Terdzo-DA-056
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྨིན་བྱེད་བྱིན་རླབས་སྙིང་པོ་
by འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
in cycle གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (Grub thob chen po'i thugs tig)
Volume 11 (ད) / Pages 919-925 / Folios 1a1 to 4a5
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྨིན་བྱེད་བྱིན་རླབས་སྙིང་པོ་བཞུགས་སོ༔ ཁྱབ་བདག་གྲུབ་པའི་འཁོར་ལོས་བསྒྱུར༔ འགྱུར་མེད་ཐང་སྟོང་རྒྱལ་པོར་འདུད༔ གང་དེའི་རྡོ་རྗེའི་རྣལ་འབྱོར་དང༔ འབྲེལ་བའི་སྨིན་པར་བྱེད་པ་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་དབུས༔ ཕྱི་ནང་གསང་བའི་ཡོ་བྱད་བཤམ༔ བསྒྲུབ་ཅིང་བཟླས་ལ་ཚོགས་གཏོར་འབུལ༔ བདག་ཉིད་འཇུག་པ་སྔོན་འགྲོ་བས༔ སློབ་མ་ཁྲུས་བྱས་གྲལ་ལ་འཁོད༔ བགེགས་ཕྲལ་སྲུང་བའི་འཁོར་ལོས་བཅིངས༔ ལོ་རྒྱུས་མཚམས་སྦྱར་མཎྜལ་ཕུལ༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༔ དབྱེར་མེད་དཔལ་ལྡན་བླ་མ་དགོངས༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ཞེས་པས་གསོལ་གདབ་སྡོམ་གསུམ་སྦྱིན༔ དེ་ནས་སྐུ་ཡི་ལྷར་བསྐྱེད་ལ༔ སྤོས་རོལ་དང་བཅས་ཡེ་ཤེས་དབབ༔ ཨོཾ༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེས་སྤྲུལ་སྐུ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་ཧེ་རུ་ཀ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དབའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ནས༔ སྣང་སྟོང་བུམ་པའི་དབང་བསྐུར་ཕྱིར༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ མཚན་དཔེའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྣང་གྲགས་རིགས་གསུམ་ལྷ་སྔགས་དང༔ ཆོས་སྐུའི་ཡེ་ཤེས་ཆེན་པོར་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ༔ ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིའི་དབང་བསྐུར་བས༔ ལུས་སྣང་སྤྲུལ་པའི་སྐུ་རུ་གནས་འགྱུར་ཤོག༔ རྩ་སྔགས་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་མཚན་དཔེའི་ཞལ་སྐྱིན་ནི༔ སྤྱི་བོར་བཀོད་ལ་བྱིན་གྱིས་བརླབ༔ ཨ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ ཉེ་རྒྱུའི་བདེ་སྟེར་ཌཱ་ཀི་བཅུ་དྲུག་རོལ༔ རྩ་ཁམས་དྭངས་མའི་གཟུགས་སུ་མངོན་གྱུར་ནས༔ འཆི་མེད་རིག་འཛིན་གྲུབ་པའི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྣང་སྟོང་བསྐྱེད་པའི་རིམ་པ་ལ༔ སེམས་འཛིན་བསྒོམ་ཞིང་དག་པ་བརྗོད༔ ཨོཾ༔ སྣང་སྲིད་སྣོད་བཅུད་འཁྲུལ་པ་དབྱིངས་སུ་དག༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པར་སྨིན༔ ཕྱི་ནང་གཞན་གསུམ་དབྱེར་མེད་ཧེ་རུ་ཀ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་པས་མངའ་གསོལ་མེ་ཏོག་འཐོར༔ གཉིས་པ་གསང་བའི་དབང་བསྐུར་ནི༔ གསུང་གི་ལྷར་བསྐྱེད་ཡེ་ཤེས་དབབ༔ ཨཱ༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་རྒྱུན༔ ཐབས་ཤེས་གཉིས་མེད་བདེ་བའི་དབང་བསྐུར་བས༔ རླུང་སྔགས་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་ཨཱ་དི་ཀཱ་དི་ཡི༔ ཡི་གེའི་ཕྲེང་བ་མགྲིན་པར་དགོད༔ ཨཱ༔ གྲུབ་ཐོབ་ཆེན་པོའི་གསུང་གི་དཀྱིལ་འཁོར་ནས༔ ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་གླུ་བླངས་པས༔ ལས་རླུང་དབུ་མའི་གྲོང་དུ་ཕྱག་བྱས་ནས༔ གྲགས་སྟོང་བརྗོད་པ་བྲལ་བའི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུན་མོང་བཟླས་པའི་ལུང་ཕོག་ཅིང༔ ཁྱད་པར་རྡོ་རྗེའི་བཟླས་པ་དང༔ རླུང་དང་གཏུམ་མོའི་རྣལ་འབྱོར་བསྒོམ༔ གསུམ་པ་ཤེར་དབང་བསྐུར་བ་ནི༔ ཐུགས་ཀྱི་ལྷར་བསྐྱེད་ཡེ་ཤེས་དབབ༔ མཚན་ལྡན་རིག་མའི་བྱིན་རླབས་སྦྱིན༔ ཧཱུྃ༔ རྣམ་ཀུན་མཆོག་ལྡན་སྣ་ཚོགས་གཟུགས་འཆང་མ༔ ཡིད་འོང་ལས་ཀྱི་ཕྱག་རྒྱ་འདི་གཏད་ཅིང༔ བདེ་སྟོང་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཐིག་ལེ་ཆོས་ཀྱི་སྐུ་རུ་གནས་འགྱུར་ཤོག༔ ཀརྨ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཌཱ་ཀི་སྡེ་ལྔ་ཡི༔ སྐུ་བརྙན་གཡོན་གྱི་ལག་པར་སྦྱིན༔ ཧཱུྃ༔ གྲུབ་ཐོབ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཙུན་མོའི་སྒྱུ་མ་ལ་རོལ་པས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རུ༔ འཁོར་འདས་གཉིས་སུ་མེད་པའི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལུགས་འབྱུང་ལུགས་ལྡོག་དགའ་བ་བཞིའི༔ ཡེ་ཤེས་སྤེལ་ཞིང་དག་པ་བརྗོད༔ བཞི་པ་ཚིག་གི་དབང་བསྐུར་ནི༔ ཡེ་ཤེས་ལྷར་བསྐྱེད་བྱིན་ཆེན་དབབ༔ ལུས་གནད་དང་བཅས་མཉམ་པར་བཞག༔ ཨ༔ ཆོས་ཀུན་ངོ་བོ་རིག་སྟོང་ནམ་མཁའི་དབྱིངས༔ གང་ཤར་རང་གྲོལ་མ་བཅོས་ལྷུག་པའི་ངང༔ སྤང་བླང་བྲལ་ཐོབ་མེད་པར་དབང་བསྐུར་བས༔ ཀུན་གཞི་ཡེ་ཤེས་ཆེན་པོར་གནས་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ རྗེས་འབྲེལ་རྡོ་རྗེ་དྲིལ་བུ་ནི༔ གཡས་གཡོན་གཏད་ལ་འཁྱུད་རྒྱ་བྱ༔ ཨཿ གྲུབ་ཐོབ་ཆེན་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ ཐབས་ཤེས་ཟུང་འཇུག་ཀ་དག་གཉུག་མའི་ངང༔ འགྲོ་ཀུན་གདོད་མའི་དབྱིངས་སུ་དབུགས་དབྱུང་བའི༔ སྲིད་ཞིའི་མཐའ་ལས་འདས་པའི་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ སྤྲོ་ན་རྡོ་རྗེའི་གླུ་དང་བཅས༔ ལྟ་སྒོམ་སྤྱོད་འབྲས་ངོ་སྤྲོད་ཅིང༔ ཐམས་ཅད་དབྱེར་མེད་གཉུག་མའི་ངང༔ ལ་བཟླ་མ་བཅོས་ལྷུག་པར་བཞག༔ ལྔ་པ་རིག་རྩལ་ཐོད་རྒལ་དབང༔ དབྱེར་མེད་ལྷར་བསྐྱེད་ཡེ་ཤེས་དབབ༔ ཤེལ་དང་འཇའ་ཚོན་བརྡས་མཚོན་ཏེ༔ ཧོ༔ ནང་གསལ་ཐིམ་ལ་མ་རྨུགས་ཤེལ་གོང་ལས༔ ཕྱིར་གསལ་རྡོ་རྗེ་ལུག་རྒྱུད་འཇའ་ཚོན་ཤར༔ དབྱིངས་རིག་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཅིར་སྣང་ཡེ་ཤེས་གཅིག་ཏུ་གནས་འགྱུར་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ རྗེས་འབྲེལ་ཁ་ཊྭཱཾ་མཆན་དུ་བཅུག༔ གཡས་གཡོན་ཌཱ་རུ་བདེ་སྐྱོང་སྦྱིན༔ ཧོ༔ གྲུབ་ཐོབ་ཆེན་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ བརྟུལ་ཞུགས་སྤྱོད་པས་གནས་ཡུལ་ཀུན་ཉུལ་ཏེ༔ འབུམ་ཕྲག་དབའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཡིད་ཀྱི་བརྟན་པ་འཕྲོག་པའི་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བཞུགས་སྟངས་གཟིགས་སྟངས་སྒོ་ཡུལ་དང༔ རླུང་རིག་གནད་ཀྱི་དོན་ངོ་སྤྲད༔ རྗེས་སུ་གཏོར་མ་ལྷར་བསྐྱེད་ལ༔ བརྒྱུད་པའི་བྱིན་རླབས་དབུགས་དབྱུང་བྱ༔ དམ་ཚིག་ཁས་བླངས་མཎྜལ་འབུལ༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོར་རོལ༔ རྡོ་རྗེའི་གླུ་གར་དག་ཀྱང་བྱ༔ ས་མ་ཡ༔ ཆོས་རྣམས་ཀུན་གྱི་དེ་ཁོ་ན༔ གནས་སྐབས་མཐར་ཐུག་མི་ཕྱེད་པ༔ རྡོ་རྗེ་ཐེག་པའི་གྲུབ་པའི་མཐའ༔ གཞི་ལམ་འབྲས་བུའི་རྒྱུད་དུ་བཤད༔ གཞི་ནི་ཀུན་ཁྱབ་བདེ་གཤེགས་སྙིང༔ ཟབ་གསལ་གཉིས་སུ་མེད་པའི་དབང༔ བསྐུར་ཐོབ་བྲལ་བའི་ཆོས་ཉིད་ནི༔ སེམས་ཅན་ཀུན་ལ་ཁྱབ་པར་གནས༔ ལམ་དུས་དྲྭ་བ་རྣམ་པ་བཞིས༔ ཉོན་མོངས་རྟོག་ཚོགས་བསྡམས་པ་ལས༔ དཔའ་བོ་དང་ནི་རྣལ་འབྱོར་མས༔ དབང་བསྐུར་ཧེ་རུ་ཀ་དཔལ་འགྱུར༔ འབྲས་བུ་ལྷན་སྐྱེས་ཉེ་རྒྱུ་ལས༔ མས་བརྟན་དགའ་བཞིའི་བདུད་རྩི་ཡིས༔ འཁོར་ལོ་བཞི་པོ་གང་བའི་ཚེ༔ དབང་བཞིའི་ཡོན་ཏན་རང་ལ་ཤར༔ མཐར་ཐུག་གཙུག་ཏོར་ནོར་བུའི་རྩེར༔ ཟག་མེད་དྭངས་མས་སྨིན་པ་ན༔ རྡུལ་བྲལ་ཞི་བ་དམ་པའི་དབང༔ འོད་ཟེར་ཆེན་པོའི་ཐབས་ཀྱིས་ཕྱེ༔ འདི་ནི་གྲངས་མེད་ཁྱབ་བདག་ཆེ༔ ཐམས་ཅད་ཀུན་གྱི་གཤེགས་ཤུལ་ཏེ༔ དེ་སླད་དུས་གསུམ་དུས་མེད་དུ༔ ལམ་གྱི་དབང་ལ་བརྩོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ ཞེས་པའང་རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་དངོས་སུ་ཐོབ་པ་ལ་བརྟེན་ནས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྐད་ཅིག་གིས་གཏན་ལ་ཕབ་པ་ཤིན་ཏུ་གསང་བའི་ཐུགས་ཏིག་གོ །སརྦ་མངྒ་ལཾ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པ་དགེ། །།
TSAGLI image gallery goes here