ་རིན་པོ་ཆེ། རི་བོ་ཆེའི་རྗེ་དྲུང་དང་ཞབས་དྲུང་ནོ་མི་ཧན་འཕགས་མཆོག་བཅས། ཟླ་བཟང་རིན་པོ་ཆེ། དབོན་སྤྲུལ་སྐུ་མཆེད། མཁས་དབང་བླ་མ་ཀརྨ་ངེས་དོན། བདག་ཅག་ཡན་བཀའ་བརྒྱུད་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེ། སྦྱོར་ར་ཐམས་ཅད་མཁྱེན་པ། བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་བོ་དོང༌། ལྕགས་ཟམ་ཉི་མ་ཆོས་འཕེལ་སོགས་ཇོ་ནང་གི་བསྟན་འཛིན་དུ་མ། དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་དོན་གྲུབ་རྒྱལ་མཚན། བཀྲ་ཤིས་ལྷུན་པོ་དང༌། སེ་འབྲས་ཀྱི་མཁས་པ་མང་པོ། བྲག་གཡབ་ནོ་མི་ཧན་ཆེན་པོ། ལི་ཐང་མཁན་རིན་པོ་ཆེ་མཁས་མཆོག་བྱམས་པ་ཕུན་ཚོགས། ཧོར་ཁང་སར་རྒྱལ་བ་སོགས་དགེ་ལུགས་ཕྱོགས། རྡོར་སྨིན་དཔལ་རི། ལྕགས་ཟམ་སོགས་ཀྱི་བླ་མ་དགེ་འདུན་མང་པོ། ཀཿདཔལ་ཞེ་རྫོགས་ཀྱི་བླ་མ་བླ་ཆེན་ཅི་རིགས། གཏེར་ཆེན་མཆོག་གྱུར་གླིང་པ་ཡབ་སྲས་སོགས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱིས་མཚོན་གྲུབ་མཐའ་རིས་མེད་པའི་ཞལ་སློབ་དང༌། བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ། ཆོས་རྒྱལ་སྡེ་དགེ །གླིང་རྒྱལ་པོ་སོགས་ལ། རིག་གནས་འཆད་སྤེལ་ཅི་རིགས། མདོ་རྒྱུད་ཀྱི་བཤད་བཀའ། རྙིང་མ། བཀའ་གདམས། ས་ངོར་ཚར་གསུམ་གྱི་ལུགས། བཀའ་བརྒྱུད། ཤངས་ཆོས། ཞི་བྱེད། གཅོད་ཡུལ། དུས་འཁོར་གཙོར་གྱུར་རྒྱུད་སྡེ་རྣམས་ཀྱི་དབང༌། བྱིན་རླབས། རྗེས་གནང༌། བསྐྱེད་རྫོགས་ཀྱི་ཁྲིད། ལུང་སོགས་སོ་སོའི་འདོད་པ་དང་མཐུན་པར་ཕྱོགས་དང་རིས་མེད་པར་སྤེལ། རྗེ་ཉིད་ཀྱིས་གསན་རིགས་རྣམས་ལས་བཀའ་འགྱུར་ཙམ་མ་གཏོགས་གཞན་ཚར་རེ་མ་འཆད་པ་མེད་ཅིང༌། ཕལ་ཆེར་ཚར་གྲངས་མང་པོ་དང༌། ཁྱད་པར་མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད། ཀློང་ཆེན་སྙིང་ཐིག་དབང་ཁྲིད་སོགས་ནི་ཞུ་མཁན་ཆད་པ་མེད་པར་བྱུང་བ་ལ་ཐམས་ཅད་ཀྱི་རེ་བ་སྐོང་བར་མཛད། ཕྱིས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐྱེ་བོ་ཕོ་མོ་ཕལ་ཆེར་ཞལ་མཇལ་ཞུ་བར་འོང་བ་རྣམས་ལའང༌། ཚེ་དབང་དང་འཕོ་ལུང་གིས་མཚོན་པའི་ཆོས་འབྲེལ་མོས་པ་དང་འཚམ་པར་ཁོར་ཡུག་ཏུ་གནང༌། དེ་ལྟར་ཁམས་དབུས་ཀྱི་བླ་ཆེན་མི་ཆེན་མཐའ་དག་གིས་མངོན་པར་བཏུད་ཅིང་མཆོད་ཀྱང༌། ངོ་སྲུང་ཕྱོགས་འཛིན་དང༌། རང་གཞན་གྱི་མགོ་འདྲེན་ཞུ་རྒྱུ་ལྟ་བུའི་མཚོན་འཇིག་རྟེན་ཆོས་བརྒྱད་ཅིའང་མི་སྤེལ་བར་ཆོས་དང་མཐུན་པའི་ལམ་དུ་དྲང་ཐ་ལེར་བཞུགས་ཏེ། ཁེངས་པ་དང་དྲེགས་པ་ཅུང་ཟད་ཙམ་ཡང་མེད་པར་སྙོམ་ཆུང་ཁོ་ནས་བྱ་བཏང་ཀུན་སྤངས་ཀྱི་ངང་ཚུལ་ལྷུར་བླངས་ཏེ་བཞུགས་པ་ནི་གཅིག་ཏུ་ངོ་མཚར་ཆེ་བར་སེམས། ལར་རྗེ་ཉིད་ནས་གྲུབ་མཐའ་གང་ལའང་མི་སྨོད། དག་སྣང་རིས་མེད་དུ་སྦྱངས། ཕན་ཚུན་བསྲེ་བའང་མི་མཛད། བོན་པོ་ཚུན་ཆད་ཀྱང་དངོས་བརྒྱུད་གང་རུང་ནས་ཐར་པའི་ལམ་སྟེགས་སུ་ངེས་པའི་མོས་པས་དྲངས་ཏེ། བསྟན་པ་ཐམས་ཅད་ལ་ཅི་ཕན་གྱི་ཐུགས་བསྐྱེད་བཟང་པོ་ཡོད་པའི་རྟེན་འབྲེལ་གྱིས་ཕྱོགས་དེའི་བོན་པོ་རྣམས་ཀྱིས་ཀྱང་རང་རང་གི་བླ་མ་ཞིག་དང་མཚུངས་པར་བཟུང་བ་སོགས་བསྟན་པ་ཐམས་ཅད་ཀྱི་སྤྱི་དཔལ་དུ་བཞུགས་པ་ལགས། དེ་ལ་སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་མདོ་ནི། དམ་པའི་ཚུལ་དགུའམ་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་ལྟར་ན། མདོ་སྔགས་རིག་གནས་དང་བཅས་པ་མང་དུ་གསན་པ་རྒྱ་མཚོའི་མཐར་སོན། བསམ་བྱུང་གི་རིགས་པས་རང་གཞན་གྱི་གྲུབ་མཐའི་གནད་མ་འདྲེས་པར་མཁྱེན། བསྒོམས་པས་ཉམས་དང་རྟོགས་པའི་ཀློང་བརྡོལ། མཁས་པ་ཕྱོགས་རེ་བ་མ་ཡིན་པར་མདོ་སྔགས་རིགས་གནས་ནས་ཚིག་གི་བརྡ་ཁྱད་ཕྲན་བུ་ཡན་ཆད་ལ་བློ་གྲོས་ཆེན་པོར་གྲགས་པ་རྣམས་ཀྱིའང་ཐེ་ཚོམ་སེལ་ནུས་པ་མངའ། བཙུན་པོ་ངོ་ལྐོག་ཅན་མ་ཡིན་པར་ཆོས་དང་མཛད་སྤྱོད་ཞུ་དག་ཕེར། བཟང་པོ་ཕྱོགས་ལྷུང་ཅན་མ་ཡིན་པར་ཤིན་ཏུ་དྲང་པོའི་ཐུགས་བསམ་རྣམ་པར་དག་པ་གསེར་ལྟ་བུར་དཔྱོད་ལྡན་ཀུན་གྱིས་བསྔགས། འཆད་པའི་ཚེ་ལྷག་པའི་ལྷའི་བྱིན་རླབས་ཞུགས་པ་ལྟ་བུས་གཞུང་གང་འཆད་ཀྱང་དཔེ་གཟིགས་དང་ཐུགས་བསམ་སོགས་ལ་མ་ལྟོས་པར་མ་ཎི་འདྲེན་པ་བཞིན་ཐོགས་པ་མེད། རྩོད་པ་ན་དང་པོ་ཞལ་གྱིས་བཞེས་པ་དེ་བརྒལ་བརྟག་ཇི་ཙམ་བྱས་ཀྱང་ལུང་རིགས་ཀྱི་སྒྲུབ་བྱེད་དང་གཏིང་ཇེ་ཟབ་ཏུ་འགྲོ་བ་མ་གཏོགས་ལྟག་འོག་འགལ་བའི་སྣང་ལ་མ་ངེས་པ་མི་མངའ། བརྩམ་པ་ན་ཚིགས་གཅད་ཆེས་མང་པོ་སྦྲེལ་ཏེ་གསུངས་ནའང་བློ་འཛིན་བྱང་བ་ལྟ་བུར་དཔོད་པ་མ་གཏོགས་ཐུགས་བསམ་དང་ཟློས་སྐྱོན་སོགས་མེད། མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་གཟིགས། ཇི་ལྟ་བའི་གནས་ལུགས་ཀྱི་དགོངས་པ་བརྙེས། བརྩེ་བའི་ཐུགས་རྗེ་བསྟན་འགྲོ་ཀུན་ལ་ཕྱོགས་ལྷུང་མེད་པའི་ཕན་པ་འབའ་ཞིག་མངའ། ནུས་པས་ཀླ་ཀློ་གདུག་པའང་ཟིལ་གྱིས་མནན་པར་རྡོ་རྗེའི་ལུང་གིས་བསྔགས་ན་གཞན་ལྟ་ཅི་སྨྲོས་སོ། །དེ་ལྟར་ཆོས་ཀྱི་ཡོན་ཏན་ལྟ་ཞོག །འཇིག་རྟེན་གྱི་ངོས་ནས་ཀྱང་རྗེ་ཉིད་ཀྱི་ཡབ་དེ་ཤིན་ཏུ་བློ་དྲང་ཞིང་ངོ་ལྐོག་ཐུབ་པ་ཞིག་ཡོད་འདུག་སྟབས། སྡེ་དགེའི་དྲུང་ཡིག་ཆེན་མོ་ལོ་ཉེར་དྲུག་ཙམ་དུ་མཛད་པའི་སྐབས། མི་བདག་ཁྲིམས་ཀ་ཚ་ཞིང་ཐུགས་རྟོག་ཧ་ཅང་རྒོད་པས་ཉེས་ཆད་མ་བྱུང་བའི་སྐུ་དྲག་སུའང་མེད་མོད། དྲུང་ཡིག་དམ་པ་དེས་ཁ་བཏགས་ཁ་གང་ཙམ་ཤོར་བའི་བཀའ་བཀྱོན་ཀྱང་མ་བྱུང་བས་སྤྱི་མི་དུང་གི་ཐོར་ཚུགས་ཅན་ཞེས་ཐམས་ཅད་ཀྱིས་བསྔགས་པ་དང༌། རྡོ་རྗེ་འཆང་ནམ་མཁའ་འཆི་མེད། གྲུབ་ཆེན་ཀུན་བཟང་གཞན་ཕན། ཀཿཐོག་མ་ཧཱ་པཎྜི་ཏ་ཚེ་དབང་མཆོག་གྲུབ་སོགས་ཀྱིས་ཀྱང་སྐྱེས་བུ་དམ་པ་ཞིག་དང་མཚུངས་པར་དངོས་སུ་བཀའ་གནང་བ་ཡི་གེར་བྲིས་པ་དེང་དུས་ཀྱང་ཡོད་པས་མཚོན། རྗེ་ཉིད་ཀྱང་དེའི་རིགས་ལས་འཁྲུངས་པས་ཐུགས་གཟུ་བོར་གནས་ཤིང་ཧ་ཅང་དྲང་བས། ཆོས་ལུགས་ཀྱི་གྲུབ་མཐའི་ཁས་ལེན། འཇིག་རྟེན་གྱི་བསམ་སྤྱོད་ལེགས་ཉེས་གང་ལའང་ཉེ་རིང་ཕྱོགས་ཆ་གཏན་མེད་པར་དྲང་པོ་ཁོ་ནར་མཁྱེན་ཅིང༌། དྲང་པོ་ཁོ་ནར་གསུངས་པས་ཤེས་ལྡན་རྣམས་གཅིག་ཏུ་མགུ། འཆོལ་བར་སྤྱོད་པ་རྣམས་བག་ཟ། ཡིད་སྲུབས་ཀྱི་མཐུས་བརླབས་པའི་མི་བསྲུན་རླངས་པོར་སྤྱོད་པ་རྣམས་ཀྱིས་རང་མཚངས་བརྟོལ་བ་མ་བཟོད་པས་གཤེ་སྐུར་ཀྱང་འདེབས་པ་ནི། ཐིག་སྐུད་དྲང་པོར་བཞག་པ་ན། །ཡ་ཡོ་ཅན་གྱི་སེམས་ལ་གཟན། །ཞེས་པ་ལྟར་སྣང་ངོ༌། །གཞན་ཡང་གདུལ་བྱ། གྲོང་ཆོག །རྙེད་པས་རྙེད་པ་འཚོལ་བ་སོགས་ཆེད་དུ་གཏད་པ་ཅིའང་མི་མཛད། དགྲ་འདུལ་གཉེན་སྐྱོང༌། ཚོང་སོ་ནམ་ཉེ་དུའི་ཁ་འཛིན་སོགས་མནལ་ལམ་དུའང་མི་མངའ། ཕེབས་ཞོར་ལྟ་བུར་གདན་འདྲེན་རེ་ཙམ་བྱུང་ན་སུས་ཅི་བྱས་རེ་བ་སྐོང་བ་ལས་ངེད་བྱ་བཏང་ཡིན་ཅེས་བུམ་གོག་དང༌ལག་པ་མགོར་འཇོག་པ་ཙམ་ལའང་སྲོག་ཆད་ཆད་ཀྱི་ཚུལ་འཆོས་མི་མཛད། རྙེད་པ་གང་བྱུང་ཐམས་ཅད་འཕྲལ་བྱུང་འཕྲལ་དག་གི་དགེ་རྩར་གཏོང་བ་མ་གཏོགས་ཕུགས་བསྲིས་སུ་ཚགས་པ་དང༌། གྲྭ་འཁོར་ཉེ་དུ་སོགས་རྣམ་སྨིན་ལ་མི་འཛེམས་པ་རྣམས་ལ་ངོ་དགས་མཚོན་གནས་མིན་དུ་ཞོ་གང་ཡང་ཆུད་ཟོས་སུ་མི་གཏོང༌། ནང་ཚག་ལ་ངེད་བན་རྒན་འཆི་ཉེ་བ་ཡིན་ཞེས་ངེས་འབྱུང་གི་གསུང་ཐུང་ངུ་ཁོ་ན་ལས་ཡུན་རིང་གི་འཚོ་རྩིས་འདི་བྱ་འདི་བྱེད་ཀྱི་ཤོམ་ར་མི་འདིང༌། ཐུན་མོང་གི་ངོར་ངེས་འབྱུང་ལ་བསྙད་པའི་ངུ་ཆོ་ཚིར་ཚིར་ལྟ་བུའི་མངོན་ཚན་ཅན་མི་མཛད། བླ་མ་རྣམས་ལའང་དངོས་སུ་ཧ་ཅང་གུས་གུས་དུང་དུང་གི་ཁ་གསག་གིས་ཐུགས་སྣ་མི་འབྲིད་མོད། ལྐོག་ཏུ་མིང་རུས་བླ་དྭགས་ཚུན་ཆད་ནས་བརྗོད་པའི་བརྙས་བཅོས་མ་ཡིན་པར་རྡོ་རྗེ་འཆང་དང༌། རིན་པོ་ཆེ་སོགས་གསུངས་པའི་ཆེ་བ་འབའ་ཞིག་པའི་བསྔགས་པ་བརྗོད་པ་སོགས་མོས་གུས་ཀྱི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་མཛད་ཅིང༌། ཐུགས་དད་འགྱུར་ལྡོག་མི་མངའ་བ་འདི་ཁོ་ནའང་དེང་སང་གི་བླ་མ་དང་སློབ་མ་ཆེར་རློམས་མངོན་ལྐོག་ཅན་སུས་ཀྱང་འགྲན་དུ་མེད་པའི་རྣམ་ཐར་མཆོག་གཅིག་ཏུ་མངོན། སྤྱིར་ཡང་ཐུགས་ཀྱི་གཏིང་སྒམ་པས་སུས་ཀྱང་ཚོད་མི་དཔོག་མོད། ལྟར་སྣང་དུ་ཞུ་ས་ཟེར་ས་ཅིའང་མེད་པའི་ངན་དཀྱུས་དང༌། མཁས་པའི་སྙེམས་པ་དང༌། གྲུབ་པའི་སྤུ་སུད་དང༌། ཐུགས་སྣ་ཐུང་ངུ་ཅན་མ་ཡིན་པར་ཀུན་དང་མཐུན་པའི་སྙེམས་ཆུང་དང༌། ཐུགས་ཆུང་ངུ་མཛངས་པ་ལྟ་བུ་མཛད། དོན་དུ་དུས་འགྱུར་ཆེན་མོའི་སྐབས་སོགས་སུ་ལྷ་ཆོས་ཀྱི་ངོས་ནས་སྐྱེས་བུ་དམ་པ་དང༌། བློ་གྲོས་ཅན་དང༌། མངོན་ཤེས་རྫུ་འཕྲུལ་ནུས་པ་ཅན་དུ་རློམས་པ་དང༌། མི་ཆོས་ཀྱི་ཕྱོགས་ནས་ཤེས་པ་ཡོན་ཏན། ཕོ་རྒོད་ངན་གཡོ་ཅན་དུ་བརྩི་བ་སྟག་དང་སེང་གེ་ལྟ་བུ་ཐམས་ཅད་ཀྱིས་ཀྱང་སྔ་བསམ་ཕྱི་མནོ་ཅུང་ཙམ་ཡང་མེད་པར་སྙིང་ལྐོག་མར་ལྷུད་དེ་ཕྱི་མིག་མི་བལྟ་བར་འབྲོས་པའམ། ཤེས་བཞིན་དུ་དགྲ་ཡི་དྭངས་མར་བློ་གཏད་ལིང་བསྐྱུར་མགོ་བཅད་དཔང་བཞག་གིས་རང་གཞན་ཐམས་ཅད་ཕུང་ལ་སྦྱོར་བ་ཤ་སྟག་གི་འཕྲུལ་འཁོར་མིག་འཕྲུལ་ལྟ་བུར་བསྐོར་བ་དང༌། ཞེན་ཕོ་རུས་སམ། ཁྲེལ་ངོ་ཚའམ། འདི་ཕྱི་ལས་འབྲས་སོགས་འཕོངས་ཕྱིས་པའི་རྡོ་བཞིན་དོར་ཏེ་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཀྱི་རྫ་ཕུང་མ་རབས་ཐ་ཆད་ཀྱི་སྤྱོད་ངན་རྡོ་བའི་ཆར་གྱིས་རྨེངས་མེད་དུ་བཅོམ་པ་དེ་ལྟ་བུའི་སྐབས་སུའང༌། འཇིགས་ཟིལ་རྔམ་ཞུད་ཇི་ཙམ་ཆེ་རུང་དེ་ཙམ་གྱི་ཐུགས་སྟོབས་ལྷག་པར་རྒྱས་ཏེ་བ་སྤུའི་རྩེ་མོ་ཙམ་ཡང་མི་གཡོ་བར། ཕ་རོལ་པོ་ལ་སྐྱབས་འཚོལ་བའམ། གཞན་དུ་བྱོལ་བ་ལྟ་བུའི་རྟོག་པ་མནལ་ལམ་དུའང་རྒྱང་བསྲིངས་ཏེ་ཤིན་ཏུ་ཟུངས་ཐུབ་པ་ལྷུན་པོ་ལྟར་ཇི་མི་སྙམ་པར་བཞུགས་པས། སུས་ཀྱང་ཅིའང་བྱར་མེད་པ་སྤྲིན་བྲལ་ཉིན་མོར་བྱེད་པ་ལྟར་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་ཏེ། སྔོན་གྱི་དུས་རྨོག་སྟོན་གསང་བདག་ཆེན་པོ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་རྗེ་ཉིད་ལ་འཇིགས་བྲལ་གྱི་སློབ་དཔོན་དོན་ཐམས་ཅད་གྲུབ་པ་ཞེས་ཞལ་རྩེད་ཀྱི་ཚུལ་དུ་མཚན་གྱི་ཅོད་པཎ་དཔྱངས་པ་དང༌། རྗེ་དེ་ཉིད་ནས། ཕྱིས་ཨོ་རྒྱན་སྨིན་གྲོལ་གླིང་དུ་བསྙེན་པར་རྫོགས་སྐབས་བཅས་འཇིགས་མེད་མཁྱེན་བརྩེའི་ཟློས་གར་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་ཕུལ་བའང་སྐབས་འདིར་མངོན་གྱུར་གྱི་དོན་དང་ལྡན་པའི་ལུང་བསྟན་ལྟ་བུར་སེམས། དེས་མཚོན་སྙན་ཁུང་མཐུག་ཅིང་ཐུགས་ཀྱི་གཤིས་སུས་ཀྱང་བསྒྱུར་དུ་མི་བཏུབ། མཆོག་དམན་བར་མ་གང་ལའང་ཐུགས་དལ་དལ་སྐབས་ལྟ་བུར་གནས་ཚུལ་གྱི་གསུང་གླེང་དྲི་རྨེད་ཞིབ་ཏུ་མཛད་པ་ལས་ཞལ་མི་བསྲེ་བ་དང༌། སྦུགས་འཐུམས་ཚིག་སྣ་ཐུང་ངུའི་གོ་དཀའ་བ་མི་མཛད་ཅིང༌། གསུང་སྒྲོས་རྣམས་ཀྱང་མདོ་སྦུག་མེད་པ་ལྷུག་པར་བསྩལ། ལྷག་པར་བཀའ་གདམས་གོང་མའི་གསུང་སྒྲོས་དང༌། བླ་མ་རྣམས་ཀྱི་ཞལ་གསུང་དང༌། རྗེ་ཉིད་ཀྱི་མཛད་ཚུལ་སོགས་གནའ་གཏམ་ཡ་མཚན་ཅིང་ཟླ་ཚོད་ཚེས་གྲངས་ཁུངས་དང་གཏན་ཚིགས་སོགས་ཤིན་ཏུ་ཞིབ་པ་ཆོས་ཀྱི་སྙིང་པོ་ཅན་མང་དུ་གསུངས་མོད། བདག་ལྟ་བུའི་བླུན་པོ་ནི་ངོ་དགའ་དང༌། ཕྱོགས་ལྷུང་གི་གཏམ་ཆལ་ཆོལ་ཆང་བཟིའི་ལབ་ཅོལ་ལྟ་བུ་ལ་མགུ་བ་ལས། དེ་རིགས་ནོར་སྐྱོང་གི་མདུན་དུ་རྩྭ་བཞག་པ་ལྟ་བུར་མ་ཟད། ཐ་ཆད་འགའ་ཞིག་རྣ་བ་སུན་སྣང་ཡང་སྐྱེ་སྲིད་པར་འདུག །དེ་ལས་གཞན་དུ་རང་ཉིད་མངོན་པར་བསྟོད་ཅིང་བསྔགས་འོས་སྨད་པ་དང༌། དེང་སང་བླ་དཔོན་ཕལ་ཆེར་གྱིས་སྐད་ཆ་དྲི་རྒྱུའི་སྙིང་པོ་ངེད་རང་ལ་སུ་ཞིག་གིས་སྨད། སུ་ཞིག་གིས་བསྟོད། ཅི་ཟེར་བར་འདུག་སོགས་རེ་དོགས་ཀྱི་གཟེ་རེ་ཚེར་མ་གཟེངས་པ་ལྟ་བུ་དེ་འདྲ་གཏན་ནས་མི་མཛད། མ་རབས་འགའ་ཞིག་གིས་རྗེ་ཉིད་ལ་གཏིང་ནས་གུས་པ་མེད་བཞིན་དུ་དེང་དུས་བླ་དཔོན་སྤྱི་ཁྱབ་ཀྱི་མདུན་སར་གཏམ་གྱི་ལག་སྣེ་མེད་དུ་མི་རུང་བ་ངོ་དགའ་ཕྱེ་གཏོར། རང་རང་གི་དགའ་མི་དགའི་རྣམ་རྟོག་སྙིང་པོར་བྱས་པའི་བསྟོད་སྨད་དང༌། ཁྱད་པར་མཐོ་དོགས་དམའ་དགའི་ཕྲག་དོག་གི་ཟུར་ཟ་ཁྱི་རྒན་ཟུག་པ་ལས་ལོད་པ་དེ་རིགས་གསན་པ་ཙམ་ནས་གཏམ་འཕྲོ་བཅད་དེ་སྙན་གྱི་ཕྱིར་ཕྱོགས་སུའང་མི་བཞག་པར་མ་ཟད། རྗེས་སུའང་མི་དེ་རིགས་ཀྱི་གཏམ་ལ་ཉོན་ཉན་ཅིའང་མེད་ཅེས་ཐུགས་ཤིན་ཏུ་མི་དགྱེས། རྗེ་ཉིད་ཀྱི་མཛད་སྤྱོད་གང་ལ་སུས་ཀྱང་ཆོས་དང་མཐུན་པར་བརྒལ་དུ་མེད་མོད། རང་རང་གི་བསམ་སྦྱོར་ཕྱིན་ཅི་ལོག་པ་དང་མ་མཐུན་པ་རྒྱུ་མཚན་དུ་བཟུང་ནས་སྨོད་པ་དང་སྐུར་པ་སོགས་བརྒྱ་ལ་སྙན་དུ་སོན་ནའང་། མོས་པ་སྣ་ཚོགས་པའི་སེམས་ཅན་སངས་རྒྱས་ཀྱི་མཛད་པས་ཀྱང་མི་མགུ་ན་བདག་ལྟ་བུས་ལྟ་ཅི་སྨྲོས་ཞེས་རེ་དོགས་ཀྱི་ཟུག་རྔུ་ཏིལ་གྱི་ཤུན་པ་ཙམ་ཡང་མི་མཛད་ཅིང༌། རྗེ་ཉིད་ཀྱི་དགོངས་སྤྱོད་གང་ཡིན་པ་དེ་དྲང་པོར་བསྲངས་ཏེ་བཞུགས་པ་ལས་བསྒྱུར་བཀོད་ཀྱི་ཙབ་ཙུབ་ཅུང་ཟད་ཀྱང་མི་གནང༌། མཁས་པ་དང་མི་ཆེན་སོགས་ཀྱི་མདུན་སར་ངོ་སྲུང་ཕྱེ་གཏོར་མི་གནང་ཞིང་ཞུམ་པའི་རྣམ་པ་ཙམ་ཡང་མེད་པར་གསུང་སྒྲོས་ཚུན་ཆད་དྲང་ཐ་ལེར་གཟེངས་བསྟོད་དེ་བསྩལ། ཕལ་པ་དང་བྱིས་པ་ཆུང་ངུ་དམན་པ་རྣམས་ལ་བརྙས་སེམས་དང་ཁེངས་པ་མི་གནང་བར་གསུངས་དཔངས་ལྷོད་པ་དང་ཞལ་རྩེད་སོགས་ཅི་དགར་མཛད་པས་དབུགས་དབྱུང་བ་ལས་འཇིགས་འཇིགས་དང་སྒྲོབ་སྒྲོབ་མི་མཛད་རུང༌། སྔོན་གྱི་ལས་འཕྲོ་སད་པ་དང༌། ནང་དུ་ཏིང་ངེ་འཛིན་མངའ་བའི་མཐུས་མཆོག་དམན་ཐམས་ཅད་ཟིལ་གྱིས་གནོན་ནུས་པའི་བརྟུལ་ཞུགས་ཁྱད་པར་ཅན་མངའ་བས་ཀུན་ཀྱང་གདོང་ཞུམ་བཞིན་དུ་བཏུད། རྗེ་ཉིད་ཀྱི་མཛད་པ་ཆེ་ཕྲ་གང་ལའང༌། གལ་ཆེ་སྐབས་གཏིང་ནས་ཐུགས་ཡིད་ཆེས་པའི་བླ་མ་རེ་རེ་ཙམ་ལ་བརྟག་པ་མཛད་པ་ཙམ་སྐུལ་བ་དང༌། རྗེ་རང་ནས་བླ་མ་དང་དཀོན་མཆོག་ལ་ལུང་ཞུས་བརྟག་སྒྲིལ་རེ་ཙམ་མ་གཏོགས། གཞན་ཆོས་དང་མི་འགལ་ཞིང༌། འཇིག་རྟེན་དང་མཐུན་པར་དཔྱད་དེ་རང་ཚུགས་བཟུང་ནས་འཇུག་པ་མ་གཏོགས་མི་མང་ཁ་མང་གི་གྲོས་ཁ་མི་འདིང༌། གསུང་ལས་ཀྱང་རང་རེ་དང་པོར་སྐྱེས་དུས་ཀྱང་གཅིག་པུར་སྐྱེས། མཐར་འཆི་དུས་ཀྱང་གཅིག་པུར་འཆི་བས་གལ་ཆེ་ཤོས་དེ་གཉིས་ལ་བློ་སྟོན་གྲོས་བྱེད་མཁན་སུ་མི་འདུག་པ། ཚེ་འདིའི་དོན་རང་ཐག་རང་གིས་མ་ཆོད་པ་ཅི་ཡོད་ཅེས་བཀའ་བསྩལ་ནས་རང་དབང་གཞན་ལ་མི་བསྐུར། གཞན་གྱིས་ཐུགས་བློ་འདྲ་ཞུས་ནའང༌། ངེད་ལ་མངོན་ཤེས་ནི་མེད། བློ་ནི་རང་རེ་ཐམས་ཅད་སྨྲ་ཤེས་དོན་གོ་མིའི་ལུས་རྟེན་ཅན་ཡིན་ཙ་ན། འདོད་པ་ཐོག་ཏུ་བབས་ན་དགའ། མི་འདོད་པ་མ་བྱུང་ན་དགའ་བའི་ཅི་དྲག་གང་དྲག་གི་རྣམ་རྟོག་ཅན་རེ་ཡིན་མོད། རེ་བས་ཡོང་བ་སྒྲིབ་པའི་དཔེས་དེ་འདྲ་ཨི་འོང་ཅི་ཆ་བས་བློ་བཀོད་ནས་བསམ་ཚོད་ག་ལ་འོང༌། སྤྲང་པོའི་ཉལ་བསམ་གྱི་དཔེ་ལས་མེད་པས་ཅིའང་ལུང་སྟོན་མི་ཤེས་ཞེས་པ་དང༌། ལར་ཡང་མི་མང་ཚོགས་པ་དང༌། བཀའ་ཆོས་སོགས་ཀྱི་སྐབས་བླང་དོར་གྱི་སྤྱི་བཤད་རེ་ཙམ་མ་གཏོགས། མི་རེ་རེ་ནས་ཁྱོད་ཀྱིས་འདི་གྱིས་འདི་མ་བྱེད་ཅེས་བཀའ་བཀོད་དེ་འདྲ་གཏན་ནས་མི་མཛད་ཅིང༌། བཀའ་ལས་ཀྱང༌། འབྲོམ་སྟོན་པས། མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །ཞེས་པ་ལྟར་དེང་སང་སློབ་མ་བརྒྱ་ཡོད་ཀྱང་བླ་མ་ལ་ཉན་ངེས་པ་རེ་རེའང་དཀོན། བུ་བརྒྱ་ཡོད་ཀྱང་ཕ་ལ་ཉན་པ་རེ་རེའང་དཀོན་པས་དེ་འདྲ་ལ་བསླབ་སྟོན་བྱེད་པ་མི་རང་གཉིས་ཀ་ཚིག་པ་ཟ་བའི་རྒྱུ་ལས་ཅི་ཡོད་ཅེས་མི་ཐག་རང་གིས་ནམ་ཡང་མི་གཅོད། སྙིང་ཐག་པ་ནས་བློ་གཏད་པ་ཡིན་ཚེ་དཀོན་མཆོག་ལ་ལུང་ཞུས་སོགས་ཞིབ་ཆ་མཛད་ནས་སྣེ་རེ་ཙམ་བཀའ་གནང་བ་ལས་གདུལ་བྱ་བསླུ་བའི་བབ་ཅོལ་མི་གནང་བས་མཚོན། དེང་སང་བློ་ཆུང་ཡིད་རློམས་མི་འོང་བཞིན་དུ་གཞན་གྱི་མགོ་འདྲེན། མི་ཤེས་བཞིན་དུ་མངོན་ཤེས་དང་རྫུན་ལུང་འཆད། མི་ཐོན་བཞིན་དུ་ཕན་ཚུན་བར་འདུམས། མི་ཉན་བཞིན་དུ་གཞན་ལ་བསླབ་སྟོན་དང་སློབ་དཔོན་བྱེད། མི་དགའ་བཞིན་དུ་ངོ་སྲུང་དང་ཕྱེ་གཏོར་མི་བྱེད་རྒུ་བྱེད་པ། སྤྲེའུ་དང་བྱི་ལའི་བརྟུལ་ཞུགས་ཅན་མང་པོ་ལ་བསམས་ན་བླ་མའི་རྣམ་ཐར་ཁོ་ན་དྲན་པ་ལས་གཞན་དུ་ཅི། རྗེ་ཉིད་སྐུ་ན་གཞོན་ནུའི་དུས་སྐུ་གཟུགས་ཐང་པོ་ཞིག་ཡིན་འདུག་རུང༌། ཕྱིས་འཁྲུགས་གཞི་དང༌། སྦྱར་དུག་གི་གཞི་སོགས་བྱུང་བས་རིམ་པར་བོད་ཁམས་སྤྱིའི་བསོད་ནམས་དམན་པས་སྐུ་གཟུགས་བབས་ཇེ་ཞན་དང༌། སྙུན་ཁམས་སྣ་ཚོགས་པ་ཇེ་ལྗིར་གྱུར་པའི་སྐབས་སུའང༌། དེང་སང་ཕལ་གྱིས་བློ་སྦྱོང་ལ་བསྙད་པའི་ཚུལ་འཆོས་ལྟ་བུུ་མ་ཡིན་པར། ངེད་སྔོན་གྱི་ལས་ངན་པས་སྨན་གྱིས་མི་ཕན། རིམ་གྲོའང་དེ་དང་འདྲ། ན་དགའ་ཤི་སྐྱིད་ག་ལ་ཡིན། ཆུ་ཚོད་རེར་བདེ་མོ་འདུག་རྒྱུ་བྱུང་ན་ལོས་བཟང་སྟེ། སྔོན་ལས་ལ་བཅོས་སུ་ཅི་ཡོད་པས་ལས་བདག་གིར་བྱེད་པ་ལས་འོས་མ་མཆིས་ཞེས་ཁུ་སིམ་མེར་བཞུགས་པ་ལས། ཅི་དྲག་ཅིའང་མི་མཛད། གཞན་འགའ་རེས་ཕྱོགས་གཞན་དུ་མཁས་པ། བཙུན་པ། བྱ་བཏང༌། གྲུབ་ཐོབ། གཏེར་སྟོན་སོགས་ཁྱད་པར་ཅན་འདི་དང་འདི་ལྟ་བུ་བཞུགས་ཞེས་ཞུས་ན། སྲིད་པ་ཟེར་བ་ཅི་དང་ཅིའང་སྲིད་པས་དེ་འདྲ་ལོས་ཡོད་ཅེས་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང༌། །རྟག་ཏུ་གསར་པ་གསར་པ་འཚོལ། །ཞེས་པ་ལྟར་ཆོས་དང་བླ་མ་སྔ་མ་དོར་ནས། ཕྱི་མ་ཕྱི་མ་ཚོལ་བའི་ཨ་གསར་དང༌། ཕྲག་དོག་གིས་གཞན་ལ་སྨོད་པ་སོགས་མི་མཛད། ལར། གྲུབ་ཐོབ་དང༌། གཏེར་སྟོན་སོགས་ལོས་བཟང་སྟེ། དེང་སང་མཁས་བླུན་གྱབ་ཆུང་སུས་ཀྱང་དང་པོ་གྲུབ་གཏེར་གྱི་རིགས་ལ་ཧ་ལས་ལས་གནམ་ས་ཁེངས་པ་ཙམ་དུ་བསྔགས་པ་བརྗོད་ཅིང་རྗེས་སུ་འབྲང༌། ཆོས་ཞུ། ཇེ་ཞིག་ན་བཀའ་གདམས་རིན་པོ་ཆེའི་གསུང་ལས། རང་རེ་རྣམས་དགེ་བའི་བཤེས་གཉེན་ལ་ཞེ་ས་དང་བཅས་པས་སྐུར་པ་འདེབས་སུ་འོང་ཞེས་པ་ལྟར། ཞེ་ས་མ་ཞུས་ནའམ་ཞེས་སྔོན་དུ་འགྲོ་བས། ཐུགས་སྣ་ཐུང༌། དབང་ཡོད་ཆེ། ངན་ལང་ཆེ། མཛད་རྒྱུ་མང༌། དྲན་འཕྲུལ་རྒོད། གསུང་རྒྱུ་མང༌། ཆ་བཞག་མེད། ཕྱག་རྫས་ཀྱིས་དོན་མི་ཐོན། འཛིན་འཆང་ཆེ་སོགས་ཁ་ཤེས་ཚད་གཏོང་བ་དང༌། སྤྲང་པོའི་ཁ་འགེགས་པའི་ངན་པའང་ཟེར་དོན་ཅི་ཡོད་པས་སུ་ལའང་བཟང་ངན་ཅིའང་མ་སྨྲས་པར་འོན་པ་ལྟར་སྡོད་ན་དགའ་ཞེས་གསུངས་པས་གནད་ཆེ་བ་ཞིག་ཡིན་འདུག་སྙམ། འགའ་ཞིག་གིས་རྟེན་འབྲེལ་ཞེས་གསུང་མོད། རྗེ་ཉིད་ནས། རྟེན་འབྲེལ་ཞེས་པ་དེ་རང་ཤུགས་ཀྱིས་འགྲིགས་པ་ལས། ཆེད་དུ་བཅོས་པས་འགྲིགས་རྒྱུ་ཡིན་ཚོད་མི་སྣང༌། མཁན་ཆེན་བོ་དྷི་ས་ཏྭ་དང་ཆོས་རྒྱལ་ཁྲི་སྲོང་དུས་ཀྱི་རྟེན་འབྲེལ་ལ་ལྟོས། རང་ཤུགས་ཀྱིས་འགྲིགས་པ་དེའང་དེང་སང་གདུལ་བྱ་ཐམས་ཅད་བསོད་ནམས་ཟད། ལོག་རྟོག་རྒོད། ཐེ་ཚོམ་མང༌། མཉམ་འགྲོགས་ཆེ། དམ་ཉམས་མོད། དེའི་རྗེས་སུ་འབྲང་ཞིང་བློ་གཏོད་པ་ཁོ་ནས་བླ་མས་ཅི་བྱས་སྐྱོན་འབའ་ཞིག་མཐོང་བའི་དུས་འདིར་རྟེན་འབྲེལ་བཟང་པོ་དེའང་འགྲིགས་དུས་དཀའ་ཞེས་ཡང་ཡང་བཀའ་གནང་བའང་ཐུགས་ཉམས་ཅན་གྱི་གསུང་དུ་ངེས་ཤིང༌། རྗེ་ཉིད་ནས་རྟེན་འབྲེལ་ཡིན་ཞེས་ཉག་ཧོར་གྱི་ཁྲམ་ཆས་བྱེད། ནག་ཆང་སྤྱོད། རྟ་རྒྱུག །མདའ་འཕེན། མེ་མདའ་རྒྱགས། རི་དྭགས་གཤོར། གླུ་ལེན། བྲོ་རྡུང༌། ལུང་བསྟན། ལྷ་བབས། འདྲེ་བབས་ཟེར་བའི་སྲོག་རླུང་ཅན་ཨ་རག་གིས་བཟི་བ་ལྟ་བུ་ལ། ངེད་རང་ལྟ་བུས་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས་མཐའ་གཅིག་ཏུ་ལེགས་ཉེས་ཀྱི་ཁ་ཚོན་ག་ལ་ཆོད་ཀྱང༌། སྤྱིར་བཏང་དམ་པ་རྣམས་ཐུགས་གཏིང་ནས་ཁྲེལ་བར་མ་ཟད། ཆོས་རྒྱལ་ཁྲི་སྲོང་དུས་ནས། དབུ་ཟླུམ་མདོའི་སྡེ། ལྕང་ལོ་སྔགས་པའི་སྡེ་ཞེས་པ་གཉིས་ལས། ཁྲམ་ཆས་རྐུན་མའི་སྡེ་ཞེས་པའི་ཕུང་པོ་གསུམ་པ་ཞིག་གཏན་ནས་མེད་ཅེས་གསུངས་པའང་བློ་གཟུ་བོར་གནས་ཤིང་མདོ་སྔགས་ཀྱི་བསྟན་པ་ལ་མནོ་བསམ་ཡོད་པའི་མི་ཞིག་ཡིན་ན་དེ་འདྲ་ཞིག་ལོས་ཡིན་ཨེ་ཤི་རེ་སྙམ་མོད། ལས་ངན་རྣམས་ལ་ཅི་ཆ་ཡོད། འགའ་ཞིག་སྤྱིར་གྲུབ་མཐའི་དགག་སྒྲུབ་མང་པོའི་སྤུ་སུད་ཚ་པོ་དང༌། ལྷག་པར་རང་སྟོང་དང་གཞན་སྟོང་ཨམ་ཞིག་གི་ཕྱོགས་ཞེན་སྐེ་ཆད་ཆད་འཐེན་པ་མང་མོད། རྗེ་ཉིད་ནས་རང་རང་གི་གྲུབ་མཐའ་གསུངས་པའི་སྐབས་ཆོས་སྐད་མ་འདྲེས་པར་ཐད་ཀར་གོ་སླ་ཞིང་དོན་འདུམས་པ་རེ་གསུངས། སྤྱིར་བཏང་གྲུབ་མཐས་གཏན་ལ་དབབ་བྱའི་སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། དེ་ནི་ཤེར་ཕྱིན་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པར་མ་ཟད། བོད་ཡུལ་གྱི་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཆེན་པོ་ལྟ་བུས་ཀྱང་དོན་དམ་པ་སྒྲ་རྟོག་གི་ཡུལ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་ཙམ་ཡང་མིན་པར་བཞེད་ན། གནས་ལུགས་མཐར་ཐུག་པ་ནི་ཚུ་རོལ་མཐོང་བའི་བློ་ཇི་ཙམ་ཟབ་ཀྱང་གཏན་ལ་འབེབ་མི་ནུས། གནས་སྐབས་ཕྱོགས་རེ་ནས་གཞལ་བའི་དབང་དུ་བྱས་ན་མཁས་གྲུབ་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་པའི་ཆོས་སྐད་རེ་རེ་ལའང་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་འཐད་པ་མང་དུ་སྣང་བས། རང་རང་གི་ལུགས་སྲོལ་གང་ཡིན་པ་དེའི་རྗེས་སུ་འབྲངས་ཏེ་བླ་མ་གོང་མའི་བཞེད་པ་རྐང་ཚུགས་པ་ཞིག་བྱུང་ན་ཧ་ཅང་ཕྱོགས་ཞེན་རང་མི་དགོས། འོན་ཀྱང་ཆོས་སྐད་དང་གྲུབ་མཐའ་ཕན་ཚུན་བསྲེ་བ་དང༌། རང་གི་གྲུབ་མཐའི་རྐང་མ་ཟིན་པས་གཞན་གྱི་ན་ཡམ་རྒྱབ་རྟེན་དུ་ཁྱེར་བ་དང༌། ལྟ་སྒོམ་སྤྱོད་འབྲས་ཀྱི་ལུང་ཐམས་ཅད་མོ་ངན་མའི་ཐག་ཆ་འཛིངས་པ་བཞིན་བྱས་ཏེ་ལུང་དོན་རིགས་པས་རྒྱབ་འཁྱོལ་མི་ནུས་པ་དེ་འདྲ་ནི་རང་གི་གྲུབ་མཐའ་ལ་ཡིད་མ་ཆེས། གཞན་གྱི་རྗེས་སུ་སྙེག་འདོད་ཀྱང་མ་སྙོག །མཁས་པས་མཐོང་ན་བཞད་གད་ཀྱི་རྒྱུ་ལས་མ་འདས་པས་རང་ཚུགས་རེ་ཟིན་པ་བྱུང་ན་ནི་ལེགས་ཞེས་གསུངས། ལ་ལ་གཏེར་ལུང་ངམ། རང་གི་བླ་མ་ག་གེ་མོ་དང་ཆེ་གེ་མོས་གསུངས་སོ་ལོ་ཞེས་རང་ཕྱོགས་འགའ་ཞིག་ཞལ་མཇལ་བའམ། ཕྱག་དབང་ཐོབ་པ་ཙམ་གྱིས་ངན་སོང་མེད་ཅེས་སངས་རྒྱས་བྱང་སེམས་ཀྱི་རྒྱལ་ཚབ་སོགས་སུ་བསྔགས་པ་ཧ་ཅང་ཐལ་བ་མང་པོ་བྱེད། གཞན་ཕྱོགས་འགའ་ཞིག་མཁས་བཙུན་བཟང་པོའི་ཡོན་ཏན་མཐོང་ཆོས་སུ་མངའ་བ་རྣམས་ལའང་འབྲེལ་ཚད་ངན་སོང་དུ་འགྲོ་སྐད་པ་མང་བ་ལ། རྗེ་ཉིད་ནས་རང་གི་བླ་མ་ལ་འཇིག་རྟེན་གྱི་ཞེན་ཕོ་རུས་ཙམ་མིན་པར་སྙིང་ནས་སངས་རྒྱས་སུ་མཐོང་བའི་མོས་གུས་ཀྱི་བསྟོད་བསྔགས་ཡིན་ན་བཟང་མོད། གཞན་ཕྱོགས་ཀྱི་ཆོས་དང་གང་ཟག་བཟང་པོའི་རིགས་ལ་དད་པ་མ་བྱུང་རུང༌། ལོག་ལྟའི་སྐུར་འདེབས་དེ་འདྲ་བྱེད་པ་ནི་ཆོས་སྤོང་བའི་ལས་ཞེས་མཚམས་མེད་ལྔ་ལས་ཀྱང་ཐུ། གཏེར་ལུང་རིགས་ཀྱང་འགའ་རེ་བླུན་པོ་སྙིང་ཁམ་ཅན་གྱིས་ཨོ་རྒྱན་པདྨ་རྫུན་རྒྱབ་ཏུ་སྤྱན་དྲངས་ནས་གསར་དུ་ཆགས་སྡང་གིས་དཀྲུགས་ཏེ་སྦྱར་བའི་ལག་རྗེས་མངོན་སུམ་པའང་མང༌། གལ་སྲིད་གཏེར་ཡིག་ཚད་ལྡན་ལས་ཕབ་པ་ཞིག་ཡིན་དུ་ཟིན་ཀྱང༌། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་ཅི་རིགས་པས་མཐའ་གཅིག་ཏུ་ཁུངས་དེ་ཙམ་ལ་འཆེལ་ནས་ཆོས་དང་གང་ཟག་འགངས་ཆེ་བ་ལ་སྨོད་པའང་བླུན་ཆེ་བ་ཡིན་པས། འདི་འདྲ་འཛིན་པ་ལྟ་ཅི་སྨྲོས། །ཐོས་པར་གྱུར་ཀྱང་རྣ་བ་དགབ། །ཅེས་གསུངས་པ་ལྟར་རོ་ཞེས་བཀའ་གནང་བ་བླུན་པོ་སྙིང་ཁམ་ཅན་དག་འདི་རིགས་ལ་བག་ཡོད་ཅུང་ཟད་རེ་དགོས་པར་སེམས་ཏེ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བའི་མདོ་ལས། རིགས་ཀྱི་བུ། ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། སུ་ལས་ཀྱི་སྒྲིབ་པ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ། །དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ། །འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་འོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་གྱི་དབང་དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་སྟོན་ཏེ། གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱའོ། །གང་ཟག་གིས་གང་ཟག་གི་ཚོད་བཟུང་ན་རྨ་འབྱུང་བར་འགྱུར་ཏེ། ངའམ་གཞན་ཡང་ང་དང་འདྲ་བ་དག་གིས་གང་ཟག་ལ་ཚོད་གཟུང་ངོ༌། །རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལའང་བརྟག་པར་མི་བྱ་སྟེ། དེ་དག་ལ་འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ། །ཞེས་སོགས་འབྱུང་བ་དང༌། བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤངས་པའོ། །གང་ཆོས་སྤངས་པ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་སོ། །འདི་ནི་མི་རིགས་སོ་ཞེས་ཟེར་ན་ཆོས་སྤངས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ། །ཞེས་ཟེར་ན་ཆོས་སྤངས་པའོ། །ཞེས་ཚད་མར་གྱུར་པའི་ལུང་འདི་ལའང་འགལ་ཟླར་མ་གྱུར་པ་རྗེ་འདི་ཁོ་ན་ཙམ་ལས་མང་དུ་མ་མཐོང་ངོ༌།།  །།བདུན་པ་ཞར་བྱུང་དུ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་སྒོ་དུ་མ་ནས་སྤེལ་བའི་ཚུལ་ནི། དེང་སང་དུས་ངན་སྙིགས་མ་ལྔ་བདོ་བའི་མཐའ་ལ་ཐུག །ཐུབ་པའི་བསྟན་པ་ལུང་རྟོགས་གཉིས་ཀ་གཟུགས་བརྙན་ཙམ་ལ་སྤྱོད་པའི་སྐབས་འདིར། བསྟན་པ་འཛིན་པའི་བཤེས་གཉེན་དུ་གྲགས་པ་ཕལ་པོ་ཆེ་རྣམས་ཀྱང་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་གལ་ཆུང་དུ་བཞག་ནས། རྒྱལ་བསྟན་རིས་མེད་ལ་ཕན་པ་དང་འགྲོ་བ་མཐའ་དག་གི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ལ་དམིགས་པའི་ཐུགས་བསྐྱེད་ཡོད་མེད་ཇི་ལྟར་ཡང་གཅིག་ལ་གཅིག་ལྟོས་ཚུལ་གྱིས་ལྷ་ཁང༌། སྐུ་གཟུགས་མཆོད་རྟེན། གར་འཆམས་ཀྱི་ཆས་སོགས་ལྟར་སྣང་ཡ་མཚན་དང་འུར་སྒྲོབ་སྐྱེད་པའི་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་བ་ནི་མང་ཞིང༌། དེ་ལས་དམན་པ་ཁ་ཅིག་སོ་སོའི་དགོན་གནས་ཀྱི་གཞི་འཛིན་ཙམ་གྱི་ཆེད་དུ་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལིང་གིས་བོར་ནས་མི་ཚེ་ཧྲིལ་པོར་དཀོར་རྗེས་སུ་རྒྱུག་ཀྱང་ཡུལ་གྱི་མི་དཔོན་གྱི་ཐོབ་འཇལ། གཞན་ཚེ་འདིའི་གྱོད་དང་ཁ་མཆུའི་གྱོང་གུད་ཁོ་ནའི་ངང་དུ་གྲམ་གསེང་ཆུ་བླུགས་ཁོ་ན་ལས་བསྟན་པ་ཡར་རྒྱས་འོང་རྒྱུ་མེད་པའི་ཁར་མཁོ་རྒུའང་འཛོམ་དུས་མེད་པ་སོགས་སྤྱིའི་ལམ་སྲོལ་ལྟ་བུ་ཡིན་འདུག་ཀྱང༌། རྗེ་འདི་ནི་སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་སོགས་དམ་པའི་ཚུལ་དགུས་བསྟན་དང་འགྲོ་བའི་དོན་སྒྲུབ་པའི་མཛད་པ་ཁོ་ན་མ་གཏོགས། བསྟན་དོན་དང་དགེ་བའི་མཐུན་རྐྱེན་དུ་བསྙད་པའི་དབྱར་ལྡོམ་དགུན་ལྡོམ་གྲོང་ཆོག་གསོན་གཤིན་གྱི་དཀོར་ནག་གི་རྗེས་སུ་ཉིན་གཅིག་ཙམ་ཡང་ཕེབས་བཞུད་མཛད་མ་མྱོང་བ་དང༌། དམན་པའི་བརྟུལ་ཞུགས་ལྷུར་བཞེས་པས་ཐོབ་འཇལ་གྱི་ལོག་འཚོ་སོགས་ཀྱང་གཏན་ནས་མི་མངའ་བས་སྤྱི་མཐུན་ལྟར་ན་ཀུན་སྤངས་བྱ་བྲལ་ཁོ་ནའི་ཚུལ་དུ་བཞུགས་ཀྱང་། སྔོན་གྱི་ཐུགས་བསྐྱེད་ཚོགས་བསགས་ཀྱི་སྟོབས་ལས་ཇི་ལྟར་མཁོ་བའི་འདོད་རྒུ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་དང༌། ཇི་སྐད་དུ། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བརྒྱ་སྤོས་སམ་ཙནྡན་ཀྱང་མ་ཡིན། །དམ་པའི་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །ཕྱོགས་རྣམས་ཀུན་ཏུ་མི་མཆོག་དྲི་ཡིས་ཁྱབ། །ཅེས་པ་ལྟར་སྐུ་ཆེ་བའི་ཡོན་ཏན་གྱི་སྙན་པའི་གྲགས་པ་ས་བླའི་ལྷ་རྣམས་ཀྱིས་བསྒྲགས་པ་ལྟ་བུས་ཕྱོགས་མཐའ་དག་གི་བླ་ཆེན་མི་དཔོན་སྐྱེ་བོ་ཕོ་མོ་གྲངས་ཀྱིས་མི་ཆོད་པ་འདུས་ནས་འབྱོར་འཁོས་དང་བསྟུན་པའི་མཆོད་འབུལ་དང༌། སྐྱབས་འཇུག་བསྔོ་རྟེན་ཆད་མེད་དུ་འབྱུང་བ་དེ་དག་ཐམས་ཅད་ཀྱང་གནས་མིན་དུ་ཁབ་གཅིག་གི་རྩ་བ་ཙམ་ཡང་ཆུད་ཟོས་སུ་བཏང་བར་མི་མཛད་པར། དཀོན་མཆོག་གི་རྟེན་གསུམ་བཞེངས་པ། བླ་མ་དང་དགེ་འདུན་ལ་བསྙེན་བཀུར། དུས་དང༌རྒྱུན་གྱི་མཆོད་པ། ཕོངས་པ་ལ་སྦྱིན་པས་རྗེས་སུ་འཛིན་པ་སོགས་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་འཕར་གཏན་པ་མེད་པར་དབྱེ་བར་མཛད་པ་དེ་དག་ཞིབ་པར་སྨྲོས་ཀྱིས་ལོངས་པའི་གོ་སྐབས་མ་མཆིས་ཀྱང༌། འདིར་དེ་དག་ལས་གཙོ་ཆེ་བ་ཙམ་རགས་བསྡུས་སུ་སྨྲོས་ན། ཐོག་མར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། རྗེ་ཉིད་ཀྱི་ཞལ་གསུངས་རྣམ་ཐར་རྩ་ཐོ་ལས་ཇི་ལྟར་གསུངས་པ་བཞིན་ལྷ་ཁང་བཅུ་གསུམ་ཙམ་བཞེངས་པར་མཛད་པའང་ཐོག་མཐའ་བར་གསུམ་ཀུན་ཏུ་འགན་བཞེས་ཕྱག་བསྟར་གྱིས་བཞེངས་པ་དང༌། གཞན་དག་ལ་ཞལ་འདེབས་མཐུན་རྐྱེན་ཞལ་བསྒོས་སོགས་ཀྱིས་ཀྱང་རྣམ་དཀར་གྱི་མཛད་སྒོ་སྐྱོང་བའི་ལྷ་ཁང་རྩ་ལག་མང་དུ་བསྐྲུན་པའི་གཙོ་བོ། རྫོང་གསར་བཀྲ་ཤིས་ལྷ་རྩེའི་དབུ་རྩེར་མངོན་བྱང་ལྷ་ཁང་ཀ་བ་ལྔ་བཅུ་ང་ལྔའི་མལ་སྟེང་འོག་ཕྱི་ནང་ཤིན་ཏུ་དངོས་གཙང་བཀོད་མཛེས་སུ་ཡུན་ཐུང་ངུས་མཐར་ཕྱིན་པར་བསྒྲུབས་པའི་ནང་རྟེན་གྱི་གཙོ་བོ། ཐུབ་དབང་སྐུ་ཁྲི་རྒྱབ་ཡོལ་གྱི་བཀོད་པ་སོགས་ཁྱད་མཚར་རིན་ཆེན་དུ་མའི་རྒྱན་སོགས་ཤིན་ཏུ་སྤུས་ནམ་དག་པ། ཐུབ་དབང་སྐུ་ཧོར་ལི་དངོས་གཅིག་ལ་འཁོར་སངས་རྒྱས་རབས་བདུན་གྱི་གསེར་སྐུས་བསྐོར་བ། ལྟུང་བཤགས་སོ་ལྔ། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །གུར་མགོན་སྐུ་ཏཱ་མིང་མ་ཤིན་ཏུ་སྤུས་ལེགས། ཞལ་བྲམ་གཟུགས། འདོད་ཁམས་མ། ཕྱག་བཞི། ཕྱག་དྲུག །རྒྱ་གར་ཤར་ལིའི་མགོན་པོ་གྲི་གུག །རྣམ་སྲས། ནོར་རྒྱུན་མ། གཡས་ཕྱོགས་གཙོ་བོ་ཚེ་དཔག་མེད། ལི་སྐུ་དང་ཁ་སྐོང་གསེར་ཟངས་འདྲེས་མ་བརྒྱད་ཀྱིས་བསྐོར་བ། འོད་དཔག་མེད་གཙོ་འཁོར་གསུམ། སྟེང་དུ་སྨན་བླ་ལི་མ་ལ་འཁོར་བདུན་ཟངས་གསེར་ལས་བསྐྲུན་པ་མཁྱིད་གང་བ་རེ། འོག་ཏུ་སློབ་དཔོན་པདྨ་དངུལ་སྐུ་ལ་མཚན་བརྒྱད་གསེར་ཟངས་ལས་བསྐྲུན་པས་བསྐོར་བ། གཡོན་ལོགས་གཙོ་བོར་བྱམས་པ་མགོན་པོ་ལ་འཁོར་རྒྱལ་སྲས་རིགས་གསུམ་མགོན་པོ། ཉེ་སྲས་བརྒྱད། མི་འཁྲུགས་པ་རྒྱ་སྐུ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བ། མདུན་དུ་སྒྲོལ་མ་ལི་དམར་ཚ་གསེར་ཅན་ལ། འཁོར་རྒྱ་བོད་ཀྱི་ལི་སྐུ་དང་གསེར་སྐུ་འདྲེས་མ་ཉེར་གཅིག །ཕུགས་ལོགས་ཆོས་ཁྲིའི་དབུས་སུ་ཐུགས་ཆེན་བཅུ་གཅིག་ཞལ་རིགས་བཞིས་བསྐོར་བ། ཆོས་ལོངས་སྤྲུལ་གསུམ། དེ་ཐམས་ཅད་ཀྱི་སྟེང་དུ་གཙོ་བོ་རྡོ་རྗེ་འཆང་གཙོ་འཁོར་གསུམ་བོད་ལི། བི་རཱུ་པ། ས་སྐྱའི་གོང་མ་རྣམ་ལྔ། ངོར་ཆེན་རྡོ་རྗེ་འཆང༌། སྲོང་བཙན་སྒམ་པོ། །ཆོས་བློན་ཐུ་མི་དང་མགར་སྟོང་བཙན་གཉིས། ལོ་ཆེན་བཻ་རོ། སྐ་ཅོག་ཞང་གསུམ། མངའ་བདག་ཁྲི་རལ། ཇོ་བོ་ཨ་ཏི་ཤ །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། འབྲོམ་སྟོན་པ། རྔོག་ལོ་ཡབ་སྲས། མར་མི་དྭགས་གསུམ། བུ་སྟོན་རིན་པོ་ཆེ། དོལ་པོ་སངས་རྒྱས། རྗེ་རིན་པོ་ཆེ་ཡབ་སྲས་གསུམ། རྫོང་པ་ཀུན་དགའ་རྣམ་རྒྱལ། ཚར་ཆེན། ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད། ཀུན་དགའ་བསྟན་འཛིན། འཇམ་དཔལ་བཟང་པོ། བསྟན་པའི་རྒྱལ་མཚན་བཅས་བཞི། སླར་གསར་དུ་བཞེངས་པར་མཛད་པའི་མཁན་སློབ་ཆོས་གསུམ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏི། ཆོས་རྒྱལ་ཟླ་བཟང༌། གྲུབ་ཆེན་ས་ར་ཧ། ཀླུ་ཐོགས་རྣམ་གཉིས། ཨཱརྻ་དེ་བ། དབྱིག་གཉེན། ཕྱོགས་གླང༌། ཆོས་ཀྱི་གྲགས་པ། པཎ་ཆེན་བི་མ་ལ་མི་ཏྲ། འབྲོག་མི་ལོ་ཙཱ། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། ཕ་དམ་པ་སངས་རྒྱས། གྲུབ་ཐོབ་ཨོ་རྒྱན་པ། འགྲོ་མགོན་ཕག་གྲུ། ཞང་ཚལ་པ། མ་གཅིག་ལབ་སྒྲོན། གྱི་ཇོ། གྲུབ་དབང་ཐང་རྒྱལ། རྒྱལ་བ་སྐལ་བཟང་རྒྱ་མཚོ། ས་སྐྱ་པ་ཀུན་དགའ་རིན་ཆེན། ཀརྨ་པ་ཐེག་མཆོག་རྡོ་རྗེ། ཞྭ་ལུ་བློ་གསལ་བསྟན་སྐྱོང༌། དཀོན་མཆོག་བསྟན་པ་རབ་རྒྱས། ལྷ་བཙུན་ཡེ་ཤེས་དོན་གྲུབ། དགེ་བཤེས་བྱམས་པ་ཕུན་ཚོགས། ཞབས་དྲུང་ནམ་མཁའ་རྒྱལ་མཚན། དགེ་མང་གཞན་ཕན་མཐའ་ཡས། གཏེར་ཆེན་མཆོག་གླིང༌། ཁོ་བོ་ཡན་རྗེ་ཉིད་ཀྱི་བླ་མ་གལ་ཆེན་རྣམས་ཀྱི་གསེར་སྐུ་བྱོན་ལེགས་མཐོ་གང་སོར་གསུམ་རེ་ལྷག་ཙམ་ཐམས་ཅད་ཚད་གཅིག་པ་སོགས། ཡི་དམ་སྐོར་ལ། ཀྱེ་རྡོར་རྒྱ་ནག་མ་ཐུགས་དམ་རྟེན་བྱིན་ཅན་ལ། འཁོར་ལྷ་མོ་བརྒྱད་གསེར་སྐུ། རྡོ་རྗེ་གུར། སམྦུ་ཊ། དཔལ་དུས་ཀྱི་འཁོར་ལོ་དེང་དུས་ཙམ་ན་བཟོ་ཁྱད་ཕུལ་ཕྱིན་དཔེར་བྱར་འོས་པ། གསང་འདུས་མི་བསྐྱོད་པ་འཇམ་པའི་རྡོ་རྗེ་གཉིས། བདེ་མཆོག་ལཱུ་ཧི་པ། ནག་པོ་པ། རྡོ་རྗེ་འཇིགས་བྱེད་བསྐུམ་ཁྲུ་གང༌། གཤིན་རྗེ་གཤེད་དམར་པོ། དགྲ་ནག །འབྱུང་འདུལ། མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། གསེར་ཆོས་ཚེ་དཔག་མེད་སྤྲུལ་སྐུ། སེང་གེ་སྒྲ། གདུགས་དཀར། འོད་ཟེར་ཅན་མ། རི་ཁྲོད་མ། འཇམ་དཔལ་ནག་པོ། ཁྱུང་ཁྲ། མི་གཡོ་བ། ཕྱག་རྡོར་གཏུམ་པོ། ཕྱག་རྡོར་འཁོར་ཆེན། སྒྲོལ་མ། རྟ་མགྲིན་གསང་སྒྲུབ། རྡོར་སེམས་ཡབ་རྐྱང་དང༌། ཧེ་རུ་ཀཿ ཙན་དཀར་ལས་བསྐྲུན་པའི་མགོན་དཀར། གཟིམ་ཆུང་དུ་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། ཇོ་བོ་རྗེ། རྗེ་ཡབ་སྲས་གསུམ། གནས་བརྟན་བཅུ་དྲུག །ཙནྡན་གྱི་བདེ་མཆོག །གསང་འདུས་སོགས་སྐུ་རྟེན་སྤུས་ནམ་ལྡན་པ་ཤིན་ཏུ་མང་པོ། ལྷ་ཁང་གི་ལོགས་རྣམས་སུ་སངས་རྒྱས་སྟོང་སྐུའི་ལྡེབས་རིས་གྲང་གསེར་བྱིབས་བྱུགས་དང་བྲིས་བཀོད་ཕུན་སུམ་ཚོགས་པ། སྒོར་ཆོས་སྐྱོང་གི་རིགས་སོགས་སྒྲོས་ལེགས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཚལ་ཤོག་གདོང་དར། གླེགས་ཤིང་ཐག་ཡན་ཤིན་ཏུ་སྤུས་ལྡན་ཆ་གཅིག་གི་མཚོན་མདོ་སྔགས་གཞུང་གདམས་མན་ངག་གི་རིགས་པུསྟི་གྲངས་མང་བས་གཏམས། གསེར་དངུལ་བཀྲ་མའི་མཆོད་སྡོང་ཆ་བརྒྱད་ཁྲུ་གང་རེ་ཅན་ཕྲ་རྒྱན་བཟོ་ཁྱད་སོགས་སྒྲོས་ལེགས། ཟངས་གསེར་ལས་བསྐྲུན་པའི་མཆོད་རྟེན་མདའ་ཚད་ལྷག་ཤིན་ཏུ་སྤུས་ལྡན་བྱོན་གཙང༌། ཤིང་གི་མཆོད་སྡོང་ཆ་བརྒྱད་གསེར་འདུར་གསོལ་བ། གཞན་ཡང་གསར་དུ་བཞེངས་པར་མཛད་པའི་རྣམ་སྣང་མངོན་བྱང་ཁྲི་རྒྱབ་བཅས་སྤུས་ལེགས་མདའ་ཚད་མ། རྡོ་རྗེ་སེམས་དཔའ། སློབ་དཔོན་བཅས་མདའ་ཚད་རེ་གཙོས་ལྷ་ཁང་འདི་ཁོ་ནར་བླ་མ་ཡི་དམ་ཆོས་སྲུང་སོགས་ཀྱི་སྐུ་བརྙན་གསར་རྙིང་ཆེ་ཆུང་ལྔ་བརྒྱ་སྐོར་དང༌། བཀའ་གདམས་མཆོད་རྟེན་ཆ་བརྒྱད་གཙོས་མཆོད་རྟེན་ཆེ་ཆུང་སུམ་ཅུ་ཙམ་བཞུགས་ཁང་སོགས་བཀོད་ལེགས་ཁྱད་མཚར་དང་བཅས་བཞུགས་སུ་གསོལ་བར་མཛད་ཅིང༌། གོང་གསལ་གསར་དུ་བཞེངས་པར་མཛད་པའི་བླ་སྐུ་རེ་ལ། མགར་བ་ལས་ཟངས་སྐུ་བསླུས་པའི་དབང་དུ་དངུལ་སྲང་བདུན་རེ། ལག་བཟོས་ལ་དེ་ལྷག་སྲང་དོ་རེ་ཙམ་གནང་བ་བཅས་མདོར་བསྡོམས་སྐུ་རེ་ལ་དངུལ་སྲང་འདེགས་བརྒྱད་རེ་འགྲོ་ངེས་དང༌། གཙོ་བོ་ཐུབ་དབང་སྐུ་ལ་དངུལ་རྡེལ་ཚད་བརྒྱད་ཙམ། བྱམས་པ་ཚེ་དཔག་གཉིས་བསྡོམས་རྡེལ་ཚད་བདུན་ཙམ། དུས་ཀྱི་འཁོར་ལོའི་སྐུ་ཡོན་བདག་གཞན་གྱིས་གུས་པས་ཕུལ་བ་ལ་ལེགས་གསོས་ཀྱི་ཚུལ་དུ་དངུལ་སྲང་བཞི་བཅུ་ཐམ་པ་གནང་ཞིང་བསྡོམས་པས་དངུལ་སྲང་དྲུག་ཅུ་ཙམ། བདེ་གསང་གུར་སཾ་རྣམས་ལ་དངུལ་སྲང་ཉི་ཤུ་རེ། དམར་པོ་སྐོར་གསུམ་ཅན་གསེར་ཆོས་ལྷ་རྣམས་ལ་དངུལ་བཞི་རུ་རེ། རྣམ་སྣང་མངོན་བྱང་སྐུ་དང༌། རྡོ་རྗེ་སེམས་དཔའ་བཅས་ལ་དངུལ་སྲང་བདུན་ཅུ་དོན་ལྔ་རེ་ཙམ། མཆོན་རྟེན་ཆེ་བ་ལ་རྡེལ་ཚད་བཞི། ཆ་བརྒྱད་ལ་དངུལ་སྲང་ཉི་ཤུ་རེ་གནང་རྩིས་ཀྱིས་རྡེལ་ཚད་གསུམ་དྲག་ཙམ་གྱི་ཡོན་བསྟབས་པ་ཡིན་འདུག་པ་སོགས་དེ་དག་གིས་ཕྱིས་འདིར་བསྟན་འགྲོའི་གསོས་སུ་དགོངས་ཏེ་གསར་བཞེངས་དབུ་རྩེའི་ལྷ་ཁང་རྟེན་བརྟེན་པར་བཅས་པའི་བཞུགས་ཚུལ་ཕྱོགས་ཙམ་སྨྲོས་པས་མཚོན། ཐུབ་དབང་གནས་བཅུ་ལྷ་ཁང་ངོ་མཚར་ཀུན་ཏུ་གཟིགས་པའི་ཞིང་ཁམས་ཀ་བ་དགུའི་མལ་གསར་བཞེངས་ལ། རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་ལོངས་སྤྱོད་རྫོགས་སྐུ་ཆེ་ལེགས་ཁྲི་རྒྱབ་ཡོལ་སོགས་སྤུས་ལྡན་ལ་འཁོར་ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །ལྟུང་བཤགས་སོ་ལྔ། རྡོ་རྗེ་འཆང་ལི་མ། སྒྲོལ་མ་ཉེར་གཅིག །གུ་རུ་མཚན་བརྒྱད། ཀུན་རིག་རྩ་ལྷ་སོ་བདུན། རྒྱལ་བ་རིག་ལྔ་སོགས་གསེར་ཟངས་ཤིན་ཏུ་སྤུས་ནམ་ལྡན་པས་མཚོན། གཞན་ཡང་སྐུ་བརྙན་སྣ་ཚོགས་པ་ཕྱོགས་བསྡོམས་སུམ་བརྒྱ་སུམ་ཅུ་ཙམ། གསེར་ཟངས་བྱང་ཆུབ་མཆོད་རྟེན་ཆེ་ལེགས། ཆ་བརྒྱད་ཆ་གསུམ་སོགས་མཆོད་རྟེན་ཆེ་ཆུང་སུམ་ཅུ་སོ་བཞི་ཙམ། བཀའ་འགྱུར་རིན་པོ་ཆེ། བསྟན་བཅོས་འགྱུར་རོ་འཚལ། འཁོར་ལོ་ཐ་མའི་མདོ་སྡེ་ཕྱོགས་བསྡུས་ངེས་དོན་པོད་དྲུག །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གསུང་འབུམ། འཇམ་མགོན་ཨ་མེས་ཞབས་ཀྱི་བཀའ་འབུམ། ཞྭ་ལུའི་དཀྱིལ་ཆོག་རིགས། རིག་གནས་ཆ་ཚང་སོགས་གླེགས་བམ་ཤིན་ཏུ་གྲངས་མང་གིས་གཡོན་ལོགས་དྲྭ་མིག་ཁྱབ་པར་བཀང༌། དེའི་ཁང་སྟེང་དུ་དཔེ་མཛོད་ཐུགས་ཆེན་ལྷ་ཁང་གྲུ་འཛིན་བཀོད་པར་གཙོ་བོ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། ཐུགས་ཆེན་ཕྱག་བཞི་པ། བཅུ་གཅིག་ཞལ་རྣམས་གསེར་ཟངས་ཕྲ་བཀོད་སོགས་སྤུས་ནམ་ལྡན་པ། བདེ་གཤེགས་སོ་ལྔ་ཆུང༌། མཆོད་རྟེན་ཆ་བརྒྱད། དཔེ་སྒམ་བཞིའི་ཁྲོད་དུ། ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ཕྱོགས་ཀྱི་ཡིག་ཆ་མ་ཚང་བ་མེད་པ། སྨན་རྩིས་འགྲེལ་པ་སོགས་རིག་གནས་སྐོར་ཏེ་བྲིས་མ་ཤས་ཆེའི་གླེགས་བམ་ཤིན་ཏུ་གྲངས་མང་གིས་ཕྱུར་བུར་བཀང་བ་དང༌། སྟེང་དུ་ཟངས་གསེར་གྱི་གཉྫིར་ཆེ་ལེགས་བཅས། འདུ་ཁང་སྟེང་ལམ་འབྲས་ལྷ་ཁང་དུ། ཐུབ་དབང་གནས་བཅུ། བིརྺ་པ། གོང་མ་རྣམ་ལྔ། གུ་རུ་མཚན་བརྒྱད། བླ་སྐུ་རིགས་རེ་ཟུང༌། མཆོད་རྟེན་སྤུས་ལེགས། ས་སྐྱ་བཀའ་འབུམ་སོགས། བླ་མ་ལྷ་ཁང་དུ་གསར་བཞེངས་འདྲ་ཞལ། གྲུབ་མཐའ་རིས་མེད་བླ་སྐུ་སོགས་སྐུ་བཅོ་ལྔ་སྐོར། རྙིང་མ་རྒྱུད་འབུམ། རྫོགས་ཆེན་སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན་སོགས་གླེགས་བམ་དུ་མ། ཛཾ་ནང་སྒྲུབ་ཕུག་ལྷ་ཁང་སྟེང་འོག་ཏུ་གུ་རུ་བདེ་བ་ཆེན་པོ། མཚོ་རྒྱལ་སྐུ་བཅས་ཟངས་གསེར་ལས་བསྐྲུན་པ། གཞན་དེ་ག་ཕན་ཚུན་དུ་སྒྲོལ་མ་ཉེར་གཅིག་སོགས་གསེར་སྐུའང་མང་ཙམ། མཛོད་བདུན་སོགས་གླེགས་བམ་མང་རབས། འོག་ཏུ་གཟིམ་ཁང་ཡིན་རྒྱུའི་ནང་སྐུ་ཞལ་ཐང༌། མཆོད་ཆ། ཐབ་ཆས་སྐོར་ཆ་ཚང་རྟེན་འཇོག་དང༌། ཟླ་གམ་དབང་ཕུག་སྒྲུབ་ཁང་དུ་རྩ་གསུམ་བྱིན་རླབས་རང་བབ་ལྡེར་སོ་བྱོན་ལེགས་ཀྱི་གཙོས་རྟེན་གསུམ་དགོས་ཆ་ཚང་མ། རོང་མེ་དཀར་མོ་སྟག་ཚང་སྒྲུབ་ཁང་དང་རྟེན་གསུམ་བཅས། ཁང་དམར་མདོར་ལྷ་ཁང་བང་བ་གསར་འཛུགས་དང་ཟངས་གསེར་ལས་གྲུབ་པའི་ཐུབ་སྐུ་མདའ་ཚད་མ་གཙོས་པའི་རྟེན་གསུམ་མཆོད་ཆ་ཅི་རིགས་སྦྱོར་འཇགས་དང༌། ཁམ་བྱེ་ཐང་དུ་རིགས་གསུམ་ལྷ་ཁང་ཀ་བ་དགུ་ཅན་གསར་བསྐྲུན་མཛད་པའི་ནང༌། ཐུབ་དབང༌། ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག །རིགས་གསུམ་མགོན་པོ་ཆེ་ལེགས་རེ། ཆོས་སྐུ་ཡུམ་ཆེན་སྐུ་རྒྱ་ནག་མ་ཁྲུ་ཚད་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བས་མཚོན་སྐུ་ཐོར་བུ་མང་པོ། བཀའ་གདམས་མཆོད་རྟེན་བཟོ་དབྱིབས་ཁྲུ་ཚད་ལ་སྐུ་གདུང་ཆ་བརྒྱད་ཟངས་གསེར་ལས་བསྐྲུན་པས་བསྐོར་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བཅུ་གཉིས་སོགས་ཆོས་སྣ་མང་ཙམ་གྱི་གླེགས་བམ། ལྡེབས་རིས་ལ་སྡོམ་གསུམ་བརྒྱུད་པ། རིས་མེད་བླ་མ་སོགས་ཚོན་རིས་སྤུས་དག་དང་གཉྫི་ར་བཅས། རྗེ་ཉིད་ཀྱི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ལྷ་ཁང་ཕྱི་ནང་དུ་བླ་མ་ཡི་དམ་ཆོས་སྲུང་གི་སྐུ་བརྙན་ལི་མ། གསེར་ཟངས་གསར་རྙིང་བརྒྱ་དང་བཅུ་སྐོར། གསུང་རྟེན་གླེགས་བམ་ཤིན་ཏུ་མང་པོས་ཕྱི་ནང་ཐམས་ཅད་ཁྱབ་པར་བཀྲམ་པའི་བྱིན་རླབས་ཀྱི་གཟི་བརྗིད་དཔལ་དུ་འབར་བར་བཞུགས་པ་བཅས་འདི་རིགས་རྗེ་བླ་མ་རང་ཉིད་ཀྱིས་མགོ་ལུང་རྒྱུ་འདོན་བཅས་ཀྱིས་གསར་བཞེངས་གནང་བའི་ལྷ་ཁང་རྟེན་གསུམ་འབའ་ཞིག་དང༌། གཞན་ཡང་ངོས་ཀྱི་རི་ཁྲོད་སྒྲོལ་མ་ལྷ་ཁང་དུ་འཆི་མེད་འཕགས་མའི་སྐུ་བརྙན་གསེར་ཟངས་ཕྲ་བཀོད་སོགས་ནམ་ལྡན་གཙོ་འཁོར་བཅུ་བཞི་གནང་ཞིང༌། རྫོང་སར་འདུ་ཁང་དུ་སྐུ་བརྙན་ཐོར་བུ་བཞི་བཅུ་སྐོར་རྟེན་བཞག་དང༌། ཨ་ལོ་དཔལ་འབྱོར་དགོན་དུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་གྱི་ལྷ་ཁང་དུའང་སྟོན་པ་ལོངས་སྐུ་གསེར་ཟངས་ལས་བསྐྲུན་པ། བདེ་གཤེགས་སོ་ལྔ། ཉེ་སྲས་བརྒྱད་ཀྱི་ལྡེམ་སྐུ་གསེར་ཟངས་མཐོ་གང་བ་རེ་བཅས་བསྩལ། དགོན་ཆེན་ཀུན་ཡོན་ལྷ་ཁང་དུ་བླ་བརྒྱུད། ཀྱེ་རྡོར་ལྷ་དགུ་སོགས་གསེར་སྐུ་ལྔ་བཅུ་ཙམ་བསྩལ་གནང་དང༌། རྫོང་སར་མངའ་སྒང༌། གནས་ར་བཅས་ཀྱི་ལྷ་ཁང་གསར་བསྐྲུན་སོགས་ཀྱི་མཚོན་པའི་གཞན་དང་གཞན་ཀུན་ལ་དེ་འདྲའི་རྣམ་དཀར་རྟེན་བཞེངས་ཀྱི་བདག་རྐྱེན་ཅི་རིགས་པ་གནང་བ་མ་ཟད། གྲྭ་རྐྱང་ས་སྐུ་དྲྭ་མིག་ཙམ་བཞེངས་པའི་རྩོལ་བ་བྱེད་མཁན་རྣམས་ལ་ཚོན་རྩི་ཡན་གནང་བའི་མཐུན་འགྱུར་རྣམ་པ་ཀུན་ཏུ་མ་མཛད་པ་མེད་པ་ལྟ་བུ། འདི་རིགས་ཀྱང་རྗེ་བླ་མའི་ཐུགས་རྗེ་བརྒྱུད་ནས་བྱུང་བ་གོར་མ་ཆག་པས་མཚོན། མདོར་ན་སྔ་ཕྱིར་གོང་གསལ་ལྷ་ཁང་ཁག་རྣམས་སུ་བཀོད་མཛེས་སུ་གཏན་བཞག་མཛད་པ་དང༌། བླ་དགོན་གཞན་ལའང་ཅི་རིགས་པར་བསྩལ་བ་བཅས་གསེར་ཟངས་འབའ་ཞིག་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་བཞེངས་པར་མཛད་པ་དང༌། གསུང་རྟེན་སྐོར་རྗེ་ཉིད་ནས་ཇོ་ནང་རིན་འབྱུང་གི་རྒྱབ་ཆོས་ཚུལ་དུ་ལྷ་སོ་སོའི་སྒྲུབ་ཐབས་ལས་ཚོགས་བཅས་དཀྱུས་གཅིག་ཏུ་བཀའ་བསྡུ་སྤེལ་བའི་གསང་སྔགས་གསར་མའི་སྒྲུབ་ཐབས་རབ་འབྱམས་གཅིག་ཏུ་བཏུས་པའི་གླེགས་བམ་ཆེན་པོ་བཅུ་གཅིག་གི་ཡོན་སྨར་ཟོང་སྦྱར་ཏེ་སྤར་དུ་བསྐྲུན་པར་མཛད་པས་མཚོན། གསར་རྙིང་གི་འདོན་ཆ་ཉེར་མཁོ་མང་ཙམ། ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཇོ་ནང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས་བསྡེབས་པའི་བདག་ཅག་གི་སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་བྱུང༌། བྱམས་ཆོས་ལྔ་སོགས་བཀའ་པོད་ཕལ་ཆེའི་རྩ་བ། མངོན་པ་གོང་འོག་དང༌། ཀུན་མཁྱེན་རོང་པོའི་འབྱེད་གཉིས་ཀྱི་འགྲེལ་པ་སོགས་གཞུང་དང་གཞུང་འགྲེལ་དུ་མ་ཕྱག་བསྟར་གྱིས་སྤར་དུ་བཀོད་པ་དང༌། དཔྱོད་ལྡན་འབྱོར་པ་ཅན་གཞན་ལའང་ཞལ་བསྒོས་ཀྱིས་བསྐུལ་ཞིང་དངོས་པོའི་ཞལ་འདེབས་སྦྱར་བའི་སྒོ་ནས་བསྒྲུབས་པའང༌། དགོན་ཆེན་དུ་རོང་སྟོན་ཆེན་པོའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་དང་རྒྱུད་བླ་མའི་འགྲེལ་པ་བཅས། རྨ་བྱ་བྱང་བརྩོན་གྱི་དབུ་མ་རྩ་བའི་འགྲེལ་པ། རེ་མདའ་བའི་དབུ་མ་འཇུག་པའི་འགྲེལ་པ། མཚོ་སྣ་བའི་འདུལ་བ་མདོ་རྩའི་འགྲེལ་ཆེན་གླེགས་བམ་གཉིས། སྐྱེད་ཚལ་བའི་འདུལ་ཊཱིཀ །མཆིམས་འཇམ་པའི་དབྱངས་ཀྱི་མངོན་མཛོད་འགྲེལ་ཆེན་གླེགས་བམ་གཉིས། ས་བཟང་པཎ་ཆེན་སྤྱོད་འཇུག་འགྲེལ་ཆེན། རྒྱལ་སྲས་ཐོགས་མེད་སྤྱོད་འགྲེལ་དང༌། མདོ་སྡེ་རྒྱན་འགྲེལ། ཀློང་ཆེན་པའི་ཡིད་བཞིན་མཛོད་རྩ་འགྲེལ། མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་གྱི་འགྲེལ་ཆེན། འུ་ཡུག་པའི་ཚད་མ་རིག་པའི་མཛོད་སོགས་མདོ་སྔགས་གཞུང་འགྲེལ་རིག་པའི་གནས་སོགས་ཀྱི་གླེགས་བམ་བཞི་བཅུར་ཉེ་བའི་སྤར་དང༌། བཀའ་གཏེར་གསར་རྙིང་གྲུབ་མཐའ་རིས་མེད་པའི་གཞུང་གདམས་མན་ངག །ཐ་ན་སོ་སོའི་ལམ་མཐུན་མན་ངག་ཚད་ལྡན་ཤོག་ལྡེབ་གཅིག་འདུག་ཀྱང་གསར་བྲིས་ཀྱིས་བཞེངས་པར་མཛད་པའི་པུསྟི་ཉིས་བརྒྱ་ཡར་བརྒལ་དང༌། བོད་དབུས་གཙང་དུ་བཞུགས་པའི་སྤར་མ་གལ་གང་ཆེ་ཐམས་ཅད། མདོ་ཁམས་འདིར་སྤར་ལྡེབ་གཅིག་ཙམ་གང་མཆིས་ཚར་རེ་མ་བཏབ་པ་མེད་པ་སོགས་བྲིས་མ་དང་སྤར་མ་བསྡོམས་པས་པུསྟི་ཀ་སྟོང་ཕྲག་གཉིས་ཙམ་གསར་དུ་བཞེངས་པར་མཛད་པ་དེ་དག་ལའང་གླེགས་ཤིང༌། གླེགས་ཐག །གདོང་དར། ཆབ་མགོ། སྒྲིལ་ཆས་ཡན་ཤིན་ཏུ་རྒྱུ་སྤུས་དག་པའི་བཀུར་སྟི་སྲི་ཞུ་བཅས་མིག་གི་བདུད་རྩིར་མཛད་པ་དང༌། ཐུགས་རྟེན་ལྷུན་གྲུབ་སྟེང་མཆོད་སྡོང་མཐོང་གྲོལ་ཆེན་པོ་ཐོག་ཚད་ཤིན་ཏུ་མཐོ་བ་གསེར་དངུལ་ཕྲ་རྒྱན་གྱི་བཀོད་པ་སོགས། སྤུས་ནམ་ལྡན་པ་དངུལ་རྡེལ་ཚད་བརྒྱ་དང་བརྒྱད་ཙམ་གྱི་བབས་ཀྱིས་བསྐྲུན་པར་མཛད་པས་གཙོས་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་མཆོད་སྡོང་ཆེ་ཆུང་བརྒྱ་ཕྲག་ལྷག་པ་བསྒྲུབས་པར་མཛད་པ་སྟེ། གོང་སྨྲོས་རྟེན་གསུམ། ལྷ་ཁང་བཅས་རབ་ཏུ་མང་བ་བཞེངས་པར་མཛད་པའི་རིགས་གཙོ་ཆེ་བ་རགས་པ་བསྡུས་པའི་ལུགས་ཀྱིས་ས་བོན་ཙམ་སྨྲོས་པར་ཟད་ཀྱི། སྐུ་བརྙན་དང་གླེགས་བམ་གྱི་ཚོགས་འདུ་མཛད་པས་དེ་དག་གཞན་ལ་གནང་སྩོལ་མཛད་པ་ཡན་རྣམ་གྲངས་སོགས་རེ་རེ་ནས་ཞིབ་པར་སྨྲོས་ཀྱིས་མི་ལངས་ཤིང་ཧ་ཅང་ཡི་གེའི་ཚོགས་སུ་ཆེ་བ་དང༌། འདིར་དེ་ཙམ་ལས་བཀོད་དགོས་པའི་གལ་ཆེན་པོ་རང་ཡང་མི་འདུག་པས་དེ་ཙམ་མོ། །བླ་མ་དང་དགེ་འདུན་ལ་ཡུལ་ཁྱད་པར་བར་དགོངས་ཏེ་བསྙེན་བཀུར་མཛད་པའང༌། རྗེ་རང་ཉིད་ཀྱིས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བཞེས་པའི་བླ་མ་རྡོ་རྗེ་འཛིན་པ། དགེ་བའི་གཤེས་གཉེན་སྔ་ཕྱི་ཀུན་གྱི་ཞལ་སྔར་བཀའ་ཆོས་གསན་པའི་སྔ་ལོགས་སམ་ཐོག་མར་ཞུ་རྟེན་མེ་ཏོག་གམ་མཎྜལ། མཇུག་གྲུབ་པའི་སྐུ་དྲིན་གཏང་རག་གི་མཆོད་སྤྲིན་དངོས་པོ་སྤུས་ནམ་གང་ལྡན་རྩལ་སྤྲུགས་ཀྱིས་གཡོ་ཟོལ་སེར་སྣའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་གུས་ཤིང་དྭངས་བ་ཆེན་པོས་ལན་མང་དུ་སྤྲོས་ཏེ་ཕུལ་བ་དང༌། ཕྱིས་འདིར་ཡང་དཔལ་ཡུལ་སྤྲུལ་པའི་སྐུ་ཀརྨ་ཀུན་བཟང་བསྟན་འཛིན། ཛ་ཀ་མཆོག་གི་སྤྲུལ་སྐུ་ཀུན་བཟང་རྣམ་རྒྱལ་དག་གི་ཞལ་སྔ་ནས་ཟབ་ཆོས་ཀྱི་དབང་ལུང་དུ་མ་གསན་བཞེས་གནང་བའི་སྐབས་རྣམས་སུ་ཡོན་དང་མཎྜལ་གྱི་དངོས་པོ་བཟང་ལ་གྱ་ནོམ་པས་དགྱེས་པ་བསྐྱེད་པ་དང༌། བདག་ཅག་ལའང་བོང་བ་གསེར་དུ་གཟིགས་པའི་དག་སྣང་གིས་རྗེ་ཉིད་ཀྱི་བླ་མའི་གྲལ་དུ་འཇོག་ཅིང་སྔ་ཕྱི་དུས་རྣམ་ཀུན་ཏུ་མཎྜལ། ཞབས་བརྟན་སོགས་ཀྱི་ཆེད་དུ་སྐུ་གསུང་ཐུགས་རྟེན་རྩ་བ་གང་ཆེས་ཐོག་དྲངས། དངོས་རྫས་ཉེར་སྤྱད་མཁོ་རྒུ་སྤུས་ཀ་གཙང་དག་གི་རིགས་གྱུར་ཡང་ནས་ཡང་དུ་བསྩལ་བ་སོགས་ཀྱི་མཚོན། རིས་མེད་ཀྱི་བླ་མ་ཆོས་ཀྱི་འབྲེལ་ལྡན་རྣམས་ལ་བཀུར་བསྟི་མཆོད་འབུལ་རྒྱ་ཆེ་ལ་རྒྱུན་ཆགས་པར་མཛད་པའང༌། བླ་མ་ལྔ་བཅུ་པ་ལས། མི་བཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཀུན་ནས་བླ་མ་དགེ་བའི་བཤེས་གཉེན་ལ་བཀུར་ཞིང་མཆོད་པའི་ཚུལ་རྒྱ་ཆེར་འབྱུང་བའི་དོན་ཐུགས་དབུས་སུ་བཅངས་ཏེ་ཕྱག་ལེན་དུ་ཁེལ་བར་མཛད་པ་དང༌། རིས་མེད་པའི་དགེ་འདུན་གྱི་སྡེ་ཆེ་ཕྲ་གང་ན་སུ་མཆིས་པ་ཐམས་ཅད་ལ་ཕྱིས་དེར་དུས་འཁྲུགས་སྟོབས་སུ་བདོ་བའི་རྐྱེན་གྱིས་ཕལ་མོ་ཆེ་ཉམས་གུད་ཆེར་གྱུར་པ་རྣམས་ལ་ཞིག་གསོལ་ཞལ་འདེབས་ཀྱི་ཚུལ་དུ་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་བསྩལ་ཅིང༌། རྒྱ་བོད་ཀྱི་དཔོན་ཆེན། ཆོས་རྒྱལ་སྡེ་དགེ་དཔོན་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་པ་གསོས་པའི་བདག་པོའི་རྐྱེན་དང༌། མཆོད་ཐེབས་ཀྱི་ཞལ་འདེབས། ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་ཚུལ་བཞིན་བསྩལ་བའི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་གནང་བ་ནི། ཇི་སྐད་དུ། སྐྱེས་རབས་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང༌། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང༌། །སྙིང་རྗེའི་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་གསུངས་པ་ལྟར་བསྟན་འགྲོར་གཅིག་ཏུ་ཕན་པ་ལྷུར་བཞེས་པའི་རྣམ་ཐར་གཙང་མ་ནི་རྗེ་འདི་ལ་མངའ་བ་མངོན་སུམ་པའི་ཚད་མར་གྲུབ་ཅིང༌། གཞན་ཡང་ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་དང་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་ལྷག་པའི་རྩ་བ་ཉམས་མེད་དུ་ཕུལ་བས་མཚོན། ཐ་ན་དབེན་པའི་རིར་དགེ་སྦྱོར་ལ་གནས་པའི་བྱ་བྲལ་ཡན་ལ་ཆོས་དང་འཚོ་ཆས་ཀྱི་མཐུན་རྐྱེན་ཡང་དག་པས་སྐྱོང་བ་སོགས་བླ་མ་དགེ་འདུན་ལ་བསྙེན་བཀུར་ཆོས་དང་མཐུན་པའི་ཕྱག་ལེན་འདི་ལྟ་བུ་སྐུ་ཉམས་སུ་བསྟར་བའི་ཕྱིས་ཀྱི་དུས་འདིར་གངས་ཅན་ཙམ་ན་རྗེ་འདི་ཙམ་ལས་མང་དུ་མཆིས་པ་མི་དྲན་ཏོ། །དུས་དང་རྒྱུན་གྱི་མཆོད་པའི་སྤྲིན་དུ་གྱུར་པ་ཁོར་ཡུག་ཏུ་ཆད་པ་མེད་པར་མཛད་པའི་ཚུལ་ཡང༌། གོང་དུ་ཇི་ལྟར་སྨྲོས་ཟིན་པའི་ལྷ་ཁང་བཅུ་གསུམ་རྩ་ལག་རྣམས་སུ་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་སྤྱི་དང༌། བྱེ་བྲག་སྤོས་མར་མེ་སོགས་ཀྱི་རྒྱུན་ཐེབས་སྦྱོར་འཇགས། ཁྱད་པར་བདེ་མཆོག་ནག་པོ་ལུགས་ཀྱི་སྒྲུབ་མཆོད། གསང་འདུས་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད། སྦྱོང་རྒྱུད་ཀུན་ཏུ་རིག་པའི་དཀྱིལ་འཁོར་གྱི་སྒྲུབ་མཆོད། རིགས་གསུམ་སྒྲུབ་མཆོད་སོགས་གསར་རྙིང་གི་རྒྱུད་སྡེ་མང་པོའི་སྒྲུབ་མཆོད་ཀྱི་རྒྱུན་ཇི་སྲིད་བར་འཛུགས་པར་མཛད་པའི་ཆས་འཁོར་ཡོ་བྱད་མཆོད་རྫས་གཟབ་སྤྲོས་སོགས་མཆོད་པའི་སྤྲིན་ཕུང་རྒྱུན་མི་ཆད་པ་དང༌། གཟིམ་སྤྱིལ་གྱི་ལྷ་ཁང་ཕྱི་ནང་བར་ཁྱམས་ཀུན་ཏུ་མར་མེའི་ཕྲེང་བ་ཉིན་མཚན་རྒྱུན་ཆད་མེད་པ། དྲི་བཟང་གི་བདུག་སྤོས་རྒྱུན་གཏུལ། གཞན་ཡང་མེ་ཏོག་གི་རིགས་གྱུར། ཆབ་གཙང་མའི་མཆོད་ཡོན་བརྒྱ་ཚར་མང་པོ། ཞལ་ཟས་ཀྱི་ཕྲེང་བ་སོགས་དུས་ཀུན་ཏུ་ཆད་བུལ་མེད་པའི་མཆོད་འབུལ་དངོས་དག་གཙང་སྦྲས་ཐོན་པ་དང༌། ཉིན་བསྟར་ཆགས་སུ་ཚོགས་མཆོད་ཀྱི་རྫས་བཟའ་བཏུང་བདའ་དགུའི་ཡོ་བྱད་དང་ལྡན་པ་རེ་ཆག་མེད། རྒྱལ་ཁམས་བསྟན་འགྲོ་སྤྱིའི་དོན་དུ་གླུད་བསྔོ་རེ་ལ་གླུད་རྫས་དངུལ་གྱི་དོང་ཙེ་གསུམ་བཞི་རེའི་རྩ་བ་ཡོད་པ་ཉིན་བཞིན་བཏང་བ་སོགས་གཉུག་མར་སྐྱོང་བའི་མཆོད་སྦྱིན་གྱི་རིགས་རྒྱ་ཆེན་དང༌། དམིགས་བསལ་དུས་ཀྱི་མཆོད་པའང་ཡར་མར་ཚེས་བཅུའི་མཆོད་པ་རྒྱས་པ་རེ་ལ་མར་མེའི་ཕྲེང་བ་ཁོ་ནའང་བརྒྱ་ཕྲག་ཁ་ཡར་གྱི་མཚོན་ཚོགས་ཀྱི་ཡོ་བྱད་སོགས་མཆོད་རྫས་དངོས་དག་ཅི་རྒྱས། རྒྱལ་བའི་དུས་ཆེན་བཞི་དང༌། ཉ་སྟོང་བརྒྱད་སོགས་ལ་གསུང་ཆོག་སྐབས་བབས་དང་འབྲེལ་བའི་སྤོས་དང་མར་མེ་བརྒྱ་རྩའི་ཕྲེང་བ་དུ་མ་ཚར་དུ་དངར་བའི་མཆོད་པའི་སྤྲིན་གྱི་བཀོད་པ། ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུའང་ལོ་ཟླ་བསྟར་ཆགས་སུ་ཆག་འཕྲི་མེད་པར་འདུ་མཛད་ཅིང་། བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་ཀྱི་སྒོ་ལ་གཅིག་ཏུ་བརྩོན་པར་མཛད་པ་འདི་ཙམ་ཡང་། རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་གནས་ལ་ཐུགས་ཀྱི་ངེས་པ་གཞན་དྲིང་མི་འཇོག་པར་འདྲོངས་པའི་རྣམ་ཐར་དུ་ངེས་པས་ཤེས་ལྡན་རྣམས་ཅིས་ཀྱང་ངོ་མཚར་བའི་གནས་སོ། །ཇི་སྐད་དུ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བས་ཡིད་རབ་དྲངས། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་པ་ལྟར་བསྡུ་བའི་དངོས་པོ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཐབས་ལ་བསྐལ་པར་གོམས་པ་བརྟན་པའི་མཐུས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་ངོགས་དམ་པ་འདི་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བ་བདག་གིར་མཛད་པས། མཆོག་དམན་ཀུན་ལ་ཟང་ཟིང་དངོས་པོའི་གནང་སྦྱིན་གྱ་ནོམ་པ་ཕངས་པ་མེད་པར་སྟེར་བས་དགའ་བ་དང་མགུ་བ་སྐྱེད་ཅིང༌། དམན་པའི་འགྲོ་བ་བྱ་ཁྱི་ཡན་དབུལ་ཞིང་ཕོངས་པའི་རིགས་ལ་གང་འཚམ་གྱི་ཟས་གོས་སོགས་ལྷུག་པར་བསྩལ་པས་ལུས་སེམས་ལ་ཕན་པ་ཉེ་བར་བསྒྲུབས་པ་དང༌། ཐ་ན་གསུང་ཚིག་སྙན་ཅིང་ཡིད་དུ་འོང་བའི་འཕྲོས་གཏམ་གནང་བ་ཡན་གྱིས་གཞན་སེམས་ལ་སྤྲོ་བ་སྐྱེད་པ་སོགས། མདོར་ན་གཏོང་བ་ནམ་མཁའ་མཛོད་ཆེན་པོའི་སྒོ་གཏན་པ་མེད་པར་དབྱེ་བས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་ནོར་བུའི་གྲམ་བུ་ཐང་མར་བརྡལ་བས་སྲིད་ཞིའི་དབུལ་བ་ཐམས་ཅད་ཅིག་ཅར་དུ་བཅོམ་པར་མཛད་པ་ཡིན་ནོ།།  །།རྩ་བའི་ས་བཅད་བརྒྱད་པ་མཛད་པ་ཕྲིན་ལས་མཐར་ཕྱིན་ནས་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་ནི། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཐོག་མར་ཡོངས་འཛིན་དམ་པ་མང་པོ་བསྙེན་ནས་ཤེས་བྱའི་གནས་སྤྱི་དང་། ཁྱད་པར་མདོ་སྔགས་ཀྱི་ཆོས་ཚུལ་རིས་སུ་མ་ཆད་པ་མཐའ་དག་ལ་གསན་བསམ་མཐར་ཕྱིན་པར་མཛད་པས་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། བར་དུ་གསན་པ་ཙམ་དུ་མ་བཞག་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་སྒོམ་སྒྲུབ་སྔགས་གསར་རྙིང་ཡོངས་རྫོགས་སུ་མཛད་པས་སྔོན་སྦྱངས་ཀྱི་འཕྲོ་སད་ནས་ས་དང་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས། མཐར་སྨོན་ལམ་དང་སྙིང་རྗེའི་རྩལ་ཤུགས་ཀྱིས་རིས་སུ་མ་ཆད་པའི་བསྟན་པ་དང་མཆོག་དམན་བར་མའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྲིན་ལས་ཀྱི་བདུད་རྩིའི་ཀླུང་ཆེན་པོ་ཕབ། ཁྱད་པར་དུ་ས་སྐྱ་པཎ་ཆེན་གྱི་ཞལ་ནས། ལུང་རིག་རྗེས་སུ་གདམས་པ་འོ། །ཞེས་གསུངས་པ་ལྟར། མདོ་རྒྱུད་བསྟན་བཅོས་ཚད་མར་གྱུར་པའི་ལུང་དང༌། སྒྲ་ཚད་དངོས་སྟོབས་དང་མཐུན་པའི་རིག་པ་དང༌། ཆོས་ཉིད་ཟབ་མོ་དང་མི་འགལ་བའི་རྗེས་སུ་གདམས་པས་སྐལ་པ་དང་ལྡན་པའི་གང་ཟག་དབང་པོ་མཆོག་དམན་མཐའ་ཡས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བཀྲི་བ་སོགས། དེང་སང་སྙིགས་དུས་ན་བསྟན་འཛིན་གྱི་སྐྱེས་བུ་སུས་ཀྱང་འགྲན་གྱི་ཟླ་དང་བྲལ་བའི་མཛད་པའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་ནས། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ལ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར་གདུལ་བར་བྱ་བའི་སྙིགས་མའི་སྐྱེ་བོ་རྣམས་བསོད་ནམས་དང་སྐལ་བ་དམན་པས་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་ཅིང༌། ཞིང་གཞན་དུ་ཕྲིན་ལས་འཇུག་པ་ལ་དོན་ཆེ་བར་དགོངས་ཏེ་དུས་རྒྱུན་དུའང་དྲེད་པོ་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ། བན་རྒན་ནམ་འཆི་མི་ཤེས། ཅི་ལའང་འབྲས་བུ་མེད། ཅིས་ཀྱང་དགོས་པ་མེད་ཅེས་བཀའ་བསྩལ་པ་དང་མཐུན་པར། དགུང་ལོ་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོའི་ཟླ་བ་དང་པོའི་ཉེར་ལྔའི་དུས་མཆོད་རྒྱས་པར་བཏང༌། ཉེ་སྐོར་གྱི་ཡིག་ཉོབ་སོགས་གཙང་མར་མཛད་ནས་མཆོད་དཔོན་བླ་མ་ལའང་དེ་རིང་ཕྱིན་ཆད་ཁྱོད་ནས་དཀའ་ལས་ཅིའང་མི་དགོས་ཞེས་བཀའ་བསྩལ་ནས་སྦུག་གི་གཟིམ་ཤག་ཏུ་ཕེབས། ཕྱིར་ཉིན་ནས་སྐུ་ཁམས་མི་དྭངས་པའི་ཚུལ་བསྟན། དེ་ནས་རིམ་པར་ཞབས་གཡས་ཕྱོགས་སྐྲངས་པ་ཞིག་གིས་བཞེངས་བཞུགས་མི་བདེ་བ་བྱུང་སྐབས་ཞབས་འབྲིང་བ་རྣམས་ཀྱིས་སྐུ་རིམ་བསྒྲུབ་དགོས་ཚུལ་ནན་ཏན་ཞུས་པར། སྐུ་རིམ་གང་ཡང་བསྒྲུབ་མི་དགོས་ཟླ་བ་རྗེས་མའི་ཉི་ཤུ་སྐོར་དྲག་འགྲོ་བ་ཡིན་གསུངས། ཐར་རྩེ་དང་ཕན་ཁང་མཁན་རིན་པོ་ཆེ་རྣམ་གཉིས་དང་ཕྲན་ལའང་ཞབས་བརྟན་ཅི་དྲག་གིས་བསྐུལ་མ་བྱུང་བ་ལྟར། རང་ནས་ཀྱང་འཕགས་མའི་སྙིང་ཐིག་དང་ཚེ་ལྷ་རྣམ་གསུམ་གྱི་སྒྲུབ་མཆོད་སོགས་ཞབས་བརྟན་གསོལ་འདེབས་རྒྱས་པར་ཞུས་ཤིང༌། ཉེ་གནས་རྣམས་ལའང་བསྒྲུབ་བྱའི་བསླབ་སྟོན་གང་ཤེས་ཞུས་པ་དེ་ནང་རྡོར་སེམས་ཡིག་བརྒྱ་ཅི་འགྲུབ་བྱས་ན་ལེགས། གཏོ་ཚོགས་སོགས་ནི་ངེད་རང་གི་ཚེ་ལ་གཏོ་བཅའ་མ་མྱོང་བས་དགོས་པ་མེད་ཚུལ་ཕེབས་པ་ལྟར་རྡོར་སེམས་སྙིང་པོ་དུང་ཡོན་ཁ་ཤས་ཡར་མར་དགོན་ཁག་རྣམས་ལ་རྒྱེབ་ཆོག་དང༌། རྗེ་ཉིད་ཀྱི་ཐུགས་བཞེད་ལྟར་གཟིམ་ཆུང་ཕྱི་མར་བླ་མ་དཔོན་སློབ་ཁ་ཤས་ནས་མཁའ་འགྲོའི་ཚོགས་སྐོང་དང་མེ་མཆོད་གྲངས་མང་བསྒྲུབས་པ་སོགས་ཞུས། སྐབས་རེར་ཉེ་གནས་ལ་བི་མ་ལ་མི་ཏྲ་བར་སྣང་ལ་བཞུགས་འདུག །ཁྱོད་ནས་ཨེ་མཇལ་ཞེས་པ་ཙམ་གསུངས། བསྙུན་ཟུག་ཆེ་རིགས་གང་ཡང་མེད་ཅིང་གསོལ་ཆས་ཀྱང་ཐུགས་ལ་གང་བབས་རེས་མོས་ཚུལ་གྱིས་བཞེས། དེ་རྗེས་ཙམ་ཞིག་འོ་མ་བསྐོལ་བ་མཆོད་ཞལ་གང་ལྷག་ཙམ་བཞེས་ཟིན་ནས་ཟས་སྐོམ་གྱི་གསོལ་ཆས་གང་ཡང་བཞེས་པར་མ་མཛད། དབོ་ཟླ་བའི་དགའ་བ་གཉིས་པའི་ནངས་མོ་རྒྱུན་བསྟར་གྱི་ཕྱག་བསིལ་ནས་ད་ལས་ཀ་ཚར་བ་རེད། བཅའ་ལག་ཕར་ཁུར་གསུངས། མེ་ཏོག་འཐོར་ནས་ཤིས་བརྗོད་ཤིན་ཏུ་མང་པོ་མཛད། དེ་རྗེས་ནས་གསུང་གང་ཡང་མ་བྱོན་པར་མཉམ་པར་བཞག་བཞིན་པའི་ངང་ཉིན་ཕྱེད་མ་ཟིན་ཙམ་ལ་འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེ་སྐབས་ཁོ་བོ་ལའང་བྱ་མ་རྟ་འབྱོར་བས་རིངས་པར་བཅར་ཡང་གང་ཟག་གཞན་འགྲེས་ཐུགས་དམ་གསལ་འདེབས་སོགས་ཞུ་བའི་ཡུལ་མིན་ཅིང་། འདིར་སྣང་སྤྲུལ་པའི་བཀོད་པ་བསྡུས་པའི་དེ་མ་ཐག་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་དགོངས་པ་དབྱེར་མེད་བུམ་པ་ཆག་པའི་ནམ་མཁའ་དང་ཕྱིའི་ནམ་མཁའ་དབྱེར་མེད་དུ་འདྲེས་པ་ལྟར་གྱུར་པ་ལ་སྔོན་ནས་ངེས་ཤེས་རྙེད་ཟིན་པས། མཆོད་འབུལ་དང་གསོལ་འདེབས་ཐུགས་ཡིད་བསྲེ་བའི་མཉམ་གཞག་གཙོ་བོར་བགྱིས། ཞག་གསུམ་པའི་ཉིན་སྤྱི་འགྲེ་ལྟར་ཆོས་སྐུ་ལས་གཟུགས་སྐུའི་རྣམ་པར་བཞེངས་པར་བསྐུལ་ནས། བླ་མ་མཆོད་པའི་རིམ་པ་གསོལ་འདེབས་སྨོན་ལམ་སོགས་ཡིད་ཚིམས་པར་ཞུས། ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཡང་ཕེབས་གྲུབ་པ་དང་ཁོ་བོ་བཅས་ནས་རྣམ་འཇོམས་དང་སྨེ་བརྩེགས་སོགས་ཀྱིས་བསྒྲུབས་པའི་ཁྲུས་ཆུས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས། དྲི་བཟང་གི་ཕུར་མས་བྱུགས། གསེར་སྦྱང་གིས་བྲིས་པའི་གནས་ཡིག་གསར་རྙིང་གི་རྒྱུད་སྡེ་གོང་འོག་རྣམས་ལས་འབྱུང་བ་དང༌། སངས་རྒྱས་སྲས་གཅིག་གི་རྒྱུད་བཏགས་གྲོལ་གྱི་གླེགས་བམ་དང་འཁོར་ལོའི་རིགས་མང་པོ། །བླ་མ་དགོངས་འདུས་རྒྱུད་དགུ་སོགས་སྐུའི་གནས་རྣམས་སུ་ཕུལ། རས་དཀར་དྲི་བཟང་གི་ཆུས་བསྒོས་པས་སྐུ་ལ་དཀྲིས། དབུ་རྒྱན་ཐོར་ཚུགས་སྟོད་གཡོགས་སྨད་གཡོགས་གསོལ། ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་ཕུལ་ཏེ་ལོངས་སྤྱོད་རྫོགས་པའི་རྣམ་པས་གཟིམ་ཆུང་ཕྱི་མའི་ཉིན་བཞུགས་ཀྱི་གདན་ལ་བཞུགས་སུ་གསོལ། མཆོད་པའི་བྱེ་བྲག་དང་ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམས་ནས་ཉིན་བདུན་ཙམ་ལ་མཁན་རིན་པོ་ཆེས་མཁའ་སྤྱོད་མ་དང༌། ཁོ་བོས་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་དང་འབྲེལ་བའི་བླ་མ་མཆོད་པ་རྒྱས་པ། སྔོན་གྱི་ཕྱག་གཞེས་ལྟར་དབང་སྐུར་ལེན་པ་དང༌། སླར་ཡང་དཀྱིལ་འཁོར་གྱི་གཙོ་བོ་ལས་དབང་བཞེས་པའི་མོས་པས་དབང་བཞི་ཕུལ་ཅིང༌། ཚོགས་མཆོད། འདོད་པའི་དོན་ལ་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་རྣམས་གཟབ་རྒྱས་སུ་ཞུས། རྗེ་རིན་པོ་ཆེ་ཉིད་ཀྱིས་རྣམ་པ་ཀུན་ཏུ་གསུང་འཕྲོས་ཕྱིས་ཚོད་བླ་མ་རྣམས་གདུང་གོག་མཆོད་རྟེན་དུ་བཞག་པ་འདི་མ་འོངས་པ་ན་བླ་མ་དེའི་རུས་ལ་གནོད་པའི་ཞབས་འདྲེན་དང༌། གཞན་དག་ལ་སྡིག་པ་གསོག་པའི་རྐྱེན་དུ་འགྱུར་ཞིང༌། དེ་ལྟར་བཞག་པ་དེས་བླ་མའི་དགོངས་པ་རྫོགས་པའི་ཐབས་སུའང་མི་འགྱུར་ལ། གསོན་པོ་རྣམས་རང་རང་ལ་བསོད་ནམས་དང་བསགས་པ་ཞིག་མེད་ཕྱིན་རོ་རུལ་གྱིས་ཕན་བཏགས་པའི་བཤད་ཁུངས་གང་ནའང་མེད་པས་ཤུལ་གཙང་བྱུང་ན་ལེགས་པ་སོགས་རྒྱུ་མཚན་མང་དུ་ཕེབས་པ་ལྟར། དབོ་ཟླ་བའི་གནམ་གང་ཉིན་གཟའ་སྐར་དགེ་བ་ལ་མཁན་རིན་པོ་ཆེས་ཀྱེ་རྡོར། དཔོན་སློབ་རིན་པོ་ཆེས་མཁའ་སྤྱོད་མ། ཁོ་བོས་སྨིན་གླིང་རྡོར་སེམས། དགོན་གྱི་བྱང་འདྲེན་བླ་མས་ཀུན་རིག །སོ་སོར་དཔོན་སློབ་མང་ཙམ་བཅས་དཀྱིལ་འཁོར་བཞིའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཙན་དན་དང་ཨ་ག་རུ་གཙོ་བོར་གྱུར་པའི་བཟང་ཤིང་གི་མེ་ལ་བསྲེག་བཞུ་ཕུལ། དེ་ཉིན་མེ་ཏོག་གི་ཆར་ཡང་ཤིན་ཏུ་མཐུག་པར་བབས། ཞག་གསུམ་དུ་གདུང་ཁང་རྒྱས་བཏབ་ཅིང་མཆོད་འབུལ་ཕུལ། དེ་ནས་ཞལ་ཕྱེས་ཏེ་ཆོ་ག་བཞིན་གདུང་རུས་རྣམས་བསྡུས་ནས་འཐོར་ཟེགས་མེད་པར་སྦྱངས་བཏུལ་ཞུས་ཏེ་དྲི་མེད་རྣམ་གཉིས་ཀྱི་སཱཙྪ་ཚད་ལྡན་བཏབ་སྟེ་གདན་སའི་གདུང་རྟེན་དང༌། ལྷུན་གྲུབ་སྟེང་མཆོད་སྡོང་ཆེན་མོ་བཅས་ལ་བཞུགས་སུ་གསོལ་བར་བགྱིས་སོ། །དེ་ནས་ཇི་སྐད་དུ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་དང༌། གང་ཞིག་གསེར་གྱི་རི་ལ་བརྟེན་བཅས་པ། །དེ་ཡིས་བྱ་ཚོགས་ཐམས་ཅད་གསེར་དུ་འགྱུར། །ཞེས་གསུངས་པ་ལྟར། ལྷ་དང་བཅས་པའི་གཙུག་རྒྱན་སྐྱེས་བུ་དམ་པ་ལས་ཀྱང་དམ་པ་ཆེན་པོའི་རྣམ་ཐར་བཟང་པོའི་ཙན་དན་གྱི་ཚལ་དུ་སྡོང་དུམ་བཞིན་ཞབས་འབྲིང་དུ་གནས་པ་དག་ཀྱང་ཁྱད་པར་དུ་གྱུར་པའི་ཡོན་ཏན་གྱིས་མཛའ་བ་ཆོས་ཉིད་དེ། རྗེ་ཉིད་ཀྱི་སྐུ་དབོན་ལུགས་གཉིས་ལ་མཁྱེན་པའི་དཀྱེལ་ཆེ་ཞིང་ཡ་རབས་དྲྭ་མའི་རྣམ་ཐར་ཕུལ་དུ་བྱུང་བས་བརྒྱན་པ་སྐལ་བཟང་རྡོ་རྗེ་ལགས་དང༌། ཕྱི་ནང་རིག་པའི་གནས་ཀྱི་གཙུག་ལག་ལ་དཔྱོད་པའི་བློ་མིག་པདྨོ་ལྟར་རྒྱས་པ། རྗེ་བཙུན་བླ་མ་ཉིད་ཀྱི་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་བ་མེད་པས་མཉེས་པ་སྒོ་གསུམ་ནས་བསྒྲུབས་པའི་ཉེ་གནས་ཆེན་པོ་འཇམ་དབྱངས་ལེགས་པའི་བློ་གྲོས་དང༌། རིང་ནས་ཞབས་འབྲིང་དུ་འཁོད་ཅིང་མཉེས་པའི་ཞབས་ཏོག་ཕུལ་དུ་ཕྱིན་པ། བསླབ་གསུམ་ལྡན་པའི་དགེ་སློང་དགེ་བའི་བཤེས་གཉེན་ཀུན་དགའ་རྒྱལ་མཚན་གཙོ་བོར་གྱུར་པས། གུས་ཤིང་དང་བའི་བློ་གྲོས་དྲི་མ་མེད་པ་དུང་དང་ཀུན་ད་ལྟ་བུས་མཚམས་སྦྱར་ཏེ་རྟག་གུས་ཀྱི་བརྩོན་པ་ཆེན་པོས་གཤེགས་རྗེས་དགོངས་པ་རྫོགས་པའི་ཐབས་རྒྱ་ཆེན་པོ་བསྒྲུབས་པའི་ཚུལ་མདོར་བསྡུས་པར་སྨྲོས་ན། དབུས་གཙང་ཁམས་གསུམ་གྱི་ལྷ་རྟེན་ཁྱད་འཕགས་བླ་མ་དགེ་འདུན་དང་བཅས་པར་དགོངས་རྫོགས་མཆོད་འབུལ་གཏོང་བ་རྒྱ་ཆེའི་མཛོད་སྒོ་ཡངས་པོར་ཕྱེས་པ་ལས། གངས་ཅན་སྟོན་པའི་ཞལ་སྐྱིན་ལྷ་ལྡན་ཇོ་ཤཱཀ་མཆེད་གསུམ་མདུན་སྟོང་མཆོད་དང་འབྲེལ་བའི་དངོས་པོ་རྒྱ་མ་ཆུང་ཙམ་གྱི་མཆོད་འབུལ་དང༌། དཔལ་གྱི་བསམ་ཡས་སོགས་དབུས་གཙང་གི་སྒྲུབ་གནས་ལྷ་རྟེན་ཡོངས་གྲགས་ཁྱད་འཕགས་རྣམས་ལ་གསེར་གསོ། སྙན་ཤལ། སྤོས་དང་མར་མེའི་ཕྲེང་བ་སྟོང་རྩ་སོགས་རྒྱས་པར་སྤྲོས་ཏེ་ཕུལ་བ་དང༌། ཕྱག་ན་པདྨོ་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་སྟེ་རྩེ་ཤོད་སོ་སོར་ཁ་བཏགས་ཨཱ་ཤེ་དང༌རིན་ཆེན་གཉིས་པ་བཟང་གོས་ཁ་འབྲེལ་སོགས་བབས་ཐོབ་དང་བསྟུན་པའི་འབུལ་མཚོན། གཙང་པཎ་ཆེན་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། ས་སྐྱ་ཁྲི་ཆེན་རིན་པོ་ཆེ་སོགས་ས་སྐྱའི་སྐུ་ངོ་གདུང་རྒྱུད་རིན་པོ་ཆེ་ལྷན་རྒྱས། རྒྱལ་བ་ཀརྨ་པ། འབྲུག་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ། ཀརྨ་པའི་རྗེ་དབོན་རྣམ་གཉིས། སྟག་ལུང་མ་རིན་པོ་ཆེ། རྩེའི་ཡོངས་འཛིན། ངོར་ཨེ་ཝཾ་ཁང་གསར། ཞབས་དྲུང་ཁག་ལྔ། ཐར་རྩེ། ཕན་ཁང༌། ཀླུ་སྡིངས་སོགས་ངོར་པའི་བླ་བྲང་ཁག །རྒྱུད་སྟོད་སྨད་མཁན་པོ། །ཤར་རྩེ་བྱང་རྩེ། མཆིམས་ཕུ་ཟུང་སྤྲུལ། ཞྭ་ལུ་སྤྲུལ་སྐུ་གཉིས། ལྷོ་བྲག་ཐུགས་སྤྲུལ། རྦ་ཁ་སྤྲུལ་སྐུ་སོགས་ལ་སྐུ་གསུང་ཐུགས་རྟེན། རིན་ཆེན་དང་པོ་དང་གཉིས་པའི་དབྱིག་ནོར། དར་གོས་སོགས་གང་ལ་གང་འོས་ཀྱི་མཆོད་བསྔོ་དང༌། ས་ངོར་གཙོས། རྭ་སྒྲེང༌། ཞྭ་ལུ། བསམ་ཡས་གཡའ་མ་ལུང༌། མཆིམས་ཕུ། གདན་ས་ཐེལ། རྩེས་དྭངས། སྣེའུ་གདོང་རྩེ་ཚོགས། ཡར་ལུང་ཤེལ་བྲག །རས་ཆུང་སྦུག །ལྕགས་རྩེ་གྲི་གུ། ལྷོ་བྲག་སྨྲའོ་ཅོག །མཁར་ཆུ། བཀྲ་ཤིས་ལྷུན་པོ། སྟག་ལུང་སོགས་ཀྱིས་མཚོན་པའི་དགོན་སྡེ་ཆེ་ཕྲའི་དགེ་འདུན་འདུས་པ། རི་ཁྲོད་སྒྲུབ་པ་པོ་བཅས་ལ་མང་ཇ་མཆོད་འབུལ་ཡོན་འབུལ་རྒྱ་ཆེན་པོས་མཉེས་པར་བྱས་པ་དང༌། མདོ་ཁམས་ཁུལ་འདིའི་བླ་མ་དགེ་འདུན་ལ་དགོངས་རྫོགས་མཆོད་འབུལ་སྐུལ་བའང༌། ཐོག་མར་ཐར་རྩེ་མཁན་ཆེན་ནས་དགུང་ཚིགས་གཉིས་པ་ནས་གསུམ་པའི་བར་ཀྱེ་རྡོ་རྗེའི་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པའི་སྒོ་ནས་མཆོད་འབུལ་ཞུས་པའི་སྐུ་ཡོན་དགོངས་རྫོགས་སུ། ནང་མཛོད། དངུལ་གྱི་མཎྜལ་འཁོར་ཚང༌། ཚེ་དཔག་བོད་ལི། གྲུབ་ཆེན་བརྒྱད་ཀྱི་ཞལ་ཐང༌། འཇམ་དཔལ་མཚན་བརྗོད་སོགས་སུམ་བིད་ཅན། ཇོ་བོའི་ཆོས་ཆུང་བརྒྱ་རྩ། རྒྱ་གར་ཆོས་འབྱུང༌། ཕྱག་དྲིལ་དངུལ་རྩེ་ཅན། ཕྱག་ཕྲེང་རྒྱན་ལྡན་ཤིན་ཏུ་སྤུས་ལེགས་དངུལ་སྲང་དྲུག་ཅུ་འགྲོ་བ། དངུལ་རྐྱང་སྲང་འཁོར་བདུན་ཅུ་དོན་ལྔ། མཐའ་དཀར་སོགས་རྣམ་གྲངས་བརྒྱ་དང་བཅུ་གཉིས་ལ་རྒྱ་སྲང་སུམ་བརྒྱ་ལྔ་བཅུའི་བབས། ཐར་རྩེ་ཞབས་དྲུང་མདུན་ནང་མཛོད། སྐུ་གསུང་ཐུགས་རྟེན། དངུལ་གྱི་མཎྜལ་འཁོར་ཚང༌། རྒྱ་སྲང་ལྔ་བཅུ་སོགས་རྣམ་གྲངས་སོ་བདུན་ལ་དངུལ་སྲང་བརྒྱ་རེ་གསུམ་བབས། གཞན་སྐུ་འཁོར་ལས་ཚན་སོ་སོར་གང་འཚམ་གྱི་དངོས་པོ་གྱ་ནོམ་པ་བསྟབས་པ་དང༌། ཨེ་ཝཾ་ངོར་ཐར་རྩེ་བླ་བྲང་རང་དུ་གཏན་བཞག་འབུལ་རྒྱུ་ཐུབ་དབང་རྒྱ་གར་ཤར་ལི། སྒྲོལ་ལྗང་བོད་ལི། སྐུ་ཚབ་པདྨཱཙརྻ། རྒྱུད་སྡེ་ལྔའི་ཞལ་ཐང༌། ལམ་འབྲས་པོད་སེར་དམར་སྔོ་གསུམ། ཚུལ་ལྗོན་དགོངས་རྒྱན་པོད་གཅིག །ཀླུ་སྒྲུབ་དང་ངག་ཆོས་ལམ་འབྲས་པོད་གཉིས། ངག་ཆོས་འབེལ་གཏམ་པོད་གཅིག །དམ་པའི་མཁྱུད་དཔྱད་པོད་གཅིག །སྒྲུབ་ཐབས་ཀུན་བཏུས་པོད་བཅུ་གཅིག །འཁར་གསིལ་ལྔ། སྦ་ལྕག་བྱིན་ཅན། རྣལ་འབྱོར་མའི་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱཾ་ག་གསེར་དངུལ་བཀྲ་མ། གུ་རུ་ཉི་མ་འོད་ཟེར་ཕྱག་མཚན་ལི་སེར་རྡོ་རྗེ། དངུལ་བུམ་འཁོར་ཚང་ཆ། རྡོ་དྲིལ་གསར་བསྐྲུན་གསེར་རྩེ་ཅན་སྤུས་ལེགས་ཉེར་ལྔ། ཚེ་བུམ་ཤིན་ཏུ་ཁྱད་ནམ་ཅན། དབུ་རྒྱན་རིགས་ལྔ་སྐྱོ་འབུར་གསེར་ཤོག་ཅན་ཆ་ཉེར་ལྔ། དེ་འབྲེལ་རྩ་ཆིངས། དར་དཔྱང་ཆ་ཉེར་ལྔ་རེ། སྟེགས་ཁེབས་རབ་འབྲིང་ཉེར་ལྔ། གསེར་དངུལ་བཀྲ་མའི་སྤོས་ཕོར་ཆེ་ལེགས་ཆ། གསེར་དངུལ་བཀྲ་མའི་རྒྱ་གླིང་ལེགས་པ་ཆ། དུང་སེར་དངུལ་རྒྱན་ཅན། རྐང་གླིང་གསེར་དངུལ་བཀྲ་མ་ཕྲ་རྒྱན་ཅན་སྤུས་ལེགས། གསེར་དངུལ་བཀྲ་མའི་མཆོད་གཞོང་སོགས་འབོར་བསྡོམས་དངུལ་རྡེལ་ཚད་ཉེར་ལྔའི་བབས་ཕུལ། དེ་བཞིན་ཕན་ཁང་མཁན་རིན་པོ་ཆེའི་མདུན་དགུང་ཞག་རྫོགས་པར་ཀྱེ་རྡོར་སྒྲུབ་མཆོད་མཛད་པའི་ཡོན་དུ་ནང་མཛོད། ཚེ་དཔག་མེད་གསེར་སྐུ། ཉེ་སྲས་སུམ་ཐང༌། ཚེ་དཔག་མེད་བརྒྱ་སྐུ། ཇོ་བོའི་ཆོས་ཆུང༌། རྡོ་དྲིལ་རྙིང་མ་གསེར་རྩེ་ཅན། གསེར་དངུལ་བཀྲ་མའི་ནང་མཆོད། གསོལ་ལྟིར་སྤུས་ལེགས། རྒྱ་དངུལ་གར་བུ་རྡེལ་ཚད། མཐའ་དཀར་སོགས་རྣམ་གྲངས་མཚན་བཟང་སོ་གཉིས་དང་བཅུ་གསུམ་སའི་གྲངས་ལྡན་ལ་རྒྱ་སྲང་ཉིས་བརྒྱ་ཉེར་ལྔའི་བབ་ཐོབ། བླ་མཆན་སོགས་ལས་ཚན་ལའང་དེ་མཚུངས་སྨར་ཟོང་གི་དངོས་པོ་འོས་བསྟུན་བཅས་ཕུལ། ཐར་རྩེ་དཔོན་སློབ། དབལ་སྤུངས་དབོན་རྒན། ཉི་གྲགས་མཆོག་སྤྲུལ། དགེ་མང་སྐུ་ཞབས། དཔལ་ཡུལ་ཀརྨ་འགྱུར་མེད་སྤྲུལ་སྐུ། སྐུ་ཞབས་ཁམས་སྤྲུལ། ནང་ཆེན་ཕུར་བླ་དང༌། བྲག་གཡབ་གཙང་སར་སྤྲུལ་སྐུ། ཛ་ཀ་སྤྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་གསར་རྙིང་རྒྱུད་སྡེ་བཀའ་གཏེར་གྱི་དཀྱིལ་འཁོར་གྱི་གཙོ་བོ་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་དུ་སྒྲུབ་ཅིང་མཆོད་ལ་དབང་བླངས་པའི་ཚུལ་གྱིས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་སྒྲུབ་པའི་ལམ་ཟབ་མོ་ལ་ཉེ་བར་གཞོལ་བའི་ལེགས་འབུལ་དར་གོས་རིན་ཆེན། པགས་རིགས། ཐེར་ཕྲུག །རྟ་དྲེལ་སོགས་དངོས་པོ་སྦུས་ནམ་ལྡན་ཅིང་སྦོམ་མཐོ་བའི་ཡོན་བསྟབས་པས་དགྱེས་པར་བྱས། གཞན་ཡང་དཔལ་སྤུངས་ཏཱའི་སི་ཏུའི་མཆོག་སྤྲུལ་མདུན་ལྷ་རྫས། རྟེན་གསུམ། དངུལ་གྱི་མཆོད་ཆས་ཆ་ཚང༌། རྗེ་དབོན་རྣམ་གཉིས། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ། ཀཿཐོག་ཞིང་སྐྱོང༌། སི་ཏུ། རྫོགས་ཆེན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས། རྒྱལ་ཚབ། རྒྱ་རོང་དབོན་སྤྲུལ། གླིང་རྗེ་དྲུང་སོགས་གསར་རྙིང་གི་བླ་མ་ཆེ་རྒུ་རྣམས་ལ་མཆོད་བསྔོའི་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་མཆོག །སྐུ་ཆས་མཆོད་ཆས་མཚོན་པའི་ཉེར་སྤྱད། དར་གོས། རིན་ཆེན་སོགས་དངོས་པོ་ནམ་ལྡན་སྤུས་གཙང་རྒྱ་ཆེའི་མཆོད་འབུལ་སྤྲོས་པ་སོགས་རྣམ་གྲངས་མིང་ནས་སྨྲོས་ཀྱིས་མི་ལངས་པ་དང༌། ཁོ་བོ་ཅག་ལའང་རྟེན་གསུམ་ཁྱད་ཅན་རིགས་གཙོས་སྦམ་མཐོ་བའི་དགོངས་རྫོགས་སྐུལ་བྱེད་བསྟབས་ཤིང༌། དགོན་སྡེ་རྣམས་སུའང༌། ལྷུན་གྲུབ་སྟེང་དུ་དངུལ་སྲང་བརྒྱ་ཐམ་པའི་བབས། རྫོང་སར་གྲྭ་མང་འདུས་པར་དངུལ་སྲང་ཉེར་ལྔ། སྤྱི་ཆེན་པར་དངུལ་སྲང་ཉེར་ལྔ། སྤྱི་ཆུང་ཁག་གཉིས་ལ་བཞི་རུ་རེ་བཅས་ལ་ཧེ་རུ་ཀའི་ཡིག་བརྒྱ་དང༌། ཐུགས་རྗེ་ཆེན་པོའི་ཡིག་དྲུག་ཡོན་དུ་ཕུལ། དཔལ་སྤུངས་དངུལ་སྲང་བརྒྱད་ཅུ་ཡིག་བརྒྱ་དང་སྨོན་ལམ་རྣམ་ལྔའི་ཡོན་དང༌། སྒྲུབ་སྡེ་གོང་འོག་ཏུའང་བབས་འོས་རེ། རྫོགས་ཆེན་དགོན་པའི་འདུས་སྡེར་དངུལ་སྲང་ཉེར་ལྔའི་བབས། ཞེ་ཆེན་དངུལ་བཞི་རུའི་བབས། ཀཿདཔལ་གཉིས་སུའང་དེ་བཞིན། འཛིང་སྟག་མོ་སྒང༌། སྤྲ་མཐོ། སྤོམ་འཛང༌། ཁང་དམར་མདོ་རྣམས་ཀྱི་འདུས་སྡེ་སོ་སོར་དངུལ་སྲང་བཅུ་རེའི་བབས་ཡིག་དྲུག་དང་སྨོན་ལམ་རྟེན། བོན་དགོན་ལྕང་ལུང་དུ་དངུལ་སྲང་བརྒྱད་བབས་ཕུལ་བ་སོགས་རིས་བྲལ་གསར་རྙིང་བོན་གསུམ་གྱི་ཆོས་སྡེ་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇའི་དོད་ཀྱི་བསྙེན་འབུལ་དངོས་རྫས་བཟང་དགུ་སེར་སྣ་སོགས་ཀྱི་དྲི་མས་མ་སྦགས་པར། རྗེ་བཙུན་བླ་མའི་ཟབ་དགོངས་འོད་གསལ་མི་སློབ་པའི་ལམ་དུ་ཡོངས་སུ་རྫོགས་པའི་གསོལ་གདབ་ཐུགས་རྒྱུད་ཡང་དག་པར་སྐུལ་བའི་ཐབས་རྒྱ་ཆེན་པོར་འཇུག་པ་སྟེ། རྒྱས་པར་བརྗོད་ན་དགེ་བ་ངོམས་པའི་སྐྱོན་དང་ཡི་གེ་མང་གིས་དོགས་པས་རགས་བསྡུས་དེ་ཙམ་དང༌། གཟིམ་མལ་དུ་འདྲ་སྐུ་སྨན་འདམ་ལས་བཞེངས་པ། དགོངས་བཞེད་བྱམས་སྐུ་མཐོ་བཅོ་ལྔ་པ་དངུལ་རྡིལ་ཚད་ཉེར་ལྔ་ཙམ་གྱིས་གསར་བསྐྲུན་དགོན་ཆེན་དུ་བཞུགས་པ་དང༌། ཆོས་སྐུའི་རྟེན་མཆོག་ཏུ་རྗེ་ཉིད་ཀྱི་གདུང་ཚ་སོགས་བཞུགས་པའི་མཆོད་སྡོང་མཐོ་དགུ་ལྷག་ཙམ་ཟངས་ཤས་གསེར་སྤུས་གཉིས་ཀ་ཅི་མཐུག །ཕྲ་རྒྱན་གྱི་བཀོད་པ་རིན་ཐང་གང་ཆེ་ཐམས་ཅད་རྩལ་སྤྲུགས། སྒྲོས་ཆ་ཆགས་ཚད་སོགས་གཟབ་རྒྱུ་གང་ཡོད་ཀྱིས་ཤིན་ཏུ་སྤུས་ནམ་དག་ཅིང་མིག་གི་བདུད་རྩིར་གྱུར་པ་རྒྱ་དངུལ་རྡིལ་ཚད་སོ་བདུན་ཙམ་གྱི་རྒྱུ་ཆས་ཀྱིས་བསྐྲུན་ཅིང་དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུགས་ཆོག །གདུང་རུས་ཚ་སྒྲུབ་སོགས་གཞུང་མཐུན་གྱི་མཚོན། རིང་བསྲེལ་རྣམ་བཞི་སོགས་རྟེན་མཆོག་ཁྱད་འཕགས་ཀྱིས་གཏམས་ཏེ་ཡེ་ཤེས་སེམས་དཔའ་དངོས་སུ་བསྟིམ་པའི་བཀྲ་ཤིས་རབ་གནས་ཀྱི་ཆོ་ག་ཚད་དང་ལྡན་པ་བཅས་ཀྱིས་མཐོང་གྲོལ་ཆེན་མོར་བཞུགས་པ་དང༌། ལོངས་སྐུའི་རྟེན་འཇམ་དཔལ་ཆོས་དབྱིངས་གསུང་དབང་ལི་དམར་གསེར་དངུལ་བཀྲ་མའི་རྒྱན་ཅན་དངུལ་རྡིལ་ཚད་གསུམ་ལྷག་ཙམ་གྱིས་གསར་བསྐྲུན་མཛད་པའི་བཞེད་པ་ཐུགས་བཅངས་དང༌། སྤྲུལ་སྐུའི་རྟེན་བདག་ཅག་གི་སྟོན་པའི་སྣང་བརྙན་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་ཚད་དང༌། རྗེ་བཙུན་བླ་མ་ཉིད་ཀྱི་འདྲ་ཞལ་མཐོ་བཅུ་པ་བྱོན་ལེགས་གཉིས་ལ་དངུལ་རྡིལ་ཚད་ཉེར་བདུན་ཙམ། གཞན་སངས་རྒྱས་བྱང་སེམས་ཉན་ཐོས་ཀྱི་འཁོར་གསེར་སྐུ་བདུན་ཅུ་སྐོར། གསུང་རྟེན་པུསྟི་གྲངས་མང༌། གདུང་རྟེན་བཞུགས་ཁང་བང་བ་ནང་འདམ་ལྔ་སྒོ་ཁང་བཅས། དེ་ནང་མཆོད་ཆ་ཡོ་བྱད་མཁོ་ཚང༌། མར་མེའི་རྒྱུན་འཛུགས་བཅས་བསམ་པ་དག་ཅིང་སྦྱོར་བ་གུས་པ་ཆེན་པོས་བརྩོན་པ་ལྷུར་བླངས་ཏེ་བླ་མ་མཉེས་པའི་བགྱི་བ་དམ་པས་བསྔགས་ཤིང་ཆོས་དང་མཐུན་པའི་བྱ་བ་རླབས་སུ་ཆེ་བ་གེགས་མེད་མཐར་ཕྱིན་གྱིས་དགོངས་རྫོགས་རྗེས་སྒྲུབ་ཀྱི་རིམ་པ་མཐའ་རྒྱས་བསྒྲུབས་དང་སྒྲུབ་བཞིན་པས་ཤིན་ཏུ་དགེ་ལེགས་སུ་བྱས་པའོ།། ༈ །།གཉིས་པ་གང་ཟག་གཞན་དང་ཐུན་མོང་མ་ཡིན་པ་རྗེ་ཉིད་ཁོ་ནའི་ཁྱད་པར་གྱི་ཆོས་སུ་གྱུར་པ་ནང་གི་རྣམ་པར་ཐར་པ་ནི། གངས་ཅན་ལྗོངས་ཀྱི་བསྟན་འཛིན་ཕལ་མོ་ཆེ་རང་རང་ལུགས་སུ་མཁས་ཤིང་གྲུབ་པའི་རྣམ་ཐར་ངོ་མཚར་བས་བསྟན་པ་སྐྱོང་ཞིང་འགྲོ་ཕན་སྒྲུབ་པས་དད་ཅིང་གུས་པར་བྱ་བའི་ཡུལ་ཁོ་ན་ལས་མ་འདས་མོད། མདོ་སྔགས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་ནས་གསན་བསམ་སྒོམ་པ་མཛད་ཅིང་རིས་སུ་མ་ཆད་པའི་བསྟན་པ་སྤེལ་ཅིང་གདུལ་བྱ་སྐྱོང་བ་ནི་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་ཁྱད་པར་གྱི་ཆོས་སུ་གྲུབ་པ་སྟེ། དེའང་རིག་པའི་གནས་དང་སྡེ་སྣོད་གསུམ་གྱི་མཛད་པའི་རྣམ་ཐར་མདོ་ཙམ་གོང་དུ་སོང་བ་ལས་ཤེས། འདིར་མཁས་གྲུབ་ཆེན་པོ་པྲཛྙཱརསྨིས། རྒྱལ་བས་ལུང་བསྟན་གངས་ཅན་འགྲོ་བའི་མགོན། །གཅིག་ཏུ་བསྟན་པ་འབའ་ཞིག་ཉེར་དགོངས་པའི། །སྔོན་གྱི་ཆོས་རྒྱལ་ལྷ་གཅིག་བཙན་པོ་དེ། །གངས་རིའི་ཁྲོད་འདིར་སྟོན་པ་གཉིས་པ་ཡིན། །ཞུ་ཆེན་ལོ་ཙཱ་པ་གོར་བཻ་རོ་དང༌། །རྒྱལ་བའི་གདུང་འཚོབ་འབྲོམ་སྟོན་ཨུ་པ་སི། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །སྐད་གཉིས་སྨྲ་བ་བླ་ཆེན་འབྲོག་མི་དང༌། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མར་པའི་ཞབས། །གྲུབ་པའི་སར་བཞུགས་དམ་པ་རྒྱ་གར་དང༌། །ཇི་གྱོ་ལོ་ཙཱ་མཁས་གྲུབ་ཨོ་རྒྱན་པ། །བྱང་ཕྱོགས་སྒྲུབ་བརྒྱུད་འདེགས་པའི་ཀ་ཆེན་བརྒྱད། །དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བརྒྱད། །དེ་དག་གྲུབ་ཐོབ་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །ཞེས་གསུངས་པ་ལྟར། བྱང་ཕྱོགས་གངས་རིའི་ལྗོངས་འདིར་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་ལེགས་པར་བྱོན་ཅིང༌། དེ་དག་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་འབྲས་བུ་མངོན་དུ་མཛད་ནས། དམ་པའི་སྐྱེས་བུ་རེ་རེས་ཀྱང་གདུལ་བྱ་གྲངས་མེད་པ་བྱང་ཆུབ་ཆེན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རིང་ལུགས་འཛིན་པ་དབུས་གཙང་མདོ་ཁམས་རྣམས་སུ་གང་བཞུགས་རྩད་གཅོད་མཛད། འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་རྩ་བའི་སྲོལ་འབྱེད་དང༌། རང་གིས་གསན་ཡུལ་དེ་ཡིད་ཆེས་པ་བྱུང་ཕྱིན་བར་གྱི་བརྒྱུད་པ་ཡོད་པ་ཙམ་གྱིས་ཆོག་པར་མཛད་པའི་ཕྱག་སྲོལ་ལྟར། སོ་སོའི་ཆོས་བརྒྱུད་འཛིན་པའི་ཡོངས་འཛིན་དང་གདམས་ངག་ཚོལ་བ་ལ་སྐུ་ངལ་ཁྱད་དུ་བསད་དེ་འབད་རྩོལ་ཆེན་པོས་དོན་གཉེར་མཛད། གཞུང་གདམས་མན་ངག་གི་དཔེ་ཚད་ལྡན་ཆེ་ཕྲ་མང་ཉུང་ཅི་ཞིག་ཡོད་ཀྱང་གསར་བཞེངས་མཛད་ནས། འགའ་ཞིག་ལན་གྲངས་མང་པོ། ཕལ་ཆེར་ཚར་རེ་མ་འཆད་པ་མེད་པས་དབང་ཁྲིད་མན་ངག་གི་རྒྱུན་ཆད་པར་ཉེ་བ་ཐམས་ཅད་སྣོད་དང་འཚམ་པར་འཆད་སྤེལ་སྒོམ་སྒྲུབ་ལ་སྦྱར་ནས་བསྟན་པའི་སྲོག་རྩ་མཐུད་པར་མཛད་པ་སྟེ། དེའང་སོ་སོའི་རིང་བརྒྱུད་བར་མ་ཆད་པར་བཞུགས་སོ་ཅོག་གསན་པ་གཞིར་བཞག །ཉེ་བརྒྱུད་ཀྱི་བཀའ་བབས་བྱུང་བའི་ཚུལ་ནི། ༧ དང་པོ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་ལ། ཐོག་མར་དགུང་ལོ་ཉེར་བཞི་ཆུ་ཡོས་ས་ག་ཟླ་བའི་ཚེས་དྲུག་གི་ཉིན་ཤངས་མདོ་སྲམ་པ་སྒྲུབ་ཁང་གི་དཔལ་ཆེན་པོ་མཇལ་ཞིང་ཚོགས་མཆོད་མཛད་པའི་ཚེ། ཉམས་ཀྱི་སྣང་བར་དཔལ་ཆེན་པོ་དངོས་སུ་མཇལ། སྒོ་གོང་དུ་ཟུར་ཡབ་སྲས་གཉིས་བཞད་གད་ཐེག་གེར་བཞུགས་ནས་རུ་ལུའི་སྔགས་ཀྱི་དབང༌། བཛྲ་སཏྭའི་རྒྱུད་བཤད། ཧཱུྃ་ཡིག་གི་མན་ངག་གནང་བའི་ཉམས་སྣང་ཆེས་གསལ་ཞིང་བརྟན་པར་བྱུང་བས་སྒྱུ་འཕྲུལ་གསང་བ་སྙིང་པོའི་ཉེ་བརྒྱུད་ཐོབ། དགུང་ལོ་སོ་བརྒྱད་པ་མེ་སྦྲུལ་ལོར་རུ་དམ་བསམ་གཏན་གླིང་གི་མཁན་པོ་རྡོ་རྗེ་འཛིན་པ་པདྨ་བཛྲ་ལས་འདུས་པ་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོ་ཤར། དེ་ནུབ་མནལ་ལམ་དུ་ལུང་པ་ཞིག་ནས་གྱེན་དུ་ཕེབས་པས་རི་རྩེར་སྒྲུབ་ཁང་དཀར་པོ་ཞིག་སྣང༌། དེ་ལ་གཏད་ནས་ཕེབས་ཏེ་ནང་དུ་ཕྱིན་པས་ཕུག་ཏུ་རས་ཡོལ་བཏང་བའི་མདུན་དུ་གཏོར་མཆོད་ཤ་ཁྲག་གི་དྲི་ཡ་ང་བ་བཤམས། ཟུར་དེར་སྔགས་པ་རལ་པ་ཅན་ཟིལ་ཅན་ཞིག་གིས་རཀྴའི་ཕྲེང་བ་བགྲང༌། རྔ་ཞིག་བརྡུངས་ནས་འདོན་པ་བྱེད་མུར་འདུག་པ་ལ་ཁྱོད་སུ་ཡིན་གསུངས་པས་ལན་མ་སྟེར། སླར་ཡང་ཁྱོད་སུ་ཡིན་ཅེས་ཧུར་པོར་གསུངས་པས་རྔ་དེ་དྲག་བརྡུང་ཞིག་བྱས་ནས། བྱང་ཆུབ་སེམས་ཀྱི་རྔ་ཆེན་འདི་བརྡུངས་པས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་འདིར་འདུས་ཤིག  །ཅེས་དྲག་པོར་གསུངས་པས་ཡོལ་བ་དེའི་ཕག་ནས་ཕོ་ཉ་སུམ་བརྒྱ་དྲུག་ཅུ་ཡིན་སྙམ་པའི་མཚོན་ཆ་ཐོགས་པ་མང་པོ་འཁྲབ་ཅིང་བྱུང་སྟེ་ཉིད་ཀྱི་སྐུ་ལུས་དུམ་བུ་བརྒྱ་སྟོང་མང་པོར་གཏུབས་སོང་བ་ལ་འཇིགས་སྐྲག་ན་ཚ་སོགས་གང་ཡང་མེད་པའི་རང་བཞིན་ལྟད་མོ་བལྟས་པ་འདྲ་བ་ཞིག་གི་རྗེས་སུ་རྡོ་རྗེ་སེམས་དཔའི་སྐུ་འོད་ལམ་མེར་ཡོད་པ་ཞིག་ཏུ་གྱུར་ནས། སྔགས་པ་དེ་སོ་ཡེ་ཤེས་དབང་ཕྱུག་དང་འདུས་མདོའི་སྨིན་གྲོལ་དུས་གཅིག་ལ་རྫོགས་པའི་ཉམས་སྣང་བྱུང་བས་འདུས་པ་མདོའི་ཉེ་བརྒྱུད་ཐོབ། མཁན་པོ་ཉིད་ཀྱང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་ཡིན་གསུངས་པ་འདི་རིགས་ཕལ་ཆེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ལུང་བྱང་དུའང་གསལ་ཆ་ཡོད་པར་འདུག །དགུང་ལོ་བཅུ་དྲུག་པ་ཤིང་ལུག་ས་ག་ཟླ་བའི་ཚེས་བརྒྱད་ལ་མནལ་ལམ་དུ། རྒྱ་གར་གྱི་ཡུལ་སྤང་ལྗོངས་སྨན་གྱི་ནགས་ཚལ་སོགས་ཆེས་ཡིད་དུ་འོང་བ་ཞིག་ཏུ་ཕེབས་པ་ན་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའང་ཟེར། དྷ་ཧེ་ནའི་འདུ་ཁང་ཡིན་སྙམ་བྱེད་པའི་མཆོད་རྟེན་གྱི་རྣམ་པ་ལྟ་བུའི་ལྷ་ཁང་དགུ་བརྩེགས་གསེར་གྱི་རྒྱ་ཕིབས་སོགས་བཀོད་པ་བློ་ལས་འདས་པ་ཞིག་གི་ནང་དུ་བུད་མེད་ཅིག་གིས་ལམ་སྣ་བྱས་ཏེ་རིམ་པར་ཕེབས་པའི་རྩག་འོག་མ་རྣམས་སུ་པཎ་གྲུབ་ཕྱག་དཔེ་ཐོགས་ཤིང་འཆད་པ་དང༌། སྐུ་བརྙན་སོགས་མང་པོ་བཞུགས་སྙམ་བྱེད་པ་ལས་ཞིབ་པར་མ་རྟོགས། རིམ་པ་བརྒྱད་པ་དེར་ཕེབས་པ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཆ་ལུགས་ཅན་གྱི་སྐུའི་གཡས་གཡོན་དུ་གླེགས་བམ་མང་པོ་བརྩེགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས། གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག །དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས། གཡས་ཕྱོགས་ནས་ཤོག་བུ་དུང་མདོག་ལ་བོད་ཡིག་ཏུ་བྲིས་པའི་གླེགས་བམ་ཞིག་བླངས་ནས་བསྟན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང༌། དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་ནོ་གསུངས། ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས། དེ་སད་ནས་ཕྱིར་ཕེབས་ལམ་རྩག་འོག་མ་རྣམས་སུ་གྲུབ་ཐོབ། པཎ་ཆེན། སྒོམ་པ་དང༌། བཤད་པ་དང༌། གཟིམ་པ་པོ་མང་དུ་བཞུགས་པ་རྣམས་སེམས་སྡེའི་མཁས་པ་ཉེར་གཅིག་སོགས་ཡིན་སྙམ་བྱེད་པ་ལས་བྱིན་རླབས་སོ་སོར་ཞུས་ནས་སྒོར་ཕེབས་པའི་ཚེ། གཙུག་ལག་ཁང་གི་སྒོ་དེར་བུད་ཤིང་སོགས་མེད་པའི་མེ་ཆེན་པོ་ཞིག་འབར་ཞིང་འདུག་པ་ལ། འདིར་བསྲེག་དགོས་སྙམ་པ་ཞིག་གི་ངང་མེ་དེར་ཞུགས་པས་གདོས་བཅས་ཀྱི་ཕྱི་ནང་ཐམས་ཅད་ཚིག་པའི་རྗེས་སུ་སྣང་བ་དེ་དག་འགགས་ནས། ལུས་འོད་ལུས་བི་མ་མི་ཏྲ་ཡིན་སྙམ་པ་དང་སེམས་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་མུ་མཐའ་མེད་པ་ལ་འབྱམས་པའི་ངང་དུ་མནལ་ལས་སད་པ་ན་ཉམས་དེ་ཞག་ཁ་ཤས་ཀྱི་བར་དུ་མ་ཡལ་བར་བྱུང་བས་རྫོགས་ཆེན་སེམས་སྡེའི་ཉེ་བརྒྱུད་ཀྱང་ཐོབ། དགུང་ལོ་སོ་གསུམ་པ་ཆུ་བྱི་ཟླ་བ་བཅུ་པའི་ནང་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རྗེ་ཉིད་ཀྱི་བཞུགས་གནས་སུ་ཁོ་བོས་གསོལ་བ་བཏབ་པའི་ངོར་ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་ལུང་ཁྲིད་བཅས་བསྩལ་བའི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་ནུབ་མོ་མནལ་ལམ་དུ་ཝ་སེང་གེ་བྲག་ཡིན་སྙམ་པའི་སྟོད་ལ་བྲག་དཀར་ཤུག་པའི་ནང་ཡོད་པ། དཀྱིལ་སྤང་རི་ཡིན་པའི་མཐིལ་དུ་བྲག་དཀར་ཁྱི་ཚུགས་བཅས་པ་འདྲ་བ་ཡོད་པའི་བྲག་རྩེར་སྤང་མི་ཕམ་མགོན་པོའི་སྐུ་འབུམ་ཡིན་རྒྱུའི་ས་འབུམ་ལྟ་བུ་ཞིག་འདུག་པ་ལ་དད་གུས་ཀྱིས་བསྐོར་བ་མཛད་པས་ས་སྐུ་ལྟ་བུར་སོང༌། མཐར་བགྲེས་པོ་ཕྱིང་ཐུལ་ཅན། སྒོམ་ཤིང་གཡོན་དུ་བརྟེན། ཚུལ་ཤིང་མདུན་དུ་བཞག་པ་ཅན་ཞིག་ཏུ་གྱུར་པ་ལ་གསོལ་འདེབས་མང་དུ་མཛད་པས་ཡུན་གཅིག་ནས་ཚུར་གཟིགས་ཏེ་བརྡ་བཞི་བསྟན་བྱུང་བས་ཀློང་སྡེའི་སྨིན་གྲོལ་ཚང་བར་ཐོབ་པའི་ངེས་ཤེས་སྐྱེས་པ་ནི་རྫོགས་ཆེན་ཀློང་སྡེའི་བཀའ་བབས་བརྙེས་པའོ། །དགུང་ལོ་ཉེར་གཅིག་ལྕགས་བྱི་སྣྲོན་ཟླར་གཞོ་སྟོད་ཏི་སྒྲོ་བྲག་དཀར་དུ་ཕེབས་སྐབས་སྤྱིར་གནས་ཀྱི་བྱིན་རླབས་ལྟ་བུས་ཐུགས་སྣང་འགྱུར་ནས་ཀུན་རྟོག་གི་རི་མོ་དག་པའི་སྣང་བ་འབའ་ཞིག་ཏུ་ཤར་བ་དང༌། ཚོགས་ཁང་ཆེན་མོར་ཚོགས་མཆོད་མཛད་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། ཨོ་རྒྱན་ཡབ་ཡུམ་གཉིས་ཀྱིས་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ་ཡུད་ཙམ་ལ་རྫོགས་པར་བསྩལ་བའི་དག་སྣང་ཤར། ཡང་ལོ་དེ་ཀའི་ས་ཟླ་ཕྱི་མའི་བཅོ་ལྔ་སྐོར་གངས་རི་ཐོད་དཀར་དུ་གནས་འབྲེལ་མཛད་སྐབས། དག་པའི་སྣང་བར་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུས་ཕྱག་དབུ་ལ་བཀོད་ནས། བུ་ཞེས་པའི་གསུང་གིས་དབུགས་དབྱུང་བསྩལ། བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་བསྐུར་སོགས་ཀྱང་ཐུགས་གཏེར་དུ་བརྡོལ་ནས་ཡི་གེར་བཀོད་པར་མཛད། སྦྱར་བྱང་འགའ་ཞིག་ཏུ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཞེས་པའང་དེ་ལ་དགོངས་པ་ཡིན་གསུངས། མནལ་ལམ་དུ་ཀུན་མཁྱེན་པས་མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་མ་སྒྲུབ་པའི་དབང་དང་ཁྲིད་བཅས་གནང་བ་དང༌། གདུང་རུས་ལྟ་བུའི་སྐུ་བརྙན་ཞིག་ཀྱང་ཕུག་པ་དེ་ནས་ཕྱག་ཏུ་སོན་པས་རྫོགས་ཆེན་མན་ངག་སྡེ་པདྨའི་ལུགས་ཀྱི་བཀའ་བབས་ཐོབ། དགུང་ལོ་ཉེར་བཞི་ཆུ་ཡོས་ས་ཟླའི་ཚེས་བཅུ་གསུམ་ཉིན་འོ་ཡུག་སྡིངས་མའི་ལམ་དུ་ཕེབས་པའི་ཆིབས་ཐོག་ཏུ། ཐོག་མར་སྣང་ཡུལ་ཐམས་ཅད་འོད་དམར་སེར་གྱིས་ཁྱབ་པས་ཐ་མལ་གྱི་རྟོག་པ་འགགས་ཏེ། ཕྱི་གོང་རྫའི་ར་བར་ཕེབས་ནས་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་མཁའ་འགྲོ་མང་པོས་བསྐོར་བའི་གྲལ་དུ་འཁོད། འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་ལྕེ་བཙུན་སྙིང་ཐིག་བཀའ་བསྩལ་བའི་སྔོན་གནས་རྗེས་སུ་དྲན། མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་བྱིན་གྱིས་བརླབས་པས་ཚིག་དོན་ཐམས་ཅད་ཕྱིས་ཡུན་རིང་མོ་སོང་ཡང་མི་བརྗེད་པར་བཀྲ་ལམ་མེར་ཐུགས་ལ་གནས་པར་བྱུང་བ་ནི་མན་ངག་སྡེ་བི་མའི་ལུགས་ཀྱི་བཀའ་བབས་བརྙེས་པའོ།།  །།གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལས་བྱོན་པའི་བཀའ་གདམས་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། སྤྱིར་འབྲོམ་སྟོན་གྱི་གདན་ས་རྭ་སྒྲེང་དུ་སྔ་རྗེས་ལན་བཞིར་ཕེབས་པ་ལ། ནམ་ཕེབས་དུས་ཐུགས་སྣང་འགྱུར་བའི་བྱིན་རླབས་ཆེན་པོའི་ངེས་ཤེས་རྙེད་པ་དང༌། ལྷག་པར་དགུང་ལོ་ཉེར་བཞི་ཆུ་ཡོས་སྣྲོན་ཟླའི་ཚེས་བརྒྱད་ལ་ཇོ་བོ་འཇམ་པའི་རྡོ་རྗེ་དང༌། ཇོ་བོའི་འདྲ་ཐང་དབུ་ཡོན་མཇལ་སྐབས་དེ་དང་དེ་དངོས་སུ་མཇལ་བའི་དག་སྣང་གསལ་བས། དེ་སྐོར་སྦྱར་དུག་དོགས་པའི་བསྙུན་ཁམས་ལྕི་བ་ཞིག་ཡོད་པའང་སྐད་ཅིག་གིས་དྭངས་པའི་ངོ་མཚར་ཆེན་པོ་བྱུང༌། དགུང་གྲངས་སོ་གཉིས་ལྕགས་ཕག་དབྱུག་པ་ཟླ་བར་རྭ་སྒྲེང་དུ་ཕེབས་སྐབས་ཤུག་པའི་གསེབ་ཏུ་འབྲོམ་སྟོན་ཡབ་སྲས་རྣམས་བཞུགས་པ་དང༌། གཞུང་གདམས་མན་ངག་བཅས་པའི་བཀའ་རྫོགས་པར་གཏད་པའི་གསལ་སྣང་བྱུང་བ་ལ་དེ་དང་མཐུན་པའི་གསུང་མགུར་མཛད་པའང་མགུར་པོད་དུ་བཞུགས་སོ།།  །།གསུམ་པ་གྲུབ་ཆེན་བི་རཱུ་པའི་བཀའ་སྲོལ་གདམས་ངག་ལམ་འབྲས་བུ་དང་བཅས་པའི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་ལོ་སོ་གཅིག་ལྕགས་ཕག་ས་ག་ཟླ་བའི་ནང༌། མང་མཁར་ཐུབ་བསྟན་དགེ་འཕེལ་དུ་ཕེབས་ནས་ཚར་ཆེན་གྱི་འདྲ་སྐུ་མཇལ་སྐབས་སྐུ་བརྙན་དེ་ཉིད་ཚར་ཆེན་དངོས་སུ་སྣང་བས་བྱིན་གྱིས་བརླབས་པར་ཤར། མུ་གུ་ལུང་གི་སྒྲ་བསྒྱུར་རྒྱ་གར་ཕུག་ཏུ་ལམ་ཟབ་བླ་མའི་རྣལ་འབྱོར་ཞིག་ཉམས་བཞེས་མཛད་སྐབས་ཅུང་ཟད་མནལ་དུ་སོང་བར། འབྲོག་མི་ལོ་ཙཱ་བ་སྐུའི་རྣམ་པ་ཧ་ཅང་མི་གསལ་ཙམ་ཞིག་གིས་གླེགས་བམ་ཞིག་དབུ་ཐོག་ཏུ་བཞག་ནས། རྒྱུད་ཀྱི་བཤད་བཀའ་འདིས་རྫོགས་པ་ཡིན། མན་ངག་རྗེས་སུ་འབྱུང་གསུངས། དེ་སྐབས་ལམ་འབྲས་སྙིང་པོའི་མགུར་ཡང་མཛད། དགུང་ལོ་ཞེ་གཅིག་པ་མེ་སྤྲེལ་ཟླ་བ་དགུ་པའི་ཚེས་བཅུ་བཞིར་མནལ་ལམ་དུ། བླ་མ་ས་སྐྱ་པ་ཆེན་པོ་སྐུ་ཤིན་ཏུ་གསལ་བར་མཇལ་བའི་སྐུ་འོད་ཀྱི་རང་བཞིན་གྱི་ཐུགས་ཀའི་དབུས་སུ་འོད་ཀྱི་གོང་བུ་ཤེལ་སྔོན་པོའི་མཆོད་རྟེན་དབྱིབས་ལྟ་བུའི་སྟོད་ཀྱི་ཆར་ཡང་དག་ལྷ་དགུ། བར་དུ་དགྱེས་རྡོར་ལྷ་དགུ། འོག་གི་ཆར་ཕུར་པ་གཙོ་རྐྱང་བཅས་སྐུ་དངོས་དང་མཚུངས་པར་གསལ་བའི་བླ་མ་ཡི་དམ་དབྱེར་མེད་ཀྱི་ཞལ་ནས་ཡང་ཕུར་དང༌། ལམ་འབྲས་ཀྱི་བསྐྱེད་རྫོགས་སྙིང་པོ་ཁྱད་པར་ཅན་བསྩལ་བ་གསན།།  །།བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་བཀའ་བབས་བརྙེས་པའི་ཚུལ་ནི། དགུང་ལོ་ཉེར་གཅིག་ལྕགས་བྱི་ལོའི་ཟླ་བ་དགུ་པར་ལྷོ་བྲག་གསས་མཁར་དགུ་ཐོག་ཏུ་མར་པ་ལོ་ཙཱའི་སྐུ་འདྲ་རིན་པོ་ཆེ་མཇལ་སྐབས་མར་པ་དངོས་ཀྱི་དག་སྣང་ཤར། དེ་ནུབ་མནལ་ལམ་དུ་མར་པ་ཡིན་སྙམ་པ་ལ་སྐུ་དངོས་མི་གསལ་བ་ཞིག་གིས། དངོས་པོའི་གནས་ལུགས་ལམ་དང་ནི། འབྲས་བུ་སྐྱེ་བའི་རིམ་པ་འོ། །ཞེས་ཡེ་ཤེས་མཁའ་འགྲོའི་རྡོ་རྗེའི་ཚིག་རྐང་ལ་གསུང་བཤད་མཛད་པ་གསན། དགུང་ལོ་ཉེར་དགུ་ས་སྤྲེལ་དབྱུག་པ་ཟླ་བའི་ཚེས་ཉེར་ལྔར་གཞུང་སྤྲེ་ཞིང་དུ་ཕེབས་ལམ་ཆིབས་ཐོག་ནས་ཡེངས་མ་ལམ་ལྟ་བུའི་སྐབས། མངའ་བདག་མར་པ་སྐུ་དར་ཡོལ་ཞིག་མདུན་མཁར་བཞུགས་ནས་རྒྱུད་དང་གདམས་ངག་གི་སྙིང་པོ་ཤློཀ་གཅིག་གསུངས། རྔོག་ཆོས་སྐུ་རྡོ་རྗེ་ཡིན་པའི་གསལ་སྣང་ལམ་ཙམ་ཤར། བྱིན་རླབས་ཀྱི་ཟིལ་ཆེན་པོ་བྱུང༌། གཞན་ཡང་སྔ་ཕྱི་རྣམས་སུ་མཚུར་ཕུའི་དུས་མཁྱེན་ཕུག་གི་སྐུ་བརྙན། ཕག་གྲུ་འཇག་སྤྱིལ་གྱི་སྐུ་འདྲ་རིན་པོ་ཆེ། འབྲི་གུང་སྐྱོབ་པ་གསེར་ཁང་མ། སྟག་ལུང་གཟིམ་སྤྱིལ་གྱི་ཐང་པ་རིན་པོ་ཆེ། ར་ལུང་གཙང་པ་རྒྱ་རས་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་རྣམས་མཇལ་སྐབས། དད་མོས་དྲག་པོ་རེས་རྐྱེན་བྱས་ཏེ་སོ་སོའི་སྐུར་དངོས་སུ་མཇལ་བ་དང་བྱིན་རླབས་ཀྱི་བབས་ཆེན་པོ་རེ་བྱུང་ཞིང༌། སྔ་རྗེས་འགའ་ཞིག་ཏུ་རས་ཆུང་རྡོ་རྗེ་གྲགས་པ་ཡིན་པའི་གསལ་སྣང་འལ་འོལ་ཤར་གསུངས།།  །།ལྔ་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་བརྒྱུད་པའི་ཤངས་ཆོས་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་ཉེར་བཞི་ཆུ་ཡོས་ས་ག་ཟླ་བའི་ཚེས་བརྒྱད་ལ་ཞང་ཞོང་དུ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་བརྙན་མཇལ་སྐབས། དབུ་སྟེང་དུ་གདུགས་ལྟ་བུའི་འོད་སྔོན་པོའི་ནང་དུ་རྒྱུད་སྡེའི་ལྷ་ཚོགས་མང་པོ་སྟོང་གཟུགས་ལྟ་བུར་ལམ་གྱིས་ཤར། མཐར་སྐུ་འདྲ་རིན་པོ་ཆེར་ཐིམ་པའི་ཞལ་ནས། ཨེ་ཝཾ་མཱ་ཡཱ་ཧོཿ ཞེས་པའི་སྔགས་ཀྱི་བརྡ་དང༌། ཐུགས་ཀ་ནས་འོད་ཟེར་རང་ལ་ཐིམ་པས་ཤངས་ཆོས་ཀྱི་བག་ཆགས་སད་པ་ཞིག་བྱུང༌། དེ་གོང་དགུང་ལོ་བཅོ་ལྔ་ཤིང་རྟ་ལོའི་སྟོན་སོར་ཡབ་གཞིས་སུ་བཞུགས་སྐབས་མནལ་ལམ་དུ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཇལ་ནས་རྗེས་སུ་བཟུང་ཞིང་ཐུགས་ཏིག་བསྩལ་སྐབས། རྫོགས་རིམ་སྐོར་ལྔའི་ནང་ནས་སྒོམ་པ་ཕྱག་ཆེ་གྭའུ་མ། བོགས་འདོན་ནི་གུ་ཆོས་དྲུག་ཏུ་བསྩལ་བ་གསན་ནོ།།  །།དྲུག་པ་གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་དང༌། མ་གཅིག་ལབ་སྒྲོན་གྱི་བཀའ་སྲོལ་བདུད་ཀྱི་གཅོད་ཡུལ་གྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་ཉེར་བཞི་ཆུ་ཡོས་གྲོ་བཞིན་ཟླ་བའི་ཚེས་བཅུར་རྩི་ཁོག་ཏུ་ཕེབས་སྐབས་དམ་པའི་སྒྲུབ་ཕུག་ནང་དུ་ཚོགས་མཆོད་མཚོན་ཙམ་ཞིག་མཛད་པ་ན། སྒྲུབ་ཕུག་དེ་འོད་ཀྱི་རང་བཞིན་དུ་གྱུར་པའི་མདུན་མཁར་དམ་པ་སངས་རྒྱས་ཉིད་ཆ་ལུགས་ཉི་འདེ་མའི་རྣམ་པར་བཞུགས་པ་མཇལ། ཞི་བྱེད་སྐོར་གྱི་མན་ངག་དགོངས་པ་གཏོད་པའི་ཚུལ་གྱིས་གནང་བའི་མཐར་ཨོ་རྒྱན་པདྨ་སཾ་བྷ་བར་གནས་འགྱུར་ནས་སྙན་བརྒྱུད་སྐོར་ལམ་ཙམ་གསུངས། མཁའ་འགྲོ་མ་དཀར་མོ་ཞིག་ལ་ཕྱག་གི་བརྡ་མཛད་པས། བརྡ་ཡིག་ལྟ་བུ་ངོས་མི་ཟིན་པའི་སྟོང་གཟུགས་མང་པོ་ཞིག་ཐུགས་ཀར་བསྟིམས་བྱུང་བས། དམ་པའི་བླ་སྒྲུབ་སྙན་བརྒྱུད་སྙིང་གི་ཐིག་ལེའི་ཆོས་སྐོར་རྣམས་ཐུགས་ལ་བཀྲ་ལམ་གྱིས་ཤར་བ་ཕྱིས་སུ་སྒྲུབ་ཐབས་དང་རྩ་བ་ཙམ་གཏན་ལ་ཕབ་པར་མཛད།  དགུང་ལོ་ཉེར་གཅིག་པ་ལྕགས་བྱི་ལོར་ཟངས་རི་མཁར་དམར་དུ་མ་གཅིག་ལབ་ཀྱི་སྒྲོན་མའི་སྐུ་འདྲ་རིན་པོ་ཆེ་མཇལ་སྐབས་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་དངོས་སུ་ས་གཡོ་བ་ལྟ་བུ་ཐམས་ཅད་ཀྱིས་ཚོར་བ་བྱུང༌། བྱིན་རླབས་ཀྱི་ཟིལ་ཆེན་པོ་ཐོབ་པས་གདམས་པའི་སྙིང་པོ་ཐུགས་ལས་བརྡོལ་བའང་ཉམས་མགུར་གྱི་ཚུལ་དུ་འབྲི་བར་མཛད་དོ།།  །།བདུན་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། དགུང་གྲངས་སོ་གཉིས་པ་ལྕགས་ཕག་སྣྲོན་ཟླའི་ཚེས་གསུམ་སྐོར་ཇོ་ནང་སྐུ་འབུམ་ཆེན་མོ་མཇལ་བར་ཕེབས་པར། མཁའ་འགྲོའི་རིགས་ཅན་གྱི་བུད་མེད་ཅིག་གིས་སྣ་དྲངས་ནས་ཐོག་ཁར་ཕེབས་སྐབས་དེ་ལས་རློན་ཟིལ་ལྟ་བུ་ཞིག་སྐུ་ལུས་ལ་ཕོག་པའི་རྐྱེན་གྱིས་བདེ་སྟོང་གི་ཉམས་མུ་མཐའ་མེད་པ་སྐྱེས་པས་རྐྱེན་བྱས། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ལྟ་བུ་དང་ཆོས་རྒྱལ་རིགས་ལྡན་བརྒྱུད་པ་དང་བཅས་པ་དངོས་སུ་མཇལ་བའི་གསལ་སྣང་ཤིན་ཏུ་བརྟན་པའི་མཐར། ནམ་མཁའ་ནས་ཨེ་ཝཾ་གྱི་སྔགས་སྒྲ་ཞིག་གསན་པས་རྒྱུད་དང་མན་ངག་གི་སྙིང་པོ་ཐུགས་ལ་ལམ་ལམ་འཆར་བ་བྱུང༌། དེའི་གོང་ས་སྤྲེལ་ནག་ཟླའི་ཉ་ལ་དཔལ་སྤུངས་སུ་ཁོ་བོ་ལས་དུས་འཁོར་ཇོ་ནང་ལུགས་ཀྱི་དབང་ལུང་ཁྲིད་གསུམ་གསན་བཞེས་མཛད་སྐབས། སྦྱོར་དྲུག་སོར་སྡུད་ཁྲིད་ཀྱི་དམ་པོ་བྱིན་རླབས་ཕུལ་ནས་མུན་ཁང་མཚོན་བྱེད་བརྟེན་སྐབས། ཐིག་ལེ་སྔོན་པོའི་དབུས་སུ་ཨེ་ཝཾ་གྱི་ཡིག་འབྲུ་ཡོད་པ་ཤིན་ཏུ་མང་པོར་འཆར། ལར་སྐུ་ཆུང་ངུའི་དུས་ནས་བཟུང་མུན་པ་ཅུང་ཟད་གནག་པའི་ནང་དུ་སྲིད་པ་གསུམ་གྱི་སྟོང་གཟུགས་ཤིན་ཏུ་མང་བ་རྩོལ་མེད་དུ་འཆར་བར་འདུག་པས་སྦྱོར་དྲུག་གི་བག་ཆགས་ཤིན་ཏུ་མཐུག་པ་འདྲ་གསུངས། ལྕགས་ཁྱི་ལོའི་དབྱུག་པ་ཟླ་བར་ཞྭ་ལུ་རི་ཕུག་ཏུ་མཆོག་སྤྲུལ་བློ་གསལ་བསྟན་སྐྱོང་ལས་དུས་འཁོར་བུ་ལུགས་ཀྱི་དབང་དང་རྒྱུད་བཤད་གསན་པའི་སྐབས་སྟ་གོན་གྱི་ནུབ་མོར། ནམ་མཁའི་དབྱིངས་མཐོན་པོར་འཕུར་ཅིང་གཤེགས་པས་བྱང་ཕྱོགས་ཐག་རིང་པོར་ཤམ་བྷ་ལ་ཡིན་རྒྱུའི་ཡུལ་ལྗོངས་ཆེས་ཆེ་བ་ཞིག་གཟིགས་པའི་དབུས་སུ། དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དངོས་ཀྱི་རྣམ་པ་ལ་ཧ་ཅང་མི་གསལ་ཙམ་གཟིགས་པའི་མཐར། མེ་ཕུང་ཆེན་པོ་འབར་བའི་ནང་དུ་འབྱུང་པོ་མ་རུངས་པའི་ཆ་བྱད་ཅན་མང་པོ་ཚིག་པའི་སྒྲས་རྣ་བ་འགས་པ་ཙམ་བྱུང་བའི་རྗེས་མནལ་སད། རྗེས་སུ་བླ་མ་ལ་ཞུ་བར་མཛད་པས་བར་ཆད་ལས་རྒྱལ་བའི་མཚན་མ་ཡིན་པས་ཤིན་ཏུ་ལེགས་གསུངས་སོ།།  །།བརྒྱད་པ་གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་གནང་བའི་བསྙེན་སྒྲུབ་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་ནི། ཨོ་རྒྱན་པའི་དུས་སུ་རྟོགས་ལྡན་ཟླ་བ་སེང་གེ་ཡིན་པའི་ཐུགས་ཤེས་ཤིན་ཏུ་གསལ་བའི་བག་ཆགས་ཀྱིས་ཨོ་རྒྱན་བསྙེན་སྒྲུབ་སྐོར་ཨི་ཐོབ་ཀྱི་ཐུགས་འདུན་བསྟར་ཆགས་སུ་བྱུང་བའི་སྐབས་ཤིག་མནལ་ལམ་དུ། དང་པོ་རྗེ་རང་བྱུང་རྡོ་རྗེ་ལམ་ཙམ་གསལ།  སླར་གྲུབ་ཐོབ་ཨོ་རྒྱན་པ་ཡིན་པའི་ཕྱག་ཏུ་པུསྟི་ཞིག་བསྣམས་པ་རྗེ་ཉིད་ཀྱི་དབུར་བཞག་ནས་བྱིན་གྱིས་བརླབས་པ་ཞིག་བྱུང་བ་ནས་མི་རིང་པར། མཚུར་ཕུའི་གདན་སར་དཔལ་ཀརྨ་པ་བཅུ་བཞི་པ་ལས་འདིའི་གདམས་ངག་རྫོགས་པར་གསན་གྲུབ་པར་བྱུང་བས་སྐལ་པ་བཟང་པོར་གྱུར་གསུངས། གཞན་གདམས་ཕྲན་ཐོར་བུའི་སྐོར་རྣམས་ལའང་ཉེ་བརྒྱུད་ཀྱི་བཀའ་བབས་བྱིན་རླབས་ཐོབ་ཚུལ་མང་དུ་བཞུགས་པར་སྣང་ནའང༌། ཁོ་བོས་ཆེད་དུ་གསོལ་བ་བཏབ་པ་ལ་གཙོ་ཆེ་བ་རྣམས་བཀའ་བསྩལ་པ་ཐོར་བཀོད་ཅིང༌། གཞན་རྨི་ལམ་དང་མཐོང་སྣང་སོགས་ལ་བཤད་ཚོད་བྲི་ཚོད་ག་ལ་ཡོད་ཅིང་དགོས་པ་ཆེར་མི་འདུག་ཅེས་ཕེབས་པས་ཞིབ་ཏུ་མ་རྟོགས་ཤིང་ཁ་ཤས་ཐོས་པ་ཙམ་འོག་ཏུ་འབྱུང་ངོ༌། །མཁས་གྲུབ་པྲཛྙཱརསྨིས། ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་སྲོལ་ཆེན་བརྒྱད། །གནས་སྐབས་གདུལ་བྱའི་རིམ་པས་འཁྲིད་ཚུལ་དང༌། །ཉམས་ལེན་གཙོ་བོ་ལ་སོགས་སོ་སོ་ནའང༌། །མཐར་ཐུག་ལྟ་སྒོམ་རྣམ་གཞག་གཅིག་ཏུ་ངེས། །ཞེས་སོགས་གསུངས་པ་ལྟར་བཀའ་སྲོལ་དེ་དག་ཐམས་ཅད་ཀྱང་གནས་སྐབས་གང་ཟག་དབང་པོའི་རིམ་པ་ལ་དགོངས་པའི་ཁྲིད་ཚུལ་འདྲ་མིན་དུ་བྱུང་བ་ལས། ལྟ་སྒོམ་གྱི་གནད་དང༌མཐར་ཐུག་མི་སློབ་པའི་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཅན་གྱི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་མཚུངས་ཤིང༌། ཐམས་ཅད་ཀྱང་ཐེག་ཆེན་རྡོ་རྗེ་ཐེག་པའི་ཟབ་ལམ་ཕྱིན་ཅི་མ་ལོག་པ་ཡིན་པ་ལ་ཁྱད་པར་མེད་པས་བསྟན་འཛིན་ཀྱི་སྐྱེས་བུ་གཞན་དག་གིས་ཀྱང་རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་ཐར་པ་ལ་ཡིད་ཆེས་པའི་དད་པས་རྗེས་སུ་སློབ་པར་རིགས་སོ།། ༈ །།གསུམ་པ་གང་ཟག་མཆོག་དམན་གང་དང་ཡང་ཤིན་ཏུ་ཐུན་མོང་མ་ཡིན་པ་གསང་བའི་རྣམ་ཐར་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ཐུགས་བསྐྱེད་ཁྱད་པར་ཅན་དང་སྨོན་ལམ་གྱི་ས་བོན་དུས་སུ་སྨིན་པའི་རྒྱུ་ལས་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་ཏུ་གྱུར་པ་སྟེ། རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས། བཀའ་ནས་བཀར་བརྒྱུད་བར་མ་ཆད༔ ཟབ་མོ་དངོས་དང་དགོངས་པའི་གཏེར༔ ཡང་གཏེར་རྗེས་སུ་དྲན་པའི་གཏེར༔ དག་སྣང་སྙན་དུ་བརྒྱུད་པ་ཡི༔ བཀའ་བབས་བདུན་གྱི་ཆུ་བོ་ནི༔ མངའ་བདག་ཡབ་སྲས་སྐལ་བར་བབས༔ སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ ཅེས་དང་གཏེར་ལུང་གཞན་ལས་ཀྱང་མདོ་རྒྱས་ཚུལ་གྱིས་མང་དུ་འབྱུང་བ་ལྟར། ཡབ་གཅིག་ཁྲི་སྲོང་རྣམ་འཕྲུལ་ཀུན་མཁྱེན་བླ་མ་རིན་པོ་ཆེ་དང༌། ལྷ་སྲས་དམ་འཛིན་རྣམ་འཕྲུལ་མཆོག་གྱུར་བདེ་ཆེན་གླིང་པ་རྣམ་པ་གཉིས་ཀྱི་ལུང་དུ་གསལ་བ་ལྟར། མཆོག་གྱུར་གླིང་པ་ལའང་རྣམ་གྲངས་ཚང་ཙམ་བཞུགས་ཀྱང་འགྲོ་དོན་གྱི་མཐའ་བརྟུལ་བས་རྒྱ་ཆེར་མ་བྱུང་བར་སྣང༌། ༧ རྗེ་བཙུན་བླ་མ་འདི་ཉིད་ཀྱི་བཀའ་བབས་དང་པོ་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པ་རྣམས་བཀའ་ནས་བཀར་བརྒྱུད་པའི་བཀའ་བབས་བརྙེས་པའི་ཚུལ་ནི། དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་རྔ་ཡབ་པདྨ་འོད་དུ་ཕེབས། དེའང་བྲག་རི་ལྷུན་ཆགས་པའི་ཕུག་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ། དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་བ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་བསྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ། གཟུང་བའི་ཡུལ་གྱིས་མ་གོས་ཤིང༌། །འཛིན་པའི་རྟོག་པས་མ་བསླད་པ། །རིག་སྟོང་རྗེན་པར་བསྐྱང་བ་ནི། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར། དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས། མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱི་དབང་ལུང་མན་ངག་གངས་ཅན་དུ་བཞུགས་སོ་འཚལ་གསན་གྲུབ། གཞུང་དང་གདམས་པའི་ཡིག་རྙིང་ཁྱད་པར་ཅན་དཔེ་རྒྱུན་ཤིན་ཏུ་དཀོན་པ་མང་པོའང་རྩོལ་བཅས་རྩོལ་མེད་སྣ་ཚོགས་ཀྱིས་ཕྱག་ཏུ་འབྱོར་བས། རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་དད་མོས་ཅན་རྣམས་ལ་འཆད་སྤེལ་གྱི་ཕྲིན་ལས་བསྐྱངས་པས་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་གྱི་བསྟན་པའི་སྲོག་མཐུད་པར་མཛད་པ་འདི་ཀ་གཙོ་བོ་ཡིན་ལ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་པའི་ཚུལ་གྱིས་ཉིན་དང་མཚན་དུ་ཆོས་སྒོ་རབ་འབྱམས་ཀྱི་སྣང་བ་ལ་ལོངས་སྤྱོད་པས། དག་པའི་སྣང་བར་སངས་རྒྱས་བྱང་སེམས་མཁས་གྲུབ་རིག་པ་འཛིན་པ་ལ་སོགས་པ་ལས་ཆོས་གསན་པ་དང༌། སྐུའི་ཡང་སྲིད་སྔོན་མའི་གནས་ཚུལ་དང་ཟབ་ཆོས་གསན་པར་དྲན་པ་སོགས་ནི་མང་དུ་བཞུགས་པར་སྣང་ནའང་སྐལ་ལྡན་འགའ་ཞིག་ལ་མཚོན་ཙམ་ལས་རང་གི་ཡོན་ཏན་སྒྲོག་པར་འགྱུར་བ་དང༌། གཞན་དག་གི་བློ་ལ་མི་ཤོང་བས་ཉེས་པ་སྐྱེད་པར་འགྱུར་བ་ལ་དགོངས་ནས་ནམ་ཡང་གསུང་བར་མ་མཛད་པས་བཀོད་པར་རྔོ་མ་ཐོགས་ཀྱང༌། རང་གིས་གང་ཐོས་སྒྲོ་སྐུར་མེད་པ་ཕྱོགས་མཚོན་ཙམ་ནི་གོང་དུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བཀའ་བབས་ཉེ་བརྒྱུད་བརྙེས་པའི་ཚུལ་དེ་རྣམས་དང༌། གཞན་ཡང་དཔྱལ་ཨ་མོ་གྷ་བཛྲའི་སྔོན་གནས་གསལ་བར་དྲན་ཅིང་ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་ཡང་དག་མེ་གཅིག་ཉེ་བརྒྱུད་བྱུང༌། དག་པའི་སྣང་བར་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་ལམ་རིམ་གསན། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་དབུ་མ་བདེན་གཉིས་གསན། སྙེ་མདོ་བ་བསོད་ནམས་དཔལ་གྱི་སྔོན་གནས་རྗེས་སུ་དྲན་ཅིང་ཕ་དམ་པས་སློབ་དཔོན་པདྨ་ལ་ཞུས་པའི་ཕུར་པའང་ཉེ་བརྒྱུད་དུ་གསན། ས་ཆེན་གྱིས་ལན་གསུམ་དུ་སྨིན་གྲོལ་བྱིན་རླབས་བསྩལ་ཅིང་ཁྱད་པར་མེ་ཡོས་མགོ་ཟླའི་དམར་ཕྱོགས་སུ་དཔལ་སྤུངས་ཕུར་སྒྲུབ་རྡོ་རྗེ་སློབ་དཔོན་མཛད་སྐབས། ཁོ་བོས་ཕུར་པ་རྩ་དུམ་རྒྱུད་བཤད་ཅིག་གནང་གྲུབ་པར་གསོལ་བ་བཏབ་པའི་ནུབ་མོ་མནལ་ལམ་དུ་ས་ཆེན་མཇལ་བར་རྩ་དུམ་ལྗགས་བཤད་སྩོལ་བར་ཞུས་པས་སྔར་གནང་བ་དེ་རྣམས་ཀྱིས་ཆོག་པར་ཡོད་མོད་གསུངས། ལྗགས་བཤད་མདོར་བསྡུས་གནང་ནས་ཕེབས་སོང་བ་ན་དེ་ལ་ས་བཅད་སོགས་རྒྱས་པ་ཞིག་ཡོད་དགོས་པར་འདུག་ཞུས་པས། རྩ་བའི་བཤད་རྒྱུན་དེ་ཀས་ཆོག །རྒྱས་པ་ངེད་རང་གི་སློབ་མ་མི་ཉག་པ་པྲཛྙཱཛྭལས་བྲིས་པ་ལ་ལྟོས་གསུངས་པས་ཕུར་པའི་རྒྱུད་བཤད་ཉེ་བརྒྱུད་གསན། ལྕགས་བྱ་ནག་པ་ཟླ་བར་དཔལ་སྤུངས་ཡང་ཁྲོད་སྒྲུབ་སྡེར་རྟེན་གསར་བཞེངས་རྣམས་ལ་རབ་གནས་དང༌། དགྱེས་པ་རྡོ་རྗེ་བཀའ་སྲོལ་བཞི་པོའི་དབང༌། རྒྱུད་བཤད། ལམ་འབྲས་བཅས་རྫོགས་པར་ཞུས་པའི་སྐབས་མནལ་ལྟས་སུ། ལྷ་ཁང་ཆེན་པོ་ཞིག་ཏུ་ཕེབས་པས་དབུས་སུ་ཁྲི་ཆེན་པོ་ཞིག་གི་སྟེང་དུ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་པ་བཞུགས། སྐུའི་གཡས་གཡོན་དུ་པུསྟི་མང་པོ་བརྩིགས། མདུན་གཡས་གདན་རྐྱང་བཏིང་བའི་སྟེང་ཐེག་ཆེན་ཆོས་རྗེ་བཞུགས་འདུག་པ་ལ་གུས་འདུད་མཛད་ནས་ཀྱེ་རྡོར་རྒྱུད་བཤད་ཅིག་སྩོལ་བར་ཞུས་པས། གཡས་ཀྱི་དཔེ་ཁྲི་ལ་ཕྱག་མཛུབ་གཏད་ནས་འགྲེལ་པ་ཁྱེར་ཤོག་གསུངས། གདོང་ཡིག་ལ་འགྲེལ་པ་ཡིན་པའི་གླེགས་བམ་ཞིག་ཕུལ་བས་འདི་ངེད་ཀྱིས་མ་རེད། ཁོང་རང་གིས་བྱས་པ་རེད་གསུངས་ནས་ཐེག་ཆེན་ཆོས་རྗེ་ལ་གཟིགས། སླར་གླེགས་བམ་ཞིག་ཕུལ་བས་དེ་སྟེང་རྒྱུད་བཤད་ཚར་གཅིག་གནང་ནས་གླེགས་བམ་དབུར་བཀོད་པ་སོགས་བྱུང༌། ཡང་དུས་གཞན་ཞིག་ལ་བྱ་གཤོང་དུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ལས་ཀྱེ་རྡོར་རྒྱུད་བཤད་གསན་པའང་བྱུང་བས། ཀུན་ཏུ་དགོས་པའི་གཞུང་བདུན་སོགས་ཚིག་བརྒྱུད་བར་མ་ཆད་པར་བཞུགས་བཞིན་པའི་ཐོག །བཤད་པའི་ཉེ་བརྒྱུད་དམིགས་བསལ་ཐོབ་པས་ཀྱེ་རྡོར་བརྟག་གཉིས་དང་ཕུར་པ་རྩ་དུམ་རྣམས་བཤད་རྒྱུན་ཀྱང་བཞུགས་ངེས་པའི་དམིགས་བསལ་མཛད་པས། ལུགས་འདི་འཛིན་པ་རྣམས་ཀྱིས་རྒྱུན་སྐྱོང་བ་ཞིག་མཛད་གྲུབ་ན་ཤིན་ཏུ་གལ་ཆེ་བར་མངོན་ནོ། །རབ་བྱུང་བཅོ་ལྔ་པའི་མེ་ཁྱི་ཟླ་བ་གཉིས་པའི་ཚེས་གཅིག་སྐོར་མ་ཧཱ་པཎྜི་ཏ་མི་ཕམ་ལ་དབུ་མ་རྒྱན་གྱི་འགྲེལ་པ་ཞིག་བྲིས་ཞེས་བཀའ་གནང་བ་བཞིན་འགྲེལ་པ་བྲི་གྲུབ་ནས། སླར་དབྱར་ཕྱོགས་བཤད་པ་ཞིག་བགྱིད་པར་རྩོམ་པའི་ཚེ། ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་སྐུ་མདུན་ཤོག་གསུངས། མདངས་སུམ་ཚེས་བཅོ་ལྔའི་ནུབ་སློབ་དཔོན་ཀ་མ་ལ་ཤཱི་ལ་ན་བཟའ་བཙུན་ཆས་རྡོ་ཚོས་ཅན་དཀྱུས་མ་མནབས་པ་ཞིག་གིས། ཕྱག་ན་སྦ་ཡེ་ཤེས་དབང་པོའི་ཕྱག་དཔེ་ཡིན་གསུངས་པའི་དབུ་མ་རྒྱན་རྩ་འགྲེལ་གཉིས་བསྣམས་ནས་ཁོང་ལ་གནང་སྟེ་བཤད་པ་ཞིག་མཛད་སོང་བའི་རྗེས་ལ། ཁོང་གིས་ཀ་ཤཱིའི་སྒོམ་རིམ་གྱི་བཤད་པ་ཞིག་ཞུས་པ་ལ། སྒོམ་རིམ་བར་པའི་ལུང་རྒྱུན་ཡོད་པ་དེས་ཆོག་གསུང་བ་བྱུང༌། ད་ནང་ཁྱོད་ལ་བཤད་ལུང་བྱེད། གནངས་ཚེས་བཅོ་བརྒྱད་ལ་རྒྱན་གྱི་བཤད་པ་ཞུ་མཁན་གྱི་འདུས་པ་རྣམས་ལ་བཤད་པ་གྲུབ་པ་གྱིས་ཞེས་ཕེབས་པ་དང༌། ཡང་དེ་སྐོར་ཞིག་ཏུ་ཁོང་ལ་གཞན་ཞིག་གིས་ཁྱོད་རྡོ་ཐོག་ཐེལ་པ་རྡོ་རྗེ་རྒྱལ་མཚན་དུ་སྐྱེས་དུས་བྱམས་ཆོས་སྡེ་ལྔ་ཚར་བརྒྱ་བཤད་པ་ཡིན་ཚུལ་གླེང་བ་དང༌། བླ་མ་དེ་རྒྱ་ནག་དབུ་བླར་ཕེབས་པར་སྔགས་པ་ཡིན་གཤིས་རྒྱ་ནག་པས་ཉམས་སད་པའི་ཕྱིར་མཆོད་རྟེན་ནང་སྒྲོམ་དུ་བཅུག་སྟེ་ལོ་གཅིག་སྒོ་བསྡམས་ནས་དབྱེ་མི་ཆོག་པར་བཞག །སླར་ལོ་གཅིག་སོང་རྗེས་བལྟས་པས་ཕར་བཞག་དུས་དང་འདྲ་བར་བཞུགས་ཤིང༌། དེར་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་ཚུལ་གསུངས་པས། རྒྱ་ནག་རྒྱལ་པོ་འཁོར་བཅས་སྔགས་པར་དད་ནས་བཀུར་བཟོས་རྒྱ་ཆེན་པོ་དང་བཅས་ཏེ་སླར་བོད་དུ་ཕེབས་པས་སྔགས་པ་རྣམས་ལ་ཕན་ཆེན་པོ་ཐོགས་པ་དེ་ཡིན་ཞིང༌། དེ་དུས་ཀྱི་གནས་སྐབས་རྣམས་དྲན་གསུངས་ནས་དེའི་གནད་ཀས་མི་ཕམ་རང་ལ་འབྱེད་རྣམ་གཉིས་ཀྱི་བཤད་ལུང་ཞིག་བསྩལ་བ་ཐོས། ཡང་མེ་ཡོས་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་རྗེ་རིན་པོ་ཆེས་མཛད་པའི་བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་སྟེང་ནས་རྒྱུད་བཤད་ཞུས་པ་དང་པོ་ཚུགས་པའི་ནུབ་མོ་མནལ་ལམ་དུ། སྐུ་ལུས་ལས་མི་གཙང་བ་དང༌། བུ་ག་རྣམས་ལས་ཁྲག་རྣག་མཐའ་ཡས་པ་ཞིག་ཟག །སྐུ་ལུས་དྲི་མ་མེད་ཅིང་ཤིན་ཏུ་ཡང་བ་གཤོག་པ་དང་ལྡན་པ་ཞིག་ཏུ་གྱུར་པས་འཕུར་ནས་ཕྱིན་པས་རྒྱ་གར་ལྷོ་ཕྱོགས་ཞིག་ཏུ་ཕེབས། དེར་ཐང་ཡངས་པ་ཞིག་གི་མཐར་བྲག་དང་ནགས་ཚལ་ཡོད་པའི་རི་བོ་ཞིག་དང་ཉེ་བར་འདུག་པ་ལ་གཟིགས་པས། རི་མགུལ་དེར་གྲུབ་ཆེན་ལཱུ་ཧི་པ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་ཞལ་ཕར་ཕྱོགས་ཏེ་ཁོག་མ་ལ་མེ་འབུད་ནས་ཚོད་མ་བཙོ་བ་ལྟར་སྣང༌། རི་དེའི་གཤམ་ནས་བདག་ལ་དངོས་གྲུབ་ཅིག་སྩོལ་ཅེས་འགའ་ཞིག་བོས་པས་ཞལ་ཚུར་གཟིགས་པ་ན་ཉི་མ་ལྟ་བུའི་གཟི་བརྗིད་ཤིན་ཏུ་བཟོད་དཀའ་བ་ཞིག་སྣང༌། སླར་ཡང་བོས་པས་མདུན་གྱི་མེ་དེ་དམར་ཐར་ཐར་དྲག་ཏུ་གཏོར་བྱུང་བའི་གསེབ་ཏུ་ཉུངས་མ་བསྲེགས་པའི་རྡོག་པོ་ཞིག་སྣང་བ་ཁ་ཕྱེས་པའི་ནང་དུ་ཤིང་ཏོག་ལས་གྲུབ་པ་ལྟ་བུའི་འཁོར་ལོ་བདེ་མཆོག་གི་སྐུ་བརྙན་སེར་སྨུག་ཆེས་ལེགས་པ་ཞིག་འདུག་པ། ཞལ་དུ་གསོལ་པས་སྐུ་ལུས་དང་དབྱེར་མེད་དུ་འདྲེས་པའི་བདེ་བས་གང་བ་ལྟ་བུའི་ངང་ནས་སད་པ་ན་འཁོར་ལོ་བདེ་མཆོག་གི་བྱིན་རླབས་ཡོངས་རྫོགས་ཐོབ་པའི་ངེས་ཤེས་འཁྲུངས། ཤབ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱི་སྔོན་གནས་རབ་ཙམ་གསལ་ཞིང༌། མངའ་རིས་པཎ་ཆེན་རིན་པོ་ཆེའི་བག་ཆགས་འལ་འོལ་འཆར་བ་ན་དེ་དག་གི་སྐབས་སུ་སྒྲུབ་བརྒྱུད་བརྒྱད་ཀྱི་ལམ་སྲོལ་རྣམས་དཀའ་བ་དུ་མས་བཙལ་བ་དྲན་པ་ན་དགའ་བ་དང་སྐྱོ་བ་འདྲེས་པའི་ཉམས་ཅི་རིགས་འཆར་བར་སྣང་གསུངས། རྗེ་རིན་པོ་ཆེ་ཙོང་ཁ་པའི་མཚན་ཐོས་པ་ཙམ་གྱིས་དང་བའི་ཡིད་རྒྱུན་ཆགས་སུ་འབྱུང་ཞིང༌། ཇོ་ནང་རྗེ་བཙུན་རིན་པོ་ཆེར་མོས་གུས་ཐུན་མོང་མ་ཡིན་པ་རྒྱུན་ཆགས་པ་ལ་བརྟེན། ཡང་དང་ཡང་དུ་མཇལ་བ་དང༌། སྐབས་ཤིག་ཁོང་གིས་བཞེས་མ་གྲུབ་པའི་གཏེར་ཆོས་ཕྲེང་བ་སྐོར་བཞི་ལས་ལྟ་བའི་ཕྲེང་བ་གཞི་རྒྱུད། རྣམ་ཤེས་ཕྲེང་བ་སྐྱེད་རིམ། ཡེ་ཤེས་ཕྲེང་བ་རྫོགས་རིམ། ལས་ཀྱི་ཕྲེང་བ་སྒྲུབ་ཆེན་དང་ལས་ཕྲན་སྐོར་སོགས་ཡིན་པའི་གསུངས་བཤད་མདོར་བསྡུས་གནང༌། དེ་རྣམས་ཀྱི་གཏེར་དཔེ་ཟབ་བུ་ལུང་གི་རྫ་མོ་ཧཱུྃ་འདྲར་ཡོད་པ་མ་འོངས་པའི་དུས་སུ་སྤྱོད་པར་གྱིས་ཤིག་པའི་རྗེས་གནང་ཡང་བསྩལ་གསུངས་སོ།།  །།གཉིས་པ་ས་གཏེར་གྱི་བཀའ་བབས་ཚུལ་ནི། དགུང་ལོ་ཆུང་ངུའི་དུས་ནས་གཏེར་གྱི་ལུང་བསྟན་མང་དུ་བྱུང་འདུག་ཀྱང་རྟེན་འབྲེལ་གཞན་དབང་དུ་སོང༌། དབྱར་རུ་ནང་བཞུགས་སྐབས་གནས་རི་ཡིན་པའི་བྲག་ཞིག་ནས་རྡོ་གྲུ་བཞི་ལ་བརྡ་ཡིག་ཡོད་པ་ཞིག་རྙེད་པ་རྩ་གསུམ་བདེ་གཤེགས་འདུས་པའི་ཆོས་སྐོར་ཡིན་འདུག་པ་ལས་བྱང་ལྡེབ་ལྔ་བཅུ་ཙམ་ཕབ། རྡོ་རང་མལ་དུ་རྒྱས་བཏབ། ལས་བྱང་དེ་ཕྱིས་བར་ཕྱག་ཏུ་བཞུགས་ཀྱང་ཕྱིས་བྱོན་ཐུགས་སྒྲུབ་རྣམ་གསུམ་གཅིག་དྲིལ་ལྟ་བུའི་ལྷ་སྔགས་ཐམས་ཅད་རྣམ་པ་གཅིག་པ་ཁོ་ནར་སྣང་བས་དཔེ་མི་མངོན་དབྱིངས་སུ་རྒྱས་བཏབ་པ་ཡིན་གསུངས། དགུང་ལོ་ཉེར་དགུ་ས་སྤྲེལ་དབྱུག་པ་ཟླ་བར་ལྷ་ལྡན་ནས་བསམ་ཡས་ཕྱོགས་སུ་ཕེབས་པའི་ཚེས་བཅུའི་ནངས་མོར་ཉེ་གནས་པ་སྔོན་དུ་སོང༌། སྐུ་ཉིད་རྐྱང་པ་བྲག་དམར་མགྲིན་བཟང་ལྷ་ཁང་མཇལ་དུ་ཕེབས་པ་ན་ཉེ་སྐོར་དེར་བུད་མེད་ཅིག་གིས་ལྷ་ཆེན་འཇིག་སོང་བའི་ཕྱག་མཛུབ་ཅིག་ཕུལ་བྱུང་བ་སྐུ་ཕྲག་ཏུ་བཙུད་ནས་ཕེབས། བར་དེར་ཡོད་པ་ཙམ་ཡང་མ་དྲན། ཕྱིས་ཤིག་ན་བཟའ་ཡང་བརྗེ་སྐབས་སྐུ་ཆིངས་བཀྲོལ་བས་ཐང་དུ་ལྷུང་སོང་བ་ཅི་ཡོད་གཟིགས་འདོད་པ་ཞིག་བྱུང་ནས་མཛུལ་མོ་བཅགས་པས། ནང་དུ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཆོས་སྐོར་དང༌། དྲི་མེད་ཀུན་དགས་ཡང་གཏེར་དུ་སྦས་པའི་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོ་གཅིག་དྲིལ་རྣམས་ཀྱི་ཤོག་སེར། བྲམ་ཟེ་ཉེར་གཅིག་གི་གདུང་རྣམས་བྱོན་ཀྱང་རླུང་ཕྱོགས་ཙམ་ཡང་མ་བསྒྲགས་པས་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་ཞབས་ཏོག་པ་རྒྱུན་གཅར་ཡིན་རུང་གཏེར་བཞེས་པའི་ཕྱོགས་ཙམ་ཡང་མ་རྟོགས། སེམས་ཉིད་ངལ་གསོའི་ཉམས་བཞེས་ཁྱུག་ཙམ་རེ་གནང༌། ཕྱིས་ས་ཕོ་རྟ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུར་ཡེ་ཤེས་མཁའ་འགྲོའི་སྐུལ་བྱང་ལ་བརྟེན། ལོ་རྒྱུས་གནད་བྱང་དང་ཡང་བྱང་ཙམ་གཏན་ལ་ཕབ་པར་མཛད། ལོ་རྒྱུས་གནད་བྱང་ལས། ཐོག་མར་ཆོས་འདིའི་སྒོ་འབྱེད་པ༔ དབང་གི་གནས་སུ་དབང་གི་དུས༔ དབང་ཆེན་པདྨའི་རིགས་སྐྱེས་པའི༔ རྣམ་འཕྲུལ་ཟུང་གི་དོན་དུ་སྟོན༔ ཚོམ་བུ་དང་བཅས་སྐལ་བཟང་འགྱུར༔ ཅེས་གསུངས་པ་ལྟར། ལྕགས་སྤྲེལ་སྣྲོན་ཟླ་བར་རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ཉག་རྐེད་དཔོན་གྱིས་གདན་ཞུས་ལ་ཕེབས་པའི་ཡར་ལམ་ཆུ་སྟོད་ཟླ་བར་གཏེར་ལྷུང་ཕྱོགས་སུ་ཆིབས་ཁ་བསྒྱུར། ཁོ་བོ་ལ་སྔ་མ་ནས་འདི་དོན་ཟུར་ཙམ་བཀའ་བསྩལ་ཕེབས་པ་དང་འདི་སྐབས་རྗེ་བླ་མ་ཉིད་ཀྱང་ཟླ་གམ་དབང་ཕུག་ཏུ་ཕེབས་འདུག་པས་རྒྱལ་དབང་རིན་པོ་ཆེར་ཡང་མཚམས་སྦྱོར་སྙན་གསན་གང་དྲག་ཞུས་པས། ཟླ་གམ་དབང་ཕུག་ཏུ་གནས་མཇལ་ཕེབས་ནས་དགོངས་པར་གང་བབས་ཀྱི་དབང་ཞིག་གནང་གྲུབ་པར་ཞུ་རྒྱུ་མཛད་སོང་བས། རྗེ་རིན་པོ་ཆེ་ཡང་ཐུགས་དགྱེས་པ་ཆེན་པོས་རྒྱལ་དབང་རིན་པོ་ཆེ། སི་ཏུ་སྤྲུལ་པའི་སྐུ་གཙོས་བདག་ཅག་འདུས་པ་བརྒྱད་ལ་སེམས་ཉིད་ངལ་གསོའི་དོན་དབང༌། མཚོ་སྐྱེས་སྙིང་ཐིག་གི་རྩ་དབང༌། ལྕེ་བཙུན་སྙིང་ཐིག་གི་དབང་བཅས་རྗེ་ཉིད་ཀྱི་ཟབ་གཏེར་ལས་བྱོན་པའི་བླ་རྫོགས་ཐུགས་གསུམ་ཚང་བར་མཛད་ནས་བཀའ་དྲིན་དུ་བསྩལ་པ་ཐོབ་པས་ཆེས་སྐལ་པ་བཟང་པོར་གྱུར་ཅིང༌། ཐོག་མར་རྟེན་འབྲེལ་ལེགས་པར་འགྲིགས། ཆོས་འདིའི་ཆ་ལག་གནས་དེར་བཞུགས་ཡོད་པར་སྣང་བའང་ཕྱག་ཏུ་སོན་པར་ངེས་ཀྱང་ས་གཏེར་གྱི་རྩ་བའི་རྟེན་འབྲེལ་ཐོག་མར་འཆུགས་པའི་དབང་གིས། ས་གཏེར་ལ་བརྟེན་པའི་ཤོག་སེར་རིགས་གཟིགས་པ་ཙམ་གྱིས་ཀྱང་ཐུགས་ཆེས་བསྙུན་པ་མ་ཟད་ཤོག་སེར་གྱི་ལབ་གླེང་ཙམ་ཡང་ཞུ་དཀའ་བ་དང༌། དེའི་གནད་ཀྱིས་ཆོས་བཀའ་ཕལ་ཆེར་མགོ་མཐོང་ཙམ་ལས་ཆ་ལག་ཚང་བ་གཏན་ལ་འབེབ་ཐུབ་པ་གཏན་ནས་མ་བྱུང༌། འདིའི་རྒྱུན་ཁྱེར་ཞིག་ཞུས་པ་རྩོམ་མི་དགོས། ཤོག་སེར་ལ་ཡོད་གསུངས་ནས་འབེབ་པར་རྩོམ་པ་ན་འཕྲལ་དེར་ཕྱག་ལ་བསྙུན་ཁམས་ཚབས་པོ་ཆེས་ཐེབས་པ་བཅས་ཆོས་བཀའ་གཏན་ལ་འབེབ་མ་ཐུབ་པ་ནི། སྤྱིར་གདུལ་བྱ་ཕལ་མོ་ཆེ་སྐལ་པ་དམན་པའི་སྟེང་ཐོག་མ་ནས་ཡིད་གཉིས་ཞུགས་པའི་དམ་སེལ་གྱི་གྲིབ་དང༌། ཁྱད་པར་ཆོས་བཀའ་འདི་ཉིད་ཞལ་ཕྱེས་པ་ཙམ་གྱིས་ཀླ་ཀློའི་ཉེར་འཚེ་ཕྱིར་བསྲིང་བ་ཡིན་འདུག་པས་དེ་ལྟ་བུ་གངས་ཅན་པའི་བསོད་ནམས་ཀྱི་སྐལ་བར་མ་ཤོང་བར་ཟད་དོ། །དགུང་ལོ་སོ་གཅིག་པར་གཡོ་རུ་ཁྲ་འབྲུག་ནས་ལུང་བསྟན་གྱི་ངེས་པ་གཟིགས་པ་བཞིན། དཔལ་ཆེན་ཆུ་བོ་རིའི་གུ་རུའི་སྒྲུབ་ཕུག་ནམ་མཁའ་ལྡིང་དུ་བོད་ཁམས་བདེ་ཐབས་ཀྱི་ཕྲིན་ལས་མཛད་པས། གུ་རུ་བདེ་བ་ཆེན་པོ་གཙོ་འཁོར་གྲངས་མེད་པས་ནམ་མཁའ་ཁེངས་ཏེ་སྤྲུལ་པ་མཐའ་ཡས་པས་བོད་ཁམས་དབུགས་འབྱིན་བསྩལ་བ་དང༌། ལོ་སྐོར་གཅིག་གི་བར་དུ་བོད་ཡུལ་དབུས་སུ་མཐའ་དམག་གི་འཇིགས་པ་མི་འབྱུང་བའི་མཚན་མ་ཁྱད་པར་ཅན་བརྙེས། དེའི་ཕྱི་ལོར་རྒྱང་ཡོན་པོ་ལུང་གི་གུ་རུའི་སྒྲུབ་ཕུག་ཏུ་ཚོགས་མཆོད་མཛད་པའི་ཚེ་དེའི་སྒོ་གོང་དུ་གུ་རུའི་སྐུ་ཚབ་དང་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་བཞུགས་པ་གསལ་བར་གཟིགས་ཤིང་ཆོས་ཀྱི་རྣམ་གྲངས་སོགས་ཇི་ལྟ་བར་ཐུགས་ལ་ཤར། སླར་དགུང་ལོ་སོ་དགུ་པ་ས་ཕོ་རྟ་ལོ་དབོ་ཟླ་བའི་ཚེས་བཅུའི་ཐོ་རངས་སུ་ནམ་མཁའ་ནས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་ཤིག་གྲགས་པའི་རྗེས་ཐོག་ཏུ། སྤྱན་ནས་འོད་ཟེར་གྱི་སྦུ་གུ་ཕྲ་ལ་གཡེལ་བ་ཞིག་ལྷོ་རྒྱུད་ཀྱི་ཕྱོགས་གཡས་གཡོན་ནས་ཆུ་བོ་འབབས་པའི་བྲག་རི་ཞིག་གི་འདབས་སུ་ཟུག །དེར་གུ་རུའི་སྐུ་ཚབ་བདེ་བ་ཆེན་པོའི་རྣམ་པ་ཁྲུ་གང་བ་དང༌། ཆོས་སྐོར་རྣམས་ཤོག་སེར་གླེགས་བམ་ཆེན་པོའི་རྣམ་པ་མངོན་སུམ་ལྟ་བུར་གཟིགས་པ་ལ། ཐུགས་རྟོག་ཞིབ་ཏུ་བཅུག་པས་སྐུ་དང་ཤོག་སེར་ད་ལྟའི་ཚད་ཅི་ལྟ་བ་ལ། དེ་ན་གང་བཞུགས་ཀྱི་ཆོས་ཀྱི་ཚིག་དོན་ལམ་ལམ་ཐུགས་ལ་གསལ་བ་ཞིག་བྱུང་ཡང༌། གནས་དུས་སོགས་ཀྱི་རྟེན་འབྲེལ་དང་དགོས་པའི་དབང་གཞན་གཟིགས་ནས་རྗེ་ཉིད་ཀྱིས་འདོན་པར་སྐབས་སུ་མ་བབས་པས། གཏེར་ཆེན་མཆོག་གྱུར་གླིང་པ་ལ་རྒྱུ་མཚན་དང་བཅས་ཏེ་འདོན་པར་བསྐུལ་བས། གཏེར་ཆེན་ཉིད་ལའང་ལུང་བསྟན་དང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ས་རྟ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་རྩི་རྐེའི་ཆུ་བོ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང༌། ཆོས་སྐོར་ཤོག་སེར། དོན་ཀུན་འགྲུབ་པའི་གི་ཝཾ་གི་བམ་པོ་བཅས་ཚེགས་མེད་པར་དངོས་གྲུབ་ཏུ་བཞེས། ཤོག་སེར་ལ་བརྡ་ཡིག་དངོས་སུ་མི་གསལ་ཡང་ཡབ་སྲས་ཞལ་རྒྱས་པའི་ཐོག་གཏེར་སྒྲུབ་ཞག་བདུན་མཛད་ཅིང་བདུད་རྩི་ལྔའི་ཆུ་ལ་སྦངས་པས་ཞག་པོ་ལྔ་ནས་བརྡ་ཡིག་གི་གྲོང་ཁྱེར་བདུན་བཀྲ་ལམ་གྱིས་ཤར་བའི་ངོ་མཚར་ཆེན་པོ་དང་བཅས། མགོ་ཟླའི་ཚེས་བཅུར་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པས། གཏེར་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་དང་མཐུན་པར་རྗེ་བླ་མ་ལའང་གསལ་སྣང་ངེས་པ་ཅན་ཤར་བས་གཅིག་ལ་གཅིག་ཐུགས་ཡིད་ཆེས་ནས་འཁྲུལ་པ་དང་བྲལ་བར་གཏན་ལ་ཕེབ། དེའི་ཕྱི་ལོར་ཀུན་མཁྱེན་བླ་མ་གཙོ་འཁོར་གྱིས་ཐུགས་སྒྲུབ་རྣམ་གཉིས་ཟུང་འབྲེལ་གྱི་ཚོམ་བུ་ཚོགས་སྒྲུབ་མཛད་པའི་ཚེ་ནའང༌། གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། ཐུགས་སྒྲུབ་གཉིས་ཀྱི་ལྷ་ཚོགས་སྟེང་འོག་ལྟ་བུར་མངོན་སུམ་བཞིན་བཞུགས་པའི་གཙོ་བོའི་ཞལ་ནས་གདམས་ངག་དང་རྗེས་སུ་བསྟན་པ་གསུངས་ཤིང༌། ཁྱད་པར་གསོལ་འདེབས་ཚུལ་བཞིའི་སྒོ་ནས་འཆད་པའི་མན་ངག་བསྩལ་བ་དང༌། གཏེར་སྲུང་སོ་སོས་ཀྱང་ཕྲིན་ལས་སྒྲུབ་པའི་གསལ་སྣང་ཁྱད་པར་ཅན་གཟིགས། སྐུ་ཚབ་རིན་པོ་ཆེ་ཐུགས་དམ་རྟེན་དུ་བཞུགས་ཤིང༌། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐུ་རྟེན་གསེར་ཟངས་ལས་གྲུབ་པ་པདྨ་ཤེལ་ཕུག་ཏུ་བཞུགས། ཆོས་ཀྱི་ཕྲིན་ལས་ཀྱང་སྤེལ་བར་མཛད་མོད། ཞལ་གདམས་སྙིང་བྱང་ཆོས་ཚན་བཅུ་གསུམ་སྐོར་རྣམས་རྟེན་འབྲེལ་གནད་ཅིག་གིས་སྤེལ་བར་མ་གནང་ངོ༌། །དགུང་གྲངས་ཞེ་དྲུག་པ་མེ་སྟག་ལོའི་ཟླ་བ་དང་པོའི་ནུབ་གཅིག་གི་ཐོ་རངས་ཁར་རྔ་ཡབ་གླིང་ནས་འོངས་པ་ཡིན་ཟེར་བའི་དཔའ་བོའི་ཆས་ཅན་གཉིས་བྱུང་ནས། འདི་ལོ་སྐོར་སྔ་མ་ཤིང་སྟག་ལོ་ལ་དུས་ཚོད་དངོས་ཡིན་ཀྱང་རྟེན་འབྲེལ་མ་འགྲིགས། ད་ལན་གུ་རུ་རིན་པོ་ཆེའི་བཀས་ཁྱེད་ལ་སྤྲོད་དུ་བྱོན་པ་ཡིན་ཟེར། ཤོག་དྲིལ་ཞིག་སྤྲད་ནས་མི་སྣང་བར་གྱུར། ཤོག་དྲིལ་དེ་མདུན་དུ་ནས་བཟེད་ནང་དུ་བཅུག་ནམ་གསལ་ནས་གཟིགས་པས་གཏེར་གྱི་ཁ་བྱང་དུ་འདུག་པ་ལྟར་ལོ་དེའི་ཟླ་བ་བཅུ་པའི་ནང་གཏེར་ཆེན་མཆོག་གྱུར་གླིང་པ་དང་ལྷན་རྒྱས་རོང་རྨེ་དཀར་མོ་སྟག་ཚང་དུ་ཕེབས། གནས་ཞལ་གསར་དུ་འབྱེད་པར་མཛད། མཆོག་གླིང་ནས་ཀྱང་གནམ་ལྕགས་རྡོ་རྗེ་དང་དམ་ཆོས་སྙིང་པོ་སྐོར་ལྔ་བཞེས། རྗེ་ཉིད་ཀྱིས་གནས་མདུན་བྲག་དཀར་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་གྱི་སྐུ་རྟེན་བཞེས། སེང་ངུ་གཡུ་མཚོར་དར་ཆགས་པ་མཚོ་དཀྱིལ་འཁྱག་པ་བརྟིབས་ནས་རྣམ་པ་གཉིས་ཀས་ཚོགས་སྐོང་གསེར་སྐྱེམས་ཕུལ། བཀའ་བསྒོ་མཛད་ནས་མཚོ་དཀྱིལ་དུ་ལྡིང་ཐག་འཕངས་པར་ལན་གཉིས་ལ་མ་བྱུང༌། དེ་ནས་གཏེར་སྲུང་ཀླུའི་རྒྱལ་པོ་གསེར་གྱི་གདུགས་བཅས་འོང་བའི་གཟིགས་སྣང་བྱུང་བ་དང་ལྷན་ཅིག་མཚོ་ཕྱུར་ནས་གསེར་ཕྱེ་ཉིལ་གྱིས་བྱུང་བའི་སྐབས་ལྡིང་ཐག་ཁུད་དུ་གཏེར་སྒྲོམ་འབྱོན། རྗེ་བླ་མས་མཚོ་ནང་ནས་གསེར་སྒྲོམ་ཞིག་བཞེས་པ་ཧེ་རུ་ཀཿཞལ་སྦྱོར་གྱི་རྣམ་པར་བཞུགས་པ་ཞིག་བྱོན། དེ་སྐབས་ཡོད་པའི་གྲྭ་འཁོར་གཞན་རྣམས་ཀྱིས་བྱེ་མའི་ནང་ནས་གསེར་ཕྲན་ཚེགས་རྙེད། དེ་རྗེས་ནི་གསེར་རྣམས་གར་སོང་མེད་འདུག །གཏེར་སྒྲོམ་ནས་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་དང༌། རྩ་གསུམ་སྒྱུ་འཕྲལ་དྲྭ་བའི་ཆོས་སྡེ་ངོ་མཚར་ཅན་ཤོག་སེར་ལྡེབ་བརྒྱད་ཙམ་བྱོན་པ་ལས། རྡོ་རྗེ་དྲག་རྩལ་ཆོས་སྡེ་ལམ་རིམ་ཡེ་ཤེས་སྙིང་པོ་གཏན་ལ་ཕབ་ནས་ལྗགས་བཤད་ཚར་ཁ་ཤས་གནང༌། རྩ་གསུམ་ཆོས་ཚན་ཁ་ཤས་ཕབ་ཀྱང་གཞན་ལ་གནང་གྲུབ་པ་ནི་མ་བྱུང་ངོ༌། །དགུང་གྲངས་ཞེ་གཉིས་པ་ཆུ་ཁྱི་ཧོར་ཟླ་གཉིས་པའི་ཚེས་ཉེར་བདུན་ནུབ་མོ་གཉན་ཆེན་ཐང་ལྷ་དངོས་སུ་འོངས་ནས་སྒྲོམ་བུ་ཞིག་ཕྱག་ཏུ་ཕུལ་ནས། ཁྱེད་རང་སྙིང་དྲུང་གི་ཕུག་པར་འོངས་ན་སྒྲོམ་བུ་འདི་སྤྲད་དགོས་པ་ཡིན་ཀྱང་དུས་ཐོག་ལ་མ་བྱུང༌། ད་ནས་དུས་ཡོལ་ཟིན་པས་ཅི་བྱ་མེད་ནའང་ཁྱེད་རང་ལ་ཐེངས་པ་ཡིན། དབུས་གཙང་དུའང་དུས་བདེ་མོ་འོང་དཀའ་བས་ངེད་རྒྱ་ནག་རི་བོ་རྩེ་ལྔར་བི་མ་མི་ཏྲའི་མདུན་འགྲོ་བ་ཡིན་ཟེར་བ་ལ། རྗེ་ཉིད་ནས་དེ་ལྟར་ཡིན་དུས་ཕྱོགས་གང་དུའང་དུས་བདེ་འཇགས་དཀའ་བ་འདི་བཞིན་ཅི་ཕན་ཅི་དགོས་བི་མ་མི་ཏྲ་ལ་ཞུས་ཤོག་གསུངས་པར། དུས་ཁུག་བཅུ་ཡོད་པའི་བརྒྱད་པ་ལ་སླེབས་པ་ཡིན། རེ་ཞིག་བི་མས་ཀྱང་ཅི་གསུང་ཡོད་དཀའ། ཐུགས་རྗེ་ཆེན་པོ་བསྒོམ། མ་ཎི་བཟླ། དམ་སྐོང་དོང་སྤྲུགས་ཅི་མང་བྱས་ན་ཁོལ་བུ་རེ་རེར་བདེ་བར་སྲིད། ཐམས་ཅད་བསམ་པ་བཟང་པོ་གལ་ཆེ་སྟེ་ཞེས་ཟེར་བའི་མུར་ཡལ་སོང་གསུངས། སྒྲོམ་དེ་རྗེས་ནས་ཞལ་འབྱེད་པའི་ནང་ཀླུ་འཇིམ་ལས་གྲུབ་པའི་གུ་རུའི་སྐུ་ཚབ་མཁྱིད་གང་ཐོད་ཕྲེང་སྡེ་ལྔ་ཡབ་ཡུམ་གྱི་བྱང་སེམས་ཀྱི་འདམ་པས་གཡོགས་པ། གུ་རུ་རིན་པོ་ཆེའི་ཚེམས། སྤྲུལ་པའི་རིང་བསྲེལ་ཆུ་ཤེལ་མདོག་ཅན་གྲངས་མང༌། བླ་མ་སྐུ་བཞིའི་སྒྲུབ་ཐབས་རྣམས་བྱོན་པའི་ཚེམས་ཀྱི་རིང་བསྲེལ་དད་ལྡན་ཞུ་པ་པོ་སུ་བྱུང་ལ་གནང་བས་སྟོང་ཕྲག་མང་པོ་སོང་ཡང་འཛད་དུ་མེད་ལ། ཕྱིས་སྐུ་གཤེགས་ཁའི་སྔ་ལོ་ཙམ་ནས་གཏེར་སྲུང་གིས་ཕར་ཁྱེར་བ་རེད་གསུངས་མི་བཞུགས་པ་ཡིན་འདུག །བླ་མ་སྐུ་བཞིའི་ཆོས་སྐོར་ནི་ཚེས་བཅུའི་སྐུའི་རྣམ་འགྱུར་རྣམས་གཞིར་བྱས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པའི་རྒྱས་པ་དེ་ཡིན་པར་འདུག་ཀྱང༌། དབུའི་ལོ་རྒྱུས་ཕྱེད་ལྷག་ཙམ་ལས་གཞན་གཏན་ལ་འབེབ་པར་མ་གནང་ཞིང་ཡང་གཏེར་དུ་རྒྱས་བཏབ་པར་མངོན། དགུང་གྲངས་ཞེ་བདུན་པ་མེ་ཡོས་སྨིན་དྲུག་ཟླ་བའི་ཡར་ཚེས་ནང་ཨ་ལོ་དཔལ་འབྱོར་སྒང་དུ་ཕེབས། ཕྲན་བུ་ལའང་བཀའ་ཕྲིན་གནང་ལྟར་ཞབས་བཅར་ཞུས། ཚེས་བཅུའི་ནུབ་མོར་སྟོད་འབྲས་མོ་ལྗོངས་ནས་སྨད་གཡུ་ལུང་གངས་ར་ཡན་གྱི་གནས་ཆེ་ཆུང་སྟོང་ཕྲག་ལྷག་པའི་བཀོད་པ་དང་གཏེར་ཁ་སོགས་སྒྲིབ་མེད་དུ་གཟིགས་པའི་གསལ་སྣང་ཤར། ཚེས་བཅུ་གཅིག་ཉིན་རྒྱབ་རི་ཞི་ཁྲོ་ཤེལ་ཕུག་ལ་ཚོགས་སྐོང་མཛད། གྲོལ་ཏིག་སྐོར་གསུམ་དང༌། གནས་ཡིག་འགའ་ཞིག་གི་ཤོག་སེར་བཞེས། འཇའ་འོད་དང་མེ་ཏོག་གི་ཆར་བྱུང༌། གནས་ཡིག་ཁ་ཤས་གཏན་ལ་ཕབ་པར་མཛད། ཡང་མེ་ཡོས་ལོར་རྗེ་ཉིད་དང་མཆོག་གླིང་ལྷན་རྒྱས་ཕེབས་བཞུད་མཛད་སྐབས་ཡབ་གཞིས་རི་བོ་ཁྱུང་ལྡིང་ངམ་ཁྱུང་ཚང་བྲག་ནས་རྡོ་སྒྲོམ་རིམ་པ་གསུམ་པ་ཞིག་སྤྱན་དྲངས་པ་ལ་རྩ་གསུམ་བཀའ་འདུས་ཀྱི་ཆ་ལག་རྗེས་འབངས་ཉེར་ལྔ་སོ་སོའི་སྒྲུབ་ཐབས་དམ་རྫས་བཅས་བཞུགས་པ་ཡིན་འདུག་ཀྱང༌། དམ་རྫས་ཕྱོགས་བསྡུས་ཙམ་ལས་གཞན་སྤེལ་བར་མ་མཛད། དེ་རྗེས་དབྱར་ཐོག་ཅིག་ལ་གཏེར་སྟོན་ཀུན་གྲོལ་གསང་བ་རྩལ་ཕྱག་མཇལ་དུ་བཅར་བ་ན། ད་རེས་གཏེར་ལྷུང་ཕྱོགས་སུ་སོང༌། ཕ་ཝཾ་གསེར་གདུགས་ཅན་ན་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་ཡོད་པ་དང༌། པདྨ་ཤེལ་རིར་གཏེར་ཁ་ཞིག་ཡོད་པ་སོགས་རྗེ་ཉིད་སྔར་ཕེབས་སྐབས་གྲ་འགྲིགས་པོ་མ་བྱུང་བ་དང་ད་ཕན་དངོས་ཀྱིས་ཕེབས་པ་མི་འོང་བར་འདུག་པས་དེ་རིགས་ལོན་རྒྱུ་བྱུང་ན་གལ་ཆེ་བ་ཡོད་ཚུལ་བཀས་གནང་བ་ལྟར། གཏེར་སྟོན་ཡང་བྱོན་ནས་ཚོགས་སྐོང་གསེར་སྐྱེམས་གསོལ་འདེབས་མཛད་ཀྱང་རིང་བསྲེལ་གཞན་མ་བྱུང༌། ཟླ་གམ་དབང་ཕུག་ཏུ་ཞག་གསུམ་སྒྲུབ་པ་ཚོགས་སྐོང་གྲུབ་པའི་སྔ་དྲོ་གནས་ཀྱི་དབུ་རྩེར་ལྷ་སྲིན་དམ་བསྒྲགས་མཛད་པས། འཇའ་སྤྲིན་འཁྲིགས་པའི་ནང་དུ་པདྨ་ཤེལ་རི་ནས་བྱ་རྒོད་ཅིག་འཕུར་ཏེ་འོག་གི་བྲག་རྩེར་བབས་ནས་གཏེར་སྒྲོམ་ཞིག་བཞག་སོང་བ་སིནྡྷུ་རའི་འཇིམ་རློན་པས་བཏུམས་པ་ཞིག་ཡོད་འདུག་པ། དེ་ཀ་ལྟར་ཁུར་ནས་རྗེ་བླ་མར་ཕུལ་བས་ནང་གི་སྒྲོམ་ཞལ་ཕྱེས་པ་ལས། ཚེ་དབང་རིག་པ་འཛིན་པའི་སྐུ་ཚབ་ལི་སྨུག་ལས་གྲུབ་པ། རྩ་གསུམ་སྤྱི་འདུས་ཀྱི་ཆོས་སྐོར། གནས་ཆེན་མང་པོའི་མདོ་བྱང་གི་ཤོག་སེར་རྣམས་བཞུགས་པར་སྣང་བ་ལས་སྤྱི་འདུས་ཀྱི་ལས་བྱང་དབང་ཙམ་ཞིག་འབེབ་པར་མཛད། ཤོག་སེར་ཡང་གཏེར་དུ་བསྡམས་པར་མངོན་ནོ། །རྗེ་ཉིད་ཀྱི་སྐུ་སྐྱེ་བ་འདིའི་ཟབ་གཏེར་གྱི་གཙོ་བོ་གཙང་གཡས་རུ་རྩིས་ཀྱི་ལྷ་ཁང་དུ་བཞུགས་པའི་རྩ་གསུམ་བཀའ་འདུས་ཆེན་མོ་ཡིན་པར་སྣང་ཡང་བཞེས་མ་གྲུབ་པས་དེའི་ཆ་ལག་ཏུ་གྱུར་པ། གཏེར་སྟོན་ལས་རབ་གླིང་པས་ཀཿཐོག་ནས་སྤྲོས་བྲལ་བདེ་ཆེན་སྒོས་སྒྲུབ་ཀྱི་ཤོག་སེར་བཏོན་པ་སོགས་དང༌། ཁོ་བོས་ལག་ཏུ་འབྱོར་པའི་གཙང་རོང་བཀྲ་ཤིས་ལྷ་རྩེའི་ཉེ་སྲས་བརྒྱད་ཀྱི་སྒྲུབ་སྐོར། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་རིག་འཛིན་བརྒྱད་ཀྱི་སྒོས་སྒྲུབ་ཡོད་པ་རྣམས་ཀྱང་གཏན་ལ་ཕེབ་པ་མ་བྱུང་ངོ༌། །གཞན་ཡང་བོད་དུ་ལན་རྗེས་མར་ཕེབས་སྐབས་ཉིད་དང་ཉེ་གནས་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཁོ་ན་ཞབས་རྐྱང་གིས་དབུས་གཙང་གི་དགོན་པ་དང་གནས་རྟེན་རྣམས་ལ་ཕེབས་པའི་ཚེ། ཤངས་ཟབ་བུ་ལུང་དུ་ཕེབས་ནས་སྤང་ལྗོངས་ཡིད་འོང་ཞིག་ཏུ་གསོལ་ཚིགས་མཛད་པས།  བྲག་དེར་རྗེ་བཙུན་སྒྲོལ་མའི་སྒྲུབ་སྐོར་རྒྱས་པ་ཉིད་ཀྱི་གཏེར་སྐལ་དེ་ཡོད་པར་ཤིན་ཏུ་གསལ་ཡང་ཞག་བཞུགས་དོན་གཉེར་མཛད་རྒྱུ་མ་བྱུང་བས་ཤོག་སེར་དངོས་ཕྱག་ཏུ་མ་སོན་ཡང་། དེ་ནང་གང་ཡོད་ཐུགས་ལ་བཀྲ་ལམ་མེར་གསལ་བས་རྩ་བ་ལྡེབ་གསུམ་བཞི་སྐོར་ཕྱག་བྲིས་སུ་གནང་བའི་སྐབས་དེར། ཇོ་ཇོ་ཞིག་གིས་སྒྲོལ་མའི་སྐུ་རྙིང་ཞིག་ཕྱག་ཏུ་ཕུལ་ནས་འདི་ལ་རིན་རྩ་གསེར་ཞོ་བདུན་གནང་དགོས་ཞུས་པ་ལྟར་གསེར་ཞོ་བདུན་ཁོ་ན་སྐུ་ཆས་གློ་འདོགས་སུ་ཡོད་པ་བྱིན་གསུངས། ཚུལ་དེ་ཉེ་གནས་པས་ནི་གཏན་ནས་མཐོང་མི་འདུག་པས་གཏེར་སྲུང་གིས་དངོས་སུ་ཕུལ་བ་དང་གསེར་དེའང་གཏེར་ཚབ་ཏུ་དགོས་པ་ཡིན་འདུག །སྐུ་བརྙན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་དམ་རྟེན་ཡིན་གསུངས་ནས་ཤིན་ཏུ་ཐུགས་རྩིས་ཆེན་པོ་མཛད། ཕྱིས་གཏེར་ཆེན་མཆོག་གྱུར་གླིང་པ་ལ་ལེགས་སོ་ཞེས་པའི་གསུང་ལན་གསུམ་བྱོན། སླད་ནས་སྒྲོལ་མ་ཟབ་ཏིག་གི་སྨིན་གྲོལ་དང་ལྷན་ཅིག་ཁོ་བོ་ལ་བཀའ་དྲིན་དུ་བསྩལ་བ་ད་ལྟ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་རྟེན་གཙོར་བཞུགས་པ་འདི་ཡིན་ལ། ཇོ་མོ་ཁ་རག་ཏུ་ཕེབས་ལམ་དུ་ཕུར་པ་ཁྱད་ཅན་ཞིག་ཕྱག་ཏུ་སོན་པའང་གཏེར་སྲུང་གིས་དངོས་སུ་ཕུལ་བར་ངེས་པ་དང༌། མེ་ཡོས་ལོར་ཁང་དམར་མདོར་ཕེབས་སྐབས། ཁོ་བོས་འདི་སྐོར་རྡོར་སེམས་གཏེར་ཁ་བཞུགས་ངེས་པར་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས་གསལ་བས་སྣེ་གཅིག་བཞེས་ནས་གནང་ཐུབ་པ་གསོལ་བ་བཏབ་པས། པདྨ་ཤེལ་རིར་བཻ་རོའི་གསང་ཕུག་ཏུ་མཆོག་གླིང་དང་ཕྲན་ཅག་ཁ་ཤས་བཅས་ལྷན་ཅིག་ཕེབས་ནས་ཚོགས་འཁོར་གནང་བའི་མཐར་ཕུག་དེ་ཀ་ནས་བཻ་རོའི་ཐུགས་དམ་རྟེན་གྱི་རྡོར་སེམས་ལི་སྐུ་ཁྱད་པར་ཅན་ཞིག་བཞེས་ནས་ཕྱིས་ཁོ་བོ་ལ་བསྩལ་བ་དང༌། རྫོང་ཤོད་ཀྱི་སྐུའི་གནས་ནས་པདྨ་རྒྱལ་པོའི་སྐུ་རྒྱན་དཔག་བསམ་ཤིང་གི་འབྲས་བུ་ཡིན་འདུག་གསུངས་པ་མཛུབ་མགོ་ཙམ་ཤིན་ཏུ་ངོ་མཚར་ཅན་བཞེས་པ་དང༌། གནས་དེའི་དཔལ་དེའུའི་མགོན་པོ་ཕྱག་བཞི་པའི་གསང་ཕུག་ནས་མངའ་བདག་ཉང་རིན་པོ་ཆེས་ཡང་གཏེར་དུ་སྦས་པའི་གནམ་ལྕགས་རྡོ་རྗེ་ཁྱད་པར་ཅན་ཞིག་བཞེས་པ་ཕྱིས་རྫོགས་ཆེན་དགོན་དུ་ནང་རྟེན་བསྩལ། ཁྲོ་ཟིལ་ཕྲམ་གྱི་མདུན་ངོས་ཆུ་མིག་གཅིག་ནས་མཁའ་འགྲོ་ལས་ཀྱི་དབང་མོའི་རང་བྱུང་གསང་བའི་བདུད་རྩི་དང༌། ཟླ་གམ་དབང་ཕུག་ནས་ཛམ་བྷ་ལའི་སྐུ་རྙིང༌། དེའི་ཉེ་ཕྱོགས་སྒྲོལ་མ་བྲག་ནས་འཕགས་མའི་སྙིང་ཐིག་གི་སྒྲུབ་རྟེན་རིལ་བུ། སེང་ངུ་གཡུ་མཚོ་ནས་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་དར་ཤམ། བྱང་ཆུབ་ཤིང་གི་ལོ་མའི་མཚོན་ཁམས་དབུས་གཙང་གསུམ་ནས་རྟེན་དང་དམ་རྫས་མང་པོ་ཞིག་བཞེས་ཡོད་པར་སྣང་ཡང་འདིར་རང་གིས་ཐོས་ཚོད་ཙམ་བཀོད་པ་ཡིན་ལ། དེ་རྣམས་ཀྱང་ཐང་ཡིག་ལས། ང་ཡིས་ས་སྟེང་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངས༔ ཞེས་གསུངས་པ་ལྟར་སྦྱོར་ལམ་ཡན་ཆད་ལ་གནས་པའི་གང་ཟག་སྐལ་བ་ཅན་ལ་གཏེར་གྱི་དངོས་གྲུབ་ཕྱོགས་གང་ནས་ཀྱང་རྩོལ་མེད་དུ་འབྱུང་བ་ཡིན་འདུག་གོ །རྗེ་འདི་ཉིད་དང་མཆོག་གྱུར་གླིང་པ་ལྷན་རྒྱས་སུ་གྱུར་པའི་ཟབ་གཏེར་བླ་སྒྲུབ་སྐོར་བཞིར་གྲགས་པ། ཕྱིའི་བླ་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག །ཡང་གསང་རྡོ་རྗེ་དྲག་རྩལ་རྣམས་དང༌། སྙིང་ཏིག་སྐོར་བདུན་ཅེས་པ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། བི་མ་ལ་མི་ཏྲ། གུ་རུ་པདྨ། ཡེ་ཤེས་མཚོ་རྒྱལ། བཻ་རོ་ཙ་ན་བཅས་ཀྱི་སྙིང་ཐིག་སོ་སོར་བཞུགས་པ་ལས། བར་ཆད་ཀུན་སེལ་རྗེ་ཉིད་ལ་ཐོག་མར་བྱུང་ཚུལ་གོང་སྨྲོས་ལྟར་ལ་མཆོག་གླིང་གི་ཤོག་སེར་ཡང་ལོ་བརྒྱད་ཙམ་དུ་གཏན་ལ་འབེབ་ཐུབ་པ་མ་བྱུང་བ། ཕྱིས་རྗེ་ཉིད་ནས་རྟེན་འབྲེལ་མཐུན་སྦྱོར་གྱིས་གཏན་འབེབ་མཛད་སྐབས་ཀྱང་ལས་བྱང་ཆེན་མོའི་སྐོར་དང་བཀོལ་བྱང་རྣམས་མཆོག་གླིང་ནས་ཕབ། གཞན་ཐམས་ཅད་རྗེ་ཉིད་ནས་འབེབ་པར་གནང་འདུག་པ་དང༌། གཞན་གསུམ་པོ་བཤད་དང་འཆད་འགྱུར་ལྟར་ལ། དགའ་རབ་སྙིང་ཐིག་སྨད་ཤོད་ཛཾ་ནང་བྲག་དཀར་ཡང་རྩེ་དང༌། བཻ་རོའི་སྙིང་ཐིག་རྫོགས་ཆེན་སྡེ་གསུམ་པདྨ་ཤེལ་ཕུག་ནས་ལྷན་རྒྱས་ཀྱིས་སྤྱན་དྲངས། མཚོ་རྒྱལ་སྙིང་ཐིག་སེང་གནམ་བྲག་དང༌། སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་ཡེ་རྒྱལ་ནམ་མཁའ་མཛོད་ནས་མཆོག་གྱུར་གླིང་པས་སྤྱན་དྲངས་པའང་གཏན་ལ་ཕབ་དུས་ལྷན་རྒྱས་མཛད་པ་ཡིན་ཅིང༌། སྙིང་ཐིག་གཞན་རྣམས་ནི་རྗེ་བླ་མ་ཉིད་ལ་བཀའ་བབས་པར་སྣང་མོད། གནས་དུས་ཀྱི་རྟེན་འབྲེལ་སོགས་ཀྱིས་ཕྱོགས་མཚོན་ཙམ་ལས་ཇི་བཞིན་གཏན་ལ་ཕེབ་ཐུབ་པ་མ་བྱུང་ངོ༌། །སྤྱིར་ས་གཏེར་གྱི་གཙོ་བོ་རྗེ་བླ་མ་ཉིད་ལ་རྩ་གསུམ་བཀའ་འདུས། མཆོག་གླིང་དང་ཐུན་མོང་དུ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ། ཁོ་བོ་ལ་རྩ་གསུམ་དགོངས་འདུས་ཀྱི་བཀའ་བབས་མངའ་བ་ལས་རྩ་གསུམ་དགོངས་འདུས་ཀྱི་གཏེར་ཁ་ཤིང་ཁྱི་ལོར་དངོས་གྲུབ་ཏུ་ཐོབ་པ། སྤྱན་སྔར་གཟིགས་འབུལ་ཞུས་པ་དགྱེས་ཚོར་ཆེན་པོས་གདན་སོགས་སྔ་རྒྱུན་ལས་ལྷག་པའི་མངའ་གསོལ་མཛད། མཆོག་གྱུར་གླིང་པ་རྟེན་འབྲེལ་གྱི་ཐོག་མ་འཆུགས་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཤོག་སེར་འབེབ་མ་ཐུབ་པའང་ཁོང་གིས་དབུ་བཏོན་པ་ཡིན། ད་རེས་ཁྱོད་ཀྱི་གཏེར་ཁ་འདིའང་ཚང་མ་གཏན་ལ་འབེབ་ཐུབ་དགོས་པས་བརྡ་ཡིག་གི་རྒྱུས་ཡོད་དང་གྲོགས་དན་གཉིས་ཀ་མཛད་གསུངས་ནས་ཚོགས་སྐོང་གསོལ་འདེབས་གཟབ་རྒྱས་བཅས། ཆོས་སྡེ་ལ་མཛོད་ལྔར་བཞུགས་པའི་ལུང་གཏེར་གྱི་མཛོད་ཆེན་པོའི་དགོངས་འདུས་རྣམ་བཞིའི་ནང་ཚན་བླ་མ་དགོངས་འདུས་ཆོས་ཚན་ཐོ་བཀོད་གནང༌། རིག་འཛིན་མཆོག་སྒྲུབ་ཆོས་ཚན་བཞི་ཙམ་ཕྲན་དཔོན་སློབ་ཟུང་འབྲེལ་ནས་ལེགས་པར་གྲུབ་མཚམས་གཞན་རྐྱེན་ཞིག་ལ་བརྟེན་ནས་སྐུ་བསྙེལ་བས་འཕྲོས་ལུས། འདི་སྐོར་དག་སྣང་མང་དུ་འདུག་ཀྱང་འདིར་མ་བཀོད། དེ་ཕྱིན་འབེབ་ཇེ་དཀར་སོང་ཡང་རྗེ་ཉིད་ནས་ཁུར་ལེན་མཛད་པའི་ཐུགས་དགོངས་ཞལ་བཞེས་འགྱུར་མེད་གནང་བའི་མེ་བྱི་ཟླ་བ་བདུན་པའི་ཚེས་དྲུག་གི་ཐོ་རངས་འོད་གསལ་ངང༌། གངས་ཏི་སེ་ཡིན་ཟེར་བའི་ཤེལ་དཀར་མཆོད་རྟེན་དབྱིབས་བང་རིམ་བརྒྱད་པའི་སྟེང་དུ་ཕེབས། དེར་གཏེར་རྟགས་ཁ་ཅིག་ཡོད་པའི་བྲག་ཕུག་ཞིག་ཏུ་ཆོས་གོས་ལྷུང་བཟེད་ཕྱག་འཁར་བཅས་བཞུགས། བུད་མེད་འགའ་ཤས་དང་མཉམ་ཚོགས་འཁོར་ཞིག་མཛད་པར། ཤར་ཕྱོགས་ནས་ཉི་མ་ཞིག་ཤར། དེའི་ཟེར་ལ་འཇའ་འོད་མེ་ཏོག་གི་ཆར་བབས་པ་དང་ལྷན་ཅིག་ཨོ་རྒྱན་རིན་པོ་ཆེ་ཕེབས་ནས་མདུན་དུ་སྟེགས་ཞིག་ལ་བྱམས་བཞུགས་མཛད། ཟ་མ་ཏོག་ལྟ་བུའི་དམར་སེར་ཞིག་བསྣམས་ནས། འདི་རྒྱུད་ལུང་མན་ངག་ཆུ་བོ་བཞི་འདུས་པའི་དབང་ཡིན་གསུངས་ཏེ་གནས་གསུམ་དུ་བཞག །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་སོགས་སྔགས་རྣམས་གསུངས་མཐར་ཕྱག་ཏུ་གནང་བ་ཞུ་ལ་ཁད་ལྟ་བུའི་སྙི་ཉོར་ཉོར་ཞིག་འདུག་པ་ཞལ་དུ་བཞེས་པས་རོ་མངར་བ་ཞིག་གི་ཁུ་བས་སྐུ་ལུས་ཐམས་ཅད་གང་བའི་སྣང་བ་བྱུང༌། ད་ཚིག་བདུན་གསོལ་འདེབས་འབུམ་ཐེར་ཞིག་གྲུབ་པ་གྱིས་དང་ཨོ་རྒྱན་བབས་འོང་གསུངས་པའི་འཕྲོས་ལ་ཉམས་སད། དེ་ཉིན་ཕྲན་ལ་ཚིག་བདུན་འབུམ་ཐེར་དེ་འགྲུབ་པར་བྱས་ན་རྩ་གསུམ་དགོངས་འདུས་གཏན་ལ་འབེབ་ཐུབ་པ་ཞིག་ཡིན་འདྲ་གསུངས་ནས་གཏེར་སྒྲུབ་ཀྱི་ཚུལ་དུ་གནས་དང་འདོན་ལུགས་ལྗགས་བཀོད་ཞིབ་པར་བསྩལ་བ་བཞིན་སྒྲུབ་པའི་སྐབས་ཚིག་བདུན་སྒྲུབ་ཐབས་དེ་བྱུང་བ་རྗེའི་བཀའ་བཞིན་ཕལ་ཆེར་ཡི་གེར་བཀོད། དེ་ཕྱིན་རྗེ་ཉིད་ལ་མཇལ་མཁན་སོགས་ཇེ་མང་སོང་བའི་རྣམ་གཡེང་ཁོ་ནས་ཐུགས་ལྕོགས་པ་གཏན་ནས་མ་བྱུང་བས། ཡིད་ཆེས་དཔང་པོ་ཐུབ་པའི་རྡོ་རྗེའི་གསུང་དེ་འདྲ་ཞིག་མེད་ཕྱིན་རྟོག་པའི་འཆར་སྒོ་ཡི་གེར་བཀོད་པ་ལ་དགོས་ནུས་གང་ཡང་མ་མཆིས་ཤིང་གནས་དུས་ཀྱི་རྟེན་འབྲེལ་ཕལ་ཆེར་ཡང་ཡོལ་ཟིན་པས་ཁོ་བོའི་སྐལ་པའང་དེ་ཙམ་དུ་ཟད་དོ།།  །།གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་གྱི་བཀའ་བབས་བྱུང་བའི་ཚུལ་ནི། དགུང་གྲངས་བཞི་བཅུ་དོན་གྲུབ་ས་མོ་ལུག་གི་ལོར་སྐབས་ཤིག་མནལ་ལམ་དུ། གཏེར་ཆེན་སངས་རྒྱས་གླིང་པ་སྔགས་བཙུན་གྱི་ཆས་སྟོད་གོས་རྒྱ་ཁའི་སྟེང་སྐུ་གཟན་སྨུག་པོས་དཀྲིས་པ་ཞིག་མཇལ་བ་ལ། གུས་འདུད་བཅས་ཉིད་ཀྱི་རྫོགས་ཆེན་སྙིང་པོ་བསྡུས་པ་དེ་གནང་ཐུབ་པར་ཞུས་པས་ཕྱག་ཏུ་གླེགས་བམ་ཞིག་བསྣམས་ཏེ། རྫོགས་ཆེན་སྙིང་པོ་བསྡུས་པ་ལས་འདིའི་དགའ། འདི་ངེད་རང་གི་བསམ་ཡས་བྲག་སེང་གེའི་གདོང་ཅན་ནས་བཏོན་པའི་གཏེར་འབྱུང་ཆེན་མོ་ཡིན་གསུངས་ནས་ཕྱག་ཏུ་བསྩལ་བ་ཞལ་ཕྱེས་ནས་གཟིགས་པས་ཕྱེད་གཏེར་སྟོན་དེ་སྔ་བྱོན་ཟིན་པ་དང༌། ཕྱེད་ད་ལྟ་དང་འབྱུང་འགྱུར་རྣམས་ཀྱི་རྣམ་ཐར་དང་གཏེར་ཆོས་ཀྱི་རྣམ་གྲངས་ཞིབ་པར་སྣང་བ་སླར་པུསྟི་ཡར་ཕུལ་བ་ཕྱག་ཏུ་བཞེས་ནས་ཉིད་ཀྱི་དབུར་བཞག་སྟེ་བྱིན་རླབས་ཀྱི་ཚིག་འགའ་ཞིག་གསུངས་པའི་མཐར། གཏེར་སྟོན་གླེགས་བམ་དང་བཅས་པ་ཉིད་ལ་ཐིམ་པས་ཉིད་ཀྱི་སྐུ་གླེགས་བམ་དེར་སོང་བ་འདྲ་ཞིག་ལ་གཏེར་སྟོན་སྟོང་རྩ་ལྷག་པའི་ལོ་རྒྱུས་གཏེར་ཆོས་རྣམས་རེ་རེ་ནས་བཀྲ་ས་ལེར་གསལ་བ་ཞིག་བྱུང༌། དེ་ལས་སད་ནས་ཀྱང་ཞག་ཤས་དེ་ལྟར་ཐུགས་ལ་གསལ་ཞིང༌། ཕྱིས་སུའང་དགོངས་པ་ཆེད་དུ་གཏད་ན་ཞིབ་ཆ་མཁྱེན་པར་འདུག་གསུངས། གཏེར་རྙིང་དཔེ་ལུང་གཉིས་ཀ་མེད་རིགས་དང༌། དཔེ་རྒྱུན་ཡོད་ཀྱང་རྒྱུན་དཀོན་གྲས་རིགས་ལ་ཆེད་དུ་གསོལ་འདེབས་མཛད་པ་ན་གཏེར་སྟོན་དེ་དང་དེའི་ཡེ་ཤེས་ཀྱི་སྐུས་དབང་ལུང་བསྩལ་ཅིང༌། གཏེར་སྲུང་མཁའ་འགྲོ་རྣམས་ཀྱིས་ཡང་གཏེར་དུ་སྦས་པའི་ཤོག་སེར་དང་རྟེན་དང་དམ་རྫས་ཕུལ་བ་ནི་མངོན་སུམ་གྲུབ་པར་སྣང༌། དེ་ལས་ཐོག་མའི་སྐབས་ཤིག་གཏེར་སྟོན་སངས་རྒྱས་བླ་མ་སྔགས་བཙུན་ཆས་སྟོད་གོས་སེར་པོའི་སྟེང་མནབ་གཟན་རྒྱ་སྨུག་དཀྲིས་པ་ཞིག་དངོས་སུ་བྱོན་ནས་ཁོང་གི་གཏེར་ཆོས་རྩ་གསུམ་དངོས་གྲུབ་བརྟན་གཟིགས་ཡིན་གསུངས་ཆོས་ཚན་ཉེར་གཅིག་པའི་བྱིན་རླབས་བསྩལ། ཆོས་སྐོར་དེ་ཉིད་བརྡ་ཡིག་ཏུ་བཀོད་པར་མཛད་པ་དངོས་གཞི་གཏན་ལ་ཕབ་པ་མ་བྱུང་ཡང་མདོར་དྲིལ་ཉམས་ལེན་རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བྱང་དང་གཏོར་དབང་ཙམ་མཛད་པར་སྣང༌། གུ་རུ་རིན་པོ་ཆེས་གཡོ་རུ་ཁྲ་འབྲུག་ཏུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་འཁོར་བསྐོར་བའི་སྐབས་སུ་ལྷ་ལྕམ་མནྡཱ་རཿབས་མ་འོངས་པའི་གདུལ་བྱ་ལ་དགོངས་པས་གསོལ་བ་བཏབ་པའི་ངོར་བསྩལ་པ། ཟབ་པ་དང་རྒྱ་ཆེ་བའི་དགོངས་པའི་གནད་གཅིག་ཏུ་དྲིལ་བ། ཚིག་ཉུང་ལ་དོན་འདུས་པ། ཉམས་ལེན་བདེ་ལ་བྱིན་རླབས་ཆེ་བ། བཀའ་འདུས་སྙིང་པོའི་ཡང་བཅུད་བླ་མ་བསྟན་གཉིས་སྐུ་གསུམ་བདེ་གཤེགས་འདུས་པའི་ཟབ་ཏིག་མཐོང་བ་རང་གྲོལ་གྱི་གདམས་སྐོར། བལ་བོད་མཚམས་པུརྞ་རྫ་རིའི་ཤར་ཕྱོགས་ཀྱི་ཕ་ཝཾ་དགའ་བ་འཁྱིལ་བ་འདྲ་བར་གཏེར་དུ་སྦས་པ་རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོས་སྤྱན་དྲངས་ནས་སླར་ལྡབ་གཏེར་དུ་སྦས་པ། གཏེར་སྲུང་མཁའ་འགྲོས་ཤོག་སེར་ཕྱག་ཏུ་ཕུལ་བ་ལ་ལེའུ་བརྒྱད་བཞུགས་པའི་ལེའུ་དྲུག་ཡན་གཏན་ལ་ཕབ། གཏེར་སྒྲུབ་ཅུང་ཟད་མཛད་པས་གཏེར་སྟོན་ཉིད་ཀྱིས་བྱིན་རླབས་ཀྱང་བསྩལ། དོན་དབང་དང་ཕབ་ཟིན་པའི་ལུང་བཀའ་དྲིན་དུ་བསྩལ་བ་ཐོབ། པདྨ་སཾ་བྷ་ཝས་མཆིམས་ཕུ་ལ་སོགས་པའི་སྒྲུབ་གནས་རྣམས་སུ་རྒྱལ་སྲས་ལྷ་རྗེ་གཙོས་རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་བླ་རྫོགས་ཐུགས་གསུམ་གཅིག་དྲིལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའམ་པདྨ་རྒྱལ་པོའི་ཆོས་སྐོར་ལ་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཡང་བཅུད་བཞིར་བཞུགས་པ་ལས། ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ཆོས་སྡེ་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་སྦས་པ། གཏེར་སྟོན་ཉི་མ་སེང་གེས་བཏོན་ཀྱང་ཡུམ་དང་གྲྭ་འཁོར་གྱིས་ཐུགས་སུན་ཕྱུང་པའི་རྐྱེན་གྱིས་འགྲོ་དོན་བརྟུལ་བས་སླར་ཡང་གཏེར་དུ་སྦས་པ། རབ་ཚེས་དང་པོ་མེ་ཡོས་ཟླ་བ་ལྔ་པའི་དམར་ཕྱོགས་ཀྱི་ཚེས་བཅུའི་ནུབ་ཞིང་སྐྱེས་དབང་གི་མཁའ་འགྲོ་ཙཎྜི་ཀས་ཤོག་སེར་སྒྲིལ་ཁ་ཆུང་ངུ་ཞིག་ཕྱག་ཏུ་ཕུལ་བ་ལོ་སྐོར་གཅིག་ཏུ་གསང་བའི་རྒྱས་བཏབ། ཕྱིས་ས་ཡོས་ལོའི་སོས་ཀར་སྔར་གྱི་མཁའ་འགྲོས་ཤོག་སེར་འབེབ་པར་བསྐུལ་བ་དང༌། ཉམས་ཀྱི་སྣང་ཆར་གཡོ་རུ་ཁྲ་འབྲུག་གི་ཁྱམས་སྟོད་ཨོ་རྒྱན་ལྷ་ཁང་དུ་ཕེབས། སྐུ་ཚབ་ཉིད་གུ་རུ་རིན་པོ་ཆེ་དངོས་སུ་གྱུར་ནས་བཀའ་འདུས་སྒྲུབ་ཆེན་སྟེགས་བུའི་ཁར་དཀྱིལ་འཁོར་དབང་རྫས་རྣམས་སྐད་ཅིག་གི་སྤྲུལ་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བའི་ཉམས་དེ་ལས་སད་པ་ན། བརྡ་ཡིག་གི་ཚིག་དོན་ཐམས་ཅད་བཀྲ་ལམ་གྱིས་གསལ་བ་ལྟར་གུ་རུ་རིན་པོ་ཆེ་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་གཏན་ལ་ཕབ་པས་ཉིན་ཞག་གཉིས་ལ་རྩོལ་མེད་གྲུབ་ནས་ཐུགས་ཉམས་སུའང་བཞེས་ཤིང་འཆད་སྤེལ་མཛད། གུ་རུ་རིན་པོ་ཆེ་བྲག་དམར་ཟན་ཡངས་སུ་བཞུགས་པའི་ཚེ་རྗེ་འབངས་གྲོགས་ལྔ་དང༌། ཞང་བློན་རྡོ་རྗེ་སྤྲེལ་ཆུང་བཅས་ཀྱིས་ཞུས་པའི་ངོར་རྣལ་འབྱོར་མ་རྒྱུད་པདྨ་གར་དབང་གི་མཁའ་འགྲོའི་རྟོག་པ་ལས་ཕྱུང་སྟེ་བསྩལ་པ་པདྨ་མཁའ་འགྲོའི་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པ་རྣམས་ལ། ཟབ་པ་དང་རྒྱ་ཆེ་བ་དང་སྙིང་པོའི་ཚུལ་གྱིས་གདམས་ངག་འདྲ་མིན་གསུམ་དུ་བསྡུས་ནས་གཏེར་གནས་གསུམ་དུ་སྦས་པ་རྣམས་གཏེར་སྟོན་སོ་སོས་བཏོན། ཤིན་ཏུ་ཟབ་ཅིང་འདྲིལ་བ་གསང་སྒྲུབ་ལྷ་ལྔའི་གདམས་སྐོར་གཙང་རོང་ཆེན་གྱི་ཉིན་མོའི་སྟོད་ཕྱོགས་བྲག་དམར་ཟླ་གམ་འདྲ་བའི་ཕུག་པའི་སྒོར་སྦས་པ། རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་གཏེར་ནས་བཞེས་པ་མཁའ་འགྲོ་མ་རིག་བྱེད་རྩལ་ཞེས་གྲགས་པའི་དབང་ལུང་གི་རྒྱུན་གནས་གསར་འཇམ་དབྱངས་མཁྱེན་བརྩེ་དང་ཞིག་པོ་གླིང་པ་རྣམས་ཀྱིས་ཀྱང་གསན་ཐོར་འཁོད་རུང༌། ཕྱིས་འདིར་དཔེ་ལུང་གཉིས་ཀའི་རྒྱུན་མི་བཞུགས་པ་ལ་རབ་ཚེས་ལྕགས་འབྲུག་ལོར་ཆོས་བདག་མཁའ་འགྲོས་དཔེ་རྙིང་དངོས་སུ་ཕུལ། ཨོ་རྒྱན་རིན་པོ་ཆེ་དང་ལོ་ཆེན་བཻ་རོ་གཉིས་ཀས་སྨིན་གྲོལ་གྱི་གདམས་པས་བྱིན་རླབས་བསྩལ་ཏེ་བུ་དཔེ་རྒྱས་པར་བཀོད། ལོ་དེའི་ས་ག་ཟླ་བར་ཅུང་ཟད་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་མངོན་རྟོགས་ཀྱང་གསལ་བར་བྱུང་གསུངས། ས་རྟ་ལོའི་སྐབས་ཤིག་ཡར་རྗེ་ཨོ་རྒྱན་གླིང་པ་སྔགས་པ་རྙིང་པ་པད་ཞྭ་ཅན་དངོས་སུ་བྱོན་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཚོམ་བུ་ཉེར་གཅིག་པ་སྙིང་པོ་བཅུད་དྲིལ་གྱི་གདམས་པ་བསྩལ་པ་གཏན་ལ་ཕབ་སྟེ་རིམ་པར་ཐུགས་ཉམས་སུ་བཞེས་པས་བར་ཆད་ཀྱི་གཡུལ་ལས་རྒྱལ། ཆོས་འདི་མཐའ་དམག་སོགས་ནག་ཕྱོགས་གདུག་པའི་ཚོགས་ཀྱི་གཉེན་པོ་གཅིག་ཏུ་གྱུར་པའི་སྟབས་ཐོག་མར་གླེགས་བམ་ཞལ་ཕྱེ་བ་ཙམ་ལའང་འཚུབས་ཆེན་པོ་རེ་འབྱུང་བར་འདུག་གསུངས། སྐུ་ཚེ་འདིར་མངོན་སྤྱོད་ཀྱི་ཕྲིན་ལས་ཕྲ་མོ་ཙམ་ཡང་མཛད་མ་མྱོང་ཡང་ཆོས་འདིའི་བྱིན་རླབས་ཤུགས་འབྱུང་གི་ཚུལ་དུ། ཉག་དཔོན་པའི་དུས་ཟིང་གིས་མདོ་ཁམས་པ་ཐམས་ཅད་སྡུག་བསྔལ་ལ་སྦྱོར་སྐབས་ཆུ་ཕག་ཟླ་བ་གཉིས་པའི་ཚེས་ཉེར་ལྔའི་ནུབ་མནལ་ལྟས་སུ། མདུན་དུ་ལྕགས་སླང་ཞིག་གི་ནང་ལིང་ཆུང་བཞི་བཅུ་རྩ་བཞི་སོ་སོའི་སྙིང་གར་སྟག་མའི་ལོ་མ་ལ་ཨེ་ནྲྀ་ཏྲི་ཛཿཁྲག་གིས་བྲིས་པ་རེ་རེ་བསླན་པ་བཀོད་འདུག །དེར་མི་བརྗིད་ཅན་ཞིག་གིས་དང་པོའི་འཁྲུགས་པ་འདི་ལ་དམག་དཔོན་ཆེ་ཁག་མིང་ཐོགས་བཞི་བཅུ་ཞེ་བཞི་ཡོད། དེ་རེ་རེ་ལ་སྐྱོབ་པའི་ལྷ་ཞེ་བཞི། རྗེས་འབྲང་གི་དམ་སྲི་ཞེ་བཞི་ཡོད་པས་དཀར་ཕྱོགས་དར་ན་རྒྱལ་ཁམས་སུ་བདེ་འཇགས་ཅུང་ཟད་ཀྱི་རྒྱུར་འགྱུར་སྲིད་ཀྱང༌། ནག་ཕྱོགས་དར་ན་ཕུང་ཁྲོལ་ཚབ་ཇེ་ཆེར་འགྱུར་བས་དམ་སྲི་འདི་རྣམས་བསྒྲལ་དགོས་ཞེས་ནན་གྱིས་བཏུད་ནས་ཟེར་འདུག་པ་ལ། རྗེ་ཉིད་ནས་ཀྱང་ཅི་དྲན་མེད་པ་ལ་ཐོག་མར་གུར་དྲག་གི་སྒོམ་བཟླས་ཤིག་མཛད་མུར་དཔལ་མགོན་མ་ནིང་གི་སྐུར་དངོས་སུ་གྱུར་འདུག །དེའང་གནས་གྱུར་ནས་ཀུན་ཐུབ་རྒྱལ་མོ་སྐུ་མི་ཚད་ལས་འདས་པ་ཞིག་ཏུ་སོང་འདུག་པས་དམིགས་པའི་སྦྱོར་བས་དགུག་བསྟིམ་རེ་རེ་མཛད་པ་ན། དམ་སྲི་གཟིག་སོགས་གཅན་གཟན། སྡིག་སྦྲུལ་སོགས་ཀླུ་ནོར། ཁྲ་གླག་སོགས་འདབ་ཆགས་ཤ་ཟན་འཇིགས་རུང་གི་མགོ་ཅན་གྲངས་མེད་པ་བཀུག་ནས་ལིང་ཆུང་ལ་བསྟིམས་པས་རེ་རེ་བཞིན་ཚད་ལས་འདས་པའི་གཟུགས་བརྙན་ཆེན་པོ་སྲོག་དང་བཅས་པར་གྱུར་པ་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ། ཁྲག་གི་རྒྱུན་འོད་ཆུ་ལྟར་བབ། དེ་དག་གི་ཤ་ཟོས། ཁྲང་འཐུང་བ་སོགས་ལྷག་མེད་དུ་བྱས། དེ་འདྲ་རེ་རེ་བཞིན་བགྱིས་པའི་གྲངས་ཉེར་བཞི་རྫོགས་མཚམས་མནལ་སད། དངོས་སུའང་ཁྲག་དྲི་སྣོམ་པ་སོགས་བྱུང་འདུག །དེ་རྗེས་ངོས་གཟུང་མེད་པའི་བསྙུན་ཁམས་ཀྱིས་གསུང་འགག་པ་སོགས་ཀྱང་བྱུང་འདུག་པས། དེ་སྐབས་བསྟན་པའི་རིམ་གྲོ་འདོན་བྱ་སོགས་སྒྲུབ་མཁན་མང་འདུག་ཀྱང་དོན་དུ་རྗེ་འདི་ཉིད་ཀྱི་ཐུགས་རྗེས་ནག་ཕྱོགས་གདུག་པའི་ཚ་ངར་ཕྱེད་ཙམ་ཞི་ནས་རྒྱལ་ཁམས་སུ་བདེ་སྐྱིད་སྤྲིན་བར་གྱི་ཉི་མ་ཙམ་བརྡོལ་བར་མངོན་ནོ། །གུ་རུ་རིན་པོ་ཆེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཐུགས་དམ་སྙིང་པོར་བསྩལ་བ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་གདམས་སྐོར་ཨེ་གཟར་མོ་ལུང་གི་ཕུག་པར་སྦས་པ། ཇོ་མོ་སྨན་མོ་པདྨ་མཚོ་སྐྱིད་ལ་མཁའ་འགྲོ་རྣམས་ཀྱིས་གཏེར་དཔེ་དངོས་སུ་སྤྲད་ཀྱང་རང་གི་ཐུགས་ཉམས་སུ་བཞེས་པ་ཙམ་ལས་གཞན་ལ་སྤེལ་བའི་སྐབས་སུ་མ་བབས་པས་སླར་ལྡབ་གཏེར་དུ་སྦས། ཇོ་མོ་ཉིད་དབུས་གཙང་གི་རྒྱལ་ཁམས་རྣམས་ཉུལ་ནས་ཕེབས་པའི་སྐབས་ལྷོ་བྲག་ཏུ་གུ་རུ་ཆོས་དབང་དང་མཇལ་བས་སྨིན་གྲོལ་གྱི་གདམས་པས་རྗེས་སུ་བཟུང༌། གསང་བའི་ལས་རྒྱར་བསྟེན་པས་ཡེ་ཤེས་ཀྱི་རྩ་མདུད་གྲོལ་ཏེ་བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་སྔར་མ་ཁྲོལ་བའང་གཏན་ལ་འབེབ་ཐུབ་པ་སོགས་བྱུང་བས་གཟུངས་མའི་གཙོ་མོར་གྱུར། ཕྱིས་འདིར་རྗེ་ཉིད་ཆོས་དབང་རིན་པོ་ཆེའི་དུས་ཀྱི་བག་ཆགས་ཤིན་ཏུ་གསལ་བ་དང༌། སྔོན་གྱི་རྟེན་འབྲེལ་ལས་ཡེ་ཤེས་མཚོ་རྒྱལ་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་སྣང་བའི་ཇོ་མོ་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་ཡེ་ཤེས་ཀྱི་བྷ་སནྟའི་སྒོ་འབྱེད་པ་དང༌། གཏེར་སྲུང་གིས་གཏེར་དཔེ་སྤྱན་ལམ་དུ་ཕབ་པས་དགོངས་པ་ནམ་གཏད་སྤྱན་ལམ་དུ་བརྡ་ཡིག་རྩོལ་མེད་དུ་འཆར་བར་སྣང་བས་མདོས་སྐོང་དང་སྒྲུབ་པའི་ཁོག་དབུབ་མ་གཏོགས་ཆོས་སྡེ་གཞན་ཚང་བར་གཏན་ལ་ཕབ་པར་མཛད་པ། ཆོས་སྡེ་འདི་ནི་དེང་སང་གི་སྔགས་སྒོར་ཞུགས་པ་ཀུན་ལ་ཤིན་ཏུ་གལ་གནད་ཆེ་བར་འདུག་སྟེ། གཞུང་གི་ལུང་བྱང་ལས། སྔོན་ཚེ་འོག་མིན་གསང་ཆེན་ཞིང༔ ཡེ་ཤེས་རང་སྣང་ཕོ་བྲང་དུ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོར་བཞེངས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ དུས་གསུམ་དུས་མེད་རྟག་ཏུ་གསུངས༔ བར་དུ་མཁའ་འགྲོ་འདུ་བའི་གླིང༔ ཨོ་རྒྱན་རང་བྱུང་དུར་ཁྲོད་དུ༔ བཅོམ་ལྡན་བཛྲ་བྷ་ར་ཧེས༔ པདྨ་ཐོད་ཕྲེང་བདག་ཉིད་ལ༔ རྒྱུད་ལུང་མན་ངག་གསང་བའི་མཛོད༔ སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ༔ ད་ལྟ་དོན་གྱི་རྣལ་འབྱོར་མ༔ བཀའ་ཡི་སྡུད་པོ་མཚོ་རྒྱལ་ལྕམ༔ དྷཱ་ཀི་འབུམ་གྱི་ཚོགས་བཅས་ལ༔ བོད་ཡུལ་གྲུབ་པའི་གནས་ཀྱི་མཐིལ༔ དབང་ཆེན་དགྱེས་པའི་ཕོ་བྲང་དུ༔ བདག་ཉིད་མཚོ་སྐྱེས་རྡོ་རྗེ་ཡིས༔ རྡོ་རྗེ་ཕག་མོའི་གསང་བ་ཆེ༔ རྒྱུད་ཀྱི་དགོངས་པ་སྙིང་པོར་དྲིལ༔ ལུང་གི་ངེས་པས་གཏན་ལ་ཕབ༔ མན་ངག་ལག་ལེན་དམར་ཁྲིད་དུ༔ ཐུགས་ཀྱི་ཉིང་ཁུ་བརྣག་པ་བྱིན༔ རང་རང་ཉམས་ལེན་མཐར་དབྱུང་ལ༔ རིན་ཆེན་ས་ཡི་སྙིང་པོར་སྦོས༔ ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་མ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མིན་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ ཞེས་བཀའ་བསྩལ་པ་ལྟར་རོ། །གུ་རུ་རིན་པོ་ཆེ་ཉིད་ངོ་བོ་དཔལ་ཆེ་མཆོག་ཧེ་རུ་ཀཿདང་རྣམ་དབྱེར་མེད་ཀྱང་གདུལ་བྱ་དྲང་བའི་སླད་དུ་རྡོ་རྗེ་བདུད་རྩིའི་གྲུབ་བརྙེས་སློབ་དཔོན་བདུད་རྩི་གསང་བ་ལས་གདམས་ངག་ཡོངས་རྫོགས་གསན་པའི་ཚུལ་བསྟན། བོད་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་བདུད་རྩི་ཡོན་ཏན་གྱི་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཐིག་ཟབ་མོ་ཏིང་ངེ་འཛིན་བདུན་གྱི་རིམ་པར་ཕྱེ་བའི་གཞུང་ཉིད་ཡར་ལུང་བསམ་འགྲུབ་ཤེལ་གྱི་བྲག་ཕུག་ཏུ་བསྒྱུར་ཏུ་བསྩལ་ཅིང༌། ཆོས་རྒྱལ་ཡབ་སྲས་སོགས་འདུས་པ་རྣམས་ལ་སྨིན་གྲོལ་བསྩལ། དཔེ་རྒྱུད་པདྨ་བརྩེགས་པའི་ཕུག་པར་རྒྱས་བཏབ་པ་ཕྱིས་ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོས་སྤྱན་དྲངས་ཏེ་ཐུགས་ཉམས་སུ་བཞེས། སླར་རྡོ་རྗེའི་ལུང་དོན་བཞིན་རང་གནས་སུ་སྦས་པར་མཛད་པ། རྗེ་ཉིད་དགུང་གྲངས་ང་བདུན་མེ་བྱི་ཟླ་བ་དང་པོའི་ཡར་ཚེས་སྐབས་ཀྱི་ཐོ་རངས་ཤིག་ཏུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ཉིད་ཞིང་སྐྱེས་ཀྱི་མཁའ་འགྲོར་རྣམ་པར་འཕྲུལ་པས། གདམས་པ་འདིའི་གཏེར་དཔེ་ཏཱ་ལའི་ལོ་མར་ནག་ར་དང་བརྡ་ཡིག་འདྲེས་མར་བྲིས་པ་ཕྱག་ཏུ་ཕུལ་ཏེ་ལོ་རྒྱུས་རྒྱས་པར་ཞུས། དེ་རྗེས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ཡང་ཡང་མཛད་པས་སྣྲོན་ཟླའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་བར་པདྨ་འོད་ཀྱི་གཞལ་མེད་ཁང་དུ་གུ་རུ་རིན་པོ་ཆེ་འཁོར་དང་བཅས་པས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང་གདམས་ངག་གཅིག་རྫོགས་སུ་བསྩལ། ལས་ཀྱི་རྡོ་རྗེ་གཉགས་ལོ་ཆེན་པོའི་ཞལ་ནས་འདི་ཉིད་བདུད་རྩི་ཡོན་ཏན་གྱི་བཀའི་གཙོ་བོ་ཡིན་ཞིང་ད་དུང་སྨན་གྱི་རྫོང་འཕྲང་ཆེན་མོའི་བཀའ་བབས་ཡོད་ཚུལ་གྱི་ལུང་བསྟན་ཡང་མཛད། དེ་ནས་བཟུང་སྟེ་གཏེར་ཤོག་ཏུ་གང་བཞུགས་པའི་ཚིག་དོན་ཐམས་ཅད་སྒྲིབ་ཐོགས་མེད་པར་ཐུགས་ལ་ལམ་མེར་ཆུབ་པས་ཆོས་སྐོར་ཡོངས་རྫོགས་མིག་འཕྲུལ་ལྟ་བུའི་ཆོ་འཕྲུལ་ཆེན་པོ་ངོ་མཚར་བའི་བཀོད་པས་གཏན་ལ་ཕབ་ནས་ཁོ་བོ་ཅག་ལ་སྐལ་ལྡན་དུ་དབུགས་དབྱུང་ཞིང་དབང་ཁྲིད་གདམས་ངག་ཐམས་ཅད་བཀའ་དྲིན་དུ་བསྩལ། འདིའི་དབང་སྐུར་ཁོ་བོས་ཆེད་དུ་ཞུས་པའི་སྟ་གོན་ནུབ་མོར། རྗེ་བླ་མ་ཉིད་རི་རོང་དོག་པོ་ཞིག་ཏུ་ཕེབས། མི་ཞིག་ལ་ས་ཆ་འདི་གར་རེད་དྲིས་པས་སོ་མ་པུ་རིའི་ཉེ་སྐོར་རེད་ཟེར། དེ་ནས་ཡར་བྱོན་པས་ཐང་ཅུང་ཡངས་པ་ཞིག་ཏུ་ཕེབས་པས། མི་དེས་སོ་མ་པུ་རི་ཡ་ཀི་རེད་ཟེར། རི་ཤིན་ཏུ་གཟར་ཞིང་མཐོ་བའི་རྩེ་མོར་བྲག་དཀར་འདྲ་ཞིག་སྣང༌། དེར་འཛེག་པས་ཡུད་ཀྱིས་ཕྱིན་པ་ན་ཁང་པ་རྩག་མཐོ་ཞིག་སྣང་བའི་ནང་དུ་ཕེབས་པའི་རྩག་མང་པོ་ཞིག་བགྲོད། ད་རུང་སྟེང་དུ་རྩག་གཉིས་ཡོད་སྙམ། བར་སྣང་དུ་སླེབས་པ་ལྟ་བུ་མཐོ་བའི་ནང་དུ་ཁྲི་སྟན་ཞིག་འདུག་པ་ཉིད་ཀྱི་ཡིན་སྙམ་གྱིས་དེར་བཞུགས། དེར་རི་ཆེའི་ཕྱག་མཛོད་ལྟ་བུ་ཞིག་འདུག་པ་ལ་འདི་ན་ཤིན་ཏུ་གནད་ཆེ་བའི་རྟེན་ཅི་འདྲ་ཡོད་ཅེས་དྲིས་པར། འདི་ཡི་རྟེན་གྱི་གཙོ་བོ་འདི་ཡིན་ཞེས་ཕུགས་ལོགས་སུ་སྒམ་ཞིག་འདུག་པ་ལ་མཛུབ་མོ་བཙུགས། དེ་ན་ཅི་འདྲ་ཡོད་དྲིས་པས། རྒྱལ་པོ་ཛཿལས་བཀའ་བབས་ཆུ་བོ་བཞིའི་དབང་གི་ཆུ་རྒྱུན་མ་ཆད་པ་ཡོད་ཟེར། དེར་ངེད་རང་ད་ལྟའི་ཆ་བྱད་ལྟར་འདུག་པས་སྒམ་དེ་ཕྱེས་སོང་བ་འདི་གང་ཡིན་གྱིས་ལྟ་ཕོད་ས་མི་འདུག་ཟེར། ཉིད་ཕེབས་པས་དེ་ནང་ཁྲོན་པ་གཏིང་མེད་པ་འདྲ་བ་ལ། བར་དན་དུ་ཆང་བུམ་ལྟ་བུའི་ལྗང་གུ་ཆེ་ལེགས་ཤིག་འདུག་པ་ན་ཉིད་སྔར་མལ་བཞུགས། ངེད་ཀྱིས་དེ་དྲངས་བྱུང་བ་ཤིན་ཏུ་ཕྲ་བའི་བ་ཐག་གིས་སྦྲེལ་བ་ལྟ་བུའི་ངང༌། དེ་ནང་ནས་བུམ་ཆུ་དཀར་ཤས་ཅན་ཞིག་ཕྱག་ཏུ་བླུགས་བྱུང་བ་དེ་བཞེས་པས་སྐུ་ལུས་ཀྱི་ནང་ཐམས་ཅད་གང༌། བདེ་བ་སྐྱེས། ཆང་བཟི་ལྟ་བུའི་རྣམ་འགྱུར་དང༌། རྟོག་མེད་ཀྱི་ཉམས་འཆར། སླར་ངེད་ལ་གནང་བ་ངེད་རང་ཡང་ཉིད་ལ་སྐྱེས་པའི་ཉམས་དེ་ཤར་སོང༌། མི་དེས་ད་རེས་སྐུ་ཞབས་རྣམ་པ་ཚོ་ཞལ་འཛོམ། དབང་བུམ་གདན་དྲངས། སྐལ་པ་ཤིན་ཏུ་བཟང་པས་ང་རང་ལའང་གནང་བར་ཞུ་ཟེར་བས་ལག་ཏུ་བླུགས་པས་འཐུང་སོང་བ་དེ་ལའང་ཉམས་དེ་སྐྱེས་སོང༌། དེ་ན་རེ། ད་རེས་རྣམ་པ་ཚོ་ལ་བུམ་ཆུས་སྐུ་ལུས་གང་བ་བུམ་དབང༌། བདེ་བ་གསང་དབང༌། ཆང་བཟི་ལྟ་བུ་ཤེར་དབང༌། རྟོག་མེད་ཀྱི་ཉམས་སྐྱེས་པ་བཞི་པ་ཡིན་ཟེར་ནས་ནམ་མཁར་འཕགས་པ་མཁའ་འགྲོ་མ་དམར་མོ་རུས་རྒྱན་ཅན་ཞིག་ཏུ་གནས་གྱུར་སོང༌། དེར་ཐུགས་དགོངས་ལ། མི་དེ་རྒྱལ་པོ་ཛཿ མཁའ་འགྲོ་འདི་ལས་ཀྱི་དབང་མོ་ཆེ་ཡིན་དགོངས་པ་བྱུང་གསུངས། གོང་གི་ལུང་བསྟན་བཞིན་རོང་སྨན་ཉི་མ་འོད་གསལ་གྱིས་ཡར་འབྲོག་གི་རྫ་རོང་བྷི་ནས་སྤྱན་དྲངས་པའི་སྨན་གྱི་རྫོང་འཕྲང་ཆེན་མོའི་སྙིང་པོ་བསྡུས་པའི་སྨན་གྱི་རྫོང་འཕྲང་སྙིང་ཐིག་ཅེས་ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་སྒེར་སྒྲུབ་འབྲེལ་བའི་སྨན་གྱི་ཆོས་སྡེ་ངོ་མཚར་བ་ཞིག་ཀྱང་བཞུགས་པར་སྣང་མོད། གཏན་ལ་འབེབ་གྲུབ་པ་ནི་མ་བྱུང༌། ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་ཆོས་སྐོར་ནི། སྔོན་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོའི་སྨལ་པོ་ཟླ་བའི་ཚེས་བཅུར་དཔལ་གྱི་བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་ནས་གནུབས་ཆེན་པོའི་རྣམ་འཕྲུལ་སྐྱེས་མཐའི་བྱང་སེམས་ཨོ་རྒྱན་དྲི་མེད་ཀུན་དགས་གདན་དྲངས། བླ་རྫོགས་ཐུགས་གསུམ་རྒྱ་ཆེ་བའི་སྐོར་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་བརྟེན་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། སྙིང་པོ་འདི་ཉིད་ལུང་བྱང་ལྟར་ཐུགས་ཉམས་སུ་བཞེས་ཏེ་གཞན་ལ་མ་སྤེལ་བར་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ། རྗེ་ཉིད་ལ་འགྲོ་འདུལ་འཕགས་པའི་ཐུགས་ཏིག་དང་ལྷན་ཅིག་གཏེར་སྲུང་མཁའ་འགྲོ་མས་དངོས་སུ་ཕུལ་བ་རིང་དུ་གསང་རྒྱས་བཏབ། རབ་ཚེས་མེ་མོ་གླང་ལོར་མནལ་ལམ་དུ་ཁང་པ་ཞིག་ཏུ་ཕེབས་པར། ཕུགས་དེར་ཞེ་ཆེན་དབོན་སྤྲུལ་ཉིད་གོས་སྐྱ་ཞིག་མནབས་ནས་བསྙེལ་བའི་ཚུལ་མཛད་ནས་བཞུགས་པའི་སྐུ་དྲུང་དུ་ཕེབས་པར་འདིར་མ་བྱོན། ངེད་རང་ཡང་མོ་དགའ་ཆེས་པས་མི་ལོ་བ་མང་པོ་བྱུང༌། རྒྱ་ནད་ཅིག་འགོས་ནས་ཁོག་སྨད་རུལ་ཡོད། དྲི་ངན་བྲོ་བས་ཞེ་ལྡོག་གསུངས་པ་དང་དྲི་ངན་ཡང་བྲོ་བ་སྙམ་བྱེད། ཅུང་ཕྱིར་གྱེད་པས་ད་ཅུང་ཟད་བཞུགས་དང་ཁ་ད་ཞིག་བྱེད་གསུངས། དེར་བཞུགས་པ་དང་དེང་སང་ཀོང་སྤྲུལ་ཁྱེད་གཉིས་ནས་གཏེར་ཆོས་རྒྱུན་ཡོད་མེད་སྣ་ཚོགས་འཆད་སྤེལ་བྱེད་པ་རེད་དེ། ངེད་ཀྱིས་དེ་དུས་ཀར་གླིང་ཞི་ཁྲོའི་བཏགས་གྲོལ་སྔགས་ལ་ཞུ་དག་བྱེད་རྩིས་བྱས་པ་དབང་ཕྱུག་ཉེར་བརྒྱད་ཀྱིས་སྲོག་དེའུ་བཅད་བྱས་པ་ཡིན། ཕོད་ལེ་ཨེ་རེད་གསུངས་པར། གསར་མ་འདྲ་ཡིན་ན་རྒྱུན་ཡོད་ངེས་པ་ཞིག་ལས་ཤྭ་ལོ་ཀའང་འཆད་སྲོལ་མེད། ཁྱེད་རང་རྙིང་མ་བ་རྣམས་ཀྱིས་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མང་དུ་འདྲེན་སྲོལ་འདུག་པ་བཞིན་ངེད་གཉིས་ནས་ཀྱང་ཚིག་བརྒྱུད་ཅི་ཐོབ་བྱས་པས་ཚིག་བརྒྱུད་མེད་པ་ཆེར་མེད། རྒྱུན་དཀོན་ཁ་ཤས་ཉམས་རྨིས་སོགས་ཐོབ་ངེས་མ་གཏོགས་གཏན་ནས་ཁུངས་མེད་འཆད་སྤེལ་བྱེད་ཀྱི་མེད་གསུངས་པར། ཨ་ཅང་ལོས་ཆོག །ཁྱེད་རང་གཉིས་གཏེར་ཆོས་རྣམས་ཀྱི་བདག་པོ་ཡིན་འདུག་པས་དེ་རྣམས་ལེགས་པོ་རེད་ཀྱང༌། ཇོ་མོ་སྨན་མོ་ཟེར་བའི་གཞང་འཚོང་མ་དེ་དང༌། ར་མོ་ཤེལ་སྨན་ལྷ་རྗེ་སྐྱ་ཐོ་བ་དེ་རིགས་ཀྱི་གཏེར་ཆོས་ལ་རྩ་བ་བྱེད་དུས། ང་དྲི་མེད་ཀུན་དགའ་ཡིན་པས་དེའི་བླ་རྫོགས་ཐུགས་གསུམ་ཤོག་སེར་དེ་གལ་ཆུང་དུ་བསྐྱུར་བ་དེ་མ་རེད་གསུངས། དེར་དྲི་མེད་ཀུན་དགའི་གཏེར་ཆོས་ཤོག་སེར་ཞིག་སྔ་མོ་ནས་ལག་ཏུ་བྱུང་ཡང་འབེབ་རྒྱུ་སོགས་མ་བྱུང༌། ད་རེས་ཉིད་ཀྱིས་དབང་ལུང་ཞིག་མཛད་རོག་ཞུས་ནས་ཤོག་སེར་དེའང་བསྒྲིལ་ཁ་ཆེན་པོ་ཞིག་ཕྱག་ཏུ་བཞུགས་སྣང་འདུག་པས་ཕྱག་ཁར་ཕུལ་བ། ཁྱེད་རང་རྣམས་སློབ་དཔོན་པདྨ་དང༌། ཡུ་བུ་རྣམས་ཀྱི་གཅེས་ལོ་མ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་དགོས་ཚད་ཐམས་ཅད་གནང་དུས་དེས་མ་ཆོག་པ་ཅི་ཡོད་གསུངས། ནན་གྱིས་ཞུས་པར་དེ་མ་ཐག་རྣལ་འབྱོར་པ་རལ་པ་སྐུ་རྒྱབ་ནས་གཙུག་ཏོར་དུ་དཀྲིས་པ། ནང་གོས་དཀར་པོ། དེ་སྟེང་དབང་གོས། མནབ་གཟན་ཅན་ཟིལ་ཆེ་བ་ཞིག་ཏུ་གནས་འགྱུར་ནས་བར་སྣང་ལ་འཕགས་ཏེ། ཤོག་སེར་ཐོག་ནས་དབང་ལུང་དང་སྤྱི་བོར་བཞག་ནས་བཀའ་གཏད་མཛད་པས་ཤོག་སེར་སྤྱི་བོ་ནས་ཐིམ་སྙམ་ངང་དེ་ནང་ཅི་ཡོད་ཚིག་དོན་ཐམས་ཅད་ཁྲ་ལམ་མེ་དགོངས་པ་བྱུང༌། དེ་ནས་འདི་གསུངས། ཁྱེད་རང་གཉིས་ཀྱང་དཀར་ཆས་རེ་བྱས་ན་ལེགས་ས་རེད། དེ་སྔ་གཏེར་སྟོན་གྱི་མིང་ཐོགས་མི་འདུག །མིང་ཐོགས་དགོས། འདི་ལ་གནད་ཆེན་པོ་ཡོད། ངེད་ཀྱང་སྤྲུལ་སྐུ་དེའི་སྐབས་སུ་དཀར་ཆས་མ་བྱས་པས་རྟེན་འབྲེལ་འཆུག །ད་དུས་རྒྱུན་མཁའ་འགྲོ་གྲིབ་སེལ་ཤིན་ཏུ་གལ་ཆེ་གསུངས་ནས་ཇེ་མཐོར་སོང་བ་ད་རུང་ཅུང་བཞུགས་གྲོགས་ཞུས་ཀྱང་ནམ་མཁའི་དབྱིངས་སུ་ཐིམ་པ་དང་མནལ་སད། ཕྱིར་ནང་ཁོ་བོ་ཅག་ལ་དེ་ལྟར་བྱུང་ཚུལ་ཕེབས་པས་གཏན་ལ་འབེབ་ཐུབ་པར་གསོལ་བ་བཏབ་པས། བླ་སྒྲུབ། ཐུགས་རྗེ་ཆེན་པོ། ཕྱག་ཆེན་བཅས་འབེབ་པར་མཛད་ཅིང་དབང་ཁྲིད་ཆིག་རྫོགས་སུ་བསྩལ། ཁྱད་པར་ཟབ་དབང་ཐུན་མོང་མ་ཡིན་པ་བཀའ་དྲིན་བསྐྱངས་ཏེ་དེ་ལ་བརྟེན་ནས་ཚེ་མཐར་ཕྱིན་པའི་ལུང་བསྟན་ཀྱང་བསྩལ། བླ་སྒྲུབ་ཆ་ལག་འགའ་ཞིག་བཞུགས་པར་སྣང་ཡང་རིམ་ལུས་སུ་གྱུར་ཅིང་ཁོ་བོའི་ལམ་ཟབ་ལེའུ་བདུན་མའང་བླ་སྒྲུབ་འདིའི་ཆ་ལག་ཏུ་གཏོགས་པར་སྣང༌། འདིའི་བླ་སྒྲུབ་ཡིད་བཞིན་ནོར་བུའི་ལུང་བྱང་ལས། འདི་ནི་རང་བྱུང་པདྨ་བདག་ཉིད་ཀྱི༔ ཐུགས་ཀྱི་གསང་བ་རྨད་བྱུང་དྭངས་མའི་བཅུད༔ སྐུ་གསུམ་དབྱེར་མེད་འོད་ཀྱི་སྙིང་པོའི་གཟུགས༔ སྣོད་ལྡན་རྣམས་དང་འབྲལ་ཁའི་ཞལ་ཆེམས་ཚུལ༔ འདི་ཡིན་འདི་ལས་གཞན་དུ་མ་བཅོས་པར༔ རྩེ་གཅིག་ཉམས་ལོངས་བརྡ་ཡི་ཡི་གེར་བྲིས༔ མཆིམས་ཕུའི་ཉེ་འདབས་བྲག་གི་སུལ་དུ་སྦོས༔ མ་འོངས་རྩུབ་འགྱུར་དུས་ཀྱི་བར་སྐབས་སུ༔ གནུབས་བན་རང་གིས་སྤྱོད་པའི་སྨོན་ལམ་ཐོབས༔ དྲི་མེད་མིང་ཅན་དེ་དང་འཕྲད་ནས་ཀྱང༔ རང་ཉམས་བླངས་ནས་མ་ཕྱིའི་ཤོག་སེར་ནི༔ འགྲོ་འདུལ་འཕགས་པའི་ཐུགས་ཀྱི་ཏི་ཀ་དང༔ ལྷན་ཅིག་སྦས་པས་རྩུབ་འགྱུར་ཡང་མཐའི་དུས༔ ད་ལྟའི་དུས་ཀྱི་ལྷ་སྲས་མཆོག་གྲུབ་རྒྱལ༔ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་པས༔ འདི་ཉིད་བླངས་ནས་རིང་དུ་གསང་རྒྱས་གདབ༔ དུས་སུ་བབས་ཚེ་སྣོད་ལྡན་མཆོག་ལ་སྤེལ༔ དེས་ཀྱང་ཉམས་བླངས་རྟོགས་པའི་རྩལ་ཆེན་རྫོགས༔ ཀུན་བཟང་གདོད་མའི་ས་ལ་ཕྱིན་པར་འགྱུར༔ ཞེས་གསུངས་ཤིང༌། འབེབ་པའི་དུས་ཚོད། རྨི་ལམ་ཚུལ་དུ་ཆོས་ཀྱི་བདག་པོ་ཡིས༔ བཀའ་གཏད་བྱིན་རླབས་སྐུལ་མ་ཐེངས་གསུམ་འོང༔ ཞེས་གསུངས་པའང་ཇི་བཞིན་བྱུང་བར་འདུག་གོ །ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་འདིའང་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་ཁོང་གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་སྐྱེ་བ་ཡིན། དེ་སྐབས་མཐུ་སྟོབས་ཆེ་བས་དེང་སང་མ་ཉེས་ཁ་ཡོག་མང་བ་རེད་གསུངས་པའང་ཡེ་ཤེས་ཀྱི་གཟིགས་པ་འཁྲུལ་པ་མེད་པར་སྣང་སྟེ་ཞང་ཁྲོམ་སྐྱེ་བ་དྲི་མེད་ཀུན་དགར་ཡོངས་སུ་གྲགས་ཤིང་དེའི་སྐྱེ་བ་དབོན་སྤྲུལ་རིན་པོ་ཆེ་ཉིད་ཡིན་པ་ལུང་ལས་གསལ་བའི་ཕྱིར་རོ། །མེ་གླང་ཟླ་བ་དང་པོའི་ཚེས་ཉེར་དྲུག་ནུབ་མོར་དག་པའི་སྣང་བར། ཐོག་མར་ངེད་རང་ཁྲི་མཐོ་བ་ཞིག་ཏུ་བསྡད་ནས་སྐུ་གསུམ་སྟོན་པའི་དགོངས་མཛོད་རིང་མོ་ཟེར་བའི་ཆོས་བཀའ་ཕལ་ཆེར་ཤེར་ཕྱིན་ཚིགས་བཅད་བྱས་པ་ལྟ་བུ་ལ་གཞུང་ལམ་གསང་སྔགས་ཡིན་པ། ལེའུ་སུམ་བརྒྱ་དྲུག་ཅུ། པོ་ཏི་བདུན་ཡོད་པ་ཞིག་བཤད་འདུག་པ། གཏེར་སྟོན་སུས་རེད་གསུངས་པ་ཐམས་ཅད་ཀྱི་ཐོག་མའི་གཏེར་སྟོན་དེ་རེད་ཟེར། སངས་རྒྱས་བླ་མ་ཨི་རེད་གསུངས་པ་མ་རེད་གཙུག་ལག་དཔལ་དགེའི་ཆོས་རེད་ཟེར། ཆོས་དེ་ཚང་མ་གསན་ཚར་བ་དང༌། གནས་འགྱུར་ནས་ཉང་ཤ་མི་གོ་ཆ་ཡིན་ཟེར་བའི་ལོ་ཙཱ་སྐུ་ཆེ་ཞིང་གཟི་བརྗིད་ཅན། དབུ་ལ་པཎ་ཞུ་ལེབ་གཞག་མཛད་པ་ཞིག་མཇལ་བར། ཁྱེད་སྔ་འགྱུར་ལོ་ཙཱ་བ་ཡིན་ན་རྗེ་འབངས་ཉེར་ལྔའི་གྲལ་དུ་མི་འདུག་ན་གསུངས་པས། རྗེ་འབངས་ཉེར་ལྔའི་གྲལ་དུ་ཡོད་རུང་མེད་རུང་ངེད་རང་ལ། མཁན་པོ་བོ་དྷི་སཏྭ། སློབ་དཔོན་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་བཞིའི་གདམས་ངག་ཐམས་ཅད་ཡོད་པ་ཡིན་གསུངས། དེར་གདམས་ངག་གནང་བར་ཞུས་པས། མཁན་པོའི་གདམས་ངག་ཕྱི་སྡེ་སྣོད་གསུམ། སློབ་དཔོན་གྱི་ནང་ཀྲི་ཡོག་སྡེ་གསུམ། བི་མ་ལའི་གསང་བ་ཡོ་ག་གསུམ་དགོངས་བཅུད་གཅིག་ཏུ་དྲིལ་བ་དགོངས་མཛོད་ཆེན་མོ་ཞེས་བྱ་བ་བསམ་ཡས་ཧས་པོ་རིར་གཏེར་དུ་སྦས་པ་ཤ་མི་རྡོར་རྒྱལ་གྱིས་བཏོན་ནས་འགྲོ་དོན་མཛད། འགྲོ་དོན་རྫོགས་ནས་དཔེ་རྣམས་མཁའ་འགྲོས་དྲངས་པ་ཡིན། གླེགས་བམ་བདུན་ཡོད། དེས་དགོས་པ་མེད་པས་འདི་དེའི་སྙིང་པོ་དགོངས་མཛོད་ཟབ་ཏིག་ཡིན་གསུངས་ནས་ལེའུ་གསུམ་པ་ཞིག་གི་དབང་ལུང་རྫོགས་པར་གསན། གུ་རུ་པདྨ་བཛྲ་ཉིད་ཚེ་ལམ་གྱི་གྲོགས་མཆོག་མནྡཱ་རཿབ་དང་བཅས་ཏེ་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་དངོས་གྲུབ་བསྒྲུབས་ནས་གྲུབ་པའི་སྐབས་སུ་སྐུ་གསུམ་ཧེ་རུ་ཀས་རྒྱུད་དང་གདམས་པའི་གསང་མཛོད་དཔག་ཏུ་མེད་པ་གཏད་ཅིང་བྱིན་གྱིས་བརླབས། ཆོས་རྒྱལ་གྱིས་གསོལ་བ་བཏབ་པའི་ངོར་ལོངས་སྐུ་འཁོར་ལོ་བདེ་མཆོག་གི་གདམས་སྐོར་མང་དུ་བསྩལ་བ་རྣམས། རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ནས་གཏེར་གནས་སོ་སོར་སྦས་པ་རྒྱས་འབྲིང་གཉིས་མངའ་བདག་ཉང་དང་བོན་པོ་ལྷ་འབུམ་གྱིས་བཏོན། བསྡུས་པ་ཟབ་དོན་སྙིང་པོའི་བཅུད་འདྲིལ་འདི་ཉིད་ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད་གངས་བར་ཕུག་མོ་ཆེ་ཞེས་པའི་བྲག་སྐྱིབས་ཆེན་པོའི་སྒོ་དྲུང་ཕ་ཝཾ་དབང་ཕྱུག་གི་མཚན་རྟགས་ཅན་དུ་སྦས་པ། རྒྱ་སྟོན་པདྨ་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་བླ་རྫོགས་ཐུགས་གསུམ་གྱི་ཆོས་དང་བསྟན་སྲུང་གུར་མགོན་གྱི་རྒྱ་གཞུང་དྲེགས་པ་ཟིལ་གནོན་སྐོར་མན་ངག་ལེ་ཚན་ལྔ། དམ་རྫས་བདུད་རྩི་སྨན་གྱི་རིལ་བུ་བཅས་སྤྱན་དྲངས་ཏེ་འགྲོ་དོན་ཅི་རིགས་མཛད་ཅིང་། གུར་མགོན་སྐོར་རྣམས་ཡར་ལུང་ཀླུ་པའི་བླ་མ་རྣམས་བརྒྱུད་དེ་དེང་སང་ས་སྐྱའི་གུར་མགོན་གཞུང་པོད་མེ་འབར་མར་བཞུགས་པ་ཡིན་ཞིང༌། བླ་མ་བདེ་མཆོག་གི་ཆོས་སྐོར་རྣམས་ལུང་བྱང་ལྟར་གནས་དེ་ཉིད་དུ་ཡང་གཏེར་གྱི་རྒྱས་བཏབ་པ་ཕྱིས་རབ་ཚེས་ས་སྟག་ལོའི་ས་ག་ཟླ་བའི་ཚེས་བཅུར་ཡེ་ཤེས་ཀྱི་མཁའ་འགྲོས། རྗེ་བླ་མ་རིན་པོ་ཆེ་ཉིད་ལ་གཏེར་དཔེ་དངོས་སུ་བསྟན་ཅིང་བརྡ་སྤྲོད་མཛད་པའི་རྗེས་ཐོག་ཏུ་གཏེར་སྟོན་པདྨ་དབང་ཕྱུག་ཉིད་ཀྱི་སྐུ་མངོན་དུ་སྣང་བས་དབང་དང་གདམས་ངག་རྫོགས་པར་གནང༌། དེ་འཕྲལ་ཚིག་བརྒྱུད་ཡི་གེ་རིས་སུ་གཏན་ལ་ཕབ། ཆུ་རྟ་མགོ་ཟླའི་ཉེར་ལྔར་དོན་བརྒྱུད་སྨིན་གྲོལ་གྱི་གདམས་པ་ཁོ་བོ་ཅག་ལ་ཆིག་རྫོགས་སུ་བཀའ་དྲིན་བསྩལ། གསར་མ་ལ་ཡོངས་སུ་གྲགས་པའི་དྲིལ་བུ་རིམ་ལྔའི་ཁྲིད་ཀྱང་རིང་བརྒྱུད་བཀའ་སྲོལ་འགའ་ཞིག་སྨིན་ཁྲིད་དུ་གསན་ཅིང༌། ཉེ་བརྒྱུད་དག་པའི་སྣང་བར་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡུམ་དང་བཅས་པས་བརྡའི་དབང་བཞི་བསྐུར། རིམ་ལྔའི་རྩ་ཚིག་ཤོ་ལོ་ཀ་གཅིག་བཀྲོལ་ཏེ་གསུངས་ནས་མཐར་བསམ་མི་ཁྱབ་པའི་སྐབས་སུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་བྱིན་གྱིས་བརླབས་པའི་ཆུ་བོའང་གཅིག་ཏུ་འདུ་བ་མ་ཟད། གསར་མའི་དྲིལ་བུ་རིམ་ལྔའི་ཁྲིད་ཀྱི་བྱིན་རླབས་ས་ཆེན་ཀུན་དགའ་བློ་གྲོས་ཀྱི་བར་དུ་བྱུང་ཡང་དེ་ཕྱིས་རྒྱུན་མི་བཞུགས་ཀྱང༌། འདིའི་དབང་གི་སྐབས་རིམ་ལྔའི་བྱིན་རླབས་ཁྱད་པར་ཅན་ཡོད་པས་རྒྱུན་དེའི་གོ་ཡང་ཆོད་པར་སྣང་ངོ༌། །ཟབ་མོའི་རྒྱུད་སྡེ་མང་པོའི་བཅུད་བསྡུས་པའི་ཞི་བྱེད་བདུན་གྱི་མན་ངག་རིམ་པ་ཕྱེ་བ་བཅུ་གཅིག་གི་གཞུང་པདྨ་སཾ་བྷ་ཝ་དང་ལྷ་སྲས་ཡེ་ཤེས་རོལ་པ་རྩལ་གྱིས་བསྒྱུར་ནས་འུ་ཤང་རྡོའི་ནུབ་ཕྱོགས་ལྷ་རི་རོལ་པོ་བྲག་ཏུ་སྦས་པ་རབ་བྱུང་གཉིས་པའི་ནང་ལྷ་བཙུན་སྔོན་མོའམ་ལྷ་དབང་རྒྱ་མཚོ་བློ་གྲོས་ཀྱིས་སྤྱན་དྲངས། མ་ཕྱི་སྒྲགས་ཀྱི་ཡང་རྫོང་དུ་སྦས་པ་རབ་བྱུང་བཅོ་ལྔ་པའི་ས་ཕོ་འབྲུག་གི་ལོར་གཏེར་ཆེན་མཆོག་གྱུར་གླིང་པས་སྤྱན་དྲངས་ཏེ་ཤོག་སེར་རྗེ་བླ་མ་རིན་པོ་ཆེར་ཕུལ་བ་གཏན་ལ་ཕབ་ནས་དབང་ལུང་སྤེལ་བར་མཛད། ཡཀྴ་ཛཾ་བྷ་ལ་ནག་པོའི་གདམས་སྐོར་འཕགས་པའི་ཡུལ་དུ་ཚོང་དཔོན་གྱི་བུ་སུ་ཁ་དེ་བ་ལ་བཀའ་བབས་པ་རྣམས་རྒྱལ་པོ་གུ་རུ་དེ་བ་ལས་སློབ་དཔོན་ཆེན་པོས་གསན་པའི་ཚུལ་མཛད། ཡཀྴ་རྩ་བའི་ཏནྟྲ་དང་རཏྣ་རྩལ་ཆེན་འདུས་པའི་རྒྱུད་ལེའུ་སུམ་བརྒྱ་བདུན་ཅུ་རྩ་བདུན་པའི་ཟབ་གསང་སྙིང་པོའི་ཡང་བཅུད་དུམ་བུར་ཕྱུང་པ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས་ཞེས་བྱ་བ་ལག་ལེན་དམར་ཁྲིད་ཀྱི་ཚུལ་དུ་བསྡེབས་ནས། བོད་ཡུལ་མངའ་བདག་རྗེ་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གདམས། སྙིགས་དུས་འགྲོ་བའི་དོན་དུ་མཚོ་རྒྱལ་གྱིས་དཔེ་རྒྱུད་འདྲ་མིན་གསུམ་རེ་བཀོད་ནས་གཏེར་གནས་གསུམ་དུ་རྒྱས་བཏབ་པ་ལས་གཉིས་པོ་གཏེར་སྟོན་གཞན་གྱིས་སྤྱན་དྲངས། ཟབ་ཆོས་འདི་ཉིད་བདུད་འཇོམས་རྣམ་འཕྲུལ་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་གཅལ་གྱི་བྲག་དམར་པོའི་ནུབ་ཕྱོགས་མེ་ལྕེ་འཁྱིལ་བ་འདྲ་བ་ནས་མེ་ཕོ་འབྲུག་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད། བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་ནའང་ཕྱིས་བརྒྱུད་པའི་ངེས་ཏིག་མེད་པ་དང་གཏེར་ཆོས་ཀྱང་ནུབ་པ་ལྟར་གྱུར་པའི་སྐབས། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་རྗེ་བླ་མ་རིན་པོ་ཆེ་ལ་ཆོས་བདག་མཁའ་འགྲོས་སྲོག་འཁོར་མན་ངག་དང་བཅས་པའི་དཔེ་རྙིང་དངོས་སུ་ཕུལ་ཅིང་སྒྲུབ་ཐབས་ཀྱི་སྐོར་རྣམས་བྱིན་གྱིས་བརླབས་པའི་ཚུལ་དུ་བསྩལ་བ་ལ་བརྟེན་ནས་གཏན་ལ་ཕབ་པའི་སྐབས་སུ་མནལ་ལམ་དག་པའི་སྣང་བར། ཡུལ་ལྗོངས་ཤིན་ཏུ་ཉམས་དགའ་བ་ཞིག་གི་ཁ་སྟོད་རི་བོ་གླང་ཆེན་འགྱིང་བ་ལྟ་བུའི་གདོང་པའི་ཐད་ཙམ་དུ་རྗེ་ཉིད་ཕེབས་པས་རྒྱང་རིང་པོ་ནས་འོད་ཀྱི་གང་བུ་ལྗང་གུ་ཤིན་ཏུ་བཀྲག་མདངས་དང་ལྡན་པ་ལ་ཇེ་ཉེར་སླེབས་པའི་ཚེ་རྡོ་ཤེལ་ལྗང་ནག་དྭངས་བ་ལ་ཉི་ཟེར་ཕོག་པའི་རྐྱེན་གྱིས་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཕྲོ་བ། དབྱིབས་ནོར་བུ་མིག་གཅིག་ལྟ་བུ་ཆེ་ཞིང་དྭངས་པ་ཞིག་གི་དྲུང་དུ་སླེབས་པ་ན་ངོ་མཚར་གྱི་སྣང་བ་བཅས་ནང་དུ་ཞུགས་པས། རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་ཛཾ་བྷ་ལ་ནག་པོ་ལྗང་འོད་འཚེར་བ། ཞལ་ཕྱག་སོགས་མངོན་རྟོགས་དང་མཚུངས་པ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཀྱང་ཡོད་དགོངས་པ་བྱུང༌། དེ་ཉིད་སྐད་ཅིག་གིས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུར་གནས་གྱུར་ནས་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདིའི་སྒྲུབ་ཐབས་ཀྱི་སྐོར་རྣམས་སྔར་བལ་པོ་ཨ་ཧཱུྃ་འབར་དང་གུ་རུ་ཇོ་ཚེའི་གཏེར་དཔེ་གཉིས་པོ་གཅིག་ལྟ་བུ་ཡོད་པས་བརྒྱུད་པ་གཉིས་འདྲེས་སུ་འགྱུར་རོ་གསུངས་པའི་གནང་བ་དང་བཅས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བརྙེས། ནོར་ལྷ་རྣམས་ཀྱི་ནང་ནས་ཀྱང་འདི་སྒྲུབ་པ་ལ་སྒབ་འདྲེའི་བར་ཆད་མེད་ཅིང་བཅས་པས་ཆོག་པའི་འཁོར་ལོ་སོགས་ཟབ་གནད་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པ་ཡིན་ནོ། །མ་འོངས་སྙིགས་མའི་དུས་སུ་བོད་ཁམས་རྒྱལ་བསེན་འབྱུང་པོའི་འཚེ་བས་མནར་བ་ལ་ཐུགས་རྗེས་དགོངས་ནས། གུ་རུ་རིན་པོ་ཆེས་རྟ་མགྲིན་དམར་པོ་དཔའ་བོ་གཅིག་པའི་མན་ངག་གནམ་ལྕགས་འཁོར་ལོ་ཞེས་བྱ་བའི་གདམས་ངག་ཟབ་ལ་འདྲིལ་བ་མཛད་ནས་ཆོས་རྒྱལ་ལ་གནང༌། དེས་ཀྱང་མོན་གྱི་སྒོམ་པ་ཧ་མི་ནཱ་ཐ་ལ་གནང་ནས་རྗེས་སུ་གདམས་པ་དང༌། གུ་རུ་རིན་པོ་ཆེ་ཐོག་མར་གཙང་སྟོད་ལ་རུའི་གསེར་ཁ་ལ་ཕེབས་པའི་སྐབས་མི་མ་ཡིན་པས་བར་ཆད་བྱས་པ་བཏུལ་ཅིང་། མོན་གྱི་རྒྱལ་པོ་སེ་འདར་ཁ་སྡེ་བརྒྱད་ཀྱི་གནོད་པ་ལས་གྲོལ་བར་མཛད་པའི་རྒྱལ་བསེན་གནད་འབེབ་སྲོག་གི་འཁོར་ལོ་བཅས་བྱང་པྲ་དུན་རྩེའི་བཙུག་ལག་ཁང་གི་ཀ་ཞུའི་ནང་གཏེར་དུ་སྦས་པ་ཕྱིས་ལྷོའི་མངའ་བདག་ཆེན་པོའི་རྒྱུད་པ་མོལ་མི་འཁྱིལ་གྱིས་སྤྱན་དྲངས། འཁོར་ལོ་སོགས་སྔར་དུས་སྔགས་པ་རྣམས་ལ་དར་ཅིང་གྲགས་ཆེ་ཡང་ཕྱིས་སུ་བརྒྱུད་པ་ཆད་ནས་ཡུན་རིང་སོང༌། རབ་ཚེས་ལྕགས་འབྲུག་ལོར་རྗེ་བླ་མ་ཉིད་ལ་ཞིང་སྐྱེས་མཁའ་འགྲོས་རྒྱལ་བསེན་སྲོག་གི་འཁོར་ལོའི་དཔེ་རྙིང་དངོས་སུ་ཕུལ། རྟ་མགྲིན་དཔའ་བོ་གཅིག་པའི་གདམས་སྐོར་ཡང་བྱིན་རླབས་ཀྱི་ཚུལ་དུ་གནང་བ་གཏན་ལ་ཕབ་ཅིང་སྐལ་ལྡན་རྣམས་ལ་བཀའ་དྲིན་དུ་བསྩལ་བས་སློབ་མ་ལའང་བར་ཆད་བསལ་བའི་མཚན་མ་མངོན་དུ་བྱུང་བ་སོགས་བྱིན་རླབས་ཀྱི་བབས་ཆེན་པོ་དང་ལྡན་པར་མཆིས་སོ། །སློབ་དཔོན་པདྨ་སཾ་བྷ་བ་འཕགས་ཡུལ་ཤར་ཕྱོགས་བྲག་ཕུག་མཱ་ར་ཏི་ཀར་ཟབ་ལམ་སྙིང་པོའི་སྒྲུབ་པ་ལ་བརྩོན་པའི་ཚུལ་བསྟན་པའི་སྐབས་སུ། རྗེ་བཙུན་སྒྲོལ་མ་དངོས་སུ་བྱོན་ནས་རྒྱུད་ལུང་མན་ངག་གི་རིམ་པ་རྒྱ་ཆེན་བསྩལ་པ་རྣམས་ཀྱི་ནང་ནས་སྙིང་པོའི་བཅུད་ཕྱུངས་ཏེ་གདམས་ངག་རྒྱས་འབྲིང་བསྡུས་པའི་ཚུལ་དུ་གཏན་ལ་ཕབ་ནས་བོད་ཀྱི་སྐལ་ལྡན་རྗེ་འབངས་རྣམས་ལ་གནང༌། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་ཁ་གསུམ་དུ་རྒྱས་བཏབ་པ་ལས་བསྡུས་པ་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་འདི་ཉིད་གཙང་འོ་ཡུག་གཡག་སྡེའི་ལུང་ལག་གཡག་ལྕེ་ཁྲ་མོ་བྲག་ཏུ་སྦས་པ་གཏེར་སྟོན་གཡག་ཕྱར་སྔོན་མོས་བཏོན། ཤོག་སེར་རྣམས་སླར་ཡེར་པ་སེ་བ་ལུང་དུ་ལྡབ་གཏེར་དུ་སྦས་པ་རོང་པ་བདུད་འདུལ་གླིང་པས་སྤྱན་དྲངས་ཀྱང་གཏེར་སྟོན་གློ་བུར་གཞན་དབང་དུ་གཤེགས་པས་གཏེར་སྲུང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མས་ཤོག་སེར་སླར་ཁྱེར་བ། ཕྱིས་རབ་ཚེས་ས་སྟག་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བརྒྱད་ལ་རྗེ་བླ་མ་རིན་པོ་ཆེར་མཁའ་འགྲོ་ཙཎྜཱི་ཀས་མནལ་ལམ་དུ་ཤོག་སེར་ཕུལ་ཞིང་བྱིན་རླབས་བསྩལ་བའི་གཟིགས་སྣང་བྱུང་བ། མནལ་སད་པ་ན་མངོན་སུམ་དུ་སྣང་བའི་ཤོག་གུ་ལྗང་སེར་ཞེང་སོར་དོ་དཀྱུས་མཛུབ་གང་བ་བརྡ་རིས་ཀྱིས་གཏམས་པ་ཞིག་ལས་གཏན་ལ་ཕབ་ཅིང་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བར་མཛད་དོ། །དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་བྱང་པྲ་དུན་རྩེའི་མཆོད་རྟེན་ནས་དྲག་སྔགས་གཙོ་བོར་གྱུར་པའི་གཏེར་ཆོས་མང་པོ་སྤྱན་དྲངས་པའི་རྒྱུན་ཕལ་ཆེར་སྔར་དུས་བྱུང༌། དེང་སང་ནི་དཔེ་རྒྱུན་ཙམ་ཡང་དཀོན་པར་སྣང་བ་ལ། ཕྱག་རྡོར་རྡོ་རྗེ་མེ་འབར་ཞེས་པའི་སྒྲུབ་ཐབས་ཟབ་ཅིང་འདྲིལ་བ་ཡང་གཏེར་དུ་སྦས་པའི་ཤོག་སེར་གཏེར་སྲུང་མཁའ་འགྲོས་རྗེ་འདི་ཉིད་ཀྱི་ཕྱག་ཏུ་ཕུལ་བའང་གཏན་ལ་འབེབ་པར་མཛད། བོན་པོ་བྲག་ཚལ་གྱི་རྫོགས་ཆེན་གུ་རུ་བཞི་པ་དང་ཚེ་གུར་སྦྲགས་མ་ལྡབ་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཕྱག་ཏུ་འཁོར་ཞིང་ནུབ་ཁ་ཤས་བཏུད་མར་གཏེར་སྟོན་ཉིད་ཀྱིས་དེ་དག་གི་དབང་ལུང་བསྩལ་བའི་དག་སྣང་བྱུང་བར་གསུངས། ཚེ་གུར་སྦྲགས་མ་ཕབ་པར་མཛད་པ་ལས་གཤམ་དུ་ཚེ་བདུད་ཟློག་པའི་མདོས་ཟབ་མོ་ཞིག་ཡོད་པ་དེར་འཚུབས་ཤིན་ཏུ་ཆེ་འདུག་གསུངས་ནས་ལུས་སོང༌། ཉང་པོ་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ཡང་བཅུད་སྙིང་པོའི་ཆོས་སྐོར་ལྡབ་གཏེར་དུ་སྦས་པ། རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྐོར་ལེ་ཚན་བདུན་ཡོད་པའི་ཤོག་སེར་མཁའ་འགྲོས་ཕྱག་ཏུ་ཕུལ་བ་ལས་རྒྱུད་ལུང་གཉིས་དང་ལས་བྱང་ཙམ་གཏན་ལ་ཕབ་པར་མཛད་ཅིང་དབང་ཆོག་སོགས་འབེབ་པ་མ་བྱུང༌། མཆོག་ལྡན་མགོན་པོས་བོད་ཁམས་མཐའ་དམག་ཟློག་པའི་རིམ་གྲོ་ཆེན་པོ་མཛད་ནས་ལྷ་ལྡན་དུ་བཞུགས་པའི་སྐབས་གུ་རུ་རིན་པོ་ཆེས་སྙན་བརྒྱུད་དུ་བསྩལ་པའི་བར་ཆད་ཀུན་འཇོམས་རྟ་མགྲིན་གཉེན་པོ་ལྷ་ལྔའི་སྒྲུབ་ཐབས་ཟབ་ཅིང་འདྲིལ་བ་ཉིད། རྗེ་བླ་མ་རིན་པོ་ཆེར་དག་པའི་སྣང་བར་མཆོག་ལྡན་མགོན་པོའི་ཡེ་ཤེས་ཀྱི་སྐུས་སླར་ཡང་སྙན་བརྒྱུད་དུ་གདམས་པ་ཉིད་ཀྱང་གཏན་ལ་ཕབ་པར་མཛད། གུ་རུ་རིན་པོ་ཆེ་ཉིད་དུར་ཁྲོད་བསིལ་བ་ཚལ་དུ་བཞུགས་པའི་ཚེ་རྒྱལ་ཡུམ་རྡོ་རྗེ་ཕག་མོས་རྒྱུད་དང་གདམས་པ་རྒྱ་ཆེར་བསྩལ་པ་ལས་བོད་ཡུལ་རྗེ་འབངས་རྣམས་ཀྱི་སྐལ་པ་དང་འཚམ་པའི་གདམས་ངག་ཅི་རིགས་པར་བསྩལ་པ་རྣམས་རྒྱས་འབྲིང་བསྡུས་པ་སྙིང་པོའི་སྐོར་དང་བཞིར་ཕྱེས་ཏེ་གཏེར་གནས་རྣམས་སུ་སྦས་ཏེ་གཏེར་སྟོན་སོ་སོས་བཏོན་པ་ལས། བསྡུས་པ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་གསང་བ་ཆེན་པོའི་ཐུགས་ཏིག་ཉིད། རབ་བྱུང་དགུ་པའི་མཐར་ཨེ་སྤེ་ལྕོག་གར་དབང་ལས་འཕྲོ་གླིང་པས་ཡར་ཀླུངས་ཤེལ་བྲག་པདྨ་བརྩེགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད་པ་ལས་གཞན་ལ་སྤེལ་བར་མ་གནང༌། ཤོག་སེར་ལུང་བྱང་ལྟར་ལྡབ་གཏེར་དུ་སྦས་པ་ཆོས་བདག་ཡེ་ཤེས་མཁའ་འགྲོས་རྗེ་ཉིད་ལ་མདོངས་གསོལ་དུ་ཕུལ། རབ་ཚེས་ལྕགས་ཕོ་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་པའི་ཚེ་ལས་འཕྲོ་གླིང་པ་ཉིད་ཀྱིས་དངོས་ཉམས་རྨི་ལམ་གྱི་ཚུལ་དུ། སྨིན་གྲོལ་གྱིས་བྱིན་གྱིས་བརླབས་ཤིང་ཆོས་སྒོ་འབྱེད་པར་རྗེས་སུ་གདམས་པ་ལྟར་བདག་ཅག་ལ་བཀའ་དྲིན་དུ་བསྩལ། དེ་དག་ནི་ཆོས་སྡེ་རྫོགས་པ་དང་ཅི་རིགས་པར་གཏན་ལ་ཕབ་གྲུབ་པ་རྣམས་སྨྲོས་པ་ཡིན་ལ། སྤྱིར་གོང་དུ་བཤད་པ་ལྟར་བོད་ཡུལ་དུ་བྱུང་བའི་གཏེར་ཆོས་ཡོངས་རྫོགས་ལ་རང་དབང་ཐོབ་ཅིང༌། དམིགས་བསལ་ཡང་གཏེར་གྱི་ཤོག་སེར་མཁའ་འགྲོ་གཏེར་སྲུང་རྣམས་ཀྱིས་ཕྱག་ཏུ་ཕུལ་ནས་བཞུགས་པའི་རྣམ་གྲངས་ཀྱང༌། སྣ་ནམ་ཐུབ་པ་རྒྱལ་པོའི་རྟེན་འབྲེལ་ཡང་སྙིང་འདུས་པ། དབོན་སྲས་ཁྱུང་ཐོག་གི་ཡཀྴ་ཀཱི་ལ་ཡ། གཙུག་ལག་དཔལ་དགེའི་དྲག་སྔགས་ཐེམས་བདུན། ཁྱུང་པོ་དཔལ་དགེའི་རྒྱལ་པོ་མདོས་བཅུའི་ཆོ་ག །ཤ་མི་རྡོར་རྒྱལ་གྱི་དགོངས་མཛོད་སྙིང་ཐིག །ཞུ་ཡས་གནོད་སྦྱིན་འབར་གྱི་སྐུ་གསུམ་ཉི་ཟླ་འབར་བའི་སྣང་བ་དང་རྟ་མགྲིན་དམར་པོ། ཁུ་ཚ་ཟླ་འོད་དམ་ཀུ་ས་སྨན་པའི་རྩ་གསུམ་སྤྱི་སྤུངས། རོང་སྨན་ཉི་མའི་འོད་ཀྱི་གསོ་དཔྱད་རྫོང་འཕྲང་སྙིང་ཐིག །གུ་རུ་ཇོ་ཚེའི་དྲི་མེད་བཤགས་རྒྱུད་ཆོ་ག །གྲྭ་སྒོམ་ཆོས་ཀྱི་རྡོ་རྗེའི་གུར་དྲག་ཡེ་ཤེས་རང་གསལ། ཨ་ཡ་བོན་པོ་ལྷ་འབུམ་མམ་རྟ་ནག་གུ་རུ་རྣོན་རྩེའི་མ་རྒྱུད་ཟབ་མོ་ཀུན་འདུས། ཨོ་རྒྱན་གླིང་པའི་བཀའ་འདུས་ཉིན་མཚན་རྒྱུན་གྱི་རྣལ་འབྱོར། སྔགས་འཆང་ལས་འཕྲོ་གླིང་པའི་པདྨ་ཤ་བ་རི་དམར་པོ། བླ་མ་གྲུམ་དང་ཡོན་བདག་ནག་པོ་མཁར་གྱི་གསང་བདག་གདུག་པ་ཀུན་འཇོམས། ཁ་རག་བདེ་ཆེན་གླིང་པའི་མཁའ་འགྲོ་སྙིང་ཐིག་སྙིང་པོ་རྣམས་བཞུགས་པ་ཞལ་ནས་དངོས་སུ་ཐོས་ཤིང་འགའ་ཞིག་དབུ་བཞག་ཙམ་རེ་འབེབ་པར་མཛད་པའང་ཡིན་ལ། རང་ནས་མ་འཚལ་བའང་མང་དུ་བཞུགས་ཡོད་པར་སྣང་ངོ༌། །གཏེར་རྙིང་ལས་དཔེ་ལུང་གི་རྒྱུན་དཀོན་པ་མི་འགྱུར་ལས་འཕྲོ་གླིང་པའི་པདྨ་གཏུམ་པོ། ར་ཞི་པདྨ་རིག་འཛིན་གྱི་ཁྱུང་ཁྲ། སྟག་མོ་གཏེར་སྟོན་དབོན་སྲས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག །ཏའུ་རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་རྣམས་ཀྱི་དཔེ་རྙིང་ཚན་པ་རེ་གཏེར་སྲུང་གིས་ཕུལ་བ་ལས་དབང་ལུང་བཀའ་དྲིན་དུ་བསྩལ་སྐབས་པདྨ་གཏུམ་པོའི་མེ་ལོང་གི་སྔགས་འཁོར་བསུབ་ཏུ་མེད་པའི་རང་བྱོན་དུ་སོང་བ་དང༌། ཁྱུང་ཁྲས་འོག་གདོན་གྱིས་ཟིན་པའི་སློབ་མའི་ནད་གཞི་མེད་དུ་དྭངས་པ་སོགས་མངོན་རྟགས་ངོ་མཚར་ཆེ་བའང་བྱུང༌། ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་རྒྱས་པའི་རྒྱུན་མི་བཞུགས་པས་གསར་དུ་སྤེལ་བར་མཛད་པའི་གཏན་ཚིགས་གོང་སྨྲོས་ལྟར་ལས་དམིགས་བསལ་ཞུ་གནང་མ་བྱུང༌། ར་ཤག་མ་མོ་སྒང་ཤར་ལུང་རྒྱུན་ཙམ་ཁོ་བོས་ཐོས་ཤིང་རྗེ་ཉིད་ཀྱིས་གསན་པ་གནང་སྐབས་འདིའི་དབང་དེ་རྒྱུན་ཡོད་པ་ཞིག་བྱུང་ན་བཀའ་དྲིན་ཆེ་དགོས་ཚུལ་གསོལ་བ་ནན་དུ་བཏབ་པར། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དགུའི་ནུབ་མོར་རྗེའི་དག་སྣང་དུ། གུ་རུ་ཆོས་དབང་སྐུ་བོང་ཆེ་ཞིང་དབུ་སྐྲ་སྒོར་མོ་ཐུགས་ཀའི་མེ་ལོང་ཡང་ཡོད་སྙམ་བྱེད་པ་ཞིག་མཇལ་བ་ར་ཤག་མ་མོ་སྒང་ཤར་གྱི་དབང་ལུང་ཨི་བཞུགས་ཞུས་པ་ལ་ཅུང་ཟད་ཁྲེལ་བའི་རྣམ་པས། མ་མོའི་གསོག་མདོས་ཀྱི་ལག་ལེན་ཤིན་ཏུ་མཁས་པ་ཁྱུང་ནག་ཤཱཀ་དར་ཡིན་གསུངས། དེའང་ཉེ་སྐོར་དུ་ཡོད་སྙམ་བྱེད་པའི་མུར་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དུ་གནས་གྱུར་པ་ལའང་སྔར་བཞིན་ཞུས་པ། དེ་དུས་ཉིད་ལ་བཀའ་བརྒྱད་བདེར་འདུས་དབང་བྱས་སྐབས་ལྷ་ངོ་བོ་གཅིག །གོང་མ་རྣམས་ལ་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཡོད་པས་དེས་འཐུས་ཚུལ་གསུངས་ཡོད་པས་དེ་ཀས་ཆོག་ཚུལ་གསུངས། དེ་འགགས་ནས་གནས་ཁང་ཞིག་ཏུ་ཨོ་རྒྱན་གླིང་པ་པད་ཞྭ་ན་བཟའ་དབང་གོས་སྟེང་གཟན་དཀྲིས་མཛད་པ་ཞིག་བཞུགས་འདུག་པ་ལ་སྒང་ཤར་དབང་ཨི་ཡོད་ཞུས་པ། དེ་ནི་ཁོང་ཤིན་ཏུ་མཁས། ཕྱག་ལེན་མང་པོ་བཏབ། སྣེ་གདོང་སྡེ་པས་ཀོང་པོར་ཕུད་སྐབས་འདིའི་གསད་མདོས་བཅས་ན་བསྒྲལ་བ་ལ་ཚེགས་མེད་ཀྱང་དེ་བསྒྲལ་ན་བོད་སྤྱི་ལའང་གནོད་འདུག་པས་བཏང་སྙོམས་བཞག་པ་ཡིན་གསུངས། སྐུ་རྒྱབ་རྩིག་ངོས་ནས་ཟ་མ་ཏོག་སྙིང་གཟུགས་སེར་པོ་ཞིག་བླངས། འདི་སྲིད་པ་མ་མོའི་རྒྱུད་ལུང་ཐམས་ཅད་འདུས་པ་ཡིན་གསུངས། དབུར་བཞག་ནས་ལེགས་སྦྱར་སྐད་ཁོ་ན་ལྡེབ་བཅུ་སྐོར་ཙམ་གྱི་ཚོད་ཅིག་གསུངས། བྱིན་རླབས་གཟི་བརྗིད་ཆེན་པོའི་མཐར་ཟ་མ་ཏོག་དེ་ཞིག་སོང་བ་ལྟ་བུའི་དབུ་གཙུག་ནས་སྐུ་ལུས་ལ་ཐིམ་པའི་རྐྱེན་གྱིས་སྐུ་ལུས་ཐམས་ཅད་ཙིཏྟ་ཞིག་ཏུ་སོང་ཞིང་བདེ་ཉམས་ཀྱིས་བརྒྱལ་ཐབས་སུ་ཡུན་གཅིག་གནས་པའི་མཐར་སད་གསུངས། ཚེས་སུམ་ཅུ་དགོང་མོ་པདྨ་མཁའ་འགྲོའི་དབང་སྦྱིན་སྲེག་བཅས་མཛད་ནུབ། མདུན་དུ་བུད་མེད་ཐོག་བརྩེག་ཚད་ཅིག་སླེབས་འདུག་པ་ཁྱོད་སུ་ཡིན་གསུངས་པས། ང་སྤྲུལ་སྐུ་ཆེན་པོའི་དཔེ་གཉེར་ཡིན་ཟེར། སྤྲུལ་སྐུ་སུ་གསུངས་པས་སྤྲུལ་སྐུ་ར་ཤག་ཆེན་པོ་ཡིན་ཟེར། ཁྱོད་ལ་མ་མོ་སྒང་ཤར་དབང་ལུང་ཨི་ཡོད་གསུངས་པས་ཡོད་དེ་དབང་ཡར་རྗེས་གནང་བ་དེས་ཆོག །དཔེ་འདི་འབུལ་དུ་འོང་བ་ཡིན་ཟེར། རྒྱ་དཔེ་ཕྲ་རིང་པོད་བཞི་ཕུལ་བ་གཟིགས་པས་ལ྅་ཝར་ན་ག་ར་ཡིག་སྣ་ཚོགས་འདུག །འདི་ཅི་ལ་ཁུར་བ་ཡིན་གསུངས་པས་དོ་ནུབ་སྦྱིན་སྲེག་དེས་ང་དགའ་ནས་འོངས་པ་ཡིན་ཟེར། ར་ཤག་གི་རྣམ་ཐར་རགས་རིམ་དང༌། ལར་ར་ཤག་གིས་འགྲོ་དོན་མ་བྱུང་ཟེར་བ་རེད་ཀྱང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཐོང་ཐོས་དྲན་རེག་གྲོལ་ཚུལ་དང༌། ཀུ་ས་སྨན་པས་ཀྱང་གོ་མ་ཆོད་ཟེར་ཡང་སྨན་ཁ་ལ་རག་ཚད་སེམས་ཅན་འབུམ་ཕྲག་མང་པོ་གྲོལ་ཚུལ་སོགས་ཟེར་བའི་མཐར་མིའི་ལུས་ལ་བྱ་རོག་གི་མཆུ་ཤིན་ཏུ་རིང་པོ་ཕྱུང༌། གཟི་བརྗིད་ཆེན་པོས་ཁ་ཕར་གྱུས་ཏེ་སོང་འཕྲལ་འཁོར་གཡོག་བསམ་གྱིས་མི་ཁྱབ་པ་དང་བཅས་ཡུད་ཀྱིས་གཤེགས་པར་གཟིགས། དེ་རྗེས་སྒང་ཤར་དབང་རྒྱས་པར་བསྩལ་ཞིང་ལས་བྱང་དང་དབང་ཆོག་གསར་སྒྲིག་གལ་ཆེ་བའི་བཀའ་གནང་བའང་གྲུབ་པར་བགྱིས་སོ། །བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་གཏེར་བྱོན་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་ཕྱིས་འདིར་དབང་ལུང་རྒྱུན་ཆད་ཀྱང་དཔེ་བཙལ་ནས་ཞལ་བཤུ་གསར་བཞེངས་མཛད་པའི་སྐབས་གཏེར་སྟོན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་མཚན་མ་དང༌། སྐུའི་སྲས་བསམ་འགྲུབ་རྡོ་རྗེ་ཡིན་པའི་བག་ཆགས་གསལ་བར་སད། ཆུ་ལུག་ཟླ་བ་དང་པོའི་ཚེས་གཅིག་ལ་འདིའི་དབང་ལུང་སྩོལ་བར་གསོལ་བ་བཏབ་པ་བཞིན་གནང་བའི་ནུབ་དང་པོར་ཇོ་མོ་རྒྱ་གར་མ་ཤིང་ལོའི་གོས་ཅན་འོངས་ནས་ཆོས་འདི་ཕྱིས་ཚོད་འཆད་ཉན་མཁན་མ་བྱུང༌། ད་རེས་དགའ་རྟགས་ཡིན་ཟེར་འབྲས་སྙེ་ཞིག་ཕྱག་ཏུ་ཕུལ་བའི་ཉམས་བྱུང༌། ནུབ་གཉིས་པར་མཚན་རིང་དུ་ཞབས་ཕྱི་ཞུ་བའི་རྨི་ལམ་བྱུང་གསུངས། ཡན་ལག་དབང་རྣམས་གནང་བའི་ནུབ་མོ་བྱང་ཆུབ་གླིང་པ་སྔགས་པ་སྐུ་ཉམས་རྒྱས་ཤིང་ཟིལ་ཅན་ན་བཟའ་ཤུག་ཚང་ལྟ་བུ་སྔོན་པོས་གཡོགས་པ་གསོལ་བས་ཐུགས་རྗེ་ཆེན་པོ་ལྷ་དྲུག་དེའི་སྐོར་ཤིན་ཏུ་རྒྱས་པ་གསུངས་པ་དང༌། སངས་རྒྱས་གླིང་པ་རབ་བྱུང་ཆས་ཅན་སྐུ་འཁྲིས་སུ་པོ་ཏི་ཁ་ཤས་བཞག་པ་ཞིག་གིས། ངེད་ཀྱི་བླ་མ་དང་སློབ་མ་གཉིས་ཀ་ཡིན་པའི་བ་ཡོ་ཆོས་བཟང་དང་ཁྱོད་གཉིས་ཀྱིས་དེ་སྔའི་བྱ་བ་རྣམས་ལེགས། ད་རུང་གཏེར་རྙིང་སྐོར་ཉི་ཤུ་རྩ་ལྔ་ཁ་ལོངས་པ་ཞིག་ཕབ་རྒྱུ་དང་འཇོག་རྒྱུ་ཐོན་ན་ཁྱེད་རང་གཉིས་ཀ་ད་རུང་ལོ་ཉི་ཤུ་རྩ་ལྔ་སྡོད། གསང་སྔགས་རྙིང་མའི་བསྟན་པ་ལ་བྱ་བ་རྒྱ་ཆེན་རེད་འགྲོ་གསུངས་པ་བྱུང་འདུག །རྟ་མགྲིན་བདེ་བཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་ཆོས་སྐོར་རྣམས་མོན་ཡུལ་ཆུ་བཞི་འདུས་པའི་མགོ་བོ་སྤ་གྲོ་དཔྱད་དཀར་གྱི་བྲག་དམར་པོ་མེ་ལྕེ་དགུང་དུ་མཆེད་པ་འདྲ་བ་ལ་ཆོས་རྒྱལ་ཁྲི་སྲོང་གིས་སྦས་པ། ཕྱིས་མངའ་བདག་སྐུའི་ཐུགས་སྤྲུལ་དྲག་སྔགས་བཀའ་བབས་གཏེར་སྟོན་གྲུ་གུ་ཡང་དབང་ངམ་རྡོ་རྗེ་ཡང་དབང་རྩལ་གྱིས་སྤྱན་དྲངས་པ་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་ལས་བརྒྱུད་པའི་རྟ་མགྲིན་བཀའ་མའི་སྐོར་རྣམས་ཀྱང་གཏེར་སྟོན་ཉིད་ནས་གསན་པས་ཆུ་བོ་གཅིག་འདྲེས་སུ་གྱུར་པས་བྱིན་རླབས་མཐུ་སྟོབས་འགྲན་ཟླ་དང་བྲལ་བ་ཉིད་སྔར་དུས་དར་རྒྱས་ཆེན་པོ་བྱུང༌། ཕྱིས་ནས་དབང་ལུང་ལྟ་ཅི་དཔེ་རྒྱུན་ཙམ་ཡང་དཀོན་པ་ལ། རྗེ་ཉིད་ཀྱི་ཕྱག་ཏུ་ཡར་མར་ཀུན་ནས་དཔེ་རྙིང་འགའ་རེ་རྩོལ་མེད་དུ་འབྱོར་པ་རྣམས་དབུ་ཞབས་བསྒྲིགས་ནས་དཔེ་གསར་བཞེངས་མཛད། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ནན་ཏན་དུ་མཛད་པས། རབ་ཚེས་ལྕགས་འབྲུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་ཐོ་རེངས་ཁར་སྔར་གྲུ་གུ་ཡང་དབང་ཉིད་ཀྱིས་ཟབ་གཏེར་བཞེས་ཤིང་སྒྲུབ་གནས་མཛད་པའི་མུ་ནང་རྡོ་རྗེ་བྲག་དམར་རྩར་ཕེབས་པའི་སྣང་བ་ལ། སྐད་ཅིག་དེར་གྲུ་གུ་ཡང་དབང་ཉིད་སྔགས་འཆང་སྐུ་བོང་དང་གཟི་བརྗིད་ཤིན་ཏུ་ཆེ་བ། སྤྱན་མིག་ཟུར་གསུམ་སོགས་ཁྲོ་བོའི་རྣམ་པ་ཅན་ཞིག་མིག་འཕྲུལ་ལྟ་བུར་མཇལ་བ་ལ་ཕྱག་བཙལ་ཞིང་བྱིན་རླབས་ཞུས་པ་ན། ང་གཏེར་སྟོན་གྲུ་གུ་རྡོ་རྗེ་ཡང་དབང་གཏེར་ཡིན་ཅེས་དང༌། བྲག་དེ་ལ་ཕྱག་མཛུབ་བཙུགས་ཏེ་འདི་ནས་དྲག་པོ་བཙན་གྱི་སྐོར་ཞིག་སྤྱན་དྲངས་པ་ཡིན་གསུངས་ནས་ཞལ་འཛུམ་མཛད་པ་དེ་མ་ཐག་རྟ་མགྲིན་གྱི་ཆོས་སྐོར་རྣམས་གནང་བར་གསོལ་བ་བཏབ་པ་ན། སྐད་ཅིག་གིས་ཨོ་རྒྱན་སྐུ་མདོག་དམར་སྨུག་དབུ་གཙུག་རྟ་ཞལ་འཚེར་བ་ཧེ་རུ་ཀའི་ཆས་ཅན་ཞིག་ཏུ་གནས་གྱུར་ནས་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདི་ལ་ཆོས་ཚན་ལྔ་བཅུ་རྩ་བདུན་ཡོད་དོ་གསུངས་པས་ད་ལྟའི་དཔེ་ལ་ཉི་ཤུ་རྩ་གྲངས་ལས་མི་འདུག་པ་ཇི་ལྟར་ལགས་ཞུས་པ་ན། དུས་རིང་བས་དཔེ་ཕལ་ཆེར་ཟག་པ་དང་ལ་ལ་མཁའ་འགྲོ་མས་སྦས་པ་སྲིད་མོད། འོན་ཀྱང་ཁྱེད་རང་གིས་གསོལ་བ་ཐོབས་དང་དགོངས་པའི་གཏེར་ལས་འཆར་བར་འགྱུར་བ་ལྟར་གུང་བསྒྲིགས་ནས་ཉམས་སུ་ལོངས་དང་དེས་ཆོག་ཅེས་རྗེས་སུ་གདམས་པ་ལྟར་མེད་དུ་མི་རུང་བའི་ཆོས་ཚན་འགའ་ཞིག་ཁ་བསྐངས་པར་མཛད་ཅིང་ཐུགས་ཉམས་སུ་བཞེས་པས་བྱིན་རླབས་ཀྱི་རྟགས་མཚན་ཁྱད་པར་ཅན་བརྙེས་པར་སྣང༌། གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ཆོས་རྣམས་ཀྱི་བཀའ་བབས་སྔ་ཕྱི་མང་དུ་བྱུང་བར་སྣང་ཡང༌། གཙོ་བོར་རབ་བྱུང་བཅོ་ལྔ་པ་ཐོག་མར་ཚེས་པའི་མེ་ཡོས་ལོར་དཔལ་སྤུངས་ཡང་ཁྲོད་དུ་ཕེབས་ནས་བཀའ་ཆོས་མང་དུ་བསྩལ་བའི་ཟླ་བ་བཅུ་གཅིག་པ་ཕྱི་མའི་ཚེས་དྲུག་གི་ཉིན་རྡོར་གླིང་རྫོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས་ཀྱི་དབང་གི་དངོས་གཞི་བསྩལ་བའི་ནུབ་མོ་མནལ་ལམ་དུ། རྗེ་ཉིད་ལྷོ་བྲག་ལ་ཡག་ཕྱོགས་སུ་ཁྱིམ་བདག་ཞིག་གི་ཆུང་མ་རྡོ་རྗེ་འཚོ་ཟེར་བ་ཞིག་ཏུ་གྱུར་ནས་འཇིག་རྟེན་པའི་ལས་ཐབས་ལ་སྤྱོད་ཀྱིན་འདུག་པའི་སྐབས་ཤིག །ཁྱིམ་བདག་དེས་བླ་མ་ཚང་ཕེབས་ཡོང་བ་རེད། གདན་གཤམ་དགོས་ཟེར་ནས་ཁང་པ་ཞིག་ཏུ་བྱི་དོར་དང་གདན་བཤམས་པ་ལ་དར་ཅིག་ནས་རྡོ་རྗེ་གླིང་པ་ཡིན་ཟེར་བའི་བླ་མ་བོང་ཐུང་སྐུ་ཤ་རྒྱས་པ། ཐོར་ཚུགས་ཆུང་ངུ་དང་དབུ་རལ་ཡོད་པ། སྟོད་འབོག་སེར་པོ་མནབས་པ་ཞིག་ཕེབས་པ་ལ་ཕྱག་དབང་དང་བསྙེན་བཀུར་སོགས་ཞུས། དེ་ནུབ་དེར་བཞུགས་པའི་མདུན་དུ་ཕྱིན་ནས་དེ་ཉིད་ཀྱིས་ལག་བཅངས་དང་འོ་བྱེད་པ་དང་འཁྱུད་པ་སོགས་རོལ་རྩེད་སྣ་ཚོགས་ཀྱིས་དུས་འདས། དེའང་ལན་རེ་རྡོར་གླིང་དང་ལན་རེ་ཇོ་ནང་རྗེ་བཙུན་ཡིན་པ་འདྲ་བ་ལ་དེ་གཉིས་དབྱེ་བ་མི་འབྱེད་པའི་ཟ་ཟི་ཞིག་གི་ངང༌། ནམ་ལངས་རྗེས་བསྙེན་བཀུར་འདྲ་ཞུས་ནས། བླ་མ་རྟ་ལ་ཆིབས། གྲྭ་པ་རྐང་ཐང་འགའ་རེ་དང་བཅས་ཕེབས་སོང༌། བཞུགས་ཁྲིའི་ཐོག་ཏུ་སྒམ་འདྲ་བ་ལྡིར་ལྡིར་དར་གྱིས་བཀབ་པ་ཞིག་འདུག་པ། བླ་མ་ཚང་སྐུ་ཆས་ལུས་འདུག་བྱས་དེ་ཁུར་ནས་རྗེས་ལ་རྒྱུག་འབོད་པ་བཅས་རྗེས་ཟིན་པ་ན་ཕྱག་ཏུ་ཕུལ་བས་འདི་ཁོང་གི་གཏེར་རྫས་སྒམ་ཡིན། དེར་ལུས་པ་རྟེན་འབྲེལ་བཟང་བས་ཁྱོད་རང་ནས་ཚགས་རྩ་བྱེད་དགོས་གསུངས། དེར་སྐྱེས་དམན་དུ་སོང་བ་དང་ཡུལ་འཕོ་དགོས་པ་འདྲ་ཞིག་ཀྱང་དྲན་ཡུལ་དུ་འདུག་པ་སོགས་ཀྱིས། ཁོ་མོས་ཚགས་རྩ་གཏན་ནས་མི་ཐུབ། ཉ་ར་བྱེད་མི་ཕོད། ཅི་དགོས་ཀྱང་མི་ཤེས་སོགས་ཞུས་པས། སྐྱོན་མེད། རེ་ཞིག་ཚགས་རྩ་གྱིས་དང་ང་རང་སླེབ་འོང་གསུངས། ཉིད་ནམ་བྱོན་དང་གར་བྱོན་མི་ཤེས། ཚགས་རྩ་མི་ཕོད་པས་བྱིན་རླབས་ཤིག་ཞུ་ཞུས་པས། སྒམ་ཁ་ཕྱེ་བའི་ནང་ནས་ཤོག་སེར་ཤོག་དྲིལ་ཆེན་པོ་བླངས་ནས། གསང་སྔགས་ལུང་གི་བཀའ་ཐོ་ཆེན་མོ་བཞུགས་སོ། །ཞེས་པའི་འཕྲོས་སུ་རྡོར་གླིང་གཏེར་ཆོས་ད་ལྟ་གྲགས་པ་མ་གྲགས་པ་མང་པོ་ཞིག་གི་དཀར་ཆགས་འདྲ་བ་ཞིག་ཚང་བར་བཀླགས་ཏེ་སྒམ་དུ་བཅུག །དེ་མགོ་ལ་བཞག་ནས་འདི་ཚགས་རྩ་གྱིས་དང་ངེད་ཀྱི་སྤྲུལ་སྐུ་ཁྱོད་རྩར་སླེབ་འོང་གསུངས། ང་ནི་ན་སོ་ཅུང་རྒན། བླ་མ་འདི་ནི་གཞོན་པས་སྤྲུལ་སྐུ་ངེད་ལ་འཁྲུངས་པ་སྲིད་དོགས་མེད་སྙམ་སྤྲུལ་སྐུ་ནམ་འབྱོན་ཞུས་པས། ད་ཕན་ལོ་ལྔ་བརྒྱ་ཙམ་ན་ཨི་མི་འབྱོན་གསུངས། སྒམ་བུ་ཁྱེར་ནས་ལོག་ཁར་བླ་མ་འདི་ཨོ་རྒྱན་དངོས་ཡིན་འདུག་པས་ཀོང་སྤྲུལ་མ་ཡུམ་དེ་སྐྱེ་བ་ཅི་རེད་དྲི་དགོས་སྙམ་ནས་དེ་དོན་ཞུས་པས། ཆུ་གནས་ཤིག་ཏུ་སྐྱེས་གསུངས། དེར་ཤིན་ཏུ་འགྱོད་པས་ངུས་ནས་ཆུ་གནས་ཅི་འདྲ་དང་ད་ཅི་དྲག་ཞུས་པས། འོན་ཀྱང་ད་ནི་དྲག་ལེ་ཡོད། མི་འཁྲུགས་པ་ཞིག་བྱས་ན་གསུང་སྐབས་ཉིད་ཀྱི་དགོངས་པ་ལའང་ཆུ་གནས་དེ། ནོར་བུའི་ཁང་པ་དང་རྒྱན་སོགས་ལ་ལོངས་སྤྱོད་པའི་ཡ་མཚན་ཅན་ཞིག་འདུག་སྙམ་བྱེད་པའི་ངང་དེ་ལས་སད་གསུངས། རྡོ་རྗེ་འཚོ་འདི་ནི་དུས་རྒྱུན་དྲན་ལམ་གསལ་ཅིང༌། བླ་མ་བཀའ་འདུས་དང་ཧཱུྃ་སྐོར་སྙིང་ཐིག་རྣམས་ཞུས་པའི་སྐབས་སུའང་རྡོར་གླིང་ཉིད་མདུན་གྱི་དྲང་ཐད་འདིར་དངོས་སུ་བཞུགས་པར་གསལ་བ་དང༌། ཆོས་ཐུན་ཚུགས་ནས་མ་རྫོགས་ཀྱི་བར་སྣང་སེམས་རོ་གཅིག་ཏུ་འདྲེས་ནས་སྐུ་ལུས་ཀྱང་ཟུར་དུ་ཡོད་མེད་མི་འབྱེད་པ་འདྲ་ཞིག་འབྱུང་འདུག་གསུངས། ལྟ་བ་ཀློང་ཡངས་དབང་ལུང་རྒྱུན་མ་ཆད་པར་བཞུགས་པ་ཙམ་ལས་གཏེར་ཆོས་གཞན་དཔེ་ཙམ་ཡང་དཀོན་པ་ལ་ཐབས་རྩོལ་དུ་མས་བླ་མ་བཀའ་འདུས། བཀའ་བརྒྱད་གསང་རྫོགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་ངན་སོང་ཀུན་སྐྱོབ། ཧཱུྃ་སྐོར་སྙིང་ཐིག །མ་རྒྱུད་ཀློང་གསལ་འབར་མ་རྣམས་ཀྱི་དབང་ལུང་བཀའ་དྲིན་བསྩལ་གྲུབ་པ་བྱུང༌། དེ་ལས་གཞན་པའི་དཔེ་རྒྱུན་གཏན་ནས་མ་རྙེད། འདུས་པ་སྐོར་བཞི་ལས་མཁའ་འགྲོ་བཀའ་འདུས་བརྡ་ཡིག་ཕྱག་ཏུ་བབས་ཀྱང་གཏན་ལ་འབེབ་གྲུབ་པ་མ་བྱུང༌། རིན་ཆེན་གླིང་པའི་ཡེ་ཤེས་ཀྱི་སྐུས་ཁོང་ཉིད་ཀྱི་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོའི་བཅུད་དྲིལ་གནང་ནས་བྱིན་གྱིས་བརླབས་པ་ལྟར། མེ་ཕག་ཟླ་བ་བཅུ་པའི་ཚེས་ཉེར་དགུ་ལ་རྫོགས་པ་ཆེན་པོ་ཆིག་ཆོད་ཀུན་གྲོལ་གྱི་དབང་ལུང་ཁྲིད་བཅས་བཀའ་དྲིན་དུ་བསྩལ་བའི་ནུབ་མོ་མནལ་ལམ་དུ། རྒྱ་གར་ཡུལ་ཡངས་པ་དེའུ་འབུར་མང་པོ་ཡོད་པ་ཞིག་ཏུ་ཕེབས། དེར་མི་ཆས་དཀར་རྟ་དཀར་ལ་ཕྲེད་བཀལ་གྱེན་འགྲེང་སོགས་ཞོན་ཚུལ་མི་འདྲ་བར་བྱས་པ་ཤིན་ཏུ་མང་པོའི་ནང་ཁྱེའུ་དར་ཐོད་ཅན་ཤིན་ཏུ་མཛེས་པ་མོ་སྐད་ཅན་ཞིག་བྱུང་ནས། སྐུ་ཞབས་ཉིད་འདིར་ཕེབས་པ་ལ་ངེད་ཀྱི་ཕ་མ་གཉིས་དགའ་ཚོར་ཆེན་པོ་བྱེད། གསོལ་ཚིགས་ཤིག་ཞུ་དགོས་ཟེར་འདུག་པས་རྟ་འདི་འཆིབ་ནས་གསོལ་ཚིགས་ལ་འབྱོན་པར་ཞུ་ཟེར། རྟ་མི་དགོས་ཁྱོད་རང་ཁྱེར་གསུངས་པས་ཁོས་ཕོ་བ་སྒ་གོང་དུ་བཀལ་ཏེ་འགྲོ་འདུག་པའི་རྗེས་ལ་ཕེབས་པས་ཕ་ཝཾ་ཞིག་གི་རྩར་སླེབས། དེར་སྒོ་ཞིག་འདུག་པ་ནས་ནང་དུ་ཕེབས་པས་འཇག་ཁྱིམ་ལྟ་བུའི་ནང་མདོ་སྦུག་གཉིས་ལྟ་བུ་ཞིག་འདུག་པའི་སྦུགས་སུ་བཞུགས། བགྲེས་པོ་བགྲེས་མོ་དར་དཀར་ཐོད་དང་གོས་ཅན་གཟི་བརྗིད་ཆེན་པོ་ཅན་གཉིས་འདུག་པས་ཡུངས་མ་བཙོས་པ་ལྟ་བུ་ཞིག་དྲངས་པ་ཤར་འདུག །མི་ཤ་ཡིན་ནམ་སྙམ་པའི་འཕྲིག་པ་སྐྱེས་པས་ཐུགས་དོགས་གནང་མི་དགོས། བཞེས་པ་ཞུ་ཟེར། ཁྱེད་གཉིས་སུ་ཡིན་གསུངས་པས་ངེད་གཉིས་དུས་རྟག་ཏུ་འདིར་སྡོད་མཁན་ཡིན། །ཕ་ཝཾ་རུས་སྦལ་ནག་པོ་ཟེར་བའང་འདི་གར་ཡོད་ཟེར། ཁྱེད་གཉིས་ལ་མིང་ཅི་ཡིན་གསུངས་པས། ངེད་གཉིས་མིང་མང་ཡང་སྐབས་རེར་ཕ་ལ་ལེགས་ལྡན་ནག་པོ་ཟེར། མ་ལ་ཨེ་ཀ་ཛཱ་ཊི་ཟེར། བུ་འདི་ལ་དཔལ་མགོན་མ་ནིང་ཟེར་བ་ཡིན། བོད་ནས་སྔར་རིན་ཆེན་གླིང་པ་འདིར་བྱུང༌། རྫོགས་ཆེན་ཆོས་གཏོད་དགོས་ཟེར། ངེད་ཀྱི་སྙིང་ནོར་ཡིན་པས་ཤིན་ཏུ་ཕངས་ཀྱང་ཁོ་ལ་ཨོ་རྒྱན་པདྨས་གནང་བ་རེད་པས་མི་གཏད་ཀ་མེད་བྱུང༌། ཆོས་དེ་སྔར་དུས་དང་པོ་བྱུང༌། དེ་རྗེས་རྒྱུན་མ་ཆད་ཙམ་ཡོད་པ་ལ་ཕྱིས་སུ་ཆད་སོང་བས་ངེད་ཚོ་མ་དགའ། ད་རེས་ཁྱེད་ནས་སྤེལ་བ་ལ་ངེད་རྣམས་ཤིན་ཏུ་དགའ་བས་ཕྲིན་ལས་སྒྲུབ་ཟེར་བ་བྱུང་གསུངས། ཡང་ཕྱག་མཇལ་མང་པོ་འོང་བའི་སྐབས་ཤིག །སྔར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མངའ་རིས་དབུས་གཙང་མདོ་ཁམས་གསུམ་དུ་སྐུའི་བཀོད་པ་གསུམ་དུ་བསྟན་པའི་ཡ་གྱལ། མངའ་རིས་སྟོད་གུ་གེ་རོང་དུ་བྱུང་བའི་གྲུབ་མཆོག་ཚུལ་ཁྲིམས་བཟང་པོ་ཞེས་དགུང་ལོ་བརྒྱ་དང་སུམ་ཅུ་བཞུགས་ཀྱང་སྐུ་ལ་བགྲེས་རྒུད་ཀྱི་སྐྱོན་མེད་ཅིང་གཞོན་ནུའི་ཚུལ་དུ་བཞུགས་ནས་མཐར་འོད་ཀྱི་ཕུང་པོར་དེངས་པ་དེ་ཉིད་བྱ་བྲལ་གྱི་ཆ་བྱད་ཅན་མངོན་སུམ་དུ་བྱོན་ནས། ཁོང་ཉིད་ལ་འཕགས་པ་ཐུགས་རྗེ་ཆེན་པོས་བསྩལ་པའི་ཡི་གེ་དྲུག་པའི་གསོལ་འདེབས་ཀྱི་སྒོམ་བཟླས་དེ་དཔེ་དང་བཅས་བསྩལ་ནས་གར་སོང་མ་བྱུང༌། སྒྲུབ་ཐབས་དེ་ཉིད་རིག་གཏད་བཅས་པས་ཀྱང་འགྲོ་བ་མང་པོ་རྗེས་སུ་འཛིན་པར་མཛད་ཅིང་སྒྲུབ་ཐབས་འདི་ནི་མཆོག་དམན་ཀུན་ལ་ཕན་ཐོགས་ཤིང་བྱིན་རླབས་ཀྱི་བབས་ཆེན་པོ་དང་ལྡན་པ་ཡིན་པས། ཡི་དྲུག་གྲངས་གསོག་མཁན་རྣམས་ཀྱིས་ཀྱང་བཟླས་པའི་གཞི་འདི་ཙམ་ཉམས་སུ་ལོན་ན་བྱས་ལ་མ་གསག་པའི་ལས་སུ་མི་འགྱུར་བར་བདེ་བ་ཅན་བྱ་བའི་མིང་སྙན་པོ་དེར་སྨོན་ལམ་བཏབ་ནའང་དོན་དང་ལྡན་པར་སྣང་ངོ༌། །པད་གླིང་གཏེར་སློབ་ཉེར་གཅིག་གི་གྲས་འགྲོ་འདུལ་ལས་འཕྲོ་གླིང་པའི་གཏེར་ཆོས་ཐུགས་ཆེན་དོན་གསལ་སྒྲོན་མེ་འདིའི་སྒོ་ནས་གཏེར་སྟོན་ཉིད་ཀྱིས་བུམ་སྒྲུབ་ལན་གྲངས་དྲུག་ཅུ་རྩ་གཉིས་མཛད། སྲས་བརྒྱུད་ལྔའི་བར་དུ་འགྲོ་དོན་ཤིན་ཏུ་རྒྱས་ཀྱང་དེང་སང་དབང་ལུང་གི་རྒྱུན་མི་བཞུགས་པ་ལ། གཏེར་སྟོན་ཉིད་ཀྱིས་ཉེ་བརྒྱུད་བྱིན་རླབས་རྗེས་གནང་བསྩལ་པ་ལྟར། ཆུ་ལུག་ཟླ་བ་དང་པོའི་ཚེས་ནང་འདིའི་དབང་བསྐུར་རྣམས་གནང་བའི་ནུབ་མོར། བུད་མེད་ནང་གོས་སྟེང་སྟོད་གཡོགས་དམར་པོ་ལྷུབ་གྱོན། སྐྲ་རྒྱབ་ཏུ་བསྡམས་པ་ཞིག་གིས་ཤེལ་དམར་ལྟ་བུའི་གྭའུ་ཞིག་ཁྱེར་ནས། འདི་ནང་བྲམ་ཟེ་སྐྱེ་བདུན་ཤ་རིལ་སྟོང་ཕྲག་གསུམ་ཡོད་པ་སྔར་ལས་འཕྲོ་གླིང་པ་ལ་ཕུལ་བ་ཁོང་འགྲོ་དོན་ཆེ་བས་ད་གཅིག་ལས་ལྷག་མི་འདུག །འདི་ད་རེས་ལས་འཕྲོ་གླིང་པས་ཁྱེད་ལ་ཕུལ་ཤོག་གསུངས་པ་ཡིན་ཟེར་གྭའུ་དབུ་ཐོག་ཏུ་བཞག་ནས་པར་པིར་མང་པོ་བརྗོད་ནས་བྱིན་རླབས་འདྲ་བ་ཞིག་བྱས། དེ་ནས་བྲམ་ཟེ་སུ་རེད་དྲིས་པས་ཟླ་བ་བཟང་པོ་རེད་ཟེར། འོ་ན་ཟླ་བཟང་སྤྲུལ་སྐུ་ཟེར་བ་དེའི་སྐྱེ་བ་ཡིན་ནམ་དྲིས་པས་དེའི་འོད་ཟེར་ཕོག་པ་ཙམ་བྱས་ན་ཆོག་རྒྱུ་རེད། རིལ་བུ་འདི་ཤིན་ཏུ་རྩ་བ་ཆེ་བས་བཅའ་ག་ཡག་པོ་དགོས་ཟེར་བཞུགས་སའི་ཉེ་ལོགས་ཀྱི་རྟེན་སྒམ་ཞིག་ཏུ་བཅུག་སོང་བ། ཕྱིས་རིལ་བུ་དངོས་སུ་ཡོད་འདུག་པ་ལ་གཏའ་སྤེལ་ཡང་མཛད། མཁའ་འགྲོ་མ་དེ་པདྨའི་དྲྭ་བ་ཅན་རེད་གསུངས། མེ་ཡོས་ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ནུབ་མནལ་ལམ་དུ་རིན་པོ་ཆེ་ཉིད་ཀྱིས་རྟ་ཞིག་འཆིབ། གྲྭ་པ་རྐང་ཐང་བཞི་ཙམ་བཅས་ཟབ་བུ་ལུང་མཇལ་དུ་ཕེབས་ཀྱིན་འདུག་པ། གནས་མདར་སྔགས་པ་ཞིག་གིས་ཁྱིམ་དུ་གདན་དྲངས། དབང་དང་བྱིན་རླབས་ཞུས། བསྙེན་བཀུར་བསྟབས། དེས་མཚོན་ལམ་དུ་གར་ཕེབས་པ་ཡིན་ཞུ་མཁན་ཐམས་ཅད་ལ། ཟབ་བུ་ལུང་གཏེར་ལུང་མཇལ་དུ་འགྲོ་བ་ཡིན་ཁོ་ན་གསུངས་ཀྱིན་འདུག །ལམ་དུ་ཆར་པ་འགའ་ཞིག་བབས་པ་གྲྭ་པ་རྣམས་ནས་དེ་རིང་སྡུག་གནམ་འདིས་ག་འདྲ་བྱེད་པ་ཡིན་ན་ཟེར་བ་ལ། དགའ་མོ་ཡོང་འགྲོ་གསུངས་ཀྱིན་ཕེབས། ཕྱི་དྲོ་ལུང་པའི་རྐེད་ཙམ་སླེབ་པ་ཆུ་ཕར་ཀ་དེར་འབྲོག་དུད་ཕྱུག་པོ་ཞིག་འདུག་པ། ཆེ་ཆུང་མེད་པ་ཐམས་ཅད་ཆུ་ཚུར་ཀར་བརྒྱུགས་ནས་བྱིན་རླབས་ཞུས། ད་ཅི་ཙམ་འགྲོ་དགོས་དྲིས་པ་ད་དུང་ལམ་ཕྱེད་ལས་མ་སླེབས་ཚུལ་བཤད། དོ་དགོང་བཞུགས་གནས་གར་འབེན་དྲིས་པར་འདི་ཡན་ཆད་ཆར་སྐྱིབས་སོགས་སྟབས་བདེ་མེད་ཚུལ་ལབ་པ་གྲྭ་པ་རྣམས་ནས། འོ་ན་དོ་དགོང་ཁྱེར་རང་ཚང་ལ་གནས་ཚང་ཨི་གཡར་བྱས་སོང་བ། ནངས་སྔ་བར་ཕེབས་རྒྱུ་ཡིན་ཚེ་གཡར་རྒྱུ་ཡོད་ཟེར། དེ་ཀ་ཡིན་ཚུལ་གྱིས་ཆུ་ཕར་ཀར་ཕྱིན་པར་དུད་ཚང་དེའི་ལྟག་སྦྲ་ཆུང་ལོགས་དང་ས་ཐམས་ཅད་སྟན་དཀར་གྱིས་གཡོགས་པ་ཞིག་ནང་བཞག །གསོལ་ཐུག་སོགས་བསྐྱལ། སང་ཉི་ཤར་ལ་བླ་མ་མངའ་བདག་པ་ཕེབས་རྒྱུ་ཡིན། དེ་པ་གཙང་སྦྲ་ཤིན་ཏུ་ཆེ་བ་ཡིན་པས། ཉིད་དཔོན་སློབ་ནས་ཕོ་གཏོར་སོགས་འབག་འབོག་མི་མཛད་པར་ཞུ་འདུག །དེ་ནུབ་ཐུགས་དམ་འདྲ་མཛད་ཀྱིན་བཞུགས། ནངས་ནམ་ལངས་པ་དང་ཚ་བ་བཞེས་ནས་ཆིབས་བཏེགས་ཏེ་ལུང་པའི་ཕུ་ལ་ཕེབས་ཏེ་འགྲུལ་བ་འདྲས་ལམ་ངོ་སྤྲད་ཅིང༌། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཕེབ་པ་དང༌། ཕ་ཝང་ཞིག་གི་སྐྱིབས་སུ་རྣལ་འབྱོར་པ་ཐོར་ཚུགས་ཆུང་ངུ་ཡོད་པ། རབ་བྱུང་ཆས། སྐུ་བོང་མི་ཆེ་མི་ཆུང༌། སྐུ་ཤ་རན་པ། ཞལ་རྒྱན་ཅུང་ཟད་ཡོད་པ་ཞིག་ཆར་ཡིབས་ལྟ་བུས་བཞུགས་འདུག་པ་བཞེངས་ནས། ཁོང་ཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་ཡིན། ཁྱེད་ཕེབས་པ་རྟེན་འབྲེལ་ཤིན་ཏུ་བཟང་བས་ད་ལྟ་གཏེར་འདོན་པར་འགྲོ་གསུངས། དགྱེས་བཞིན་ཕེབས་པས་ཕ་ཝང་ཞིག་ནས་ཤོག་དྲིལ་ཞིག་ཕྱུང༌། དེ་མ་ཐག་བདག་གུ་ཎ་ས་མུ་དྲ་ད་ལྟའི་བྱད་དབྱིབས་ཅི་ལྟ་བར་གནས་འགྱུར་ནས། ཤོག་སེར་འདིའི་ཆོས་བདག་ཁྱེད་རང་ཡིན་པས་ད་ལྟ་རང་དུ་ལུང་བྱ་ཞེས་ཤོག་སེར་ཚར་གཅིག་དག་པར་བཀླགས་སོང་བ་གྲོལ་ཐིག་གི་ཆོས་སྡེ་ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་དེར་སྣང་གསུངས། རྗེ་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡིན་པའི་ཐུགས་ཤེས་གསལ་ཡོད་འདུག །ཡང་རབ་ཡིད་མེ་འབྲུག་ཟླ་བ་གསུམ་པའི་ཚེས་ཉེར་གཅིག་ཉིན་ཕྲན་རྗེའི་སྤྱན་སྔར་ཕྱིན་པའི་སྔ་ནུབ་ཚེས་ཉི་ཤུའི་ཐོ་རངས་འོད་གསལ་དུ། བུད་མེད་གོས་སྔོན་གྱོན་པ་ཞིག་གིས་ད་འགྲོ་གསུངས་པའི་རྗེས་ལ་ཕེབ་པའི་ལམ་དུ་གྲོག་རོང་ཞིག་འདུག་པ་ལ་བུད་མེད་དེ་འཕུར་སོང་བའི་རྗེས་ལ། རྗེ་ཉིད་ཀྱང་འཕུར་ནས་ཕེབས་པས་ཆོས་དབང་དག་སྣང་སོགས་དང་ཕྱོགས་མཚུངས་ཀྱི་ལམ་ཞོར་རྒྱ་བོད་བལ་པོའི་ཡུལ་ཁམས་ར་རི་ཙམ་ཤར་བའི་མཐར་རི་བོ་སྨུག་པས་རྩེ་བཏུམས་པ་ཞིག་མཐོང་བ་ཇེ་ཉེར་སོང་བ་དང་རི་ངོས་དེ་མཆོད་རྟེན་རྣམ་པ་ཇེ་གསལ་སོང༌། ཁད་ཉེར་ཕེབས་པས་རི་སྔོན་རྒྱབ་གཉིས་སུ་ཡོད་པའི་མདུན་མ་དེ་ཕྱི་མཆོད་རྟེན་དབྱིབས་ཤིན་ཏུ་གསལ་བའི་རི་བོ། །སེང་ཁྲིའི་ཕྱོགས་བཞིར་སྒོ་འདུག་པས་ཕྱོགས་བཞི་ཀར་ཕེབས་ཀྱང་སྒོ་རྣམས་བཅད་པས་ནང་དུ་མ་བརྟོལ། རི་དེའི་རྒྱུ་མཚན་སོགས་བུད་མེད་དེ་ལ་དྲིས་པས། འདི་ཤཱནྟ་པུ་རིའི་གྲོང་ཁྱེར་ཡིན་ཟེར། དེར་ཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར་གར་བཞུགས། ཁོ་བོ་མཇལ་དུ་འགྲོ་དགོས་གསུངས་པས། འདིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཟེར། ཁོང་དེང་སང་བོད་དུ་བཞུགས་ཡོད། འདིར་སྐུ་གདུང་ལ་མཆོད་པ་རྟག་ཏུ་འབུལ་བའི་ལྷ་དང་མཁའ་འགྲོ་སོགས་འདུས་པ་ཡིན་ཟེར། སྒོའི་བུག་སྒོ་ཞིག་ནས་གསན་པས་ཕེ་ཧྲང་གི་འཕྲུལ་འཁོར་ལྟ་བུའི་རོལ་མོའི་སྒྲ་སྙན་ལ་ཡིད་འཕྲོག་པ་བསམ་གྱིས་མི་ཁྱབ་པའི་གདངས། རྒྱུད་ཀྱི་ཚིགས་སུ་གཅད་པ་ངོ་མཚར་བ་སྒྲོག་པ་ཞིག་གསན་པ་མཆོད་འབུལ་གྱི་རོལ་མོའི་སྒྲ་ཡིན་ཟེར། བོད་དུ་ཕེབས་དུས་དཔའ་བོ་ཐོད་པའི་དུམ་བུ་དངོས་ཇི་ལྟར་འགྱུར་དྲིས་པས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལྟ་བུ་གསུང་མི་སྨྲ་བ་ཞིག་ཏུ་འགྱུར། བོད་ནས་སླར་ཕེབས་པ་དང་གསུང་གིས་ཆོས་སྟོན་པ་ཞིག་ཏུ་འགྱུར་བའི་ཁྱད་པར་ཡོད་ཟེར། དེ་ནས་རྒྱབ་ངོས་རི་གཉིས་པ་དེ་སྨུག་པོ་ཞིག་ལ་དེ་ནས་ཐག་རིང་དུ་སོང་འདུག་པ་ཟངས་མདོག་དཔལ་རི་ཡིན་ཟེར་བས་དེའི་རྩེ་མོར་འཕུར་ནས་ཕེབས་པས། པདྨ་འོད་ཀྱི་གཞལ་ཡས་ཡིན་ནམ་སྙམ་པ་ཧ་ཅང་བཀོད་པའི་ཁྱད་པར་མཚར་དུ་མེད་པའི་ཕོ་བྲང་སུམ་ཐོག་ཞིག་གི་འོག་ཁང་དུ་ཕྱིན་པས་གུ་རུ་ཟ་ཧོར་མ་ལ་མཚན་བརྒྱད་ཀྱིས་བསྐོར་བ། དེའི་བར་ཁང་དུ་ཕེབས་པས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། དེ་གཉིས་ཀ་སྐུ་བརྙན་གྱི་རྣམ་པར་མཇལ། སྟེང་ཁང་དུ་ཕེབས་པས་འོད་སྔོན་པོའི་རང་བཞིན་དུ་གཟིགས་ནས་དག་སྣང་ལས་སད་གསུངས། འདི་དག་གི་རྒྱུ་མཚན་ལ་སོགས་པ་ལས་ཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གཏེར་ཆོས་ཀྱང་ཉེ་བརྒྱུད་བྱེད་ཆོག་པ་ཡིན་གསུངས། དེ་ལས་གཞན་པ་ཕྱིས་ཀྱི་གཏེར་སྟོན་འཇའ་ཚོན་སྙིང་པོའི་ཡེ་ཤེས་ཀྱི་སྐུ་དངོས་དང་སྔ་རྗེས་མཇལ་ནས་གཏེར་ཆོས་ཉེ་བརྒྱུད་ཀྱི་བྱིན་རླབས་གསན་པ་དང༌། སྟག་ཤམ་བསམ་གཏན་གླིང་པ། ཀློང་གསལ་སྙིང་པོ་སོགས་ཀྱི་ཡང་གཏེར་དང་ཉེ་བརྒྱུད་བཞུགས་ཚུལ་ཡང་སོ་སོའི་བརྒྱུད་འཛིན་རྣམས་ལ་བཀའ་བསྩལ་གནང་བ་ཐོས་སོ།།  །།བཞི་པ་ཟབ་མོ་དགོངས་པའི་གཏེར་ནི། སྐུ་ཆུང་ངུའི་དུས་ནས་སྔོན་གནས་རྗེས་སུ་དྲན་པ་དང་ཚིགས་བཅད་སྒྲུབ་ཐབས་མང་པོ་ཐོལ་བྱུང་ཐོགས་མེད་དུ་འབྱུང་བ་ཞིག་བཞུགས་ཡོད་འདུག་ཀྱང་དེ་འདྲའི་རིགས་གལ་ཆུང་བཏང་སྙོམས་ཁོ་ནས་དམིགས་མེད་དུ་རྒྱས་བཏབ། དགུང་ལོ་ཉེར་དགུར་སོན་པའི་ས་སྤྲེལ་ལོར་བོད་ཡུལ་དབུས་སུ་ཕེབས་པའི་བྱང་ལམ་དགེ་རྒྱལ་ཕྱོགས་སུ་ཁྲུམས་ཟླའི་ཚེས་བཅུར་ཁེལ་བས་བླ་མ་གསང་འདུས་ཚོགས་མཆོད་མཛད་པས་ཐུགས་ཉམས་འབར། ཕྱི་རོལ་ཏུ་ཕེབས་སྐབས་བྲག་ཕུག་ཁ་ལྷོ་ནུབ་ཏུ་བལྟ་བ་ཡིད་དུ་འོང་བ་ཞིག་འདུག་པའི་ནང་དུ་ཕེབས་པས་ཐུགས་སྤྲོ་བར་བྱུང་ནས་བླ་མའི་རྣལ་འབྱོར་ཞིག་མཛད་པའི་མཐར་ཅུང་ཟད་མནལ་དུ་སོང་བ་ལ་སྒྲ་ཆེན་པོ་ཞིག་གྲགས་པས་སད་པ་ན། མདུན་གྱི་ནམ་མཁར་གུ་རུ་ཟ་ཧོར་མའི་ཆས་ཅན་གཙོ་འཁོར་གསུམ་མངོན་སུམ་བྱོན་ནས། བརྡའི་བྱིན་རླབས་བསྩལ་ཏེ་ཉིད་ལ་ཐིམ་པའི་རྗེས་ཐོག་ཏུ་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་ཆོས་སྐོར་ཐུགས་ལ་ལམ་མེར་གསལ་བས་དེ་ཉིད་དུ་ལས་བྱང་རྫོགས་པར་གཏན་ལ་ཕབ། དེ་ནས་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར་བསམ་ཡས་སུ་ཕེབས་ཏེ་རྫོང་དུ་བཞུགས་པའི་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་མདུན་མཆོད་པ་རྒྱས་པར་ཕུལ་ཏེ་སྔ་མའི་ལས་བྱང་གཏང་བའི་ཚེ། སྐུ་བརྙན་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་དབང་དང་གདམས་པ་བསྩལ་ཏེ་ཉིད་ལ་ཐིམ་པའི་གཟིགས་སྣང་ཤར། ཡན་ལག་ཆོས་སྐོར་རྣམས་ཀྱང་དགོངས་པའི་ཀློང་དུ་གསལ་ཡང་རིང་ཞིག་གསང་རྒྱས་བཏབ། དགུང་གྲངས་སོ་བདུན་མེ་འབྲུག་རྒྱལ་ཟླའི་ཡར་ཚེས་ལ་གཏེར་ཆེན་མཆོག་གྱུར་གླིང་པས་རྗེ་ཉིད་ལ་བཞུགས་པའི་ཟབ་ཆོས་ཤིག་གི་སྨིན་གྲོལ་སྩོལ་བའི་གསོལ་བ་ནན་དུ་བཏབ་པའི་ངོར་རྩ་དབང་དང་། ལས་བྱང་གི་བཤད་པ་བཅས་གནང་བའི་ནུབ་མོ་གཏེར་ཆེན་མནལ་ལམ་དུ། གུ་རུ་རིན་པོ་ཆེས་རྒྱལ་ཚབ་ཏུ་མངའ་གསོལ་བའི་ལྟས་ཁྱད་པར་ཅན་གཟིགས། དེའི་བྱིན་རླབས་ཀྱིས་སྣ་དྲངས་ཏེ་སེང་ཆེན་གནམ་བྲག་གི་གཏེར་ཁ་རྣམས་ཀྱང་ཕྱག་ཏུ་སོན། ཕྱིས་སུ་བསྙེན་སྒྲུབ་མཛད་པའི་མཐར་ཚེས་བཅུའི་ཚོགས་འཁོར་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ་ཉེ་གནས་པས་ཀྱང་མཇལ་བའི་མངོན་རྟགས་བྱུང༌། འདི་ལའང་བླ་མ་མཚོ་སྐྱེས་རྡོ་རྗེ། ཡི་དམ་ཡང་དག་དམར་པོ། མཁའ་འགྲོ་མནྡཱ་རཿབ། བཀའ་སྲུང་དཔལ་མགོན་མ་ནིང་གཙོ་འཁོར་རྣམས་ཀྱི་སྒྲུབ་ཐབས་རྫོགས་རིམ་ལས་ཚོགས་དང་བཅས་པ་བཞུགས་ཡོད་པར་སྣང་རུང༌། གཏན་ལ་ཕབ་པ་ནི་བླ་མ་དང་མཁའ་འགྲོའི་ལས་བྱང་དབང་ཆོག་དང་བཅས་པ་ཙམ་མོ། །དགུང་གྲངས་སོ་ལྔ་བཞེས་པ་ཤིང་སྟག་རྒྱལ་ཟླ་བར་འཕགས་མ་ཡིད་བཞིན་འཁོར་ལོ་ལུགས་འགའ་ཞིག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་པའི་སྐབས་ཀྱི་ཐོ་རངས་འོད་གསལ་དག་པའི་སྣང་ཆར། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་མཇལ། མཐར་རང་ཉིད་ལ་ཐིམ་པའི་མོད་ལ་རྟོག་མེད་འོད་གསལ་ཆེན་པོར་འབྱམས་ཀླས་ཤིང་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་ངེས་ཤེས་འཁྲུངས། དེ་ལས་སད་པ་ན་མདུན་གྱི་ནམ་མཁའ་རིག་འཛིན་ཤྲཱི་སིཾ་ཧ། བི་མ་ལ་མི་ཏྲ། མཚོ་སྐྱེས་རྡོ་རྗེ་གསུམ་གཙོ་འཁོར་དགྱེས་བཞིན་དུ་བཞུགས་ཏེ་བརྡ་དོན་ངོ་སྤྲོད་ཀྱི་དབང་སྐུར་བསྩལ་པའི་མཐར་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་ཐ་མལ་གྱི་རྟོག་པ་མཐའ་དག་དབྱིངས་སུ་ཐིམ། རིག་རྩལ་མ་འགགས་པའི་འཆར་སྒོར་འཕགས་མའི་སྙིང་ཐིག་གི་གདམས་སྐོར་ཡོངས་སུ་རྫོགས་པ་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་བཞིན་མ་འདྲེས་ཅིག་ཅར་དུ་གསལ་བའི་ཕྱིར་ཉིན་ནས་ལས་བྱང་ཙམ་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བཞེས་པས་བར་ཆད་ཀྱི་གཡུལ་ལས་རྒྱལ། ཁྱད་པར་བི་མ་ལས་ཡང་ནས་ཡང་དུ་བྱིན་རླབས་བསྩལ་ཞིང་བྲིས་ཟིན་ལ་ཞུ་དག་གི་ཚུལ་ཡང་མཛད། དེ་ནས་ལོ་ལྔར་གསང་རྒྱས་བཏབ་སྟེ་ས་རྟ་ལོར་ཐོག་མར་གཏེར་ཆེན་མཆོག་གྱུར་གླིང་པ་ལ་སྨིན་བྱེད་བསྩལ་ཅིང་ཆོས་སྒོ་ཕྱེས། རིམ་པར་རྒྱལ་དབང་ཀརྨ་པ་བཅུ་བཞི་པ་སོགས་ལུང་ཟིན་རྣམས་ལ་གནང་སྟེ་ཐམས་ཅད་ཀྱི་སྐུ་ཚེའི་འཕྲང་བསལ་ཅིང་དགེ་ལེགས་ཀྱི་རྟེན་འབྱུང་ཡར་ཟླ་ལྟར་འཕེལ་བར་གྱུར། འདི་ལ་རྫོགས་རིམ་ལས་ཚོགས་སོགས་ཟབ་རྒྱས་བཞུགས་ཡོད་འདུག་ཀྱང་རྩ་བའི་ཕྲིན་ལས། དབང་བྱིན་རླབས་རྗེས་གནང༌། ཡན་ལག་གི་སྐོར་ལས་རིག་འཛིན་རྣམ་གསུམ་གྱི་སྒྲུབ་སྐོར་ཁྱད་པར་ཅན། ཚེ་དཔག་མེད་དཀར་པོ་དང༌། རྣམ་རྒྱལ་མའི་སྒྲུབ་ཐབས་ཙམ་འབེབ་པར་མཛད་འདུག་གོ །དགུང་ལོ་བཅོ་ལྔ་པ་རབ་ཡིད་ཤིང་ཕོ་རྟ་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཐོ་རངས་ཁར་མནལ་ལམ་དུ་ས་ཆ་འདི་ཡིན་ངོ་མ་འཚལ་བའི་ཁང་བཟང་བཀོད་ལེགས་པའི་ནང་དུ། མཎྜལ་དམར་ཟླུམ་ཆེན་པོ་ཞིག་གི་སྟེང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་དབུས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཁའ་འགྲོ་སྡེ་ལྔ་དང་བཅས་པའི་མདུན་དུ་དབང་རྫས་རྣམས་བཀོད་པས་དབང་བསྐུར་ཅིང་གདམས་པ་བསྩལ། མནལ་ལས་སད་པ་ན་གྲུབ་ཆེན་ཉིད་མངོན་སུམ་དུ་མཇལ་བའི་ཞལ་ནས། གཟུང་བའི་ཡུལ་ལ་མི་རྟོག་ཅིང༌། །འཛིན་བྲལ་རིག་པ་རྗེན་པའི་ངང༌། །སྤང་བླང་བསལ་བཞག་བྲལ་བ་ནི། །སངས་རྒྱས་ཀུན་གྱི་གསང་བ་འོ། །ཞེས་གདམས་པ་ངོ་སྤྲོད་ཤློཀ་གཅིག་བསྩལ་ནས་ཉིད་ལ་ཐིམ་པས་སྨིན་གྲོལ་གདམས་པའི་སྐོར་ཐུགས་ལ་བཀྲ་གསལ་གྱིས་འཆར་པས་བཅོ་ལྔའི་ཉིན་གྲུབ་ཐོབ་ཐུགས་ཐིག་གི་ལས་བྱང་སོགས་གཏན་ལ་ཕབ་པར་མཛད། སླད་ནས་ཀྱང་བྱིན་རླབས་ཀྱི་ལྟས་ཡང་དང་ཡང་དུ་བྱུང་བ་དང༌། ལྟ་སྒོམ་སྤྱོད་པ་བོགས་འདོན་འབྲས་བུ་སྟེ་བཀའ་བབས་ལྔའི་གདམས་ངག་རིང་བརྒྱུད་བར་མ་ཆད་པ་གསན་ཅིང་ཉེ་བརྒྱུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཉིད། དགུང་གྲངས་ཞེ་བདུན་བཞེས་པའི་ཚེ་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་ནས། འཆི་མེད་གྲུབ་པའི་གནས་མཆོག་བཀྲ་ཤིས་ཟླ་གམ་དབང་གི་ཕུག་པར་བདག་ཅག་སྐལ་ལྡན་མཆོག་གི་འདུས་པ་གསུམ་ལ་སྨིན་གྲོལ་བདུད་རྩི་ཐོག་མར་བསྩལ། དེ་ནས་རིམ་པར་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། སྒྲུབ་ཐབས་སྙིང་པོ་སྐོར་ལྔ། ཁྲག་འཐུང་བདེ་གཤེགས་འདུས་པའི་སྒྲུབ་སྐོར་རྣམས་ཀྱང་གཏན་ལ་ཕབ་པར་མཛད། འདི་དག་ནི་སྒྲུབ་ཐབས་ལས་ཚོགས་ཕྲན་ཚེགས་ཙམ་ལ་དགོངས་གཏེར་གྱི་མིང་དུ་བཏགས་པ་དང་། མི་འདྲ་བ་རྒྱུད་ལུང་མན་ངག་གི་དོན་ཟབ་ཅིང་རྒྱ་ཆེ་ལ་ཚིག་ཉུང་ཞིང་འདྲིལ་བ་གང་ཟག་ཕལ་པའི་བློ་ཡི་སྤྱོད་ཡུལ་ལས་འདས་པ་ཀློང་ཆེན་རབ་འབྱམས་བཟང་པོའི་གསུང་དང་རྗེས་སུ་མཐུན་པར་སྣང་ངོ༌།།  །།ལྔ་པ་དེ་ལས་འཕྲོས་པ་རྗེས་སུ་དྲན་པའི་གཏེར་ནི། གཙོ་བོར་ལྕེ་བཙུན་ཆེན་པོའི་སྙིང་ཐིག་སྟེ་དེའི་ལོ་རྒྱུས་ནི་གོང་དུ་སོང༌། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་ལོ་ཆེན་བཻ་རོ་ཙ་ནའི་ཚེའི་སྒྲུབ་ཐབས་ཟབ་མོ་ཞུས་པའི་སྔོན་གནས་རྗེས་སུ་དྲན་ཏེ་གཏན་ལ་ཕབ་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་དང༌། ལྷོ་བྲག་མཁར་ཆུར་དགེ་སློང་ནམ་མཁའི་སྙིང་པོ་ལ་མཁའ་འགྲོ་མ་རྣམས་ཀྱིས་ཕུལ་བའི་སེང་གདོང་དཀར་མོའི་བཅུད་ལེན་རྣམས་བཞུགས་པར་སྣང་བའི་ཕྱི་མའི་རྒྱུ་མཚན་གོང་སྨྲོས་རྡོ་རྗེ་ཕྲེང་བ་གསན་སྐབས་ནུབ་དྲུག་པའི་དག་སྣང་དུ་ཤར་བ་དེ་ཉིད་དོ།།  །།དྲུག་པ་དག་སྣང་གི་སྐོར་ནི། དགུང་ལོ་བཅོ་ལྔ་པ་ཤིང་ཕོ་རྟ་ལོ་རྒྱལ་ཟླ་བའི་ནང༌། ཚེ་སྒྲུབ་ཟབ་མོའི་བསྙེན་སྒྲུབ་མཛད་སྐབས་ཚེས་བཅུའི་ཐོ་རངས་སྐབས་བཟླས་ཐུན་གྱི་དུས་སུ་ནམ་མཁའ་ནས་ཌཱ་མ་རུའི་སྒྲ་དང་དྲི་བཟང་གི་ངད་པ་འཐུལ་བའི་རྐྱེན་གྱིས། སྒྲུབ་རྫས་ཀྱི་སྟེང་དུ་འོད་དམར་པོ་ཤིན་ཏུ་གསལ་བ་ཞིག་ཞུགས་སོང་བའི་ཀློང་ནས་འཆི་མེད་མནྡཱ་རཿབ་ཚེ་ཡུམ་ཙཎྜ་ལཱིའི་རྣམ་པས་ཡབ་བཀའ་ཚེ་དཔག་མེད་ཧྲཱིཿགཅིག་མའི་སྐོར་དང༌། ཚེ་ཡུམ་ཙཎྜ་ལཱིའི་གདམས་ངག་རྗེས་སུ་བསྟན་པ་དབང་བསྐུར་བཅས་བསྩལ་པའི་མཐར་ཤིས་བརྗོད་སྐབས་མེ་ཏོག་དམར་པོའི་ཆར་སིལ་མར་བསྙིལ་བའི་ཐུགས་ཉམས་བྱུང༌། ཕྱིར་ནང་སྒྲུབ་གཞིའི་སྟེང་གཡར་མོ་ཐང་ལྟ་བུའི་མེ་ཏོག་དམར་པོ་ཁ་ཤས་དངོས་སུ་སྣང༌། དེ་འཕྲལ་ལས་བྱང་རྩ་བ་ཙམ་གཏན་ལ་ཕབ་སྟེ་ཉམས་བཞེས་མཛད་ནས་གསང་རྒྱས་བཏབ། ཕྱིས་དགུང་ལོ་ང་དགུ་རབ་ཚེས་ས་སྟག་ལོའི་དབྱར་ཐོག་སྨིན་གྲོལ་གྱི་གདམས་པ་བཀའ་དྲིན་དུ་བསྩལ་བ་ཐོབ། ཀློང་ཆེན་པའི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དོན་གོང་དུ་སོང༌། ལྕགས་རྟ་མགོ་ཟླ་བའི་ཚེས་བཅོ་ལྔར་དག་པའི་སྣང་བར་པདྨས་ཁེབས་པའི་ཞིང་ཁམས་ཆེན་པོར་ཕེབས། དེར་གཏེར་ཆེན་མཆོག་གྱུར་གླིང་པ་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུ་ཞེས་པའི་སྐུར་བཞུགས་པར་སྣང་བ་ལས། དེ་ཉིད་ཀྱི་སྒྲུབ་ཐབས་དབང་བསྐུར་བར་དོ་དྲུག་ཁྲིད་བཅས་ཀྱི་གདམས་པའི་བདུད་རྩི་གསན། དེ་རྗེས་ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་བཏབ། རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་། རྗེས་སུ་འབྲེལ་བར་གཏན་ལ་ཕབ་པར་མཛད་པའི་ཡི་གེ་པ་ཁོ་བོས་ཞུས་པའི་སྐབས་དེ་ཉིན་ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཀྱང་ཞུ་ནས་ཆུ་བོའི་རྒྱུན་དུ་འགྱུར་བ་བྱུང་ངོ༌། །སྤྱིར་དག་སྣང་ལ་རྒྱུན་ཆད་མི་མངའ་བས་ཆོས་སྒོ་མཐའ་ཡས་པ་མངའ་བ་གཞིར་བཅས་ཀྱང་སྒྲུབ་ཐབས་སོགས་གཏན་ལ་ཕབ་པ་ནི་དེ་ཙམ་ལས་སྤྱོད་ཡུལ་དུ་མ་གྱུར་ཏོ།།  །།བདུན་པ་དེ་མཐུན་སྙན་བརྒྱུད་ནི། དགུང་གྲངས་ཞེ་བརྒྱད་བཞེས་པ་མེ་ཡོས་ཟླ་བ་གསུམ་པའི་ནང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཞུགས་པའི་ནུབ་གཅིག་འོད་གསལ་གྱི་སྣང་ཆར་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་ཕེབས། དེར་བཀའ་བབས་རིག་འཛིན་བརྒྱད་པོ་གུ་རུ་མཚན་བརྒྱད་ཀྱི་རྣམ་པ་དང༌། ཀུན་འདུས་སློབ་དཔོན་པདྨ་ཐོད་ཕྲེང་རྣམས་ཕྱོགས་མཚམས་དང་དབུས་སུ་བཞུགས་པ་ལས་རྒྱུད་སྒྱུ་འཕྲུལ་ཞི་ཁྲོ། སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་གདམས་ངག་སོ་སོར་གསན། སློབ་དཔོན་ཆེན་པོས་ལུང་ཨ་ནུ་དང་རྫོགས་ཆེན་ཨ་ཏིའི་གདམས་པ་རྣམས་ཀྱང་བསྩལ་པ་ཕྱིས་བཀའ་བརྒྱད་ལས་འཇིག་རྟེན་ལས་འདས་པ་ལྔ་དང༌། མ་མོ་རྦོད་གཏོར་རྣམས་གཏན་ལ་ཕབ་པར་མཛད། དེ་ལས་གཞན་པའི་སྙན་བརྒྱུད་ཇི་ལྟར་བཞུགས་སོགས་མ་འཚལ་ཞིང་། སྙན་བརྒྱུད་ཅེས་པའི་དོན་ནི་གསུང་པ་པོས་གསལ་བར་གསུངས་པ་དེ་ཉིད་མི་བརྗེད་པའི་གཟུངས་ཀྱིས་ཐུགས་སུ་ཆུད་ནས་དབུ་ཞབས་མ་རྫོགས་ཀྱི་བར་དུ་མ་ཆད་མ་ལྷག་པར་གཏན་ལ་ཕབ་པར་སྣང་ངོ༌། ༧ །ས་གཏེར་སོགས་རེ་རེ་ལའང་ལུང་བསྟན། ཁ་བྱང་བབས་ཚུལ། སྐུལ་བྱང༌། དངོས་གཏེར་བཞེས་པའི་སྐབས་དང༌། གཏེར་སྒྲུབ་སྐབས་ཀྱི་གཟིགས་སྣང་དང་སྨིན་གྲོལ་གསན་པའི་ཚུལ། ཡུན་རིང་པོར་གསང་དམ་མཐར་ཕྱིན་པར་མཛད་ནས་དུས་ལ་བབ་ངེས་པའི་ཚེ་ལུང་དང་མཐུན་པར་སྐལ་ལྡན་རྣམས་ལ་སྤེལ་བའི་ཚུལ་རྒྱ་ཆེར་བཞུགས་པ་སྨྲོས་ཅི་འཚལ་ཡང་། རྗེ་ཉིད་གསང་བ་སྲུང་བ་ལ་ཐུགས་ཤིན་ཏུ་སྒམ་པས་སུ་ལའང་ཟུར་ཙམ་གསུང་བར་དཀའ་ཞིང་ཕྱག་ཐོ་སོགས་ཀྱང་མི་སྣང་བས། ཁོ་བོ་ལ་དགོས་པའི་དབང་གིས་སྐབས་སུ་བབས་པ་ཁ་ཤས་ཙམ་བཀའ་ཕེབས་པ་རྣམས་སྙིང་ལ་བཅངས་ནས་ཐོར་བཀོད་པ་རྣམས་སྒྲོ་སྐུར་མེད་པར་བཀོད་པ་ལགས་སོ།  །གཉིས་པ་གསང་རྣམ་ཁྱད་པར་བ།་་་རྡོ་རྗེ་ཐེག་པའི་གསང་བ་མཐའ་དག་གི་སྙིང་པོ་བདེ་ཆེན་ཟབ་ལམ་གྱི་བཀའ་བབས་བྱུང་བའི་ཚུལ་ཡང༌། ས་སྟག་ཟླ་བ་བརྒྱད་པའི་ཚེས་ཉེར་བཞིའི་ནུབ་འོད་གསལ་གྱི་སྣང་ཆར། རྗེ་ཉིད་སྐུ་ཤམ་རྐྱང་པ་ཙམ་བཅས་ཕྱག་ཏུ་འཁར་བ་རྩེ་མོ་གསུམ་ལ་ཀུ་བ་སོགས་བཏགས་པ་ཞིག་བསྣམས་ནས་ས་ཁད་ཡངས་པ་ཞིག་ཏུ་ཕེབས་པ། དེར་ཤིང་ལོ་སྔོན་པོའི་སྤྱིལ་བུ་ཞིག་འདུག་པ་སྒོར་ཕེབས་པས། སྟེང་མེ་ཏོག་དམར་པོ། འོག་གཞིར་མེ་ཏོག་སྣ་ཚོགས་བཀྲམ་ཞིང་དྲི་ཞིམ་ཁོར་ཡུག་ཏུ་ཁྱབ་པའི་དབུས་སུ་གྲུབ་ཐོབ་སྐུ་བོང་མི་ཚད་ལས་ཉིས་འགྱུར་ཆེ་ཞིང་གཟི་བརྗིད་ཅན། ཨག་ཚོམ་བྲང་ལ་སླེབ་པ། དབུ་ལ་དར་ཐོད། དར་གྱི་སྟོད་གཡོགས་སྨད་གཡོགས་ཅན་ཞིག་བཞུགས་པའི་མདུན་དུ་ཕེབས་པས། ཁྱེད་ཀྱིས་ང་ངོ་ཨི་ཤེས་གསུངས། མི་ཤེས་ལགས་ཞུས་པས། ང་ནི་གནས་བརྟན་ཐམས་ཅད་ཀྱི་གཙོ་བོ། ཁྱེད་རང་ཐམས་ཅད་ཀྱི་བརྒྱུད་པ་ལ་ཡོད་ཅིང་གསོལ་བ་འདེབས་ཡུལ་ས་ར་ཧ་ཞེས་པ་དེ་ཡིན་གསུངས། སྐུ་ཆས་སོགས་ལ་བརྟགས་ན་ཨིནྡྲ་བྷཱུ་ཏི་མིན་ནམ་དགོངས་པའི་སྐབས། ཡང་གསུངས་པ། ངས་ནི་མི་དུང་ཕྱུར་ཞིག་ལ་བསྙེན་རྫོགས་བསྒྲུབས་པ་ཡིན། ཁྱེད་ནས་ད་སྔ་བསྙེན་རྫོགས་སུ་ལ་མ་བསྒྲུབ་འདུག་པས་ད་སྟེ་མི་ལྔ་བཅུ་ལ་བསྙེན་རྫོགས་བསྒྲུབ་དགོས་པས། ང་ཡིས་ཁྱེད་ལ་དངོས་སུ་བསྙེན་རྫོགས་བསྒྲུབ་གསུངས། དེར་ལས་གྲྭ་མི་སུའང་མི་འདུག་པས་ཅི་འདྲ་མཛད་རྒྱུ་ཡིན་དགོངས་པས། གྲོགས་དན་འདི་ལྟར་བྱེད་གསུངས་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་ལྟ་སྟངས་མཛད་མ་ཐག་གནམ་ས་གཡོ་བ་ལྟ་བུའི་རོལ་མོའི་སྒྲ་དང་གློག་འོད་འཁྱུགས་པའི་ནང་དུ་མཁའ་འགྲོ་སྔོ་སངས་རུས་རྒྱན་ཅན་མཛེས་སྡུག་ལྟར་མི་ངོམ་པ་ཞིག་གློག་ཞོན་པ་ལྟར་བྱས་ནས་དེར་བྱུང་སྟེ་འཁོད། དེ་ནས་ལེགས་སྦྱར་ཤ་སྟག་གིས་དབང་རྒྱས་པ་ཞིག་གནང༌། རྗེས་ཟློས་རྣམས་ཀྱང་ལེགས་སྦྱར་མཛད། བུམ་དབང་སྐབས་ཕྱག་སྦྱི་བོར་བཞག །གསང་དབང་ཡབ་ཡུམ་སྙོམས་འཇུག་མཛད་པའི་བྱང་སེམས་ལྗགས་ལ་ཚེགས་མེད་སླེབས། ཤེར་དབང་མཁའ་འགྲོ་དེ་གཏད། བཞི་པ་ཚིག་གིས་ངོ་སྤྲོད་བཅས་བཞི་ཀར་ཉམས་མི་འདྲ་བ་རེ་རེ་སྐྱེས། བར་མཚམས་རེ་བཞག་མཐར། དེ་རྣམས་ཀྱིས་དགེ་བསྙེན། དགེ་ཚུལ། དགེ་སློང༌། གནས་བརྟན་རྒན་པོའི་གོ་འཕང་གྲུབ་པ་ཡིན་ནོ། །ཞེས་བོད་སྐད་གསུངས་མཐར་གཟུང་འཛིན་རྟོག་པ་ཐམས་ཅད་འགགས། སྔགས་ཀྱི་ནང༌། ཙ་ཏུརྣནྡ། ཞེས་གསལ་བར་གསན། གཞན་རྣམས་ལ་བོད་སྐད་དང་ར་འཕྲོད་པ་ཆེར་མ་བྱུང་གསུངས། ཡང་ཤིང་བྱ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ནུབ། གྲུབ་ཆེན་ས་ར་ཧ་པ་དང་ཨིནྡྲ་བྷཱུ་ཏི་བར་པ་ལ་རྒྱལ་པོ་ཛཿཞེས་གྲགས་པ་དེ། སྔར་དུས་ཀྱི་གཟིགས་སྣང་དང་ཕྱོགས་མཚུངས་པར་མཇལ་ནས་ཁྱད་པར་འཕགས་པའི་ཐབས་ལམ་བཞི་ཚན་བཞི་བཅུ་པ་ཞིག་གསན་པར་སྣང་བ་གསར་རྙིང་གི་ཐབས་ལམ་གྱི་རིམ་པ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ་ལ། སྔར་མེད་པའི་ཟབ་གནད་མང་པོས་ཁྱད་པར་དུ་བྱས་པའི་གཞུང་ངོ་མཚར་བ་ཞིག་བཞུགས་ཡོད་པར་འདུག་ནའང་གཏན་ལ་འབེབ་པ་ནི་ལྟ་ག་ལ་ཞིག །ཟུར་ཙམ་སྨྲོས་པའང་བཀའ་རྒྱ་དམ་པོར་སྣང་མོད། དབང་རྣོན་ཆོས་སྤྱན་ལྡན་པའི་རྗེས་འཇུག་མཆིས་ན་བཀའ་བབས་ཀུན་ལས་ཀྱང་ངོ་མཚར་བའི་གནས་འདི་ལ་ཡིད་ཆེས་བསྐྱེད་པའི་སླད་དུ་བཀོད་པ་ལ་བླ་མ་དང་མཁའ་འགྲོས་བཟོད་ཅིང་ཚངས་པར་བསྩལ་དུ་གསོལ། ཤྲཱི་ཤྲཱི་ཤྲཱི་སྭསྟི་བི་ཛ་ཡནྟུ། བསམ་ཡས་བདེར་གཤེགས་སྲས་བཅས་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་ཀུན། །དུས་མཐའི་བསྟན་དང་གདུལ་བྱའི་དོན་ཕྱིར་སྙིང་སྟོབས་གོང་བུར་གཅིག་དྲིལ་ནས། །འགྲན་ཟླས་སྤངས་པའི་སྐྱེས་བུའི་ཁྱུ་མཆོག་ལྷ་མིའི་བླ་མའི་སྐུར་སྣང་བ། །མཚན་ཙམ་གྱིས་ཀྱང་ཉེས་པའི་མུན་འཇོམས་ཐར་ལམ་སྣང་མཛད་དེ་ལ་འདུད། །མཆོག་བསྟན་ནོར་འཛིན་རྩོད་པའི་རྒྱ་མཚོར་བྱིང་བར་ཕྱོགས་པའི་ཚེ། །མཁྱེན་སྟོབས་རུས་སྦལ་སྟོབས་ཀྱིས་བླ་ན་བཏེགས་པའི་ཕྲིན་ལས་ལ། །ཕྱོགས་བཅུའི་ཞིང་བཞུགས་དབང་སྟོབས་རྩལ་ལྡན་དཔའ་ཆེན་སྲས་དང་བཅས། །འཇིག་རྟེན་དབང་པོ་རྣམས་ཀྱང་བསྔགས་པའི་མེ་ཏོག་ཆར་དུ་བསྙིལ། །སྙིགས་ལྔའི་རྙོགས་པས་ཤིན་ཏུ་སྙིགས་གྱུར་དམུ་རྒོད་འགྲོར། །ཤས་ཆེར་བརྩེ་བས་བསམ་མི་ཁྱབ་པའི་ཡེ་ཤེས་ཀུན། །བཤེས་གཉེན་ཚུལ་བཟླུམས་ཐབས་མཁས་མཛད་པ་རླབས་པོ་ཆེས། །སྲིད་མཚོར་བྱིང་རྣམས་རྣམ་གྲོལ་སྐམ་སར་དབུགས་དབྱུང་མཛད། །ཇི་སྙེད་ཤེས་བྱ་རང་སྤྱིའི་མཚན་ཉིད་གཟིགས། །གནས་ལུགས་ཇི་ལྟའི་དགོངས་པ་མངོན་དུ་གྱུར། །ཆགས་དང་ཐོགས་པའི་དྲི་མའི་གཟེབ་ལས་གྲོལ། མཁྱེན་པའི་ཡེ་ཤེས་རྡོ་རྗེ་རྣོན་པོར་མཚུངས། །གསེར་ཞུན་ལྟ་བུའི་ལྷག་བསམ་གཡོ་མེད་པས། །རིས་མེད་བསྟན་དང་མཆོག་དམན་བར་མའི་འགྲོར། །ཕྱོགས་སུུ་མ་ལྷུང་ཕན་བདེའི་སྣང་བས་སྐྱོང༌། །བརྩེ་བའི་ཐུགས་རྗེ་པདྨ་དཀར་འཛིན་དངོས། །ལྷན་སྐྱེས་གྲུབ་པའི་མཐུ་སྟོབས་རྩེ་བརྒྱ་པས། །བདུད་རིགས་ཀླ་ཀློའི་དཔུང་ཚོགས་ཟིལ་གནོན་པའི། །རྡོ་རྗེའི་ལུང་གིས་རབ་བསྔགས་ལྷ་ཡི་དབང༌། །ནུས་པའི་རྩལ་འཆང་དཔལ་ལྡན་གསང་བའི་བདག །ཕྱི་རུ་བརྟན་མཁས་ཡོངས་རྫོགས་འདུལ་བ་འཛིན། །ནང་དུ་བྱང་ཆུབ་མཆོག་སྤྱོད་རྒྱལ་བའི་སྲས། །གསང་བ་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་འཆང༌། །དོན་དམ་སྲིད་ཞི་ཀུན་ལ་ཁྱབ་པའི་བདག །སྣང་བའི་མུ་ཁྱུད་རྒྱུ་སྐར་བྱེ་བ་སྙེད། །ཀུན་གསལ་ངོགས་སུ་ཤར་ལ་ཆོས་མཚུངས་ཀྱང༌། །སྒྲོལ་བྱེད་ཕྲེང་བ་ཇི་ཙམ་ཚོགས་ན་ཡང༌། །ཉི་མའི་དཀྱིལ་འཁོར་འགྲན་ཟླས་དབེན་པ་བཞིན། །འཛིན་མའི་གཞི་ལ་དངོས་སྦས་ཚུལ་འཆང་བའི། །ཡོན་ཏན་འོད་འབར་འདྲེན་མཆོག་ཇི་སྙེད་པས། །མདོ་སྔགས་ཉི་མའི་གཉེན་གྱུར་གཉིས་པ་འདིའི། །རྣམ་ཐར་ཕྱོགས་རེའི་ཆར་ཡང་འགྲན་མི་བཟོད། །དེས་ན་སྲས་བཅས་རྒྱལ་བའི་རྡོ་རྗེའི་ལྗགས། །མགྲིན་གཅིག་བརྐྱངས་ནས་བསྔགས་ཀྱང་མི་དཔོག་པའི། །དམ་པའི་ངང་ཚུལ་ཡིད་བཞིན་ནོར་བུའི་གཏེར། །བགྲང་བའི་ངལ་བ་བྱིས་པ་བླུན་པོའི་མཚང་། །ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་ཟབ་ལྟར། །གཞལ་བར་མི་བཟོད་ཟབ་ཅིང་རྒྱ་ཆེ་ལས། །ངོ་མཚར་རྨད་བྱུང་བླ་མའི་རྣམ་པར་ཐར། །ཤས་ཙམ་གླེང་བའང་བསོད་ནམས་སྐལ་པ་སྦོམ། །སྟོང་ཁམས་རཏྣའི་གྲམ་བུར་བརྡལ་འདྲ་བའི། །ཡོན་ཏན་མཛོད་ལས་ཤེར་བརྩོན་སོར་མོའི་རྩེས། །ཅུང་ཟད་ཐོབ་པ་དད་བློའི་གསེར་བཟང་གི །སྐུད་པར་བརྒྱུས་འདི་སྐལ་ལྡན་མགྲིན་པའི་རྒྱན། །མཚན་ཙམ་གྱིས་ཀྱང་སངས་རྒྱས་མཛད་པ་སྒྲུབ། །ཐོས་དང་དྲན་པས་རྣམ་གྲོལ་མཆོག་སྦྱིན་པ། །བདེན་གསུང་ཚད་མས་གྲུབ་ཕྱིར་ཕྱོགས་མཚོན་ཙམ། །བརྗོད་པ་འདི་ཡང་དོན་ལྡན་འབྲས་བུས་ལྕི། །དེ་ཕྱིར་ཕུལ་བྱུང་ངག་ཏུ་མ་འཁྱོག་པར། །རང་བཞིན་བརྗོད་པ་རང་འདོད་ཚིག་སྦྱོར་གྱི། །དྲི་མས་མ་རེག་ས་བོན་ཙམ་འདི་ལས། །ཚིག་སྦྱོར་དཔག་བསམ་ལྗོན་བཟང་བསྐྲུན་པར་གསོལ། །དེ་ཡིས་མོས་ལྡན་དད་པའི་མིག་བྱེ་ཞིང༌། །དེས་ཀྱང་སྐྱེ་དགུ་ངན་འགྲོའི་གཡང་ལས་སྒྲོལ། །རང་གཞན་ཐར་པའི་གྲོང་དུ་བདེར་འཇུག་པའི། །དོན་ཆེན་འགྲུབ་འདི་ཐུགས་བསྐྱེད་སྟོབས་སུ་གྲུབ། །སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་དངོས། །མདོ་སྔགས་ཆོས་སྒོ་བསམ་ཡས་འབྱུང་བའི་གནས། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཧེ་རུ་ཀ །མཉམ་མེད་དཔལ་ལྡན་བླ་མར་སླར་ཡང་འདུད། །རྡུལ་སྙེད་ལུས་སྤྲུལ་དེ་སྙེད་བསྟོད་དབྱངས་སྒྲོག །སྐྱབས་གནས་གཅིག་ཆོག་ཉིད་དུ་ངེས་པ་ཡི། །མོས་པའི་བློ་ཡིས་ཞབས་པད་ཟེའུ་འབྲུ་ལ། །སྤྱི་བོས་གཏུགས་ཏེ་རྟག་ཏུ་ཕྱག་བགྱི་འོ། །རྒྱལ་བས་རབ་བསྔགས་བཟང་པོ་སྤྱོད་པ་ཡི། །མཆོད་སྤྲིན་བླ་བྲེ་བླ་ན་མ་མཆིས་པ། །ཆོས་དབྱིངས་རྒྱས་པར་བྲེས་ཏེ་གུལ་ཕུལ་བས། །ཟག་མེད་དགོངས་པ་མཐར་ཐུག་སྐོང་གྱུར་ཅིག །འཁྲུལ་པའི་གཡའ་དྲིས་ཆོས་ཁམས་གསེར་བཟང་ལ། །སྒྲིབ་པའི་ལྷག་མ་དང་བཅས་སྟོབས་བཞིའི་ཆུས། །ལེགས་པར་བཀྲུས་པས་བདག་གཞན་འགྲོ་ཀུན་རྒྱུད། །རྣམ་དག་ཚངས་པའི་བཞིན་རས་གསལ་བར་མཛོད། །སྲིད་རྩ་ཞི་བའི་དབྱིངས་སུ་གཅོད་པའི་འཕྲུལ། །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་སྤྱད་ཀླུང༌། །རྣམ་ཐར་རྒྱ་མཚོར་གཅིག་ཏུ་བཟླུམས་པ་ལ། །ཡི་རང་པདྨོ་འཛུམ་པས་མཛེས་པར་བགྱི། །གང་འདུལ་ཆོས་སྒྲས་མ་རིག་གཉིད་སློང་ཞིང༌། ཁྱད་པར་གསང་ཆེན་རྡོ་རྗེ་ནཱ་དའི་དབྱངས། །གདུལ་བྱའི་རྣ་བར་རྒྱུན་མི་འཆད་འབབ་པས། །རྩོལ་མེད་གདོད་མའི་གྲུབ་མཐའ་སྙེག་པར་གསོལ། །དེ་བཞིན་ཉིད་དབྱིངས་སྐྱེ་འགག་གདོད་ནས་བྲལ། །རྒྱལ་རྣམས་ཀུན་རྫོབ་བདེན་པར་རྟོན་མི་མཛད། །འགྲོ་ཁམས་འཛད་པ་མེད་ཕྱིར་གཤིས་ཀྱི་སྐུར། །རྟག་བརྟན་གཡུང་དྲུང་ཆེན་པོར་བཞུགས་གསོལ་འདེབས། །ཟག་བཅས་ཟག་མེད་ཡོངས་གྲུབ་རྣམ་དཀར་ཚོགས། །འགྲོ་ཀུན་སྲིད་མཚོར་བྱིང་ལས་མྱུར་བཏོན་ནས། །བླ་མ་སངས་རྒྱས་ཉིད་འགྲུབ་ཕྱིར་བསྔོ་བ། །རྒྱས་སྲས་དཔའ་བོ་རྣམས་ཀྱི་རྗེས་སུ་སློབ། །འདི་གཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྐྱེ་ཀུན་རྗེ་བཙུན་བླ་མས་རྗེས་གཟུང་སྟེ། །འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས་ནས་ཀྱང༌། །གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་སྩོལ། །རྟག་ཏུ་མཉེས་པའི་བྱ་བ་མཐར་ཕྱིན་སྒྲུབ། །མི་མཉེས་ལོག་ལྟ་སྐད་ཅིག་མི་འབྱུང་ཞིང༌། །གསུང་གི་མཛོད་འཛིན་ཐུགས་ཀྱི་དགོངས་བཅུད་ལོན། །རྣམ་ཐར་ཕྲིན་ལས་ཡོངས་རྫོགས་འགྲུབ་པར་ཤོག །བྱིན་རླབས་རྫོགས་ལྡན་སྤྲིན་ཆེན་འཁྲིགས་པ་ལས། །ཕན་བདེ་ནོར་བུའི་གྲུ་ཆར་རྟག་འབེབ་པས། །འདི་གཏན་འདོད་རྒུ་ཡིད་བཞིན་འཇོ་མཛད་པ། ཁྱབ་བདག་བླ་མས་ཤིས་པས་སྐྱོང་གྱུར་ཅིག །ཅེས་ཁམས་གསུམ་འགྲོ་བའི་བླ་མ་བཀའ་དྲིན་མཉམ་མེད་ཐམས་ཅད་མཁྱེན་གཟིགས་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་ས་བོན་ཙམ་དུ་སྨྲོས་པ་འདི་ཉིད། རིགས་ཀྱི་དབོན་མཁྱེན་དཔྱོད་ཕུལ་བྱུང་དགེ་བློས་རྒྱུད་ཕྱུག་པ་སུ་བྷ་ག་བཛྲ་ནས་བཀྲ་ཤིས་པའི་ལྷ་རེག་སའི་སྙིང་པོ་སྲང་འཁོར་གྱི་རྟེན་བཅས་བསྐུལ་བ་དང༌། རྗེ་ཉིད་ཀྱི་ཐུགས་ཟིན་རིམ་གྲོ་བ་ལྔ་རིག་སྨྲ་བའི་དབང་ཕྱུག་འཇམ་དབྱངས་ལེགས་པའི་བློ་གྲོས་ནས་ཀྱང་གསུང་ནན་ཆེན་པོས་བསྐུལ་པ་ལྟར། རྗེ་བླ་མ་ཉིད་ཀྱི་བཀའ་དྲིན་ཆེན་པོས་ཐུན་མིན་དུ་བསྐྱངས་ཤིང་རིས་མེད་པའི་བསྟན་པ་ལ་སྙིང་ནས་གུས་པའི་ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས། ཕྱི་ནང་གསང་བའི་རྣམ་ཐར་གྱི་རྩ་ཚིག་དང༌། ཕྱིའི་རྣམ་ཐར་རྩ་ཐོ་རྗེ་རིན་པོ་ཆེ་ཉིད་ཀྱིས་དངོས་སུ་བསྩལ་པ་རྣམས་གཞིར་བྱས། གསན་ཡིག་དང་གཤེགས་རྗེས་དགོངས་རྫོགས་བསྒྲུབས་ཚུལ་སོགས་ཀྱི་ཡི་གེའི་རིགས་མདོར་བསྡུས། དག་སྣང་སྐོར་སོགས་ཞལ་ནས་དངོས་སུ་ཐོས་རིམ་གྱི་ཟིན་བྲིས་བཏབ་པ་རྣམས་ཕྱོགས་སུ་བསྡུས་ཏེ་བགྱིས་པ་བགྲང་བྱ་མཐོ་ཞིང་ཤེས་རིག་བརྟུལ་བས། རྗོད་བྱེད་ཀྱི་ཚིག་ཚོགས་ལ་དཔྱོད་ལྡན་དགྱེས་པའི་རྣམ་དཔྱོད་མ་མཆིས་ཀྱང༌། བརྗོད་བྱའི་དོན་ལ་སྒྲོ་སྐུར་གྱི་མཐའ་དང་བྲལ་ཞིང་ནོར་འཁྲུལ་གྱི་རྙོགས་པ་མ་མཆིས་པས། རྗེའི་བཀའ་སློབ་མཁས་གྲུབ་རྣམས་ཀྱིས་འདི་ལ་བརྟེན་ནས་ཚིགས་སྦྱོར་ཕུན་སུམ་ཚོགས་པས་གསལ་ལ་རྒྱས་པར་སྤྲོ་བ་གསོལ་བ་འདེབས་པ་ལགས། འདིའང་རང་ལོ་གྱ་གཅིག་ཏུ་སོན་པ་ཆུ་སྦྲུལ་ནག་པ་ཟླ་བར་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པའི་ཡི་གེའི་རིས་སུ་སྤེལ་བ་པོ་གནས་ལྔ་རིག་པའི་བློ་གྲོས་ཅན་དགེ་བའི་བཤེས་གཉེན་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བགྱིས་པ་སྟེ། གསང་བ་བསྒྲགས་པ་སོགས་ནོངས་པ་གང་མཆིས་བླ་མ་མཁའ་འགྲོ་སྲུང་མ་དང་བཅས་པའི་སྤྱན་སྔར་བཤགས་ཤིང༌། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་མངྒལ་ཀལྱཱཎཾབྷ་ཝནྟུ།། །། ༈ ཨོཾ་སྭསྟི། རྒྱལ་བའི་བསྟན་པ་དུས་མཐར་བསྲིང་པ་ལ། །སྨོན་ལམ་ཐུགས་དམ་དུས་ཀྱིས་སད་པ་ལས། །ཕྱོགས་དང་རིས་མེད་ཕན་བདེའི་མཆོག་སྦྱིན་པ། །རྗེ་བཙུན་བླ་མ་སྙིང་རྗེའི་གཏེར་ལ་འདུད། །གང་གི་རྣམ་ཐར་ཇི་བཞིན་འཆད་པའི་བདག །ངག་གི་དབང་ཕྱུག་ཆེན་པོ་ཉིད་འོས་ཕྱིར། །ཡོན་ཏན་རྒྱ་མཚོའི་གཏེར་ཁ་ཕྱེ་བ་ཡི། །གཏམ་གྱི་བདུད་རྩི་སྐལ་བཟང་ཡིད་ཀྱི་གསོས། །ཚུལ་འདིར་ཤེས་ནས་དད་པའི་སྐྱེ་བོ་ལ། །རྣམ་གྲོལ་སྒོ་ཆེན་དབྱེ་སླད་སྤར་གྱི་འཕྲུལ། །གཏོང་བའི་བཀྲ་ཤིས་ཚེ་རབས་ཀུན་འཕེལ་བས། །སྡེ་བཞིས་དགེ་བྱས་རྒྱལ་ཁབ་ཆེན་པོར་བསྐྲུན། །བླ་མའི་ཡོན་ཏན་སྒྲོག་པའི་བསོད་ནམས་ལ། །རླབས་ཆེན་དགེ་བ་ཅིས་ཀྱང་མི་བསྒྲུན་པའི། །དཔལ་དེས་དད་ཅན་སྦྱིན་པའི་བདག་པོ་གཙོས། །འབྲེལ་བཅས་ངེས་པར་ལེགས་པས་འཚོ་གྱུར་ཅིག །ཐུགས་རྗེའི་མཁའ་ནས་བྱིན་རླབས་ཉི་མའི་འོད། །སྐལ་ལྡན་དད་པའི་པད་རྫིང་ལ་ཞུགས་ཏེ། །ལེགས་ལམ་སྤྱོད་པས་དུས་ཀྱི་དགའ་སྟོན་དང༌། །ལྷན་ཅིག་བསྟན་འགྲོའི་ཕུན་ཚོགས་རྒྱས་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་དེ་ཉིད་ལ་ཁ་ཙམ་མ་ཡིན་པའི་དད་གུས་དང་ལྡན་པ་སྡེ་དགེ་གཉེར་ཆེན་བཀྲ་ཤིས་ཚེ་འཕེལ་ནས་ཡོན་སྦྱར་ཞིང་རྗེ་ཉིད་ཀྱི་དབོན་སུ་བྷ་གའི་མཐུན་རྐྱེན་ལ་བརྟེན་ལེགས་པར་གྲུབ་པའི་ཚེ་མཆོག་ཏུ་དགའ་ཞིང་རྗེས་སུ་ཡི་རངས་པའི་བློ་གྲོས་ལས་བྱུང་བ་དགེ། །། ༈ ཐམས་ཅད་མཁྱེན་པ་རྡོ་རྗེ་གཟི་བརྗིད་རྩལ། །པདྨའི་རྒྱལ་ཚབ་འོད་གསལ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །བྱིན་རླབས་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། ༈ །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་བླ་མའི་དམ་ཚིག་ལ་གནས་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དགེའོ། །མངྒ་ལཾ།། །།
 
Latest revision as of 14:40, 22 February 2019

Property "Author" has a restricted application area and cannot be used as annotation property by a user. 

རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་

rje btsun bla ma thams cad mkhyen cing gzigs pa 'jam dbyangs mkhyen brtse'i dbang po kun dga' bstan pa'i rgyal mtshan dpal bzang po'i rnam thar mdor bsdus pa ngo mtshar u dum+ba ra'i dga' tshal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 65 (ཧཱ་) / Pages 1-293 / Folios 1a1 to 147a4

First Text in Volume
[edit]

༄༅། །ཨཱ ཥྩ རྻོ དུ མྦ ར སྱ ཧྲྀ ཥྚ བ ན ནཱ མ བྷ ཊྚཱ ར ཀ གུ རུ ས རྦ ཛྙཱ ད རྴ ནཾ མ ཉྫུ གྷོ ཥ བི ད ཀྲྀ པེ ནྡྲཱ ན ནྡ ཤཱ ས ན དྷྭ ཛ ཤྲཱི བྷ དྲ སྱ བི མོ ཀྵ སཾ ཀྵེ བ བི ཧ ར ཏི སྨ།། ༄༅། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་བཞུགས། །

༄༅། །དིནཀྲྀདུདཡབརཎྞདྷཱརཻཿམནོཛྙཾཀུམཱརཿཡུབཾབྱཉྫནཾཙཏྲརཱཛྭཱིབཔུཿ ༄༅། །འཆར་ཁའི་ཉིན་བྱེད་མདངས་འཛིན་ཡིད་འོང་གཞོན་ནུའི་ལང་ཚོ་མཚན་དཔེའི་གཟི་འབར་སྐུ།།

༄༅། །བིལཔིཏབརབྷཱུཏབཀྟབྱནཱུནསྱབཱདཱིཤྭརོལཀྵིམཱངྒམཱཏྲཱིབཱཙནཾ། ༄༅། །བརྗོད་མེད་བརྗོད་པའི་མཆོག་གྱུར་སྨྲ་བ་ཀུན་གྱི་དབང་ཕྱུག་ཡན་ལག་འབུམ་ལྡན་གསུང་།།

༄༅། །བིམལམཀུརསཾབིདེཔཱརྴཡརྫྙེཡམཱུརྟིསྶམསྟོདཡཱསཾཀརཾཙིཏྟཀཾ། ༄༅། །ཡེ་ཤེས་མེ་ལོང་སྒྲིབ་བྲལ་ངོས་སུ་ཤེས་བྱའི་གཟུགས་བརྒྱ་མ་འདྲེས་འཆར་བའི་ཐུགས། །

༄༅། །ཛཡནིཁིལཔིཏཱབབྷཱུབཱཔིཛིཏྤུཏྲམཱཡཱསྤྲྀཧཱམཉྫུནཱཐོཏྟརཻཿཔཱལཏུ། ༄༅། །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་སྒྱུ་འཕྲུལ་ལ་ཆགས་འཇམ་མགོན་བླ་མས་སྐྱོངས། །

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).