Terdzo-CI-026

Revision as of 17:07, 7 January 2019 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)



Property "Author" has a restricted application area and cannot be used as annotation property by a user. 








མཁའ་འགྲོ་གསང་ཡེའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་

mkha' 'gro gsang ye'i dkyil 'khor gyi cho ga'i lhan thabs mkha' spyod lam bzang

by  པདྨ་འགྱུར་མེད་རྒྱ་མཚོ་ (Pema Gyurme Gyamtso)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Minling Terchen Gyurme Dorje)
in cycle  ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ (Thugs rje chen po bde gshegs kun 'dus)
Volume 35 (ཅི) / Pages 741-762 / Folios 1a1 to 11b5

[edit]

༄༅། །མཁའ་འགྲོ་གསང་ཡེའི་དཀྱིལ་འཁོར་གྱི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། དཔལ་གར་གྱི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རི༵ག་སྟོང་ཟུང་འཇུག་སྙིང་པོ་གདོད་མའི་གཤིས། །མཚན་འཛི༵ན་ཆོས་འདས་འ༵གྱུར་མེ༵ད་དོན་དམ་དངོས། །མཐའ་བཞིའི་སྤྲོས་ཀུན་ཡོངས་དག་རྡོ༵་རྗེ༵་སེམས། །དྲིན་ཅན་བླ་མའི་ངོ་བོར་ངེས་པས་འདུད། །མཁའ་འགྲོའི་ཞལ་རླངས་མ་ཉམས་ཟབ་མོའི་ཆོས། །སྙིང་པོར་དྲིལ་བའི་གནད་དོན་བླ་ན་མེད། །མཁའ་སྤྱོད་ལམ་བཟང་དགའ་སྟོན་བདུད་རྩིའི་དཔྱིད། །སྐལ་ལྡན་འདོད་འཇོའི་བྱེད་པོར་དེང་འདིར་སྤེལ། །འདིར་འཇིག་རྟེན་དབང་ཕྱུག་རྩ་བའི་དཀྱིལ་འཁོར་དུ་སྤྲོས་བཅས་སྤྲོས་མེད་ཀྱི་དབང་དང་། མཁའ་འགྲོ་གསང་བའི་དཀྱིལ་འཁོར་ཉིད་དུ་བྱིན་རླབས་དབང་བཞིའི་ཆུ་བོས་རྒྱུད་སྨིན་པར་བྱས་པའི་སྐལ་ལྡན་དམ་ཚིག་དང་སྡོམ་པས་རྒྱུད་དག་པ། ཤེས་རབ་དང་སྙིང་རྗེར་ལྡན་ཞིང་གསང་བའི་བརྟུལ་ཞུགས་ལ་ཡང་དག་པར་གནས་པའི་གང་ཟག་གིས། དུར་ཁྲོད་དང་མཚོ་གླིང་ནགས་ཚལ་ལ་སོགས་པའི་གནས་སུ་ཡར་ངོ་དང་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་ཚུལ་འདི་བརྩམ་པར་བྱའོ། །འདི་ལ་བཞི། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་ཅིང་དབང་བསྐུར་བ། མཇུག་གི་ཆོ་ག །ཞར་བྱུང་མེ་མཆོད་ཀྱི་རིམ་པའོ། །དང་པོ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། ཚོགས་ཀྱི་མཆོད་པ་དང་གསུམ། དང་པོ་ནི། སྤྲོ་ན་ས་ཆོག་སྟ་གོན་སོགས་ཚིག་གི་བསྒྱུར་ཁའི་ཁྱད་པར་ཅུང་ཟད་རེ་མ་གཏོགས་ཐུགས་རྗེ་ཆེན་པོ་རྩ་བའི་ཆོག་ཁྲིགས་བཞིན་བསྒྲུབས་ཀྱང་འགལ་བ་མེད་ཅིང་ལེགས་པར་འགྱུར་མོད། འདིར་སྙིང་པོར་དྲིལ་བའི་དབང་དུ་ན། ས་བསླང་བ། སྦྱང་བ། གཟུང་བ་རྣམས་རྩ་བའི་དཀྱུས་བཞིན་བསྒྲུབས་རྗེས། བསྲུང་བ་ནི། སྲུང་བའི་འཁོར་ལོ་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་བསམ་ལ། ཧཱུྃ༔ ང་ནི་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་གི་བདག་ཉིད་ཁྲོ་བོའི་རྒྱལ༔ མི་བཟད་རྔམ་བརྗིད་འབར་བ་ཡི༔ ཐུགས་ཀྱི་རོལ་པ་ཆེན་པོ་ལས༔ རྡོ་རྗེ་མཚོན་ཆ་འབར་བའི་མེ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་འཕྲོས༔ སྟེང་ཡང་རྡོ་རྗེའི་གུར་དུ་བྲེས༔ འོག་ཀྱང་རྡོ་རྗེའི་ས་གཞིར་གདལ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་གཏམས༔ སྤྲུལ་པའི་ཁྲོ་ཚོགས་མཚོན་ཆ་དང༔ འབར་བའི་མེ་འོད་ཚྭ་ཚྭ་འཕྲོ༔ གཞོམ་མེད་སྲུང་བའི་གུར་ཁང་ནི༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྲུབ༔ ཨོཾ་བཛྲ་ཀྲོ་ཏ་ཛྭ་ལ་རཀྵ་ཏིཥྛ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ་ཞིང་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བྱ། དེ་ནས་དཀྱིལ་འཁོར་བྲི་བའི་ཆེད་དུ་བདུད་རྩི་ལྔ་ཆང་དང་སྦྱར་བས་དཀྱིལ་འཁོར་གྱི་གཞི་ལ་ཁྱབ་པར་བྱུག་ཅིང་། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔས༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་པཉྩ་ཨ་མྲྀཏ་མ་དྷ་ལ་བྷྲཱུྃ་སྭཱ་ཧཱ༔ ཞེས་བརྗོད། ཐིག་སྐུད་དང་ཚོན་རྩི་རྣམས་ཧྲཱིཿཧ་རི་ནི་ས་ལས་མཁའ་འགྲོ་རིགས་ལྔའི་རང་བཞིན་དུ་མོས་ལ། གཙོ་སྔགས་ཅི་རིགས་བཟླས་པས་བྱིན་གྱིས་བརླབས་ནས་བདུད་རྩིས་གཤེར་བའི་དཀར་དམར་གྱི་ཐིག་ཆལ་གྱིས་ཚངས་ཐིག་གཉིས་སྤྱི་ལྟར་བཏབ་ལ། ཕྱི་ནས་མེ་རི་དང་རྡོ་རྗེའི་རྭ་བ་མཛེས་པའི་མུ་ཁྱུད་བཅས་ཟླུམ་པོར་བསྐོར་བའི་རྒྱབ་ངོས་ཚངས་ཐིག་དང་མུ་ཁྱུད་འཛོམ་ས་ནས་ལྟེ་བར་ཚད་པས་གཡས་གཡོན་དུ་མཚན་མ་གདབ། དེ་ནས་གཡས་གཡོན་གྱི་མཚན་མ་གཉིས་དང་དེ་དག་སོ་སོ་ནས་མདུན་ངོས་ཀྱི་ཚངས་ཐིག་དང་སྒོར་ཐིག་འཛོམ་ས་སྦྲེལ་བས་ཆོས་འབྱུང་གི་ཕྱེད་ཐིག་འགྲུབ་ལ། དེ་བཞིན་དུ་ཅུང་ཟད་ཆུང་བ་གོང་བཞིན་བཏབ་པ་ནང་ཐིག་གོ །དེ་ནས་ཚོན་གྱི་ལས་ནི། ཆོས་འབྱུང་ནང་ཁོངས་དམར། རེ་ཁ་དཀར། མཆན་དམར་པོ། ཟུར་བཞིར་གཡུང་དྲུང་གཡོན་འཁོར་རེ། རྡོར་ར་གཞི་ནག་ལ་རྡོར་ཕྲེང་སེར་པོ། མེ་སྣ་ཚོགས་སམ་དམར་སེར་གཡོན་སྐོར་དུ་བྲིས་པའི་ཆོས་འབྱུང་གི་ནང་དབུས་དང་ཕྱོགས་བཞིར་ལྷ་ལྔའི་སྐུ་གསུང་ཐུགས་མཚན་གང་རུང་ངམ་མེ་ཏོག་དམར་པོའི་ཚོམ་བུ་དགོད། དེའི་དབུས་སུ་མཉྫིའི་ཁར་ཐོད་པ་སྲུབས་མེད་ཆང་གིས་བཀང་བ་ལ་ཨ་མྲྀཏ་དང་རིན་པོ་ཆེ་སོགས་འདོད་པའི་རྫས་ཀྱིས་བྲན། དར་དམར་པོས་ཞལ་བཀབ། དེའི་ཁར་འཁར་བའི་མེ་ལོང་ཆང་གིས་བརླན་པར་སིནྡྷུ་ར་གཞོན་ནུ་མའི་འདོམ་རས་ལ་བཙགས་པ་ཁོད་སྙོམས་པར་བཀྲམ་ནས། གཡོན་པའི་མཐེབ་སྲིན་གྱིས་བཟུང་བའི་གསེར་གྱི་ཐུར་མས་ཆོས་འབྱུང་ཟུར་བསྟན་གྲྭ་བཞིར་གཡུང་དྲུང་བཞི། ཕྱི་རོལ་ཟླུམ་སྐོར་པད་ཕྲེང་ལྟེ་བར་ཧྲཱིཿདང་ཟུར་གསུམ་གྱི་ནང་ངོས་མདུན་དུ་ཧཱུྃ། གཡས་སུ་ཨོཾ། གཡོན་དུ་ཨཱཿརྣམས་བྲི། དར་ལེ་བརྒན་གྱི་གུར་ཕུབ་ནས་མི་མཐོང་བར་བྱ། དེའི་མདུན་དུ་རྣམ་རྒྱལ་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། དཀྱིལ་འཁོར་པའི་འདས་གཏོར་དམར་པོ་ཤ་ཆང་གིས་བྲན་པ། བཀའ་སྲུང་གི་གཏོར་མ། གཏེར་བདག་དང་མཁའ་འགྲོའི་སྤྱི་གཏོར། གཡས་གཡོན་དུ་སྨན་རཀ ཕྱི་ནང་གི་ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་གཡོན་སྐོར་དུ་བཤམས་ཤིང་། ཁྱད་པར་ཚིལ་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། བདུད་རྩིའི་དྲི་ཆབ། དམར་གྱི་གཏོར་མ། རྐང་གི་དུང་དང་ཅང་ཏེའུ་རྣམས་ངེས་པར་བཤམས། གཞན་ཡང་ཚོགས་རྫས། རང་གི་མདུན་དུ་རྡོར་དྲིལ་ལས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི། མཆོད་རྫས་བྱིན་བརླབ་ཡན་ཆད་སྔོན་འགྲོ་རྣམས་འཇིག་རྟེན་དབང་ཕྱུག་རྩ་བའི་ཆོ་ག་བཞིན་བྱ། དངོས་གཞིའི་ཆོ་ག་ལ་ཐོག་མར་ལྷ་བསྐྱེད་ནི། བདག་མདུན་ཕྱོགས་གཅིག་ཏུ་བསྒྲུབ་པ་ལས། རང་ཉིད་སྐད་ཅིག་གིས་དྷཱ་ཀི་མའི་སྐུར་གསལ་བཏབ་པའི་ཐུགས་ཀའི་འོད་ཀྱིས་ཨོ་རྒྱན་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་མདུན་གྱི་མ་དྷལ་ལ་བཞུགས་པར་བསམ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ཕཻཾ་ཞེས་བརྗོད། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡས་ཁྱད་པར་གྱི་མཆོད་པ་ལྔ་དང་། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧིས་བདུད་རྩི་འབུལ། ཐུགས་ཀ་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས་ཞེས་པ་ནས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་བཞུགས་པའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ། བཞི་ཀའང་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཕྱག་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ། ཐོད་སྐམ་ལྔའི་ཅོད་པན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང་པད་ཉི་རོའི་གདན་ལ་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་རང་རིག་པའི་བདག་ཉིད་ཁམས་གསུམ་མ་ལུས་པར་ཡོངས་སུ་ཁྱབ་པའི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ཞིང་། མ་འདྲེས་པའི་སྒྱུ་མའི་སྣང་བ་རབ་འབྱམས་སུ་འཆར་བའི་སྤྲིན་ཆེན་པོར་གྱུར་པར་བསམ་མོ། །དེ་ནས་སྤྱན་འདྲེན་པ་ནི། གཙོ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་པར་བསམ་ཞིང་འབར་བའི་ཕྱག་རྒྱ་དང་བཅས། ཨེ་ཨཱ་རལླི་ཛ༔ ཕཻཾ་ཞེས་དང་། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན༔ སེམས་ཅན་དོན་དགོངས་འཕགས་པ་སྤྱན་རས་གཟིགས༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་ཡུལ་དུར་ཁྲོད་ནས༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ས་མ་ཡ་ཛཿཛ༔ ཞེས་ཚིགས་གཅད་གཉིས་སྔགས་བཅས་ཌཱ་དྲིལ་དང་རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དྲག་པོས་སྤྱན་དྲང་ངོ་། །བདག་བྱིན་གྱིས་བརླབ་ཅིང་དམ་ཡེ་བསྲེ་བ་ནི། ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེའི་སྐུ་ལས་སྐུ་དཔག་ཏུ་མེད་པ་བྱོན༔ ཞེས་པ་ནས། ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་བསམ་ཞིང་སྡེ་ཚན་བཞི་པོ་སོ་སོའི་རྗེས་སུ་རྩ་སྔགས་མཐར། ཀཱ་ཡ། ཝཱ་ཀ །ཙིཏྟ་ས་མ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་རིམ་བཞིན་བཏགས་པ་བཟླ་ཞིང་སྤོས་རོལ་ཡང་བྱའོ། །ལྷའི་སྣང་ཞེན་ལ་བསླབ་པ་ནི། དེ་ནས་ལྷ་སྐུའི་རྣལ་འབྱོར་ཤིན་ཏུ་གསལ་བར་མོས་ཏེ་ཐ་མལ་གྱི་སྣང་བ་བཟློག་པའི་དོན་དུ་ལྷའི་རྣམ་པ་སྤྱི་བྱེ་བྲག་ལ་སེམས་འཛིན་པ། ཐ་མལ་གྱི་ཞེན་པ་བཟློག་པའི་དོན་དུ་ལྷའི་ང་རྒྱལ་ལ་སེམས་འཛིན་པ། ལྷར་སྣང་དང་ང་རྒྱལ་དེའང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་དཀྱིལ་འཁོར་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་མོས་པའི་དག་དྲན་དང་། བདེ་བ་ཆེན་པོའི་ངང་མདངས་ལྷའི་གསལ་སྣང་དང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་ཇི་སྲིད་མི་སྐྱོའི་བར་བསླབ་པར་བྱའོ། །དེ་ནས་བཟླས་པའི་རྣལ་འབྱོར་ནི། རང་ཉིད་ལྷ་མོར་གསལ་བའི་སྙིང་གའི་ཧྲཱིཿལ་སྔགས་ཀྱི་ཕྲེང་བ་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་འཁོད༔ ཅེས་པ་ནས། བུང་བ་ཚང་ཞིག་པ་བཞིན་དུ་བསམ་ནས༔ ཆོས་དབྱིངས་རྣམ་དག་རང་བྱུང་དཀྱིལ་འཁོར་དུ། །ཡེ་ཤེས་མཁའ་འགྲོ་གསང་བའི་ལྷ་ཚོགས་རྣམས། །སྐུ་ནི་སྣང་སྟོང་བདེ་ཆེན་འོད་སྐུའི་ཞིང་། །གསུང་ནི་གྲགས་སྟོང་ཛཔ྄་དབྱངས་སྔགས་ཀྱི་སྒྲ །ཐུགས་ནི་ཀ་དག་འགྱུར་མེད་ཆོས་དབྱིངས་ངང་། །ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ། །རྩེ་གཅིག་མོས་པས་ཁྱོད་སྐུ་གསལ་བཏབ་སྟེ། །གསུང་དབྱངས་ཛཔ྄་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན། །རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐུལ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་བཟླ༔ ཡང་སྙིང་གའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལ་སེམས་བརྟན་པར་བཅིངས་ནས་ཡིད་ཀྱི་བཟླས་པ་དུམ་གཅིག་བྱ༔ ཡང་དེ་ལྟ་བུས་རླུང་ཁ་སྦྱོར་དུ་བཅིངས་ནས་མི་གཡོ་བས་ཀྱང་སྔགས་བཟླ༔ གྲངས་ཚད་ནི་འབུམ་ཚོ་ལྔ། དུས་བསྙེན་ཟླ་བ་གསུམ་མོ། །སྣང་བ་དབང་སྡུད་ཀྱི་བཟླས་པ་ནི། སྙིང་གའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས། ཞེས་སོགས་ཀྱི་བཟླས་དམིགས་གསལ་བཏབ་ལ་རྩ་སྔགས་མཐར། པཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ནས་ཁྲི་སོགས་ཇི་ལྟར་རིགས་པ་བཟླས་པས་སྣང་སྲིད་དབང་དུ་འགྱུར་རོ། །འཁོར་གྱི་དྷཱ་ཀི་བཞི་ལ་བསྟེན་པའི་ལས་བཞིའི་འཕྱོང་སྔགས་བཟླ་བར་འདོད་ན། གཙོ་མོའི་ཐུགས་ཀའི་འོད་ཟེར་ཞེས་སོགས་ཀྱིས་དམིགས་པ་གསལ་བཏབ་སྟེ། རྩ་སྔགས་ཤམ་བུར། བཛྲ་དྷཱ་ཀི་ནཱི་ཤཱནྟིཾ་ཀུ་རུ་ཧཱུྃ༔ དེ་བཞིན་དུ། རཏྣ་དྷཱ་ཀི་ནཱི་པུཥྚིཾ་ཀུ་རུ་ཧོ༔ པདྨ་དྷཱ་ཀི་ནཱི་པཱ་ཤཾ་ཀུ་རུ་ཛ༔ ཀརྨ་དྷཱ་ཀི་ནཱི་མཱ་ར་ཡ་ཕཊ༔ ཅེས་བཏགས་ནས་བཟླས་པས་ལས་དེ་དང་དེ་འགྲུབ་པར་གསུངས་ཤིང་། བུམ་པ་ལ་དམིགས་ཕྱེད་པའི་བཟླས་པ་བྱེད་ན། གཟུངས་ཐག་ལ་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དང་རྩ་སྔགས་ཅི་ནུས་བཟླ་ཞིང་། ལས་བུམ་དུ་རྟ་མགྲིན་སྐད་ཅིག་གིས་གསལ་བཏབ་སྟེ་རྟ་མགྲིན་གྱི་སྔགས་བརྒྱ་རྩ་སོགས་བཟླས་མཐར། འབྲུ་གསུམ་གྱིས་ནང་མཆོད་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས། ཨོཾ༔ ཀུན་བཟང་རྣལ་རོལ་སོགས་ཀྱི་ཉེར་སྤྱོད་སྨན་གཏོར་རཀྟ་སྦྱོར་སྒྲོལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རྣམས་ཡབ་བཀའི་དཀྱུས་བཞིན་དང་། རྒྱས་པར་སྤྲོ་ན་ཕྱི་མཆོད་ཀྱི་སྐབས་ཆུ་གཉིས་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད། རིག་མ་བཅུ་དྲུག །ན་བཟའ་ལ་སོགས་པས་ཀྱང་མཆོད་ན་ལེགས་པར་འགྱུར་བའི་ཕྱིར་རིགས་མཐུན་གྱི་ཆོ་ག་སྐབས་སུ་བབས་པ་ལས་འདོན་ཚིག་རྣམས་བླངས་པས་ཆོག་གོ །དེ་ནས་བསྟོད་ཅིང་བསྐུལ་བ་ནི། ཅང་ཏེའུ་དང་རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་བཅས། ཧྲཱི༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ ཞེས་པ་ནས། ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ༔ ཞེས་པའི་བར་དཀྱུས་བཞིན་ནོ། །གསུམ་པ་ཚོགས་མཆོད་ནི། བྱིན་བརླབ་ནས་ཚོགས་ཐ་མའི་བར་ཡབ་བཀའ་བཞིན་ནོ། ༈ །གཉིས་པ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་ལ་བདག་འཇུག་དང་སློབ་མ་རྗེས་འཛིན་གཉིས་ཀྱི་དང་པོ་ནི། གཞུང་དུ་བདག་འཇུག་ལེན་དགོས་པའི་གསལ་ཁ་མི་འབྱུང་བས་མ་བླང་ཡང་ཆད་པའི་སྐྱོན་དུ་མི་འགྱུར་མོད། ལེན་པར་སྤྲོ་ན་རྩ་བའི་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། རང་ཉིད་ཀྱི་རྣམ་འགྱུར་གློ་བུར་བའི་རྟེན་སློབ་མའི་ཚུལ་དུ་བྱ་ཞིང་། དབང་གི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལས་བྱེ་བའི་ལས་ཀྱི་རྣལ་འབྱོར་མས་མཛད་པར་བསམ་སྟེ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་ལས་སློབ་མའི་ཞེས་པ་རྣམས་ལ་བདག་གི་ཞེས་སོགས་སུ་འདོན་པ་སྤོས་ཏེ་དབང་རྫོགས་པར་བླང་། འོན་ཀྱང་བདག་འཇུག་གི་སྐབས་བགེགས་སྐྲོད་ཧཱུྃ་བཞི་པ་ཙམ་དང་དབང་བཞི་སོ་སོའི་གོང་དུ་བདག་བྱིན་རླབས་ཀྱི་ཆོ་ག་དང་འབྲེལ་བར་བྱིན་འབེབ་པ་རྣམས་མ་བྱས་ཀྱང་ཆོག་ཅིང་། ཤིན་ཏུ་བསྡུ་ན་རིག་པའི་མེ་ཏོག་དོར་བ་ཙམ་ལ་བརྟེན་ཀྱང་འགལ་བ་མེད་དོ། །གཉིས་པ་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་བའི་རིམ་པ་གཉིས། དང་པོ་ནི། བདག་འཇུག་རྒྱས་བསྡུས་ཅི་རིགས་སོང་རྗེས། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་གནང་བ་ཞུ་བ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་སོགས་ཀྱིས་འཇིག་རྟེན་དབང་ཕྱུག་རྩ་བའི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་བོས་རྒྱུད་ཡོངས་སུ་སྨིན་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱས། ནང་དུ་དགའ་འཁྱིལ་བྲིས་པའི་གདན་ལ་བཞག །གཏོར་མ་སྒྲོན་མེ་བཙུག་པ་བྱིན་གྱིས་བརླབ། ཨོཾ་སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །རྩ་སྔགས་མཐར་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ལན་གསུམ་གྱིས་སློབ་མ་ལ་བསྐོར་ཅིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། སློབ་མའི་རྒྱུད་ལ་གནས་ནས་དངོས་གྲུབ་ལ་བར་དུ་གཅོད་པ་རྣམས་འདིར་མ་གནས་པར་སོགས་ཧཱུྃ་བཞིའི་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། མཎྜལ་ཕུལ་ལ། མགོན་པོ་སངས་རྒྱས་ཀུན་བདག་ཉིད། །བརྩེ་བས་བདག་ལ་དགོངས་སུ་གསོལ། །མི་བཟད་སྡུག་བསྔལ་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོ་ལས་བརྒལ་ཏེ། །མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ། །བདག་ཉིད་འཇུག་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། འདོད་དོན་དྲི་ལན་སྐྱབས་སེམས་ཡན་ལག་བདུན་པ་སྡོམ་གཟུང་རྣམས་ཡབ་བཀའི་དབང་གི་སྐབས་བཞིན་བྱེད། ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ་ཞེས་མགོ་བོར་རྡོ་རྗེ་བཞག་ནས་སྲུང་བ་བྱ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ཞེས་ནང་གི་རྒྱུད་བྱིན་གྱིས་རློབ་པའི་དོན་དུ་བདུད་རྩི་སྦྱིན། དེ་ནས་བྱིན་དབབ་པ་ནི། སློབ་མ་རྣམས་རྡོ་རྗེ་རྩེ་གསུམ་པའི་འདུག་ལྟངས་བྱས་ལ་ཉྭ་བཞི་བསྒྲིམ། རླུང་ཁ་སྦྱོར་དུ་འཆིང་། དམིགས་པ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མ་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱི་ལུས་འདིས་མཚོན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གར་གྱི་དབང་ཕྱུག་རྡོ་རྗེ་རྣལ་འབྱོར་མའི་སྐུར་བསྐྱེད་པའི། རྐང་མཐིལ་གཉིས་སུ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ། སུམ་མདོར་ཆོས་འབྱུང་ཁ་དོག་དམར་པོ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ནང་ཁོངས་བར་སྣང་ལ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བར་བསམ། སླར་སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་ལྷ་དང་བཅས་པ་དང་ཞེས་སོགས་དབང་གཞུང་ལྟར་ནས། ཛྙཱ་ན་བཛྲ་ཏིཥྛ༔ ཞེས་བརྗོད། གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ནི། མཎྜལ་ཕུལ་ནས། ལྷ་མོ་སྐུ་གསུང་ཐུགས་རྡོ་རྗེ༔ སོགས་ལན་གསུམ་གྱིས་གསོལ་བ་གདབ། བུམ་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་དཔྲལ་བ་ནས་སྐུའི་བྱིན་རླབས་དང་ནུས་པ་ཐམས་ཅད་ལྷ་མོའི་སྐུའི་རྣམ་པ་ཆེ་ཆུང་མ་ངེས་པ་བདེ་བའི་གར་སྟབས་ལིང་ལིང་མཛད་ཅིང་། འོད་ཟེར་གྱི་ཕུང་པོར་འབར་བ་དཔག་ཏུ་མེད་པ་བྱུང་། སློབ་མའི་སྤྱི་བོ་ནས་སིབ་སིབ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་བདེ་བ་དང་ལྡན་པར་མོས་ལ་རྩ་སྔགས་མཐར། ཀཱ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། སློབ་མ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལྷ་མོའི་རྣམ་པས་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའི་གནས་སུ་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་པར་བསམ་ཞིང། ཕཻཾ་ཞེས་བརྗོད། མཆོད་པ་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་དང་དཀྱིལ་འཁོར་པ་དབྱེར་མ་མཆིས་པ་དེ་རྣམས་ཀྱིས། རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་མོས་ཏེ་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དཔའ་བོ་རྣལ་འབྱོར་མ་ཀུན་གྱི༔ སོགས་དང་སྙིང་པོའི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པའི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་ནས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཐིམ་པར་བསམ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད། བཟླས་ལུང་ནི། སློབ་དཔོན་ལྷ་མོར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་བྱུང་། སློབ་མའི་ཞལ་དུ་ཞུགས༔ ལྟེ་བའི་ས་བོན་ལ་ཐིམ་པར་བསམ་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་སོགས་བྱ། སྤྲོ་ན། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་སྤྲོ་བ་དང་སློབ་མའི་པདྨར་བསྡུ་བ་སོགས་ཀྱི་དམིགས་གནད་དང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིསའཁོར་གྱི་དྷཱ་ཀི་བཞིའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཀྱི་འོད་ཟེར་སློབ་མའི་ཞལ་དུ་བསྡུ་བ་སོགས་ཀྱི་འཕྲུལ་ཤེས་པར་བྱས་ལ་དབང་སྡུད་དང་ལས་བཞིའི་འཕྱོང་སྔགས་ཀྱི་རྗེས་ཟློས་ཀྱང་བྱ། གང་ལྟར་ཡང་། དེས་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་འདོད་ཁམས་དག་པས་དབང་དུ་འདུས་ཤིང་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གསང་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་མགྲིན་པ་ནས་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་རྩ་སྔགས་དང་ཨཱ་ལི་ཀཱ་ལིའི་རྣམ་པ་ཁ་དོག་དཀར་དམར་བུང་བ་ཚང་ཞིག་བ་ལྟར་རང་སྒྲ་སྒྲོག་བཞིན་དུ་བྱུང་། སློབ་མའི་མགྲིན་པ་ནས་སིབ་སིབ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས། ངག་ནུས་པ་དང་ལྡན་པར་མོས་ལ་རྩ་སྔགས་མཐར། ཝཱ་ཀ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། དེ་ནས་ལྷ་མོའི་ཐུགས་ཀའི་འོད་ཀྱིས་ཞེས་པ་ནས། བདུད་རྩི་ལ་འདྲེས་པ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་བསམ་ཤིང་། ཧཱུྃ༔ ཐབས་དང་ཤེས་རབ་མཉམ་སྦྱར་བའི༔ བདུད་རྩིའི་བཅུད་མཆོག་བདེ་བ་ཆེ༔ བྱང་ཆུབ་སེམས་ནི་དག་པ་འདིས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབུས་ཀྱི་བྷནྡྷ་མགྲིན་པར་བཞག་ཅིང་ཐོད་རྫས་བླུད། བདུད་རྩི་ལྟེ་བའི་ཧྲཱིཿལ་ཐིམ༔ སོལ་མེ་ལ་ཕུས་བཏབ་པ་བཞིན་དེ་ལས་མེ་ཧར་གྱིས་འབར། སྤྱི་བོའི་ཧཾ་ཞུ། རྩ་ཁམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེས་གསུང་གི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་ཙཎྜ་ལཱིའི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་ཁམས་དག་པས་དབང་དུ་འདུས་ཤིང་། ཞིང་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཤེར་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་ཐུགས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་སེམས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་དུ་བྱུང་། སློབ་མའི་སྙིང་ག་ནས་སིབ་སིབ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སེམས་རྟོགས་པ་ལྡན་པར་མོས་ལ་རྩ་སྔགས་མཐར། ཙིཏྟ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ༔ ཞེས་བཟླ་ཞིང་སྤོས་རོལ་བྱ། ཧཱུྃ༔ དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་མེད་པ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སིནྡྷུ་རའི་མཎྜལ་སྙིང་གར་བཞག་ཅིང་། སིནྡྷུ་རའི་དཀྱིལ་འཁོར་གྱི་དགའ་འཁྱིལ་གཡོན་པའི་སྲིན་ལག་གིས་བླངས་ཏེ་སྙིང་པོ་བརྗོད་བཞིན་དུ་སྤྱི་མགྲིན་སྙིང་ག་ལྟེ་བའི་གནས་བཞིར་ཐིག་ལེ་བྱས་པས་ལྟེ་བའི་ཧྲཱིཿལས་གཏུམ་མོ་འབར། སྤྱི་བོའི་ཧཾ་ལ་རེག །རྩ་ནང་གི་བྱང་སེམས་ཐམས་ཅད་ཞུ། ཧཾ་ལ་འདུས། དེ་ལས་བྱང་སེམས་སྐྱ་ཆིལ་ཆིལ་བབས། སྤྱི་བོའི་རྩ་འཁོར་གང་། དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། དེ་བཞིན་དུ་མགྲིན་པའི་རྩ་འཁོར་ཡན་ཆད་གང་། མཆོག་ཏུ་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། སྙིང་གའི་རྩ་འཁོར་ཡན་ཆད་གང་། ཁྱད་པར་གྱི་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། ལྟེ་བའི་རྩ་འཁོར་གང་། དྭངས་མའི་དྭངས་མ་དཀར་པོ་ཡུངས་འབྲུ་ཙམ་འོད་འཕྲོ་བ་གསང་བར་འཁོར་བས་བདེ་བ་བཟོད་མེད་དུ་སྐྱེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། སླར་གྱེན་དུ་རིམ་བཞིན་དྲང་། མཐར་བྱང་སེམས་ཐམས་ཅད་སྤྱི་བོའི་ཧཾ་ལ་འདུས། མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཉམས་སུ་མྱོང་བར་བསམ་སྟེ་བདེ་བའི་ངང་མདངས་སྐྱོངས་སུ་འཇུག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་གཟུང་། དེས་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་མེད་ཁམས་དག་པས་དབང་དུ་འདུས་ཤིང་ལྷན་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་བཞི་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མ་མཆིས་པ་ལ་ཡིད་ཁྱེད་ཤེས་ཀྱི་མོས་གུས་དྲག་ཏུ་བྱས་པས་དེ་ཉིད་དགྱེས་པ་ཆེན་པོས་སློབ་མ་ལྷར་གསལ་བ་ལ་སིབ་ཀྱིས་ཐིམ་པའི་རྐྱེན་གྱིས། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐོབ་སྟེ་རང་བྱུང་ཡེ་ཤེས་ཀྱི་རྟོགས་པ་ཁྱད་པར་ཅན་མངོན་སུམ་དུ་ཐོབ་པར་མོས་ལ་རྩ་སྔགས་མཐར། ས་མ་ཡ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་རོལ་བྱ། དེ་ནས་སློབ་མ་ལུས་གནད་དྲང་པོར་བསྲང་། དབུགས་ཕྱིར་ཕྱུང་ནས་གཟུང་། སེམས་གནད་ལྷ་སྐུ་དྭངས་གསལ་སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པའི་ངང་དུ་དར་གཅིག་བཞག །རླུང་ནང་དུ་རྔུབས་པས་ལྟེ་བའི་ཆོས་འབྱུང་གཡོན་དུ་འཁོར་བར་མོས་ལ་སེམས་བཞག །རླུང་ཕྱིར་དབྱུང་བའི་ཚེ་ལྟེ་བའི་ཧྲཱིཿལས་འོད་ཟེར་འཕྲོས། སྨིན་མཚམས་ནས་ཐོན། དེའི་འོད་ཀྱིས་རང་ལུས་མཐའ་ནས་དབུས་སུ་རིམ་གྱིས་ཡལ། མཐར་ནམ་མཁའ་དང་ཕྲུག་གིས་འདྲེས་པའི་སྟོང་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་མདངས་བསྐྱངས་ཏེ་མཉམ་པར་བཞག་ལ། ཧོ༔ རྩ་བ་བྲལ་བའི་སེམས་ཉིད་ནི༔ གདོད་ནས་མ་སྐྱེས་དངོས་པོ་མེད༔ སྒོམ་མེད་བསྒོམ་པར་བྱ་བའང་མེད༔ ཐམས་ཅད་གདོད་ནས་དག་པ་སྟེ༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ དེ་ཕྱིར་དངོས་པོ་དངོས་མེད་གང༔ སངས་རྒྱས་ཀུན་གྱི་དེ་ཉིད་དོ༔ ཞེས་ངོ་སྤྲད། སླར་ཡང་ལྷ་སྐུར་བསྐྱེད་ལ་ཤིས་པ་བརྗོད། དེས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་ཁམས་གསུམ་དུ་འཛིན་པའི་བག་ཆགས་དག་ནས་ཕོ་ཉ་གསུམ་འདུས་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །རྗེས་དམ་ཚིག་བསྒྲག་གཟུང་དང་མཎྜལ་སོགས་སྤྱི་དང་འདྲའོ། ༈ །གསུམ་པ་མཇུག་ཆོག་ལ་ལྷག་མ་གཏང་བ་ནས་བྲོ་བརྡུང་ཡན་ཡབ་བཀའི་དཀྱུས་བཞིན་དང་། དངོས་གྲུབ་བླང་བ་ནི། དངོས་གྲུབ་ཀྱི་རྫས་དང་མཆོད་གཏོར་གསར་པ་བཤམ། བགེགས་བསལ། བྱིན་དབབ། ཛཔ྄་བསྐུལ་མཆོད་འབུལ་འཁོན་གཅུགས་སྦྱོང་བ་རྣམས་བྱས་ནས། ཨོཾ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ འགྲོ་འདུལ་སྤྲུལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །འཁོར་བཅས་བདག་ལ་སོགས་ཀྱིས་དངོས་གྲུབ་བླང་། གཏང་རག་གི་མཆོད་བསྟོད་སོགས་ཀྱང་ཡབ་བཀའ་བཞིན་ལས། ཉེར་བསྡུའི་ཚེ། མཐར་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་ཞེས་པ་ནས། མཉམ་པར་བཞག༔ སླར་ཡང་གཙོ་སྔགས་འབྲུ་དགུས་ཐུན་མཚམས་ཀྱི་ལྷར་ལངས་རྗེས། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོར་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀ །སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་སྟེ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ།། ༈ །།བཞི་པ་ཞར་བྱུང་མེ་མཆོད་ལ། མཆོག་དང་ལས་སོ་སོའི་སྦྱིན་སྲེག་གཉིས། དང་པོ་ནི། འཇིག་རྟེན་དབང་ཕྱུག་རྩ་བའི་སྦྱིན་སྲེག་ལས་གསུངས་པ་བཞིན་མཆོག་གི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་ནང་དུ། རྒྱ་ཤུག་དང་ཙནྡན། བ་ལྕི་སོགས་ཀྱི་བུད་ཤིང་ཟླུམ་པོར་བརྩིགས། སློབ་དཔོན་གྱི་གཡས་སུ་བལ་བུ་སོགས་ཀྱི་ཡམ་ཤིང་མཐོ་གང་པ་རྩེ་མོ་དྲི་བཟང་དང་མར་ཁུས་ཉུགས་པ་དང་། མངར་གསུམ་དང་སྦྱར་བའི་མར་ཁུ་སྟེ་མེ་སྲོག་འཛིན་པའི་རྫས་གཉིས། དཀར་གསུམ། མངར་གསུམ། ཤ་མར། དྲི་བཟང་། རིན་པོ་ཆེ། འབྲུ། སྨན། ཟས་གོས་དར་སྣ་སོགས་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རྫས་ཚོགས་ཚད་བཤམ། གཡོན་དུ་མཆོད་གཏོར་ཉེར་སྤྱོད། མདུན་དུ་རྡོར་དྲིལ་དགང་བླུག་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཞི་རྒྱས་ཀྱི་ཆས་གོས་སྤྱོད་ལམ་ཇི་ལྟར་འོས་པས། བདག་བསྐྱེད་མཆོད་རྫས་བརླབ་པ་སྔོན་འགྲོས་སྲེག་རྫས་རྣམས་ཆང་དང་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་གིས་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཐབ་བསང་སྦྱང་བསྐྱེད་ཆོག་ཡབ་བཀའ་བཞིན་བྱ། ཨོཾ་ཨགྣེ་ཛྭ་ལ་རཾ་གྱིས་མེ་སྦར། ཐབ་ཀྱི་མེའི་ནང་དུ་ཆོས་འབྱུང་གྲུ་གསུམ་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་རོ་དང་ཉི་མའི་སྟེང་དུ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཞེས་པ་ནས། སྤྱན་འདྲེན་གྱི་བར་གོང་བཞིན་དང་། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ། མཆོད་པ་ནས་བསྟོད་སྐུལ་གྱི་བར་སྔར་སྨྲོས་དཀྱུས་ལྟར་བྱས་རྗེས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་ལ་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་བདུན་གྱིས་བཀང་བའི་དགང་གཟར། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛོད་ཅིག་སྭཱ་ཧཱ། ཞེས་འབུལ་བ་ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་དྭངས་པར་གསོལ་བར་བསམ་ལ་རྩ་སྔགས་མཐར་ཧ་རི་ནི་ས་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི༔ཞེས་བཏགས་པས་ཡམ་ཤིང་ནས་གཟུང་བསྲེག་རྫས་རྣམས་བརྒྱ་རྩ་ལ་སོགས་ཅི་ལྟར་རིགས་པ་འབུལ་ཞིང་སྲེག་རྫས་རྫོགས་པའི་མཐར། སྲིད་གསུམ་ཟིལ་གནོན་རྡོ་རྗེའི་རིགས༔ སོགས་གཏེར་གཞུང་མེ་མཆོད་ལྟར་དང་། བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །མཆོག་གི་དངོས་གྲུབ་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་མཛོད། །ཅེས་འདོད་དོན་གསོལ་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཚོན་ལྟ་བུར་འཕྲོས་པ་ལས་ཚད་མེད་པའི་སངས་རྒྱས་བདུད་རྩིའི་བུམ་པ་འཛིན་པ་རྣམས་ཀྱིས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བསམ། ཚོགས་མཆོད་བྱེད་ན་སྐབས་འདིར་བྱ། གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱ། རླུང་ནང་དུ་འཇུག་པས་ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་ནས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། ཨོཾ་ཨཱཏྨ་ཀོ་ཏིཥྛ་བཛྲ་ཧཱུྃ། ཞེས་བསྡུས་ལ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གཉིས་པ་ལས་སོ་སོའི་སྦྱིན་སྲེག་ནི། ཞི་རྒྱས་དབང་དྲག་བཞི་པོ་སོ་སོར་ཆོ་གའི་ཆིངས་གོང་མ་ཉིད་ལས་གནས་དུས་རྫས་ཆས་གོས་སྤྱོད་ལམ་སྤེལ་ཚིག་སོགས་ཐམས་ཅད་ཡབ་བཀའི་ལས་བཞིའི་སྦྱིན་སྲེག་བཞིན་དང་། ཁྱད་པར་རྫས་འབུལ་བའི་སྔགས་ནི། རྒྱས་པ་ལ། རྩ་སྔགས་མཐར་བཱ་སུ་པུཎྱེ་ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། དབང་ལ། ཆེ་གེ་མོ་སོགས་ལྷ་འདྲེ་མི་གསུམ་ཐམས་ཅད་པཱ་ཤཾཾ་ཀུ་རུ་ཧོཿཛཿཧཱུྃ་བཾ་ཧོ༔ ཞེས་འདོགས་ཤིང་། ཞི་དྲག་གཉིས་ལ་སྔར་མཆོག་གི་སྲེག་ཆོག་བཞིན་ལ་སྤེལ་ཚིག་བསྒྱུར་བས་ཆོག །སྲིད་གསུམ་ཟིལ་གནོན་སོགས་ཀྱི་རྗེས་སུ་བྱེ་བྲག་གི་འདོད་གསོལ་དམིགས་གནད་བཅས་ཡབ་བཀའ་ལྟར་སྐབས་འདིར་སྦྱར། གཞན་གོང་བཞིན་ནོ། །ལས་སོ་སོའི་མེ་གཞིལ་བ་ཡང་ཡབ་བཀའ་བཞིན་དང་། ཞི་བ་དང་དབང་གཉིས་མཆོག་གི་སྦྱིན་སྲེག་དང་བཅས་པའི་སྲེག་ཐལ་ཆ་གསུམ་དུ་བྱས་ནས་ལུས་ལ་བྱུག་པ་དང་རླུང་ལ་འཕྱར་བ་དང་མི་ཕྱུགས་མང་པོས་འཐུང་བའི་ཆུ་ལ་བསྐྱལ། རྒྱས་པའི་སྦྱིན་སྲེག་ཐལ་བ་བང་མཛོད་དུ་སྦ། དྲག་པོ་ལམ་གྱི་བཞི་མདོར་མནན་པ་རྣམས་བྱ། དེ་དག་གིས་ནི་ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་པར་བྱེད་དོ། །ཟབ་དོན་སྙིང་པོ་གསང་བའི་ཡང་བཅུད་གང་། །སྔོན་དགེའི་ལེགས་བྱས་བསོད་ནམས་མཐུར་སྨིན་པས། །རྗེ་བཙུན་བླ་མའི་བཀའ་དྲིན་མཆོག་གི་ཟུངས། །ཡང་ཟབ་གདམས་པའི་གཏད་རྒྱ་བཅུད་དུ་ཐོབ། །པ༵དྨ༵འི་དགོངས་ཉམས་མཐར་ཐུག་གསང་བའི་དོན། །འ༵གྱུར་མེ༵ད་ཡི་གེས་གསལ་བར་བྱས་འདི་ལ། །ནོངས་པ་གང་མཆིས་མཁའ་འགྲོ་རྒྱ༵་མཚོ༵་ཡིས། །བཟོད་པ་མཛད་ནས་དབུགས་དབྱུང་དགེ་མཚན་སྩོལ། །འདི་བསྒྲུབས་དགེ་བའི་དངོས་པོ་ཅི་ཡོད་ཚོགས། །དུས་གསུམ་བསགས་ཡོད་དགེ་དང་ལྷན་ཅིག་འབྲས། །འགྱུར་མེད་མི་ཤིགས་གསང་གསུམ་རྡོ་རྗེའི་དབྱིངས། །དབྱེར་མེད་གདོད་མའི་གོ་འཕང་མངོན་གྱུར་ཤོག །དཔལ་གར་གྱི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ལྷན་ཐབས་མཁའ་སྤྱོད་ལམ་བཟང་ཞེས་བྱ་བ་འདི་ཡང་ཡབ་རྗེ་དྲིན་ཅན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧འགྲོ་འདུལ་གཏེར་བདག་གླིང་པའི་བཀའ་དྲིན་གྱིས་འཚོ་བའི་གཉོས་བན་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོའི་སྡེས་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།

RTZ-Tsagli-Dzongsar-CI-11-smin gling mkha' 'gro gsang ye-01.JPG
RTZ-Tsagli-Dzongsar-CI-11-smin gling mkha' 'gro gsang ye-02.JPG
RTZ-Mandala-213-smin lugs gsang ba ye shes.jpeg
RTZ-Mandala-Dzongsar-04-384-smin gling mkha' 'gro gsang ye.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).