Terdzo-DA-072



Property "Author" has a restricted application area and cannot be used as annotation property by a user. 








ཉང་གཏེར་གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་བསྙེན་པའི་ཡི་གེ་མདོར་དྲིལ་བ་འཁྲུལ་རྟོག་བདུད་ལས་རྣམ་རྒྱལ་

nyang gter gu ru drag po bde gshegs 'dus pa'i bsnyen pa'i yi ge mdor dril ba 'khrul rtog bdud las rnam rgyal

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  གུ་རུ་དྲག་པོ་དམར་པོ་བདེ་གཤེགས་འདུས་པ་ (Gu ru drag po dmar po bde gshegs 'dus pa)
Volume 11 (ད) / Pages 1185-1211 / Folios 1a1 to 14a4

Last Text in Volume
[edit]

༄༅། །ཉང་གཏེར་གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་བསྙེན་པའི་ཡི་གེ་མདོར་དྲིལ་བ་འཁྲུལ་རྟོག་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། ། གུ་རུ་བཛྲ་ཀྲོ་དྷཱ་ཡ་ན་མཱ་མི། ཚེ་འོད་དཔག་མེད་མ་རུངས་གདུག་པའི་ཚོགས། །འདུལ་སླད་འབར་བའི་གར་བསྒྱུར་ཧེ་རུ་ཀ །བླ་མ་དྲག་པོའི་བྱིན་རླབས་ཚ་ཟེར་གྱིས། །བདུད་བགེགས་མུན་ཚོགས་མ་ལུས་བཅོམ་པར་མཛོད། །དྲག་སྒྲུབ་ཀུན་གྱི་རྩ་བ་མངའ་བདག་གི །ཟབ་གཏེར་དྲག་པོ་ཆེ་བ་བདེར་འདུས་ཀྱི། །བསྙེན་པའི་ལག་ལེན་གནད་འདྲིལ་དགོད་པ་ལ། །བླ་མ་ལྷ་དང་མཁའ་འགྲོས་གནང་བ་སྩོལ། །བླ་མ་མངའ་བདག་ཆེན་པོས་ལྷོ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་གུ་རུ་དྲག་པོའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་འདི་ལ་གཞུང་ཆེ་བ་བདེ་གཤེགས་འདུས་པ། འབྲིང་པོ་མེའི་སྤུ་གྲི །ཆུང་བ་དཔའ་བོ་ལྷ་གསུམ་དུ་ཡོད་ཅིང་། ཆེ་འབྲིང་གཉིས་ལ་སོ་སོའི་སྨིན་བྱེད། ཆུང་བ་ལ་སྤྱི་ཁྱབ་བྱིན་རླབས་ལུ་གུ་རྒྱུད། སོ་སོའི་སྒྲུབ་ཐབས་མན་ངག་ལས་ཚོགས་དང་བཅས་པ་ཐེམས་ཅན་ཐེམས་མེད་ཀྱི་ཆོས་སྡེ་མང་དུ་བཞུགས་པ་རྣམས་ཀྱི་གཙོ་བོ་དྲག་གཞུང་ཆེན་མོའི་བསྙེན་པ་བྱ་བར་འདོད་པས། ཁོག་གཞུང་ལས། མོས་གུས་དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ དང་པོ་བཀའ་ལུང་དབང་རྣམས་རྫོགས་པར་བྱ༔ ཞེས་འབྱུང་བ་ལྟར་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་ཆེན་མོས་རྒྱུད་སྨིན་ཅིང་དམ་ཚིག་ལ་ལེགས་པར་གནས་པས་བར་ཆད་ཞི་བ་དང་དགེ་བའི་དཔུང་སྐྱེད་པའི་ཕྱིར་སྔོན་འགྲོ་བསགས་སྦྱངས་ཅི་འགྲུབ་སྤྱི་ལྟར་བྱ། གནས་ཁང་བྱི་དོར་བྱས་པའི་གུང་དུ་བླ་མ་ཞི་དྲག་སོགས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ལ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། མ་མགོན་སྡེ་བརྒྱད་ཀྱི་གཏོར་མ་བཀོད། སྔོན་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། དེ་ནས་ཐུན་གྱི་ཐོག་མར་ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་ཕྱི་རྒྱུད་ལ་དཀར་གཏོར་བཏང་། སྒྲུབ་པ་ལ་བར་གཅོད་མི་འབྱུང་ཞིང་སྡོང་གྲོགས་མཛད་པའི་ཕྲིན་ལས་བཅོལ། བགེགས་གཏོར་བྱིན་ལ་གུ་གུལ་ཡུངས་ཐུན་གྱིས་བསྐྲད་ཅིང་སྲུང་འཁོར་བརྟན་པོ་བསྒོམ། བླ་མ་དྲག་པོ་སྐྱབས་གནས་ཀུན་འདུས་སུ་དམིགས་ལ་ལས་བྱང་ལྟར་སྐྱབས་འགྲོ་དང་། སྨོན་འཇུག་སེམས་བསྐྱེད་རྒྱུད་ལ་འདྲེ་ངེས་བྱ། ཉམས་ལེན་དངོས་ལ་བདེ་གཤེགས་འདུས་པའི་གཞུང་ཆེན་ལས། དང་པོ་ཡན་ལག་བདུན་པས་ཚོགས་གསག་ཅིང་སྒྲིབ་པ་སྦྱོང་བ། བར་དུ་དབང་དྲག་རྫོགས་པའི་དཀྱིལ་འཁོར་དུ་བསྐྱེད་བཟླས་རྫོགས་གསུམ་གྱིས་བསྙེན་ཅིང་སྒྲུབ་པ། ཐ་མ་ལས་ཚོགས་ཀྱི་སྒོ་ནས་ཕྲིན་ལས་སྣ་ཚོགས་སུ་སྟོན་པ་གསུམ་དུ་གསུངས་པའི་དང་པོ་ནི། མདུན་གྱི་ནམ་མཁར་པཾ་པདྨ་མཎྜ་ལ་ཧཱུྃ༔ ཨ་ཙནྡྲ་མཎྜ་ལ་ཧཱུྃ༔ མ་སཱུརྱ་མཎྜ་ལ་ཧཱུྃ༔ པདྨ་དང་ཉི་ཟླའི་གདན་ལ་རང་བཞིན་གྱི་གནས་ནས་སློབ་དཔོན་པདྨ་དབང་དྲག་རྫོགས་པའི་སྐུ་འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་བྱོན་ནས་བཞུགས་པ་ལ། ཕྱག་འཚལ་བ་སོགས་གཞུང་ཚིག་དང་མཐུན་པའི་སྒོམ་དོན་གསལ་བཏབ་ལ་ལས་བྱང་ལྟར་ཡན་ལག་བདུན་པ་འབུལ། གཉིས་པ་ལ་གསུམ་ལས་དང་པོ་བསྐྱེད་པའི་རིམ་པ་ནི། མདུན་གྱི་ལྷ་རྣམས་བདག་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་བས་བདག་གི་ལུས་ཐ་མལ་པ་འདི་ཡང་འོད་དུ་ཞུ་ནས་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་གཅིག་ཏུ་གྱུར་པར་བསམ། དེ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་ནས་ལས་དང་བག་ཆགས་ཀྱི་སྒྲིབ་པ་སྦྱངས་ཏེ་རྣམ་པར་ཤེས་པ་དབང་དུ་བསྡུས། ཡར་བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་དབང་དང་དངོས་གྲུབ་བྱིན་རླབས་དང་ནུས་པ་ཐམས་ཅད་བསྡུས་ནས་སླར་ཧཱུྃ་ལ་ཐིམ་པས་ཧཱུྃ་དེ་སྔར་བས་ཀྱང་བརྗིད་པའི་གཟི་མདངས་དང་ལྡན་པ་གཅིག་ཏུ་གྱུར། ཡང་ཧཱུྃ་དེ་ལས་འོད་ཟེར་དམར་ལ་རྩུབ་པ་མཚོན་ཆའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་རྒྱོབ་ཅིག་སོད་ཅིག་རྡུལ་དུ་རློག་ཅིག །ཅེས་དྲག་པོའི་སྒྲ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྟེམ་གྱིས་གང་ནས་སྣང་སྲིད་ཀྱི་ལྷ་འདྲེ་སྡེ་བརྒྱད་ལ་སོགས་པ་གནོད་པར་བྱེད་་པའི་དགྲ་བགེགས་ལ་ཕོག་པ་ཙམ་གྱིས་ལྕགས་སྲེག་ལ་སྦྲང་བུ་བབ་པའམ། བྱ་སྒྲོ་མེར་བསྲེག་པ་ལྟར་རྡུལ་དུ་བརླགས་ནས་དེ་རྣམས་ཀྱི་ཚེ་དང་དབང་ཐང་མཐུ་སྟོབས་དང་གཟི་བརྗིད་དང་དངོས་གྲུབ་དང་ནུས་མཐུ་ཐམས་ཅད་འོད་ཀྱི་ཚུལ་དུ་དབང་དུ་བསྡུས་ནས་སྔར་གྱི་འོད་ཟེར་གྱི་གྲོགས་སུ་གྱུར་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་བཞིན་དྲག་པོའི་ང་རོ་དང་ལྡན་པ་ཞིག་འུ་རུ་རུ་གྲགས་པར་བསམ། དེ་ནས་འོད་ཟེར་ཧཱུྃ་ལ་ཐིམ་པས་སྔར་བས་ཀྱང་གཟི་བརྗིད་ལྡན་པ་མགར་གྱི་ཚྭ་ཚྭ་ལྟ་བུ་འོད་ཀྱི་ཚྭ་ཚྭ་སྤུངས་སྤུངས་བྱེད་པ་གཅིག་ཏུ་གྱུར། ཧཱུྃ་དེ་ལས་ཆུ་ལས་ཉ་འཕར་བའི་ཚུལ་དུ་འོད་ཟེར་དམར་པོ་རཾ་གྱི་གཟུགས་ཅན་འཕྲོས་པས་དེ་རྣམས་ཡོངས་སུ་གྱུར་པ་ལས་དུར་ཁྲོད་མེ་ཕུང་འབར་བའི་དབུས་སུ་སྣ་ཚོགས་ཉི་ཟླ་པདྨའི་སྟེང་དྲེགས་པ་ཕོ་མོ་བསྣོལ་བའི་གདན་སྟེངས་སུ། རང་རིག་ཧཱུྃ་དམར་པོ་གནས་པའོ། །ཧཱུྃ་དེ་ལས་འོད་ཟེར་དཀར་པོ་ཀེཾ་གི་གཟུགས་ཅན་འཕྲོས་པ་དེ་རྣམས་ཡོངས་སུ་གྱུར་པ་ལས། དུར་ཁྲོད་ཐོད་པའི་གཞལ་ཡས་ཁང་དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་བསྐྱེད། ཡང་ཧཱུྃ་དེ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོས་པས་དུར་ཁྲོད་ཀྱི་ཕོ་བྲང་ཕྱི་རིམ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་རྣོ་ངར་དང་ལྡན་པ། འཁོར་ལོའི་དབལ་ཁ་ལ་ལྕགས་སྲེག་གི་སྡིག་པས་མཚན་པ་ཞིག་ཏུ་གྱུར། འདིར་ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ་སྦྱོར་དགོས་པས། གསེར་གྱི་འཁོར་ལོ་རྩིབས་བཅུ་ལ༔ ཕྱོགས་བཅུ་ཁྲོ་བོའི་ད་ལ་བཀོད༔ སྟེང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ ལྷོ་ཕྱོགས༴ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ནུབ་ཕྱོགས༴ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ༔ བྱང་ཕྱོགས༴ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཤར་ལྷོ༴ ཁྲོ་བོའི་རྒྱལ་པོ་དབྱུག་པ་སྔོ༔ ལྷོ་ནུབ་འཁོར་ལོའི༴ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ནུབ་བྱང་༴ ཁྲོ་བོའི་རྒྱལ་པོ་གཞན་མི་ཐུབ༔ བྱང་ཤར༴ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ འོག་ཕྱོགས༴ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཁྲོ་བོའི་རྒྱལ་པོ་དེ་དག་ཀྱང༔ ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ སྐུ་སྟོད་ཞིང་ལྤགས་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ དུར་ཁྲོད་ཆས་ཀྱིས་ལུས་བརྒྱན་ཅིང༔ གཡས་པས་རྡོ་རྗེ་ཐོ་བ་འཛིན༔ གཡོན་པས་རྡོ་རྗེ་ལྕགས་ཀྱུ་འཛིན༔ རང་འདྲའི་སྤྲུལ་པ་དུ་མས་བསྐོར༔ བརྐྱང་བསྐུམ་ཞབས་ཀྱིས་དྲེགས་པ་མནན༔ མེ་དཔུང་ཀློང་ན་འགྱིང་བག་ཅན༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲ་སྒྲོག་ཅིང༔ གདུག་པ་མ་ལུས་འདུལ་བར་བསམ༔ འདིར་དམིགས་པའི་གོ་རིམ་གཞན་དང་མི་མཚུངས་པ་ཐོག་མར་ལྷའི་གདན་དང་ས་བོན་བསྐྱེད། དེ་རྒྱབ་ཆོས་འབྱུང་གྲུ་གསུམ་ཟླ་གམ་དམར་པོ་གསུམ་ལྡན་ལ་བསྐོར་བའི་ཐོད་ར་ཟླུམ་པོ། དུར་ཁྲོད་རོལ་པའི་གཞལ་ཡས་གྲུ་བཞི་སྒོ་བཞི། ཐོག་ཕུབ་མི་མགོའི་ཏོག་དང་བཅས་པའི་འོག་གཞི་འབྱུང་བ་རིམ་བརྩེགས། ཕྱི་རོལ་དུ་གསེར་གྱི་འཁོར་ལོ་ཕྱོགས་མཚམས་བརྒྱད་དུ་རྩིབས་བརྒྱད། སྟེང་འོག་གི་རྩིབས་གཉིས་དང་བཅས་པའི་སྲུང་འཁོར་ནང་དུ་ཁྲོ་བོ་བཅུ་བསྐྱེད་དགོས་པར་གསུངས་སོ། །ཡང་ཧཱུྃ་དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་པས་གསེར་གྱི་འཁོར་ལོའི་ཕྱི་རིམ་དུ་མེ་ཡི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། རྩིབས་རེ་རེའི་རྩེ་ལ་ལྕགས་སྲེག་གི་སྡིག་པས་མཚན་པ་གཅིག་བསྐྱེད། འཁོར་ལོ་དེ་གཉིས་ཀྱང་གསེར་གྱི་འཁོར་ལོ་གཡས་སུ་འཁོར་བ། མེའི་འཁོར་ལོ་གཡོན་དུ་འཁོར་བར་བསམ༔ དེའི་རྒྱབ་ཏུ་རྡོ་རྗེའི་གུར་ཁང་ལ་ཡེ་ཤེས་ཀྱི་མེ་རི་སྨུག་ནག་འབར་བ་ལས་མེའི་བྱ་ཁྱུང་དང༔ མེའི་ཁྲོ་ཆུང་དཔག་ཏུ་མེད་པའི་ཚྭ་ཚྭ་འཕྲོ་བར་གྱུར༔ འདིར་མེའི་འཁོར་ལོ་ས་བོན་རཾ་ལས་བྱུང་བ་དང་། མེ་འཁོར་ཁོག་སྟོང་ལྟོ་བ་ཤིན་ཏུ་ལྡིར་ཅིང་རྩེ་མོའི་བར་རིམ་གྱིས་ཕྲ་བ། རྩིབས་རྣམས་ཕྱིར་མི་མངོན་པར་རྩིབས་ལོག་གི་རྣམ་པ་ཅན་དུ་བསྒོམ། གཞལ་ཡས་ཁང་དེའི་དབུས་སུ༔ པཾ་ལས་སྣ་ཚོགས་པདྨ༔ ཨ་ལས་ཟླ་བ༔ མ་ལས་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཀྱི་རང་བཞིན་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་འོད་དུ་ཞུ་ཞིང་འོད་ཕུང་དམར་པོ་འཁྱིལ་བ་ལས༔ བདག་ཉིད་དྲག་པོ་པདྨའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་འབར་བ་ཞལ་བསྒྲད་པ༔ མཆེ་བ་གཙིགས་པ༔ སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ༔ དབུ་སྐྲ་ཕྱེད་བརྫེས་ཤིང་གྱེན་དུ་འཁྱིལ་པ༔ ཐོད་སྐམ་ལྔས་སྐྲ་མཚམས་བརྒྱན་པ༔ ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ༔ ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དགུ་རཾ་དགུས་མཚན་པ་ལས་བསྐལ་པའི་མེ་ཕུང་འབར་བ་བསྣམས་པའོ༔ ཕྱག་གཡོན་པས་ལྕགས་སྲེག་གི་སྡིག་པ་ཁ་དགུ་མིག་དགུ་པ་འཇིགས་སུ་རུང་བ་སྡིགས་མཛུབ་གྱི་རྩེ་ལ་འགྱེད་ཚུལ་དུ་བསྣམས་པ༔ སྟག་ལྤགས་ཀྱི་ཤམ་ཐབས་མཛད་པ༔ ཞིང་ལྤགས་ཀྱི་གཡང་གཞི་སྐེད་ལ་དཀྲིས་པ༔ གླང་ཆེན་གྱི་ཀོ་རློན་སྟོད་གཡོགས་མཛད་པ༔ རིགས་བཞིའི་སྦྲུལ་གྱིས་ཡན་ལག་དཀྲིས་པ༔ ཐལ་ཆེན་གྱི་ཚོམ་བུ༔ རཀྟའི་ཐིག་ལེ༔ ཞག་གི་ཟོ་རིས༔ རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཐོད་རློན་ལྔ་བཅུའི་ཕྲེང་བས་དོ་ཤལ་མཛད་པ༔ བརྗིད་ཅིང་གཏུམ་པ༔ རྔམ་ཞིང་ཁྲོས་པས་ཁམས་གསུམ་དབང་དུ་སྡུད་པ༔ སྲིད་གསུམ་ཟིལ་གྱིས་གནོན་པ༔ ཞབས་གཡས་བརྐུམ་ཞིང་གཡོན་བརྐྱང་ནས་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ༔ སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གང་སྟེ༔ རྡོ་རྗེའི་ར་བར་ནས་དྲག་པོའི་ཚྭ་ཚྭ་སི་ལི་ལི་ཁོལ་བ་ཞིག་ཏུ་གྱུར༔ འདིར་སྡིག་པ་འགྱེད་ཚུལ་དུ་བསྣམས་པ་ནི་པེ་ཀར་གྱིས་སྤྲུལ་པའི་སྡིག་པའི་གཉེན་པོར་འགྱེད་པ་སྟེ་དྲག་སྒྲུབ་གཞན་དང་མི་འདྲ་བ་གོ་དགོས། དེ་ནས་ལྷ་ཐེམས་ལྟར་བཀོད་པ་རྒྱན་གྱི་ལྷས་ལུས་ལ་རྒྱས་གདབ་པར་བྱ་སྟེ། བདག་ཉིད་ཟིལ་གནོན་པདྨ་ཡི༔ སྤྱི་གཙུག་བྱ་ཁྱུང་རྒྱལ་པོ་ནི༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ ཞེ་སྡང་དུག་སྦྲུལ་ཞལ་དུ་གསོལ༔ ས་བདག་ཀླུ་གཉན་འདུལ་བའི་གཉེན་པོར་བསྒོམ༔ དེའི་ཐུགས་ཀར་ཡི་གེ་ཁྲོཾ་མཐིང་ནག༔ འོད་ཟེར་འབར་བ་བསྒོམ་པར་བྱ༔ དེ་ནི་ཕྲིན་ལས་ཀྱི་ལྷས་དྲེགས་པ་འདུལ་བའོ༔ བྱ་ཁྱུང་སྤྱི་གཙུག་རྭ་བར་དུ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་པོ་ཕྱག་རྒྱ་ཅན༔ སྤྲུལ་པའི་སྐུ་ཡི་ཆ་ལུགས་སུ༔ སྐུ་ཡི་ངོ་བོ་ཚོན་གང་བསམ༔ དེ་ནི་རིགས་ཀྱི་བདག་པོས་དབང་བསྐུར་བའོ༔ དཔྲལ་བ་མཛོད་སྤུ་ཁྲོ་གཉེར་ཅན༔ ཀླད་པ་དུང་ཁང་ནང་དུ་ནི༔ གསེར་གྱི་འཁོར་ལོའི་གདན་སྟེང་དུ༔ སྐུ་ཡི་ངོ་བོ་སྐུ་ཡི་ལྷ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ དབུ་རྒྱན་སྙན་ཆ་དོ་ཤལ་དང༔ རིན་ཆེན་ཟེའུ་འབྲུའི་རྒྱན་གྱིས་བརྒྱན༔ ཕྱག་གཡས་ཉོན་མོངས་གཅོད་པ་ཡི༔ ཤེས་རབ་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་འཛིན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཁྲོ་ཚུལ་འགྱིང་བག་ལྡན་པར་བསྒོམ༔ དེ་ཡི་ཐུགས་ཀར་ཡི་གེ་ཨོཾ༔ གསེར་མདོག་འོད་དང་ལྡན་པར་བསྒོམ༔ དེ་ནི་སྐུ་ཡི་ལྷས་བྱིན་གྱིས་རློབ་པའོ༔ མགྲིན་པར་པདྨ་འདབ་བརྒྱད་སྟེང༔ ཧྲཱིཿཡི་སྒྲ་སྐད་དྲག་པོ་ལས༔ གསུང་གི་ལྷ་མཆོག་རྟ་མགྲིན་ནི༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་ལས༔ རྔོག་མ་ལེ་བརྒན་དབང་གི་མེ་ཕུང་འབར༔ རྟ་སྐད་ནམ་མཁའི་དབྱིངས་སུ་སྒྲོག༔ གཡས་པས་རྡོ་རྗེའི་དབྱུག་ཏོ་ཀླད་ལ་བསྐོར༔ གཡོན་པས་འཇིགས་པའི་སྟངས་སྟབས་སྡིགས་མཛུབ་མཛད༔ སྤྱན་ལྡོག་མཆེ་གཙིགས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་བཞུགས༔ དེ་ཡི་ཐུགས་ཀར་ཡི་གེ་ཨཱ༔ དམར་པོ་འོད་དང་ལྡན་པར་བསྒོམ༔ དེ་ནི་གསུང་གི་ལྷས་གསུང་བྱིན་གྱིས་བརླབ་པའོ༔ ཐུགས་ཀར་རྡོ་རྗེ་རྒྱ་གྲམ་སྟེང༔ ཐུགས་ནི་རིན་ཆེན་གསེར་གྱི་པུ་རི་ནི༔ རི་རབ་བང་རིམ་བུམ་པ་བྲེ༔ འཁོར་ལོ་ཏོག་དང་ལྡན་པར་བསམ༔ དེ་ཡི་བུམ་པར་ཉི་ཟླའི་སྟེང༔ དྲན་རིག་ཡིད་ཀྱི་ངོ་བོ་ལས༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་འཕྱར༔ གཡོན་པ་སྡིགས་མཛུབ་ཐུགས་ཀར་མཛད༔ སྟག་ལྤགས་ཁྲོ་བོའི་ཆས་ཀྱིས་བརྒྱན༔ ཁྲོ་གཏུམ་དྲག་ཤུལ་བརྗིད་ལྡན་བསྒོམ༔ དེ་ཡི་ཐུགས་ཀར་ཡི་གེ་ཧཱུྃ༔ མཐིང་ནག་མུ་མེན་མདོག་འདྲ་བསམ༔ དེ་ནི་ཐུགས་ཀྱི་ལྷས་ཐུགས་བྱིན་གྱིས་བརླབ་པའོ༔ ལྟེ་བར་ཆོས་འབྱུང་པད་ཉི་རོ་ཡི་སྟེང༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ༔ སྐུ་མདོག་དམར་མོ་གཅེར་བུ་དབུ་སྐྲ་གྲོལ༔ གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས༔ རུས་པའི་རྒྱན་ལྡན་ཁ་ཊྭཱཾ་གྲུ་མོར་བརྟེན༔ འཁོར་དུ་རིགས་བཞི་མཁའ་འགྲོས་བསྐོར་བར་བསམ༔ དེའི་ཐུགས་ཀར་ཡི་གེ་མ༔ དམར་པོ་བྱེ་རུའི་མདོག་ཅན་བསམ༔ དེ་ནི་ཡོན་ཏན་གྱི་ལྷས་བྱིན་གྱིས་བརླབ་པའོ༔ རང་ཉིད་ཐུགས་ཀའི་ས་བོན་ལས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ ཨོ་རྒྱན་གནས་ནས་སྤྱན་དྲངས་བསྟིམ༔ སྐུ་ཡི་ངོ་བོ་ཨོཾ་ལས་ནི༔ འོད་ཟེར་སེར་པོ་འཕྲོས་པ་ཡིས༔ འཇམ་དཔལ་སྐུ་ཡི་ལྷ་རྣམས་སྤྱན་དྲངས་ནས༔ དུང་ཁང་ནང་དུ་ཐིམ་པ་ཡིས༔ སྐུ་མི་ཤིགས་རྡོ་རྗེའི་དབང་རྣམས་ཐོབ་པར་བསམ༔ གསུང་གི་སྙིང་པོ་ཨཱཿལས་ནི༔ འོད་ཟེར་དམར་པོ་འཕྲོས་པ་ཡིས༔ པདྨ་གསུང་གི་ལྷ་རྣམས་སྤྱན་དྲངས་ནས༔ བདག་གི་མགྲིན་པའི་ལྷ་ལ་ཐིམ༔ གསུང་འགག་པ་མེད་པའི་དངོས་གྲུབ་ཐོབ་པར་བསམ༔ ཐུགས་ཀའི་སྙིང་པོ་ཧཱུྃ་ལས་ནི༔ འོད་ཟེར་མཐིང་ནག་འཕྲོས་པ་ཡིས༔ ཐུགས་ཀྱི་ལྷ་རྣམས་སྤྱན་དྲངས་ནས༔ བདག་གི་ཐུགས་ཀའི་ལྷ་ལ་ཐིམ་པ་ཡིས༔ ཐུགས་སྐྱེ་མེད་དོན་གྱི་དབང་མཆོག་ཐོབ་པར་བསམ༔ ཡོན་ཏན་ཡི་གེ་མ་ལས་ནི༔ འོད་ཟེར་དམར་པོ༴ མཁའ་འགྲོ་ཡོན་ཏན་ལྷ་ཚོགས༴ བདག་གི་ལྟེ་བའི་ལྷ་ལ་ཐིམ་པ་ཡིས༔ ཡོན་ཏན་རྫོགས་པའི་དབང་རྣམས༴ ཕྲིན་ལས་ཡི་གེ་ཁྲོཾ་ལས་ནི༔ འོད་ཟེར་མཐིང་ནག༴ ཕྲིན་ལས་རང་བྱུང་ལྷ་རྣམས༴ སྤྱི་བོའི་ཁྱུང་ལ་ཐིམ་པ་ཡིས༔ ཕྲིན་ལས་ཐོགས་པ་མེད་པའི༴ དེ་ནས་སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ཡིག་འབྲུ་ཐམས་ཅད་ལས༔ འོད་ཟེར་རྣམ་ལྔ་འཕྲོས་པ་ཡིས༔ སངས་རྒྱས་སྣང་བ་མཐའ་ཡས་སོགས༔ རྒྱལ་བ་རིགས་ལྔའི་སངས་རྒྱས་དང༔ དུས་གསུམ་བདེ་གཤེགས་སྤྱན་དྲངས་ནས༔ འོད་དཔག་མེད་ལ་ཐིམ་པ་ཡིས༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་ཐམས་ཅད་ཐོབ་པར་བསམ༔ སྐབས་འདིར་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ཁྲོ་བཅུ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པར་མོས། བདག་གི་ཐུགས་ཀའི་ཧཱུྃ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ལས་བྱེད་ཀྱི་ཁྲོ་བོ་ཡཀྴ་མེ་དབལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ལུས་ལས་བསྐལ་པའི་མེ་འབར་བ༔ ཞལ་བསྒྲད་པ༔ མཆེ་བ་གཙིགས་པ༔ སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ༔ ཕྱག་གཡས་པས་གནམ་ལྕགས་ཀྱི་ཐོ་བ་རེ་རེ་འཕྱར་བ༔ གཡོན་པས་རྫུ་འཕྲུལ་མེའི་ཞགས་པ་རེ་རེ་བསྣམས་པ༔ ཁྲོ་ཞིང་འཁྲུགས་པ༔ མྱུར་ཞིང་མགྱོགས་པ༔ རླུང་ངམ་གློག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ༔ གནོད་བྱེད་བསད་པ་དང༔ བཅད་པ་དང༔ གཏུབ་པ་དང༔ རྡུལ་དུ་བརླག་པར་བསམ་སྟེ་ཕོ་བྲང་གི་ནང་དུའང་ཁྲོ་བོ་དེ་ལྟ་བུ་གུར་ཐབས་སུ་བཞུགས་པར་བསམ་མོ༔ བདག་ཉིད་ཀྱང་བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བརྗིད་ཅིང་རྔམ་པའི་ཚུལ་དུ་ཁྲོ་བོ་འཇིགས་སུ་རུང་བར་བསམ༔ སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྱང་བསྐལ་པའི་མེ་ཕུང་གི་དབུས་ན་བཞུགས་ཏེ་སྐུ་ལས་དྲག་པོའི་ཚྭ་ཚྭ་འུ་རུ་རུ་འཕྲོས་པས་བདག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རང་བཞིན་གྱིས་བསྲེག་སྟེ་དག་ནས་ལུས་ངག་ཡིད་གསུམ་བདེ་བའི་ཉམས་དང་ལྡན་པར་བསམ་མོ༔ མེ་ཡི་འཁོར་ལོ་དང་གསེར་གྱི་འཁོར་ལོ་རྣོ་བའི་ངར་དང་ལྡན་པ་གཉིས་རྩེ་བསྣོལ་གྱི་བར་དུ་དགྲ་བགེགས་ཐམས་ཅད་ཀྱི་རྐེ་ཕྲུལ་ལུ་ལུ་བཅད་པར་བསམ་མོ༔ རྡོ་རྗེ་སློབ་དཔོན་དང་སློབ་མ་ཉེ་དུ་འཁོར་གཡོག་ལ་སོགས་པའི་བསྲུང་བྱ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ནང་དུ་ཚུད་པར་བསམ་མོ༔ དེ་རྣམས་ཐམས་ཅད་ཀྱང་ལྷ་ཡི་རྣམ་པར་གསལ་བར་གྱུར༔ ཅེས་པའི་ཏིང་ངེ་འཛིན་བརྟན་པོར་བསྒོམ། གོ་ཆའི་ལྷ་རྣམས་ཀྱི་སྐུ་ལས་དྲག་པོའི་མེ་འོད་ཚྭ་ཚྭ་འུར་འུར་འབར་བས་སྡིག་སྒྲིབ་བར་ཆད་ཐམས་ཅད་བསྲེགས། ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་ཞིང་གཟི་བརྗིད་ལྷག་པར་འབར། ཁྲོ་རྒྱལ་ཀུན་གྱི་དབང་ཕྱུག་ཆེ་བཙན་འགྲན་ཟླ་དང་བྲལ་བར་བསམ་ལ་ང་རྒྱལ་བརྟན་པར་བྱ། འདིར་གཞུང་ལས། དེ་ལྟར་བསྒོམས་པ་དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཚང་སྟེ༔ སྐུའི་ལྷ་འཇམ་དཔལ༔ གསུང་གི་ལྷ་རྟ་མགྲིན༔ ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ༔ ཡོན་ཏན་གྱི་ལྷ་མཁའ་འགྲོ་སྡེ་ལྔ༔ ཕྲིན་ལས་ཀྱི་ལྷ་བྱ་ཁྱུང་ངོ༔ ཕྱི་ནང་གསང་བ་གསུམ་དུ་བསྒྲུབ་པ་ཡང་ཚང་སྟེ༔ ལུས་ལྷར་བསྒོམ་པས་ཕྱི་སྒྲུབ༔ རིག་སྔགས་དང་ལྡན་པས་ནང་སྒྲུབ༔ སེམས་ཏིང་ངེ་འཛིན་དང་ལྡན་པས་གསང་སྒྲུབ་བོ༔ དེ་ལྟར་བསྒོམ་པས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་ལ་དབང་ཐོབ་སྟེ་སྲིད་གསུམ་ཟིལ་གྱིས་ནོན༔ ཁམས་གསུམ་དབང་དུ་སྡུད་པའི་ནུས་པ་དང་ལྡན་པར་འགྱུར་རོ༔ ཅེས་གསུངས་སོ། །གཉིས་པ་བཟླས་པའི་རིམ་པ་ནི། བདག་གི་ཐུགས་རིན་པོ་ཆེ་གསེར་གྱི་པུ་རི་རི་རབ་བང་རིམ་བུམ་པ་བྲེ་དང་འཁོར་ལོ་ཏོག་དང་ལྡན་པའི་བུམ་པར་བཛྲ་པཱ་ཎི༔ དེའི་ཐུགས་ཀར་ཉི་ཟླའི་སྟེང་དུ༔ ཧཱུྃ་དམར་པོའི་མཐའ་མར་སྔགས་ཀྱི་ཕྲེང་བ་ཕྲེང་བ་ཕྲེང་ཐག་ལ་འཁོར་བ་ལྟར་བསམ་ལ༔ དེ་ཡང་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་དམར་སྒ་ར་ར་འཁོར་བར་བསམ༔ ཨོཾ་ཨཱཿཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཡ་མཱནྟ་ཀ༔ ཧ་ཡ་གྷྲི་བཿ བཛྲ་པཱ་ཎི༔ དྷཱཀྐི་ནཱི༔ ག་རུ་ཎ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླས་པ་ཆུ་བོའི་གཞུང་བཞིན་དུ་བྱའོ༔ ཞེས་གསུངས་ཏེ་དྲག་པོ་ཆེ་བའི་ལུགས་འདི་ལ་རྩ་བསྙེན་ཤམ་བུ་དང་བཅས་པ་སྦྲེལ་ནས་བཟླ་བ་ཤས་ཆེ་སྟེ། སྔགས་ཀྱི་ལྡེའུ་མིག་ལས། དྲག་པོ་སྔགས་ཀྱི་བཟླས་ཐབས་བསྟན་པ་ནི༔ བསྙེན་པའི་དུས་སུ་དྲག་སྔགས་སྤྱི་དྲིལ་བཟླ༔ ཞེས་འབྱུང་། དེ་ལྟར་ན་ཐུགས་ཀའི་སྔགས་ཕྲེང་ཡང་རྩ་སྔགས་ཤམ་བུ་དང་བཅས་པ་གསལ་གདབ་དགོས་པ་དང་། འོག་ནས་བཤད་པའི་དམིགས་པ་རྣམས་ཀྱང་ཐུན་རེ་ལ་ཚང་བར་སྦྱར་དགོས། འོན་ཀྱང་སྔར་ཞི་བའི་བསྙེན་པ་བཏང་མ་མྱོང་བ་དང་། ལྟ་སྒོམ་གྱི་གདིང་མེད་ཅིང་བསྐྱེད་རྫོགས་ཀྱི་གནད་ལེགས་པར་མི་ཤེས་པ་རྣམས་ལ་དྲག་སྒྲུབ་ལ་འཚུབ་ལྷོང་འབྱུང་ཉེན་ཆེ་ཞིང་ཤམ་འདོགས་ཅན་དང་དེའི་དམིགས་པ་ལྷག་པར་གཉན་ཆ་ཆེ་བས། སྔ་མ་ལས། རྩུབ་ཅིང་མཚན་ལྟས་ཆོ་འཕྲུལ་ཆེ་གྱུར་ན༔ ཕྱི་ལྟར་ཞི་བའི་སྙིང་པོས་སྔགས་མགོ་མནན༔ ཞེས་བཛྲ་གུ་རུ་འབྲུ་བཅུ་གཉིས་པའི་གཤམ་དུ་སྦྱར་ནས་བཟླ་དགོས་པ་དང་། དེས་ཀྱང་ཅུང་ཟད་ནོན་པར་མ་གྱུར་ན༔ སྡེ་བརྒྱད་སྲོག་གི་སྙིང་པོ་བཞག་བྱས་ལ༔ དབང་སྒྲུབ་སྔགས་དང་སྦྲེལ་ལ་བཟླ༔ དེ་ནི་བསྙེན་སྒྲུབ་སྔགས་ཀྱི་བཟླ་ལུགས་ཡིན༔ ཞེས་གསུངས་པ་ལྟར་བྱ་དགོས་མོད། ཉེན་ཆུང་ཞིང་དོན་དང་མི་འགལ་བ་འདི་ལྟར་བྱས་ཀྱང་རུང་བར་སྣང་སྟེ། འདི་ཉིད་ཀྱི་བསྙེན་པའི་ཞལ་གདམས་ཡིག་ཆུང་ལས། གཙོ་བོའི་རྩ་སྔགས་ལ་འབུམ་ཕྲག་གཅིག་བཟླ། འཁོར་རྣམས་ལ་ཁྲི་ཚོ་རེས་ཆོག་པར་བཤད་པ་དང་མཐུན་པར་པཎ་ཆེན་རིན་པོ་ཆེས་སྤྲོས་མེད་སྒྲུབ་པའི་ཡི་གེ་ལས་ཀྱང་གསུངས་ཤིང་དྲག་སྒྲུབ་གཞན་གྱི་འགྲོས་དང་མཚུངས་ལ་བསྙེན་པ་བཏང་བདེ་བར་སྣང་བས་དེ་ལྟར་ན། ཐོག་མར་ཨོཾ་ཨཱཿཧཱུྃ་ནས་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཡན་ཆད་གཙོ་བོའི་རྩ་སྔགས་ཉི་ཤུ་བ་གྲངས་ཚད་མ་འཁྱོལ་བར་དུ་བཟླ། དེ་ནས་གོ་ཆ་ལྷ་ལྔ། སྡེ་བརྒྱད། མེ་དབལ་བཅས་རིམ་པར་བཏགས་པའམ་ཆུན་གཅིག་ཏུ་སྦྲེལ་ཡང་རུང་སྟེ་བསྙེན་པའི་བཅུ་ཆ་བཟླའོ། །བཟླས་དམིགས་ནི། ཐོག་མར་ལྷ་སྐུའི་གསལ་སྣང་དང་ང་རྒྱལ་བརྟན་པ། དག་དྲན་རྒྱས་པའམ་སྙིང་པོ་གསལ་རིག་སྟོང་པ་ཟུང་འཇུག་གི་ངང་དུ་གནས་པ་རྣམས་གཞིར་བྱས་ནས། ཐུགས་སྲོག་ལ་སྔགས་ཕྲེང་གཡོན་སྐོར་དུ་བཀོད་དེ་གསལ་སྣང་བརྟན་པོ་མ་བྱུང་བར་དུ་བསྒོམ། འབྲུ་རེ་རེ་བཞིན་ཀློག་པའི་ཚུལ་དུ་དང་རང་སྒྲ་དི་རི་རི་སྒྲོག་པ་རྣམས་ལ་སེམས་བརྟན་པ་ན་སྔགས་ཕྲེང་གཡས་སྐོར་དང་པོ་ལ་དལ་བུ། རིམ་གྱིས་ཇེ་མྱུར་མགལ་མེ་ལྟར་འཁོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་སྣེ་ལས་ཕྱི་ནང་གསང་བའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བ་སྤྲོས་པ་རྣམས་ཀྱིས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་མཆོད། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ་གུ་རུ་དྲག་པོའི་སྐུ་ཆེ་ཕྲ་སྣ་ཚོགས་པ། གསུང་སྔགས་ཕྲེང་དམར་པོ་རང་སྒྲ་སྒྲོག་ཅིང་མེ་འོད་འཕྲོ་བ། ཐུགས་རྡོ་རྗེ་རྩེ་ལྔ་སོགས་ཕྱག་མཚན་གྱི་རྣམ་པར་ཆར་ལྟར་བབས་ཏེ་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས་ལ་འོད་ཟེར་ཕོག་པས་དེ་དག་གི་བྱིན་རླབས་ནུས་མཐུ་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་ཐིམ་པར་བསམ་པ་བདག་བྱིན་རླབས་ཀྱི་དམིགས་པ་དང་། གོ་ཆའི་ལྷ་རྣམས་ཀྱི་སྐུ་ལས་མེ་འོད་ཚྭ་ཚྭ་འཕྲོས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་སྡིག་སྒྲིབ་དང་ནད་གདོན་ཐམས་ཅད་བསྲེགས་ཤིང་སྦྱངས་ནས་ལུས་ངག་ཡིད་གསུམ་བདེ་བས་ཁྱབ་པར་བསམ་པ་རྣམས་གཙོར་བྱ། གོ་ཆའི་ལྷ་སོ་སོའི་བྱིན་རླབས་བསྡུ་བ། མེ་འཁོར་གཡོན་དང་གསེར་འཁོར་གཡས་སུ་འཁོར་བའི་བར་དུ་དགྲ་བགེགས་གཏུབ་པ། བསྲུང་བྱ་ལྷར་གསལ་བ་རྣམས་ལའང་བྱིན་རླབས་བསྟིམ་པའི་དམིགས་པ་སོགས་ཀྱང་ཁྱུག་ཙམ་རེ་བྱ། སྡེ་བརྒྱད་སྔགས་ཤམ་འདོགས་སྐབས་སྤྱི་སྲོག་དང་སྒོས་སྲོག་དབང་དུ་བསྡུ་བ། རང་ལ་གང་གནོད་པའི་སྡེ་བརྒྱད་ཀྱི་སྲོག་གཟིར་བ་སོགས་དྲག་གཞུང་གཞན་དང་གནད་གཅིག་ཀྱང་གྲངས་རྟགས་ཀྱི་ནུས་པ་བརྟན་ངེས་མ་བྱུང་བར་དམིགས་པ་དེ་དག་བྱས་ཀྱང་ཉེས་པའི་རྒྱུར་འགྲོ་བས་སྤྱི་འགྲེ་ཙམ་གྱིས་འཐུས། མེ་དབལ་གྱི་ཤམ་འདོགས་སྐབས་གོང་དུ་འབྱུང་བའི་ལས་བྱེད་སྤྲུལ་པའི་ཕོ་ཉ་ཡཀྴ་མེ་དབལ་སྟོང་གསུམ་གང་བར་སྤྲོས་པ་རྣམས་ཀྱིས་གནོད་བྱེད་ཐམས་ཅད་བསད་བཅད་གཏུབས་ནས་རྡུལ་དུ་བརླགས་པར་བསྒོམ། རྩ་སྔགས་ཁོ་ན་ལ་བསྙེན་པ་བྱེད་ནའང་ཐུན་མཐར་སྤྱི་དྲིལ་ཉེར་གཅིག་རེ་ཙམ་བཟླ་ཞིང་དམིགས་པ་ཕྱི་མ་རྣམས་ཀྱང་ཁྱུག་ཙམ་རེ་བྱའོ། །ཐུན་འཇོག་པ་ན་དབྱངས་གསལ་དང་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱ། བཟླས་པ་སྟོང་སྟོང་རེའི་མཚམས་སུ་སྟོང་ཚིགས་ཀྱི་མཆོད་བསྟོད་འབྱུང་བ་རིག་འཛིན་གོང་མའི་ཕྱག་ལེན་གྱི་རྒྱུན་ལྟར་ནུས་ན་ལེགས། ཐུན་མཚམས་འདིར་གཏོར་འབུལ་རྒྱས་པར་བྱ་དགོས་པས། ཨོཾ་སྭ་བྷཱ་བའི་སྔགས་བརྗོད་ལ་སྟོང་པར་སྦྱང་། རང་གི་ཐུགས་ཀ་ནས་ཡཾ་སྤྲོས་པས་རླུང་གི་དཀྱིལ་འཁོར་ལྗང་གུ་གཞུའི་དབྱིབས་ཅན། མཆོག་མ་གཉིས་ལ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་སྤྲོས་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་ཟུར་གསུམ་དུ་ཀཾ་གསུམ་སྤྲོས་པ་ལས་ཐོད་པའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་སྤྲོས་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། སྤྱི་དྲིལ་ཤམ་དུ། གནོད་བྱེད་ཐམས་ཅད་བཛྲ་ཨཾ་ཀུ་ཤ་ཛ༔ ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གནོད་བྱེད་དགྲ་བགེགས་རང་དབང་མེད་པར་བཀུག་ནས་གཏོར་སྣོད་དུ་བཅུག །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་ཨཱཿཨོཾ་བརྩེགས་མར་གསལ། ཧཱུྃ་བརྗོད་པས་རང་གི་སྣ་བུག་ནས་རླུང་བྱུང་། རླུང་གིས་བ་དན་བསྐྱོད་པས་མེ་སྤར། ཐོད་པ་དྲོས། ནང་གི་དགྲ་བགེགས་རྣམས་ལྟེམ་གྱིས་ཞུ་ནས་མི་གཙང་བ་ཐམས་ཅད་ལྦུ་བའི་ཚུལ་དུ་ཕྱིར་ལུད། བཅུད་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་གུ་ཧྱེ་ས་མ་ཡ་སྭཱ་ཧཱ། ལན་བདུན་ནམ་གསུམ་བརྗོད་པས། སྟེང་གི་འབྲུ་གསུམ་ལས་འོད་འཕྲོས། འོག་མིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་ཀ་པཱ་ལའི་དམ་ཚིག་གི་བདུད་རྩི་དང་འདྲེས། འབྲུ་གསུམ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩི་དཀར་དམར་ཆི་ལི་ལི་ཁོལ་བར་གྱུར། ཅེས་བྱིན་བརླབས། མདུན་གྱི་ནམ་མཁར་པཾ་པདྨ་མཎྜ་ལ་ཧཱུྃ༔ སྣ་ཚོགས་པདྨའི་གདན། མ་སུརྻ་མཎྜ་ལ་ཧཱུྃ༔ ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ༔ ཟླ་བའི་གདན། ཏི་ར་བཾ་མཎྜ་ལ་ཧཱུྃ༔ དྲེགས་པ་ཕོ་མོའི་གདན་རྣམས་བརྩེགས་མར་གསལ་བར་གྱུར། ཅེས་གདན་བསྐྱེད། ལས་བྱང་ལྟར། ཧཱུྃ༔ དུར་ཁྲོད་མེ་རི་སོགས་ཀྱིས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་བར་བཏང་ལ། མཆོད་པ་ནི། ཧཱུྃ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་གཅོད་བྱེད་པ་རྣམས༔ གཟུགས་ཅན་གཟུགས་མེད་དགྲ་དང་བགེགས་ལ་སོགས༔ དྲག་པོས་བསྒྲལ་པའི་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་སྐུ་ལ་མཆོད་པར་འབུལ༔ གཏོར་མ་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་བདུད་རྩིའི་བཅུད་དྲངས་ཏེ་དགྱེས་པ་ཆེན་པོས་རྐན་སྒྲ་དང་བཅས་བཞེས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཡ་མཱནྟ་ཀ་ཧྱ་གྲཱྀ་ཝ་བཛྲ་པཱ་ཎི༔ ཌཱ་ཀི་ནཱི་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱ་ཕཊ༔ ཨི་དཾ་བ་ལིཾ་གྲྀཧྞ་ཁཱ་ཧི༔ དགྲ་བགེགས་ཐམས་ཅད་ཀྱི་གཏི་མུག་ཤ་ལ་ཁཱ་ཧི༔ ཞེ་སྡང་རུས་ལ་ཁཱ་ཧི༔ འདོད་ཆགས་ཁྲག་ལ་ཁ་ཧི༔ དབང་པོ་ལྔ་ལ་ཁཱ་ཧི༔ ལན་བདུན་ནམ་གསུམ། ཧཱུྃ༔ པདྨ་དྲག་པོ་བཀའ་ཡི་འཁོར་དང་བཅས༔ དུག་གསུམ་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་ཡི༔ དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པ་དང༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ༔ ཚེ་འདིའི་གནོད་པ་ཐམས་ཅད་ཞི་ནས་ཀྱང༔ ཕྱི་མ་བྱང་ཆུབ་གོ་འཕང་ཐོབ་པར་མཛོད༔ ཅེས་པས་ཕྲིན་ལས་བཅོལ། དེ་ནས་མ་མགོན་སྡེ་བརྒྱད་ཀྱི་མཆོད་གཏོར་ཕུལ། བསྟོད་པ་རྒྱས་པ་བྱ་བར་གསུངས་ཀྱང་དཔེ་མ་འཛོམ་ན་མདོར་བསྡུས་འདི་ཙམ་བྱ་སྟེ། ཧཱུྃ༔ ཁམས་གསུམ་གནས་ནས་སྟོབས་ལྡན་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་བཛྲ་ཧེ་རུ་ཀ༔ མཐུ་ཆེན་པདྨ་དབང་ཕྱུག་རྫུ་འཕྲུལ་ཅན༔ ཡ་མཱནྟ་ཀ་རྟ་མགྲིན་དབང་གི་རྒྱལ༔ གསང་བའི་བདག་པོ་ཡེ་ཤེས་མཁའ་འགྲོ་ལྔ༔ བྱ་ཁྱུང་མཐིང་ནག་ཡཀྴ་མེ་དབལ་ཏེ༔ དབང་དྲག་པདྨའི་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེ་ནས་ནུབ་དང་པོ་ལ་ལས་བྱང་ལྟར་ཚོགས་མཆོད་ལྷག་མའི་བར་དུ་གཏང་། དེ་ནས་བསྐུལ་བྱ་བར་གསུངས་པའང་རྒྱས་པ་མི་འགྲུབ་ན། ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྱོད་ནི་འགྲོ་མགོན་སྐྱབས་ཀྱི་མཆོག་གྱུར་པས༔ བདག་གིས་སྒོ་གསུམ་དད་པས་ཁྱོད་བསྒྲུབས་ནས༔ བཀའ་བ་དང་དུ་བླངས་ནས་ཁུར་དུ་ཁུར༔ ལུས་སྲོག་འབེན་བཙུག་ཤ་ཁྲག་ཟན་དུ་བོར༔ མོས་གུས་གཏིང་ནས་ཁྱོད་ལ་སྐྱབས་གསོལ་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ སྨོན་ལམ་འབྲེལ་བ་འདི་ཡིས་མཚམས་སྦྱར་ནས༔ དུས་ངན་ཐ་མའི་དུས་འདིར་བདག་སྐྱེས་ན༔ ཁྱོད་ཀྱིས་བདག་ལ་ཐུགས་རྗེས་བྱིན་གྱིས་རློབས༔ བདག་ནི་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས༔ དབང་དྲག་པདྨ་འཁོར་དང་བཅས་པ་ཡིས༔ ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་སྒྲིལ༔ དོན་དམ་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་སྟིམས༔ རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ནི༔ དབང་དྲག་པདྨ་འཁོར་དང་བཅས་པ་ཡིས༔ འགྲུབ་པར་མཛོད་ཅིག་བཛྲ་ས་མ་ཡ༔ ཞེས་པ་ཙམ་བྱ། དེ་ནས་ལས་བྱང་གི་སྔོན་འགྲོར་བཤད་པ་ལྟར་དཀར་དམར་གཏོར་མ་དཔལ་མགོན་སོགས་ཕྱི་རྒྱུད་རྣམས་ལ་བསྔོའོ། །གསུམ་པ་རྫོགས་པའི་རིམ་པ་ནི། སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རང་རང་གི་གནས་སུ་འོད་དུ་ཞུ། ཕོ་ཉ་ལྷ་དང་སྲུང་འཁོར་གཞལ་ཡས་ཁང་རྣམས་རིམ་པར་འདུས་ཏེ་རང་ལ་ཐིམ། རང་ཉིད་ཐུགས་ཀའི་སྔགས་ཕྲེང་ལ་བསྡུ། སྔགས་ཕྲེང་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་རིམ་པ་བཞིན་དུ་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་མཐའ་ནས་དབུས་སུ་ཡལ་ཏེ་སྟོང་གསལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་གཞག །སླར་ཟུང་འཇུག་གི་སྐུ་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལྡངས། སྣང་གྲགས་རྟོག་ཚོགས་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟས་ལ་དགེ་བ་བསྔོ། སྤྱོད་ལམ་ཀུན་ཏུ་དྲན་ཤེས་དང་མ་བྲལ་བས་ལམ་ཁྱེར་གྱི་རྣལ་འབྱོར་རྣམས་ལ་བརྩོན། ཐུན་ཕྱི་མ་རྣམས་ལ་སྔོན་གཏོར་མི་དགོས་པས་སྐྱབས་སེམས་དང་ཚོགས་གསག་ནས་བསྐྱར། ཐུན་མཚམས་གཏོར་འབུལ་རེ་རེ་བཞིན་གལ་ཆེ་བས་གཏོར་མཆོད་རྣམས་ཁ་གསོས་ལ་བྱིན་རླབས་ནས་བཟུང་ཕྲིན་བཅོལ་གྱི་བར་དུ་གོང་སྨོས་ལྟར་ལ། དེ་ནས་བསྟོད་པ་བྱ་ཞིང་བསྡུ་ལྡང་ལ་འཇུག །མ་མགོན་སྡེ་བརྒྱད་ཕྱི་གཏོར་རྣམས་དགོང་མོ་ཚར་རེས་ཆོག །དུས་ཆེན་རྣམས་ལ་ཚོགས་མཆོད་འབུལ། བསྙེན་པའི་གྲངས་ཚད་རྫོགས་པའི་སྐབས། ཤམ་བུ་གཞུང་གསལ་གནོད་བྱེད་སརྦ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པ་སྤྱིར་བཏང་མེ་དབལ་ལས་ཚོགས་ཡིན་ཞིང་། དམིགས་བསལ་དེའི་མལ་དུ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་རྣམས་སྦྱར་ཞིང་ཕྲིན་ལས་བཞི་སྒྲུབ་པའི་འོད་ཟེར་སྤྲོ་བསྡུའི་དམིགས་པའང་སྤྱི་ལྟར་སྦྱར། བསྙེན་པ་གྲུབ་སྐབས་ལས་བྱང་བཏང་ལ་ཚོགས་མཆོད་སྐོང་བཤགས་སྲུང་མའི་གཏོར་འབུལ་དངོས་གྲུབ་བླང་བ་སོགས་མཐའ་རྒྱས་སུ་བྱ། བསྙེན་པའི་ཁ་སྐོང་ཞི་བའི་སྦྱིན་སྲེག་གསང་བ་སྤྱི་ལྟར་བསྙེན་པ་གང་འགྲུབ་ཀྱི་བཅུ་ཆ་བྱ་བ་སོགས་བསྙེན་སྒྲུབ་ཀྱི་སྤྱི་གནད་སྤང་བླང་ཐུན་གྱི་གཅོད་ཚུལ་རྣམས་གཞན་དང་མཐུན་ནོ། །བཟླ་བྱའི་རྩ་སྔགས་ཉང་ལུགས་སོགས་ཀྱི་ཡིག་རྙིང་དུ། ཨ་ཙིག་ནེར་ཙིག་ཅེས་བྲིས་འདུག་པ་གུར་དྲག་རྒྱུད་དྲེགས་པ་སྙིང་འབྱིན་ལས། ཨ་ནི་སྐྱེ་མེད་ཡིག་འབྲུ་གཅིག །ཙིག་ནི་ཆོ་འཕྲུལ་སྡེ་བརྒྱད་འདུལ། ཞེས་འབྱུང་བ་ལྟར་ཡིན་འདུག་པས་རང་སར་བཞག་པ་ལས་ཕལ་ཆེར་ལ་ཨ་ཙིག་ནིརྩིག་ཅེས་འབྱུང་བ་རྣམས་དང་བསྟུན་ནས་གཅིག་དཔེ་ཀུན་འགེབས་ཀྱིས་བཅོས་མི་རུང་བར་སྣང་། སྔགས་སྡེ་ལས། མ་འགྲུབ་བར་དུ་བཟླས་སྒོམ་ནན་ཏན་བྱ༔ ཞེས་གསུངས་པ་ལྟར་བསྙེན་པ་དབུ་བཙུགས་ནས་མ་རྫོགས་བར་གཡེང་བའི་དབང་དུ་སྐད་ཅིག་མི་གཏང་བར་ལྷ་སྒོམ་སྔགས་བཟླས་གཅིག་དྲིལ་བྱ་བ་དང་། ཉིན་མཚན་དུས་དང་སྤྱོད་ལམ་ཐམས་ཅད་དུ༔ གུ་རུ་ཌཱ་ཀཱིའི་ཚོགས་དང་བཅས་པ་ལ༔ གསོལ་བ་གདབ་ཅིང་མོས་གུས་ཤིན་ཏུ་གཅེས༔ ཞེས་པ་ལྟར། བླ་སྒྲུབ་ཐམས་ཅད་མོས་གུས་ཁོ་ནའི་ལམ་ཡིན་པས་དུས་རྟག་ཏུ་ཚད་བཟུང་མེད་པའི་མོས་གུས་དྲག་པོ་ཡང་ནས་ཡང་དུ་བྱ་བ་དང་། ཐུན་བར་རྣམས་སུ་ཚིག་བདུན་གཙོ་བོར་གྱུར་པའི་གསོལ་འདེབས་སྤྱི་དང་ཁྱད་པར་རཏྣའི་ཐུགས་སྒྲུབ་དང་དགོངས་ཟབ་གྲོ་ལོད་ནས་འབྱུང་བ་ལྟ་བུའི་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་དྲག་ཏུ་བྱ། གཞན་ཡང་དབང་སྒྲུབ་ལྷ་ལྔའི་ཐེམས་བྱང་ལས། བར་ཆད་ཐམས་ཅད་གཏོར་མས་སེལ་བ་ཡིན༔ སྲོད་དང་ཐོ་རངས་ལ་སོགས་དུས་བཞི་རུ༔ ཤ་ཁྲག་དམར་གྱི་གཏོར་མ་བཟང་དུ་མཆོད༔ དངོས་གྲུབ་ཐམས་ཅད་ཚོགས་ལས་འབྱུང་བ་ཡིན༔ ཉ་སྟོང་བརྒྱད་སོགས་ཁྱད་པར་ཚེས་བཅུ་ལ༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དངོས་གྲུབ་ཞུ༔ བྱིན་རླབས་ཐམས་ཅད་གསོལ་བ་བཏབ་ལས་འབྱུང༔ རྟག་ཏུ་མོས་གུས་གདུང་བ་དྲག་པོ་ཡིས༔ འཛབ་བཟླས་བསྟོད་པ་བྱ་ཞིང་གསོལ་བ་གདབ༔ སྒྲིབ་པ་ཐམས་ཅད་ཆོས་སྤྱོད་ལམ་གྱིས་འདག༔ བསྐྱེད་རྫོགས་བཟླས་སྒོམ་རྫོགས་པའི་ཐུན་བར་ལ༔ མཎྜལ་ཕྱག་དང་བསྐོར་བ་ལ་སོགས་པ༔ ཇི་ལྟར་རིགས་པའི་ཆོས་སྤྱོད་ཉམས་སུ་བླངས༔ དེ་ལྟར་ལུས་ངག་ཐ་མལ་མ་ལུས་པར༔ བརྩོན་འགྲུས་ལྡན་པས་སྒྲུབ་པ་བྱས་གྱུར་ན༔ ཚེ་འདིར་དངོས་གྲུབ་མ་ལུས་ཐོབ་ནས་ཀྱང༔ ཕྱི་མ་རིག་འཛིན་གོ་འཕང་འཐོབ་པར་འགྱུར༔ ཞེས་གསུངས་པའི་དོན་ཉམས་སུ་བསྟར་བ་གལ་ཆེའོ། །བསྙེན་པའི་ཚད་ནི་དུས་རྟགས་གྲངས་ཀྱི་དབང་དུ་བྱས་པ་གསུམ། རྟགས་ལ་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་འབྱུང་བ་གསུམ། དེ་ལའང་འདོད་པའི་རྟགས་དང་མི་འདོད་པའི་རྟགས་སོགས་རྒྱས་པར་གཞུང་ལས་འབྱུང་བ་ནི་ཕལ་ཆེར་སྤྱི་ནས་བཤད་པ་གཞན་དང་མཐུན་ཅིང་དེང་སང་རྟགས་བསྙེན་ཐེམས་པ་ཉུང་བས་འདིར་མ་བྲིས། དུས་བསྙེན་ནི་མཚན་རྟགས་གསལ་བའི་མེ་ལོང་ལས། དབང་པོ་རབ་ཀྱིས་ཟླ་བ་གསུམ་གྱིས་འགྲུབ༔ འབྲིང་གིས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར༔ ཐ་མས་ཟླ་བ་བཅུ་གཉིས་དག་ཏུ་ནི༔ ངེས་པར་འགྲུབ་འགྱུར་ཨོ་རྒྱན་ཉིད་ཀྱིས་གསུངས༔ ཞེས་འབྱུང་བ་ལྟར། གྲངས་ཚད་ནི་དེ་ཉིད་ལས། འབུམ་ཕྲག་དྲུག་གིས་རང་ལུས་བྱིན་གྱིས་རློབ༔ འབུམ་ཕྲག་བཅུ་ཡིས་ལས་ཚོགས་ཐམས་ཅད་འགྲུབ༔ བྱེ་བ་གཅིག་དང་འབུམ་ཕྲག་གསུམ་གྱིས་ནི༔ ནུས་པ་ཨོ་རྒྱན་པདྨ་ཉིད་དང་མཉམ༔ ཞེས་དམན་འབྲིང་མཆོག་གི་ཚད་དུ་གསུངས་ཤིང་། འབུམ་ཕྲག་ཉི་ཤུ་ཐེམས་ན་རྩ་སྔགས་ཀྱི་འབྲུ་འབུམ་དུ་འགྱུར་བས་ཤིན་ཏུ་ལེགས། དྲག་པོའི་རྩ་སྔགས་འདི་ལྷ་རིས་སུ་ཆད་པ་གཅིག་གི་བསྙེན་པ་ཙམ་མ་ཡིན་པར་སངས་རྒྱས་ཀུན་གྱི་སྤྱི་སྔགས་ཡིན་པ་གུར་དྲག་རྩ་བའི་རྒྱུད་སོགས་ལས་ཕན་ཡོན་བསྔགས་པ་རྒྱ་ཆེར་འབྱུང་ཞིང་། འདི་ཉིད་ལས་ཀྱང་། དྲག་པོ་བླ་མའི་ཐུགས་སྒྲུབ་སྙིང་པོ་འདི༔ དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང༔ དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་བསྡུས་པའི་སྙིང་པོ་ཡིན༔ ཅེས་དང་། གཞུང་ཆེན་ལས། ཁྱད་པར་དུ་གསང་སྔགས་ཐམས་ཅད་ཀྱི་ཡང་ཟབ༔ བརྒྱ་ཙམ་བཟླས་པས་ལས་ཀྱི་སྒྲིབ་པ་སྦྱང༔ སྟོང་ཙམ་བཟླས་པས་ཉམས་ཆག་ཐམས་ཅད་སྐོང༔ ཁྲི་ཙམ་བཟླས་ན་སྡེ་བརྒྱད་དབང་དུ་འདུ༔ འབུམ་ཙམ་བཟླས་ན་པདྨ་ཉིད་དང་མཇལ༔ འབུམ་ཕྲག་དྲུག་གིས་དངོས་གྲུབ་འཐོབ༔ ཐོས་དང་དྲན་པ་ཙམ་གྱིས་ཀྱང༔ ལྷ་འདྲེ་ཐམས་ཅད་ལས་ལ་འཁོལ༔ དྲེགས་པ་སྡེ་བརྒྱད་བཀའ་ཉན་འགྱུར༔ ཡོན་ཏན་ཐམས་ཅད་འདི་ལ་ཚང༔ སྐྱོན་རྣམས་ཐམས་ཅད་འདི་ཡིས་སེལ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ལུས་ལ་བདེ་དྲོད་མེ་ལྟར་འབར༔ མི་ནོར་ཟས་གསུམ་ཆར་ལྟར་འབེབ༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ༔ ཕྱི་ནང་ཆོས་སྐྱོང་བྲན་ལྟར་ཉན༔ ཕྲིན་ལས་ཅི་བསྒྲུབ་ཐོགས་རྡུག་མེད༔ གང་འདོད་སྔགས་ཀྱི་ཤམ་བུ་བསྒྱུར༔ འདོད་པའི་དོན་རྣམས་ཐམས་ཅད་འགྲུབ༔ ཚེ་འདིར་ཐུན་མོང་དངོས་གྲུབ་ཐོབ༔ འགྲོ་བ་མ་ལུས་འདུལ་བར་འགྱུར༔ ཕྱི་མ་ཨོ་རྒྱན་པདྨ་ཡི༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང༔ བདེ་གཤེགས་འདུས་པ་བླ་མའི་སྐུ༔ མཆོག་གི་གོ་འཕང་ཚེ་འདིར་ཐོབ༔ ཅེས་པས་མཚོན་ཏེ་བཟླས་སྒོམ་གྱི་ཕན་ཡོན་ཚད་མེད་པར་གསུངས་པ་ལ་ཡིད་ཆེས་པས་ཉམས་ལེན་གྱི་སྙིང་པོར་བྱ་བར་གཅེས་སོ། །ཟབ་མོའི་ལམ་འདིར་ཉམས་ལེན་མཐའ་རུ་ཕྱིན། །ཚེ་བཙན་སྐུ་འགྲུབ་ནུས་པའི་མེ་ཆེན་འབར། །བདེ་སྟོང་ཡེ་ཤེས་མཐུ་དབང་སྟོབས་རྩལ་གྱིས། །སྟོང་ཁམས་དྲེགས་པའི་སྲོག་ལ་དབང་སྒྱུར་ཤོག །བླ་མ་དྲག་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོ་ཉང་གཏེར་དྲག་པོ་ཆེ་བ་བདེ་གཤེགས་འདུས་པའི་བསྙེན་པའི་ཡི་གེ་འདིའང་ཉམས་ལེན་གྱི་རྒྱུན་མ་ཆད་ཙམ་བྱེད་མཁན་བྱུང་ན་ཅུང་ཟད་ཕན་པའི་སེམས་ཀྱིས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).