Difference between revisions of "Terdzo-CI-014"

m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ")
m (Text replacement - "2007-2016" to "2007-2018")
Line 5: Line 5:
 
|fulltitletib=དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་གསང་བ་ཆེན་པོའི་ཐུགས་ཏིག་
 
|fulltitletib=དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་གསང་བ་ཆེན་པོའི་ཐུགས་ཏིག་
 
|fulltitle=dpal rdo rje phag mo dkar mo'i sgrub thabs ye shes 'khor lo zhes bya ba gsang ba chen po'i thugs tig
 
|fulltitle=dpal rdo rje phag mo dkar mo'i sgrub thabs ye shes 'khor lo zhes bya ba gsang ba chen po'i thugs tig
|citation=[['jam dbyangs mkhyen brtse'i dbang po]]. dpal rdo rje phag mo dkar mo'i sgrub thabs ye shes 'khor lo zhes bya ba gsang ba chen po'i thugs tig. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 509-594. New Delhi: Shechen Publications, 2007-2016.
+
|citation=[['jam dbyangs mkhyen brtse'i dbang po]]. dpal rdo rje phag mo dkar mo'i sgrub thabs ye shes 'khor lo zhes bya ba gsang ba chen po'i thugs tig. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 509-594. New Delhi: Shechen Publications, 2007-2018.
 
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
 
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
 
|collectiontitletib=རིན་ཆེན་གཏེར་མཛོད་
 
|collectiontitletib=རིན་ཆེན་གཏེར་མཛོད་

Revision as of 02:53, 7 November 2018



Property "Author" has a restricted application area and cannot be used as annotation property by a user. 








དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་གསང་བ་ཆེན་པོའི་ཐུགས་ཏིག་

dpal rdo rje phag mo dkar mo'i sgrub thabs ye shes 'khor lo zhes bya ba gsang ba chen po'i thugs tig

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  གར་དབང་ལས་འཕྲོ་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Garwang Ledro LingpaJamyang Khyentse Wangpo)
in cycle  ཕག་དཀར་ཡེ་ཤེས་འཁོར་ལོ་གསང་ཆེན་ཐུགས་ཏིག་ (Phag dkar ye shes 'khor lo gsang chen thugs tig)
Volume 35 (ཅི) / Pages 509-594 / Folios 1a1 to 43b2

[edit]

ྈ དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ་གསང་བ་ཆེན་པོའི་ཐུགས་ཏིག་བཞུགས་སོ༔ ྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཤྲཱི་བཛྲ་བྷ་ར་ཧི་ཛྙཱ་ན་ཙཀྲ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ དཔལ་རྡོ་རྗེ་ཕག་མོའི་སྒྲུུབ་ཐབས་ཡེ་ཤེས་འཁོར་ལོ་ཞེས་བྱ་བ༔ ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་དཔལ་ལྡན་བདེ་བའི་མཆོག༔ སྤྲུལ་པའི་གར་མཛད་བྷ་ར་ཧི༔ ལས་ཀྱི་དབང་ཆེན་མཁའ་འགྲོའི་གཙོ༔ དེ་དག་རྣམས་ལས་རིམ་འོངས་པའི༔ སྙན་བརྒྱུད་མན་ངག་སྙིང་པོའི་དོན༔ ཕག་མོ་དཀར་མོའི་སྒྲུབ་པའི་ཐབས༔ པདྨ་བཛྲ་བདག་གིས་བཤད༔ ས་མ་ཡ༔ དཔལ་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་པའི་ཐབས་གསང་བ་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ་འདི་ལ་དོན་བདུན་ལས༔ དང་པོ་སྐུ་བསྐྱེད་རིམ་ཕྱག་རྒྱའི་སྒྲུབ་ཐབས་ནི༔ དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དག་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་དབེན་ཞིང་ཟིལ་ཆེ་བའི་གནས་སུ༔ སྒྲུབ་པའི་ཁང་པ་བྱི་དོར་བྱ་ཞིང་བདུད་རྩི་ལྔའི་ཆུས་ཆག་ཆག་གདབ༔ མཎྜལ་གྱི་གཞིར་མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པ་འདུ་བྱས་པའི་ཁར་མཉྫིའི་སྟེང་དུ་ཐོད་པ་མཚན་ལྡན་ནང་སྒྲུབ་པའི་དཔལ་གཏོར་བརྗིད་དང་ལྡན་པ་བྲིས་སྐུ་དང་སྔགས་བྱང་བརྒྱན་ཅིང་དར་གདུགས་ཀྱིས་སྤྲས་པ་དང༔ དེའི་མདུན་དུ་སྨན་གཏོར་རཀྟ་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཤམ༔ རང་ཉིད་སྐྲ་གྲོལ་ཞིང་ཁ་ནུབ་ཏུ་ཕྱོགས་པས་ལྷག་པའི་ལྷ་དང་བླ་མ་དབྱེར་མེད་པར་ཤེས་པ་ལ་མོས་འདུན་དྲག་པོ་རྩེ་གཅིག་པས་རྒྱུད་སྦྱང་བ་ནི༔ ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དུས་འདི་ནས་གཟུང་བྱང་ཆུབ་བར༔ ཕྱོགས་བཅུར་བཞུགས་པའི་བླ་མ་དང༔ ཡི་དམ་ལྷ་དང་མཁའ་འགྲོ་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཚེ་རབས་ཐོག་མེད་སྡིག་ལྟུང་དང༔ དམ་ཚིག་ཉམས་ཆག་སྙིང་ནས་བཤགས༔ དགེ་བ་ཀུན་ལ་ཡི་རངས་ཤིང༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ མྱ་ངན་མི་འདར་བཞུགས་གསོལ་འདེབས༔ གཞན་དོན་རྫོགས་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ལས༔ མི་འདའ་རྡོ་རྗེའི་སྡོམ་པ་གཟུང༔ བསོད་ནམས་འདི་དང་གཞན་རྣམས་ཀུན༔ མ་ལུས་བློ་ཡིས་ཡོངས་བསྡོམས་ནས༔ ཆོས་ཀྱི་དབྱིངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ༔ རྡོར་སེམས་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན༔ དེ་ནས་བགེགས་བསྐྲད་ཅིང་མཚམས་བསྲུང་བ་ནི༔ རང་སྐད་ཅིག་གིས་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཧཱུྃ་གི་སྒྲས་ཁྲོ་བོའི་སྤྲིན་རབ་འབྱམས་སུ་སྤྲོས་ཏེ་རྣལ་འབྱོར་ཟབ་མོ་བསྒོམ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་ལ་ཧཱུྃ་བཞི་པའི་སྔགས་བརྗོད༔ ཁྲོ་ཚོགས་རྣམས་སླར་འདུས་ཏེ་རང་ལ་ཐིམ་པ་འོད་དུ་ཞུ་བ་ལས་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པས་གཏམས་པའི་དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ༔ སྟེང་འོག་དང་ཕྱོགས་མཚམས་ཀྱི་རྩིབས་ལ་སྤྲུལ་པའི་ཁྲོ་བོ་བཅུ་རྔམ་བརྗིད་འབར་བ་དེའི་ཕྱི་རོལ་ཏུ་རྡོ་རྗེའི་ར་བ༔ མེའི་གུར༔ མདའི་དྲྭ་བ་རྣམས་ཀྱིས་བསྐོར་བ་བསྐལ་པའི་རླུང་གིས་ཀྱང་གཞོམ་ཞིང་གཞིག་པར་མི་ནུས་པའི་སྲུང་བའི་འཁོར་ལོ་གསལ་ཞིང་བརྟན་པར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཙཀྲ་བཛྲ་སཱ་ར་ཨ་ན་ལ་ཛྭ་ལ་སཾ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྟན་པར་བྱའོ༔ དེ་ནས་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་བགེགས་བསང་ཞིང་སྟོང་པར་སྦྱང༔ སྟོང་པའི་ངང་ལས་གནས་ཡུལ་དུར་ཁྲོད་ཞིང་གི་བཀོད་པ་འབྱམས་ཀླས་པའི་དབུས་སུ༔ ཕྱི་ནང་གསང་བའི་མཆོད་རྫས་སྟོང་པའི་རང་བཞིན༔ བདེ་བའི་རྣམ་པ༔ ཡེ་ཤེས་ཀྱི་རོལ་མོ་མཁའ་ཁྱབ་ཏུ་འཆར་བར་བསམ་ལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱ་ཧཱུྃ༔ ཨོཾ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་སྥ་ར་ཎ་ཁཾ༔ ཞེས་པས་བྱིན་གྱིས་བརླབས་ཤིང་རྒྱས་པར་སྤེལ༔ དངོས་གཞི་ནི༔ ཧཱུྃ་ཞེས་བརྗོད་པས་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་འོད་དུ་ཞུ་བ་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་རང་སེམས་གཉུག་མ་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དཀར་གསལ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་དཀར་ཞིང་དྭངས་པའི་མདངས་དང་ལྡན་པ༔ ཞི་ཞིང་འཛུམ་ལ་ཅུང་ཟད་ཁྲོ་བའི་ཉམས་དང་བཅས་རྗེས་སུ་ཆགས་པའི་གཟི་བྱིན་ཆེས་ཆེར་འབར་བ༔ རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པས་ས་གསུམ་གཡོ་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བའི་མྱུ་གུ་བཞི་གཙིགས་པ༔ ཕྱག་གཡས་པས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁར་འཕྱར་བས་གཟུང་འཛིན་གྱི་རྣམ་རྟོག་གཅོད་ཅིང༔ གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པས་བདེ་ཆེན་ཡེ་ཤེས་ཀྱི་རྒྱུན་འབེབ་པ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་རྡོ་རྗེའི་ཁ་ཊྭཱཾ་གའི་རྣམ་པར་འཆང་བས་བདེ་སྟོང་གཉིས་སུ་མེད་པ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་འཁོར་ལོས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བས་སྐུ་རྐེད་ཡན་ཆད་ཁེབས་པ༔ ནུ་འབུར་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱང་གིས་བརྒྱན་པ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྙིང་གའི་དབུས་སུ་རང་འདྲ་བའི་ཡེ་ཤེས་སེམས་པ་མཚོན་གང་བ༔ དེའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ཧྲཱིཿདཀར་པོས་མཚན་པ་ལ་སེམས་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་རྐྱེན་གྱིས་དེ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་བྱས༔ དེའི་རྐྱེན་གྱིས་སྐད་ཅིག་གིས་སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་བཞི༔ ཕྱི་སྐོར་བརྒྱད་ལ་སྒོ་མཚམས་མ་བརྒྱད༔ སྤྱི་བོ་ལ་སོགས་པའི་རྩ་མདུད་རྣམས་སུ་ཡུལ་ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ་རྣམས་དང༔ གཞན་ཡང་རྩ་ཁམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་གང་བ་གདོད་ནས་ལྷུན་གྲུབ་ཏུ་བཞུགས་པར་གསལ་གདབ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ལྟེ་བར་ཧོཿསེར་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་གཟུང༔ མིག་གྱེན་དུ་བལྟ་ཞིང་འབར་བའི་རྒྱ་དང་བཅས་ཕེཾ་ཞེས་དྲག་ཏུ་བརྗོད་པས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བསམ་ལ༔ ཨོཾ༔ སྟོང་པ་ཤིན་ཏུ་ཡོད་མེད་ལས༔ ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་བཞེངས༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བཾ་ཧོཿས་བསྟིམ༔ སླར་ཡང་ཕཻཾ་ཞེས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྤྲིན་ཆེན་པོས་མངོན་པར་དབང་བསྐུར་བས་ཐ་མལ་སྣང་ཞེན་གྱི་དྲི་མ་དག༔ བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས༔ ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ་ལ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་སུ་ར་སཏྭཾ་ཨ་ཧཾ༔ ཞེས་བརྗོད༔ ཐུགས་ཀ་ནས་སྤྲུལ་པའི་ཕྱི་ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ཅིང་བསྟོད་པས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་སྤེལ་བར་བསམ་ལ༔ ཨོཾ་ཤྲཱི་བཛྲ་རཱ་གཱ་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཉྩ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ སརྦ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ རཀྟ་པི་པ་ཧོ༔ ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ དེ་ནས་ཐོག་མར་ཕྱི་དབྱིབས་ཀྱི་ལྷ་སྐུ་དང༔ རིམ་པར་ནང་རྩ་ཁམས་ལྷར་གསལ་བ་ལ་སེམས་རྩེ་གཅིག་ཏུ་གཟུང༔ གསལ་སྣང་སྐྱེས་པ་ན་རང་བཞིན་གཉུག་མའི་ཡེ་ཤེས་དང་བསྲེས་ནས་ང་རྒྱལ་བརྟན༔ ཕྱི་ནང་གི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་པར་བྱང་ཆུབ་པའི་ཆོས་སོ་བདུན་གྱི་ངོ་བོར་རྣམ་པར་དག་ཅིང༔ མངོན་པར་བྱང་ཆུབ་པའི་ཆོས་ཐམས་ཅད་ཀྱང་ལྷ་སོ་བདུན་གྱི་རྣམ་པར་ཤར་བ་དང༔ ཡེ་ཤེས་ཀྱི་རང་རྩལ་མཁའ་ཁྱབ་ཏུ་འཕྲོ་བའི་བདག་ཉིད་ཅན་དུ་ཤེས་པར་བྱས་ལ་དག་པ་རབ་འབྱམས་ཀྱི་རྩལ་སྦྱང་ངོ༔ དེ་ནི་སྐུ་བསྐྱེད་རིམ་བསྙེན་པའི་རྣལ་འབྱོར་ཞེས་བྱའོ༔ ས་མ་ཡ༔ ༈ གཉིས་པ་གསུང་བཟླས་པ་སྔགས་ཀྱི་སྒྲུབ་ཐབས་ནི༔ ཡེ་ཤེས་སེམས་མའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿདཀར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་གཡོན་སྐོར་དུ་འཁོད་པར་མོས་ལ༔ ཡིད་མིག་རླུང་གསུམ་ནང་དུ་གཏད་དེ་སེམས་རྩེ་གཅིག་ཏུ་འཛིན་བཞིན་པས༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཞི་བཟླ་བ་ནི་བསྙེན་པའོ༔ ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང༔ ཞལ་ནས་ཐོན༔ ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་གའི་རྩེ་མོ་ནས་ཞུགས༔ བདེ་བ་ཆེན་པོའི་གཟི་བྱིན་འབར༔ རྩ་བ་ནས་བརྒྱུད་གསང་བའི་པདྨོ་ནས་གྱེན་དུ་བྱུང༔ དེ་ལྟར་བར་མ་ཆད་པར་འཁོར་བས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བརྟན་པར་བསམ་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་ཧཱུྃ་ཕཊ་སྭཱ་ཧཱ༔ འབུམ་ཕྲག་གཉིས་བཟླ་བ་ནི་སྒྲུབ་པའོ༔ སླར་ཡང་སྔགས་ཕྲེང་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འབར་བས་འཁོར་འདས་ཀྱི་ཁམས་ཐམས་ཅད་ཁྱབ་ཅིང་གཡོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ༔ ཁམས་གསུམ་གྱི་འགྲོ་ཀུན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས༔ དྭངས་མ་རྡུལ་བྲལ་འོད་གསལ་གྱི་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་སད༔ ཕོ་ཉ་གསུམ་གྱི་བྱིན་རླབས་དང་ནུས་སྟོབས་ཐམས་ཅད་རང་ལ་ཐིམ་པས་མཁའ་སྤྱོད་ཆེན་པོའི་ཡེ་ཤེས་ལ་དབང་བསྒྱུར༔ འདུལ་ཐབས་བཞིའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་ལ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་འབུམ་ཕྲག་གཅིག་བཟླ་བ་ནི་ལས་སྦྱོར་ཏེ་ཡེ་ཤེས་ལ་དབང་བར་འགྱུར་རོ༔ དེ་ནི་གསུང་བཟླས་པ་ཉེ་བར་བསྙེན་པའི་རྣལ་འབྱོར་རོ༔ ས་མ་ཡཿ ༈ གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་ལ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ དབང་ཐོབ་ཅིང་དམ་ཚིག་དག་པའི་རྣལ་འབྱོར་པས་གནས་དབེན་པར་འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ༔ ཉེ་བར་ཞི་བའི་ཡིད་ཀྱིས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་ལ་བློ་བཀོལ་དུ་བཏུབ་པ་ན༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ལ་རྒྱུད་སྦྱོང་བའི་རིམ་པ་ནན་ཏན་དུ་བྱ༔ མཐར་སྐྱབས་ཡུལ་རང་ལ་བསྟིམ༔ རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་མཉམ་པར་སྦྱོར་བའི་ཡབ་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས༔ ཧཱུྃ་ལ་ཐིམ་པས་བྱིན་རླབས་དང་གཟི་བརྗིད་འོད་དུ་འབར་བར་བསམ༔ ཨོཾ༔ བླ་མ་ཁྱབ་བདག་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་བདག་ལ་དགོངས༔ བདག་གི་ཚེ་རབས་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས༔ སླན་ཆད་སྡོམ་པར་དམ་བཅའ་ན༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་བདུད་རྩིའི་རྒྱུན་བྱུང༔ རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང༔ ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར་བཤགས་སྡོམ་དང་བཅས་རང་ལ་བསྟིམ༔ ཁྱད་པར་བྱིན་རླབས་གནད་འབེབ་ཀྱི་རྣལ་འབྱོར་ནི༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ མཐིང་གསལ་རྡོར་དྲིལ་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོང་ལྔའི་ཀློང་ན་བཞུགས༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་གདོད་ནས་རྫོགས་སངས་རྒྱས༔ ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཅེས་གསལ་བཏབ་ལ་ཚོགས་གསག་པའི་སླད་དུ་མཎྜལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ལྟར་སྣོད་བཅུད་བཀོད་པ་རྫོགས༔ ནང་དུ་ལུས་དང་ལོངས་སྤྱོད་རྒྱན༔ གསང་བ་བྱང་སེམས་མཎྜ་ལ༔ འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ༔ རཏྣ་མཎྜ་ལ་པཱུ་ཛ་ཧོ༔ མོས་གུས་དྲག་པོས་གསོལ་བ་གདབ་པ་ནི༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ སྐྱབས་གནས་ཀུན་འདུས་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཅེས་བརྒྱ་སྟོང་སོགས་དང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བཟླས་མཐར་དབང་བླང་བ་ནི༔ བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས༔ རང་གི་གནས་བཞིའི་འཁོར་ལོ་གང༔ སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས༔ སྐུ་བཞི་ཐོབ་པའི་རྟེན་འབྲེལ་བསྒྲིགས༔ མཐར་ནི་རང་ཐིམ་གཉིས་མེད་གྱུར༔ ཅེས་དམིགས་པ་གསལ་བཏབ་ལ༔ ཐུགས་ཡིད་བསྲེས་ཏེ་རིག་པ་མ་བཅོས་སྤྲོ་བསྡུ་བྲལ་བའི་ངང་བསྐྱངས་ཏེ་མཉམ་པར་གཞག༔ འདི་རྣམས་རྟགས་ཐོན་པར་ཉམས་སུ་བླང་ངོ༔ <!TCC Tibetan character 4,37 undefined in unicode!> གཉིས་པ་དངོས་གཞི་ལ་བཞི༔ བཀོད་པ་རྩའི་རྣལ་འབྱོར༔ གཡོ་བ་རླུང་གི་རྣལ་འབྱོར༔ དྭངས་མ་ཐིག་ལེའི་རྣལ་འབྱོར༔ དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རྣལ་འབྱོར་རོ༔ དེ་ལ་བསྐྱེད་བཟླས་ཀྱི་གསལ་སྣང་ཐོན་པས༔ དང་པོ་བཀོད་པ་རྩའི་རྣལ་འབྱོར་ནི༔ བདེ་བའི་སྟན་ལ་ལུས་གནད་ཤིན་ཏུ་དྲང་པོར་བསྲང༔ མིག་བར་སྣང་ལ་ཧ་རེ་གཏད༔ རླུང་རོ་བསལ༔ སེམས་རྟོག་མེད་ཀྱི་ངང་བསྐྱང༔ དེའི་ངང་ལས་རང་ལུས་ཕག་མོའི་སྐུ་སྟོང་ར་འོད་ཀྱི་རང་བཞིན་ཅན་དུ་གསལ༔ རྩ་གསུམ་འཁོར་ལོ་བཞི་བཅས་དྭངས་ཞིང་རྙོགས་པ་མེད་པར་བསྒོམ༔ སྙིང་གའི་རྩ་འདབ་ཀྱི་དབུས་སུ་ཧྲཱི༔ ནང་སྐོར་གྱི་འདབ་བཞིར་མདུན་ནས་གཡོན་སྐོར་གྱིས་མཱཾ་ཏཱཾ་པཱཾ་ལཱཾ༔ ཕྱི་སྐོར་བརྒྱད་ལ་ཧཱུྃ༔ མགྲིན་པར་ཨཱཾ་དང་ཨཱ་ལི་བཅུ་དྲུག་གཡོན་སྐོར༔ སྤྱི་བོར་ཧཾ་དང་ཀཱ་ལི་སོ་གཉིས་གཡས་སྐོར༔ ལྟེ་བར་ཀྵཿདང་ཀཱ་ལི་སོ་གཉིས་ཚར་གཉིས་གཡས་སྐོར༔ སྤྱི་བོར་པུ༔ སྤྱི་གཙུག་ཏུ་ཛཱ༔ རྣ་བ་གཡས་པར་ཨོ༔ ལྟག་པར་ཨ༔ རྣ་བ་གཡོན་པར་གོ༔ སྨིན་མའི་དབུས་སུ་རཱ༔ མིག་གཉིས་སུ་དེ༔ ཕྲག་པ་གཉིས་སུ་མ༔ མཆན་ཁུང་གཉིས་སུ་ཀཱ༔ ནུ་མ་གཉིས་སུ་ཨོ༔ ལྟེ་བར་ཏྲི༔ སྣ་རྩེར་ཀོ༔ ཡ་རྐན་ལ་ཀ༔ མགྲིན་པར་ལ༔ སྙིང་ལ་ཀ༔ འདོམས་པར་ཧི༔ མཚན་མ་ལ་པྲེ༔ བཤང་ལམ་དུ་གྲྀ༔ བརླ་ལ་སཽ༔ བྱིན་པ་ལ་སུ༔ རྐང་སོར་བརྒྱད་ལ་ན༔ བོལ་གོང་ལ་སི༔ རྐང་པའི་མཐེ་བོ་གཉིས་ལ་མ༔ པུས་མོ་གཉིས་ལ་ཀུ༔ དེ་ཐམས་ཅད་ཀྱང་རྩ་མདུད་ཁམས་དང་བཅས་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་བདེ་སྟོང་དབྱེར་མེད་མཚོན་པའི་ཕྱིར་དཀར་ལ་དམར་བའི་མདངས་འོད་འཚེར་བ་གསལ་གདབ༔ རླུང་འཇམ་པོར་བཟུང་ནས་ཡིད་མིག་རླུང་གསུམ་སྙིང་གའི་ཧྲཱིཿལ་རྩེ་གཅིག་ཏུ་གཏད་པས་བདེ་བ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས༔ དེ་ལས་འོད་ཟེར་འཕྲོས་སྣ་བུག་གི་རླུང་དང་འགྲོགས་ཏེ་མཁའ་ཁྱབ་ཏུ་སྣང་བས་དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་དང༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ལ་ཕོག་པས་ཐུགས་ཟག་མེད་ཀྱི་བདེ་བས་མཉེས༔ སྐུ་ཡེ་ཤེས་ཀྱི་གཟི་བྱིན་འབར་བའི་དྭངས་བཅུད་འོད་ཟེར་འཇའ་ཚོན་གྱི་རྣམ་པར་སྤྱན་དྲངས་ནས་སྙིང་གའི་ཧྲཱིཿལ་སིབ་སིབ་ཐིམ་ཞིང་གཟི་མདངས་ཆེར་འབར་བའི་འོད་ཀྱིས་རྩ་གནས་ཡི་གེའི་གཟུགས་སུ་གནས་པ་ཐམས་ཅད་ལ་ཁྱབ་པས་རྩ་ཁམས་ཀྱི་སྙིགས་མ་སྦྱངས༔ དྭངས་མ་གསལ་ཞིང་རྙོགས་པ་མེད་པ་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར་པར་བསམ་ལ་རླུང་འཇམ་པོར་གཟུང༔ མཐར་དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་བུན་གྱིས་ལངས་པས་ལུས་ཕྱི་ནང་གི་ཆ་ཤས་གང་ལ་རེག་པ་ཐམས་ཅད་འཇའ་ཚོན་གྱི་རྣམ་པ་ཅན་དུ་གྱུར༔ དེ་རྣམས་རིམ་གྱིས་འདུས་ཏེ་སྙིང་གའི་ཧྲཱིཿལ་ཐིམ༔ དེའང་ཡལ་གྱིས་ཡལ་བར་བསམ་ལ་དམིགས་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་དུ་ཕྱམ་མེར་བཞག༔ སླར་ཡང་དྭངས་མའི་ཆུ་ལས་ཉ་འཕར་བ་ལྟར་སྔར་བཞིན་གསལ་བཏབ་ནས་འོད་ཟེར་སྤྲོ་བསྡུས་སོགས་བྱ༔ ཐུན་མཚམས་རྣམས་སུ་རྩ་མདུད་གྲོལ་བའི་འཕྲུལ་འཁོར་ཡང་ཅི་རིགས་པར་བྱའོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་ལུས་ཀྱི་ནད་རྙིང་པ་འབྱང༔ གསར་པ་མི་སྐྱེ༔ ཚེ་རིང༔ རྒས་སྲ༔ ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱབ༔ མཐར་ཐུག་རགས་ལུས་དྭངས་མར་གནས་གྱུར་ཏེ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> གཉིས་པ་རླུང་གི་རྣལ་འབྱོར་ནི༔ ལུས་གནད་བསྲང༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་གསལ༔ རླུང་རོ་ཕྱིར་དྲག་ཏུ་བུས་པ་དང་མཉམ་ལུས་ཀྱི་རླུང་གི་སྙིགས་མ་ཐམས་ཅད་དུ་བའི་རྣམ་པས་འཚུབས་ཤིང་འཁྱིལ་བ་ཕྱིར་ཐོན་པར་བསམ་ལ་ཅུང་ཟད་ཕྱིར་འཛིན༔ དེ་ནས་སྟེང་རླུང་དལ་བུས་རྔུབས༔ འོག་རླུང་གྱེན་དུ་དྲངས༔ ལྟེ་བར་ཁ་སྦྱར༔ དགང་ཞིང་གཞིལ༔ མི་ཐུབ་ན་ཕྱིར་སངས་ཀྱིས་བུས་པ་དང་མཉམ་དུ་སྙིང་གའི་ཧྲཱིཿལས་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཕྱིར་ཐོན་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ དེ་བཞིན་གཤེགས་པ་ཐམས་ཅད་དང༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་རླུང་དང་རོ་གཅིག་ཏུ་འདྲེས༔ ཟག་པ་མེད་པའི་བདེ་བ་བསྐྱེད༔ སླར་ཡང་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་ལྡན་གྱི་རྣམ་པས་ཤངས་བུག་ནས་ཐོན༔ རང་གི་སྣ་སྒོའི་རླུང་དང་རོ་གཅིག་ཏུ་དྲངས་ཏེ་ཁ་སྦྱར༔ ལྟེ་བའི་རླུང་གི་དྭངས་མ་སྙིང་གའི་ཧྲཱིཿལ་ཐིམ༔ དེ་ལས་ཡེ་ཤེས་ཀྱི་རླུང་འོད་ཟེར་གྱི་རྣམ་པས་རྩ་གནས་ཐམས་ཅད་དུ་ཞུགས་ནས་རྩ་ཁམས་ཡི་གེ་དང་བཅས་པ་ཡེ་ཤེས་ཀྱི་རླུང་གིས་ཁྱབ༔ སྟོང་གསལ་མཆོག་གི་ཏིང་འཛིན་རྒྱུད་ལ་སྐྱེས༔ ཡེ་ཤེས་ཀྱི་རླུང་རྣམས་སྙིང་གའི་ཧྲཱིཿདང་དབྱེར་མེད་དུ་བཞུགས་པར་བསམ་ལ་བུམ་ཅན་ཅི་ནུས་འཛིན༔ དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་རྩེ་གཅིག་པས་བུམ་ཅན་མཐར་མ་ཕྱིན་གྱི་བར་དུ་བསླབ༔ ཐུན་མཚམས་རྣམས་སུ་རླུང་གེགས་སེལ་བའི་འཕྲུལ་འཁོར་ཀྱང་བྱ༔ དེས་གནས་སྐབས་སུ་རླུང་ཟིན་པས་སེམས་ཟིན༔ འོད་གསལ་གྱི་རྟགས་འཆར༔ ཕྲ་ཡང་ལ་སོགས་པའི་ཡོན་ཏན་དང་ཚིག་གི་མཆོག་འགྲུབ༔ ལས་བཞི་རྩོལ་མེད་དུ་བྱེད༔ མཐར་ཐུག་ལས་རླུང་ཡེ་ཤེས་སུ་དག་པས་གསལ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་ཞིང༔ མི་ཤིགས་པ་ནཱ་དའི་སྒྲ་དབྱངས་ལ་དབང་སྒྱུར་བར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> གསུམ་པ་ཐིག་ལེའི་རྣལ་འབྱོར་ནི༔ ལུས་བསྲངས༔ རླུང་རོ་བསལ༔ རང་ལུས་རྩ་འཁོར་ཡི་གེ་དང་བཅས་པ་སྔར་བཞིན་དུ་གསལ༔ ལྷག་པར་ལྟེ་འོག་རྩ་གསུམ་འཛོམས་པར་དྲོད་ཀྱི་དྭངས་མ་ཙཎྜ་ལཱི་ཨ་ཐུང་ཤད་ཀྱི་རྣམ་པ་མེ་འབར་ལ་ཁད་པ་གསལ་གདབ༔ རླུང་སྦྱོར་བ་བཞི་ལྡན་དུ་བཟུང་བས་ཨ་ཤད་ལས་མེ་ཤིན་ཏུ་ཕྲ་བ་འབར༔ རིམ་གྱིས་བསགས་པས་ལྟེ་འོག་གི་རྩ་གསུམ་ནང་དམར་མེར་གྱིས་ཁེངས་པར་བསམ༔ དེ་ནི་གཞི་བཅའ་བའོ༔ དེ་ནས་མེ་དེ་ལས་དྭངས་མ་གློག་གི་ཟེར་མ་ལྟ་བུ་དམར་ཁྱུག་གིས་གཡས་རོ་མ་ནས་བརྒྱུད༔ སྣ་བུག་གི་རླུང་དང་འགྲོགས་ཏེ་ཕྱིར་ཐོན༔ མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ སྐུ་ལ་གནས་པའི་ཡེ་ཤེས་ཀྱི་མེ་དང་འདྲེས༔ ཟག་མེད་ཀྱི་བདེ་ཆེན་བསྐྱེད༔ བདེ་ཆེན་ཡེ་ཤེས་ཀྱི་མེའི་དྭངས་བཅུད་ཤངས་བུག་གཡས་ནས་བརྒྱུད༔ རླུང་དང་འགྲོགས་ཏེ་རང་གི་སྣ་གཡོན་ནས་རྐྱང་མའི་ནང་བརྒྱུད་དེ་ལྟེ་བའི་མེ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ལྷག་པར་འབར་བར་བསམ་ལ་རླུང་གཟུང༔ དེ་ནི་བྱིན་གྱིས་བརླབ་པའོ༔ དེ་ནས་ལྟེ་འོག་གི་གཏུམ་མོའི་མེ་ཆེར་འབར་བས་ལྟེ་བའི་རྩ་འཁོར་ནས་གཟུང་རྩ་ཁམས་ཡི་གེ་དང་བཅས་པ་ལ་རིམ་གྱིས་ཞུགས༔ ཁམས་སྙིགས་མ་རྣམས་བསྲེགས༔ དྭངས་མ་དངུལ་ཆུ་ལྟ་བུ་ལྷག་པར་འཕེལ༔ རྩ་སྦུབས་ཐམས་ཅད་མེས་ཁེངས་པ་ལས་མཆེད་དེ་ལུས་ཀྱི་ནང་དང༔ ཕྱི་རོལ་གྱི་བར་དུ་མེ་འབར་བས་རང་ཉིད་རྩ་ཐིག་རླུང་སེམས་དང་བཅས་པ་དྲོད་ཀྱི་ཡེ་ཤེས་ལྷག་པར་འབར་ཞིང་སྐུ་མདོག་ཀྱང་ལྕགས་གོང་དཀར་པོ་མེར་བསྲེགས་པ་ལྟར་དཀར་ལ་དམར་མདངས་ལྷག་པར་འཚེར་བར་བསམ༔ དེ་ནི་གཏུམ་མོའི་མེ་སྦར་བའི་རིམ་པའོ༔ སླར་མེའི་དྭངས་མ་ཤིན་ཏུ་ཕྲ་ཞིང་ལྷག་པར་ཚ་བ་ཞིག་དམར་ཁྱུག་གིས་འཕྲོས་ཏེ་སྤྱི་བོའི་ཧཾ་ལ་རེག་པས་བདེ་ཁྲིལ་གྱིས་སོང༔ དེ་ལས་བདེ་ཆེན་གྱི་རང་བཞིན་ཀུནྡའི་རྒྱུན་ཕྲ་བ་ནར་གྱིས་བབས་པས་མེ་མར་མནན༔ བདུད་རྩིས་སྤྱི་བོ་ནས་བཟུང་འཁོར་ལོ་བཞི་དང་ཡུལ་ཉེར་བཞིའི་རྩ་ཁམས་ཡི་གེ་ཐམས་ཅད་ལ་ཁྱབ་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཏེ་རླུང་གཟུང༔ དེ་ནི་ཐིག་ལེས་བདེ་བ་སྒྲུབ་པའི་རིམ་པའོ༔ སླར་ཡང་མེ་ཆེར་འབར་བ་དབུ་མའི་ལམ་ནས་ཐལ་གྱིས་སོང༔ སྤྱི་གཙུག་ནས་ཐོན༔ བདེ་བར་གཤེགས་པ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་ནས་ཞུགས༔ ཡེ་ཤེས་ཀྱི་མེ་ལ་ཐིམ་པས་མཆོག་ཏུ་དགྱེས་ཤིང་འབར་བས་བྱང་ཆུབ་སེམས་བཞུ་བཏུལ་བདེ་བ་ཆེན་པོའི་རྒྱུན་ཤངས་བུག་གཡས་ནས་ཐོན༔ རང་གི་རླུང་དང་འགྲོགས་ཏེ་སྣ་བུག་གཡོན་བརྒྱུད་སྤྱི་བོའི་ཧཾ་ལ་རེག་པས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ལྷག་པར་རྒྱས་པའི་དྭངས་མ་སྔར་བཞིན་བབས་པས་རྩ་ཐིག་ཡི་གེ་དང་བཅས་པ་ལ་ཁྱབ་ཅིང་མཆོག་ཏུ་མི་འགྱུར་བའི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་རླུང་གཟུང༔ དེ་ནི་བདེ་བ་ཡེ་ཤེས་སུ་བྱིན་གྱིས་བརླབ་པའི་རིམ་པའོ༔ མཐར་ལུས་སེམས་ལ་བདེ་བའི་ཉམས་སྐྱེས་པ་ལ་ཡིད་གཏད༔ རླུང་དལ་བུས་གཟུང༔ མིག་ནམ་མཁར་གཏད༔ སེམས་ཀྱིས་ཅིའང་ཡིད་ལ་མི་བྱེད་པར་དུས་གསུམ་གྱི་སྤྲོས་པ་དང་བྲལ་བའི་ངང་བསྐྱང༔ དེ་ནི་ཡེ་ཤེས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་དུ་ལ་བཟླ་བའི་རིམ་པའོ༔ དེ་ལྟར་སྒོམ་པའི་ཐུན་མཚམས་རྣམས་སུ་ཐིག་ལེ་དབབ་ཟློག་དགྲམ་པའི་འཕྲུལ་འཁོར་ཡང་བྱ་བ་གཅེས་སོ༔ ཐིག་ལེ་འཛིན་འགྲེམ་ལ་དབང་ཐོབ་ནས་གཞན་ལུས་ཕོ་ཉའི་མྱུར་ལམ་ཚུལ་བཞིན་དུ་ཉམས་སུ་བླངས་པས་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་འགྱུར་རོ༔ དེས་ནི་གནས་སྐབས་སུ་དྲོད་དང་བདེ་བ་སྐྱེ༔ མི་རྟོག་པའི་གཞི་ཐིངས༔ གཏུམ་མོའི་གོས་དང་བདེ་བའི་ཏིང་འཛིན་གྱིས་འཚོ༔ སྣང་སེམས་རགས་པ་འདྲེས༔ འབྱུང་བཞི་ལ་དབང་བསྒྱུར་བའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ༔ སྒྱུ་མ་འོད་གསལ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་བྱེ༔ མཐར་ཐུག་ཐིག་ལེ་འཛག་མེད་དུ་འཆིང་ཞིང་ཟག་བྲལ་གྱི་ཡེ་ཤེས་མངོན་དུ་བྱས་པས་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས་ལུགས་ལ་དབང་སྒྱུར་བར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> བཞི་པ་ཡེ་ཤེས་ཀྱི་རྣལ་འབྱོར་ནི༔ རང་ཉིད་ལྷ་སྐུ་བདེ་བ་ཆེན་པོའི་རང་བཞིན་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བཞིན་པའི་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད༔ སེམས་དང་ཧྲཱིཿཡིག་དབྱེར་མེད་དུ་འདྲེས་པའི་ཉམས་སྐྱེས་པ་ན༔ དེ་ཀའི་ངང་དུ་མཚན་མ་དང༔ རྣམ་པར་རྟོག་པ་དང༔ ཡིད་ལ་བྱེད་པ་གཞན་ཐམས་ཅད་སྤངས་ཏེ་མི་ཤིགས་པའི་ཧྲཱིཿདང་མ་བཅོས་པའི་སེམས་གཉུག་མ་བྱ་རྩོལ་དང་བྲལ་བ་དབྱེར་མི་ཕྱེད་པའི་ངང་དུ་མཉམ་པར་གཞག་གོ༔ དེ་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་རོ༔ དེ་ནས་ཧྲཱིཿལས་བདེ་བ་ཆེན་པོའི་འོད་ཟེར་འབར་བའི་མེ་ལྟ་བུ་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མ་དག་པའི་སྣང་ཞེན་བག་ཆགས་དང་བཅས་པ་སྦྱངས༔ དྭངས་མ་རྡུལ་བྲལ་གྱི་ཡེ་ཤེས་དག་པའི་ཞིང་དང་རྡོ་རྗེ་ཕག་མོའི་སྐུར་ལམ་སྟེ་གསལ་བ་ལ་སེམས་གཏད༔ མཐར་དེ་ཐམས་ཅད་འུབ་ཀྱིས་འདུས་ཏེ་རང་ལྷར་གསལ་པ་ལ་ཐིམ༔ རང་ཉིད་རྩ་ཐིག་ལེ་ཡི་གེ་རླུང་དང་བཅས་པ་སྙིང་གའི་དབུ་མའི་ཧྲཱིཿལ་འདུས༔ དེ་ལ་ཡུན་རིང་དུ་བློ་བཞག༔ མཐར་དེའང་མི་དམིགས་པར་གློག་ཡལ་བ་ལྟར་སྟོང་པར་སྦྱངས་ནས་སེམས་དང་སྟོང་པ་ནམ་མཁའ་དབྱེར་མི་ཕྱེད་པའི་ངང༔ འདས་པ་ལ་འཕྲོ་མི་མཐུད༔ མ་འོངས་པའི་སྔུན་མི་དྲངས༔ ད་ལྟར་གྱི་ཤེས་པ་ལ་རྟོག་དཔྱོད་ཀྱི་ལྷན་པ་མི་གདབ་པར་རང་བཞིན་གཉུག་མ་མ་བཅོས་པ་གསལ་ལ་རྟོག་མེད༔ བདེ་ལ་ཞེན་མེད༔ མི་རྟོག་པ་ལ་འཛིན་པ་མེད་པའི་ངང་དུ་མཉམ་པར་གཞག་གོ༔ དེ་ནི་མཚན་མ་མེད་པའི་རྣལ་འབྱོར་རོ༔ སླར་ཡང་སྟོང་པའི་ངང་ལས་བདེ་བའི་རྡོ་རྗེ་ཕག་མོ་རྩ་འཁོར་ཐིག་ལེ་ཡི་གེ་དང་བཅས་པ་ལམ་གྱིས་གསལ༔ དེ་ཉིད་སྣང་སྟོང་ངོས་གཟུང་མེད་པར་རང་རིག་གཉུག་མའི་ཡེ་ཤེས་དང་དབྱེར་མེད་པར་སེམས་གཟུང༔ དེ་ནི་ཟུང་འཇུག་གི་རྣལ་འབྱོར་རོ༔ དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་སུ་སྣང་བ་སྒྱུ་མར་འཆར༔ སྟོང་པའི་འོད་གསལ་མངོན་དུ་འགྱུར༔ སྣང་སེམས་རོ་གཅིག་ཏུ་འདྲེས༔ ཟུང་འཇུག་གི་རིག་རྩལ་མཁའ་ཁྱབ་ཏུ་ཤར་བས་རྫུ་འཕྲུལ་དང་སྤྱན་དང་མངོན་པར་ཤེས་པ་མཐའ་ཡས་པ་འཐོབ༔ མཐར་ཐུག་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཤིན་ཏུ་རྣམ་པར་དག་པའི་གོ་འཕང་ལ་དབང་འབྱོར་བར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> གསུམ་པ་རྗེས་ནི༔ དེ་ལྟ་བུའི་རྫོགས་པའི་རིམ་པ་ཟབ་མོ་སྒོམ་པའི་སྐབས་ཉིན་པར་ཐུན་མཚམས་སུ་སྣང་བ་གང་ཤར་ཐམས་ཅད་སྒྱུ་མའི་ལུས༔ རྨི་ལམ་གྱི་སྣང་བརྙན༔ ཡེ་ཤེས་ཀྱི་སྐུ༔ བདེ་བ་ཆེན་པོའི་རང་བཞིན་དག་པ་རབ་འབྱམས་སུ་རྩལ་སྦྱང༔ ཉལ་བའི་སྐབས་སྙིང་གའི་ཧྲཱིཿལ་རླུང་སེམས་བསྡུས་ཏེ་གསལ་ལ་མི་རྟོག་པའི་ངང་དུ་བར་རླུང་འཛིན་བཞིན་གཉིད་ལོག་པས་སྟོང་བཞིའི་འོད་གསལ་ངོས་གཟུང༔ རྨི་ལམ་ཟིན་པ་དང༔ སྦྱང་སྤེལ་སྤྲུལ་སྒྱུར་ཀྱང་དེ་ཁོ་ནས་དོན་གྲུབ༔ གལ་ཏེ་ཚེ་འདིར་མཆོག་གི་དངོས་གྲུབ་མངོན་དུ་མ་གྱུར་ན་འཆི་ཁར་འཚང་རྒྱ་བ་འདའ་ཀ་མའི་རྣལ་འབྱོར་ནི༔ རང་ཕག་མོར་གསལ་བའི་ལུས་དང་དབུ་མའི་སྟོང་ར་བསྒོམ༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་དཀྱིལ་ལ་རླུང་སེམས་ཧྲཱིཿའི་རྣམ་པར་གསལ༔ དེ་ལ་སེམས་རྩེ་གཅིག་ཏུ་གཟུང༔ ཟིན་པའི་ཉམས་སྐྱེས་པ་ན་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་ཕག་མོ་གསལ་གདབ༔ གསོལ་བ་དྲག་ཏུ་གདབ༔ འོག་རླུང་གྱེན་དུ་དྲང༔ སྟེང་རླུང་ཕྱིར་འཕུལ་བ་དང་མཉམ་དུ་ཧྲཱིཿཧྲཱིཿཞེས་བརྗོད་པས་སྙིང་གའི་ཧྲཱིཿདབུ་མའི་ལམ་ནས་གྱེན་དུ་ཡེར་གྱིས་སོང༔ ཧིཀ྄་ཅེས་དྲག་ཏུ་བརྗོད་པས་ཚངས་པའི་བུག་ནས་མདའ་འཕངས་པ་བཞིན་ཐོན༔ བླ་མ་རྡོ་རྗེ་ཕག་མོའི་གསང་བ་ནས་ཞུགས༔ ཐུགས་ཀའི་ཧྲཱིཿལ་བསྟིམས་ཏེ་ཐུགས་ཡིད་བསྲེ༔ ཡང་ཀ་ཞེས་བརྗོད་པས་ཧྲཱིཿཡིག་ཐོལ་གྱིས་བྱུང༔ སྟེང་རླུང་མནན་པ་དང་མཉམ་དུ་ཚངས་བུག་ནས་ཞུགས༔ སྙིང་གར་འཁོད་པར་བསམ༔ དེ་ལྟར་ཡང་ཡང་སྦྱང༔ ཐུན་འཇོག་པ་ན་ཧྲཱིཿཡིག་མར་ཕབ་རྗེས་བླ་མ་རྡོ་རྗེ་ཕག་མོ་བདུད་རྩིའི་རྣམ་པར་ཞུ༔ སྙིང་གའི་ཧྲཱིཿལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ ཚངས་བུག་ཀྱང་འོད་ཟེར་དཀར་པོས་སྲ་ཞིང་འཐས་པར་བཀག་པར་བསམ༔ སྤྱི་བོ་ཟ་བ་དང༔ སྐྲངས་པ་དང༔ ཆུ་སེར་གྱིས་ཟིལ་པ་ཕྲུམ་པ་སོགས་རྟགས་མ་བྱུང་བར་འབད༔ དེ་ནས་དམིགས་པ་མ་བརྗེད་ཙམ་དུ་བསྐྱང༔ འཆི་བའི་དུས་སུ་བབས་པ་ན་རྣམ་ཤེས་ཧྲཱིཿཡིག་བླ་མའི་ཐུགས་ཀར་བསྟིམས་པ་དང་ལྷན་ཅིག་བླ་མ་རྡོ་རྗེ་ཕག་མོ་མཁའ་སྤྱོད་ཀྱི་ཞིང་དུ་གློག་འཁྱུགས་པ་ལྟར་གཤེགས་པར་བསམ་ལ་བརྗོད་བྲལ་བློ་འདས་གཉུག་མའི་ངང་དུ་མཉམ་པར་བཞག་པས་བར་དོ་མེད་པར་མཁའ་ལ་སྤྱོད་པའི་གོ་འཕང་ཐོབ་པར་འགྱུར་རོ༔ འདའ་ཀ་མ་མ་ཐེབས་ན་བར་དོའི་རྣལ་འབྱོར་གལ་ཆེ་བས༔ ད་ལྟ་ནས་ཉིན་སྣང་སྒྱུ་མ་ལྟ་བུ་དེའང་བར་དོའི་ཡིད་ལུས་སུ་ཤེས་པར་བྱས་ནས༔ སྣང་ཆ་གཟུགས་སྐུ་དང་བསྲེ༔ སྟོང་ཆ་ཆོས་སྐུ་དང་བསྲེ༔ རིག་རྩལ་མ་འགགས་པ་སྤྲུལ་པའི་སྐུ་དང་བསྲེ་བ་གསུམ་ལ་གོམས་པས་བར་དོར་ཡང་དྲན་པས་ཟིན་ཏེ་ལམ་གྱི་འཕྲོ་མཐུད་ཅིང་གྲོལ་བར་འགྱུར་རོ༔ དེ་རྣམས་ནི་ཡན་ལག་གི་རྣལ་འབྱོར་ཏེ༔ དེ་དག་གིས་ཐུགས་འོད་གསལ་རྫོགས་རིམ་དེ་ཁོ་ན་ཉིད་སྒྲུབ་པའི་རྣལ་འབྱོར་བསྟན་ཟིན་ཏོ༔ ས་མ་ཡ༔ ༈ བཞི་པ་ཡོན་ཏན་གཏོར་མ་དང་ཚོགས་ཀྱི་མཆོད་པས་སྒྲུབ་པའི་ཐབས་ལ་དང་པོ་གཏོར་མའི་ཆོ་ག་ནི༔ སྲོད་ཀྱི་དུས་སུ་ཐོད་པ་ལ་སོགས་པའི་སྣོད་དུ་བ་ལང་གི་ཤ་དང་ཆང་གིས་བརྒྱན་པའི་གཏོར་མ་ལ་བདུད་རྩིས་བྲན༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་གཏོར་མའི་དངོས་འཛིན་མི་དམིགས་ཏེ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རླུང་དང༔ མེ་དང༔ ཐོད་པའི་སྒྱེད་བུ་ལ་བརྟེན་པའི་རང་བྱུང་བདེ་སྐྱོང་གི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཤ་ལྔ་བདུད་རྩི་ལྔ་ཡི་གེ་འབྲུ་བཅུས་མཚན་པ༔ རླུང་མེའི་སྦྱོར་བས་ཐོད་པ་དྲོས༔ རྫས་ཡི་གེ་དང་བཅས་པ་འོད་དུ་ཞུ་བ་བདུད་རྩིའི་རྒྱ་མཚོར་འཁྱིལ༔ སླར་ཡང་སྟེང་གི་ནམ་མཁར་ཉི་མ་ལ་གནས་པའི་ཁ་ཊྭཱཾ་ག་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་རྒྱལ་བ་སྲས་དང་བཅས་པ་དང༔ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་བཀུག༔ ཁ་ཊྭཱཾ་ཡི་གེ་དང་བཅས་པ་ལ་ཐིམ༔ དེ་ཉིད་གདན་དང་བཅས་པ་འོད་དུ་ཞུ་ནས་བཅུད་ལ་ཐིམ་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་བདུད་རྩི་འདོད་ཡོན་རྣམ་པ་ཐམས་ཅད་པའི་སྤྲིན་དུ་འཕྲོ་བར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་མང་དུ་བརྗོད་པས་བྱིན་གྱིས་བརླབ༔ གཏོར་མགྲོན་སྤྱན་དྲངས་པ་མདུན་གྱི་ནམ་མཁར་མཁའ་ཁྱབ་ཏུ་བཞུགས་པར་བསམ་ལ༔ རྡོ་རྗེ་ཐལ་མོ་སེ་གོལ་གྱི་སྒྲ་དང་བཅས༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨི་དཾ་བ་ལིཾ་བྷཱུཉྫ་ཧོ༔ ཨ་མྲྀཏ་པཱི་པ་ཧོ༔ པཉྩ་ཀཱ་མ་གུ་ཎ་ཧོ༔ མ་མ་སརྦ་ཀརྨ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་ཕཊ་སྭཱ་ཧཱ༔ ཞེས་ལན་བདུན་གྱིས་ཕུལ༔ མཆོད་ཅིང་བསྟོད༔ བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ༔ གནས་གསུམ་མཁའ་འགྲོའི་ཚོགས་བཅས་ཀུན༔ མཆོད་དང་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ཕྱི་ནང་བར་གཅོད་ཞི་བ་དང༔ མི་མཐུན་ཕྱོགས་ཀུན་སྲུང་མཛད་གསོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ ལོག་པར་ལྟ་བ་དབང་དུ་སྡུས༔ བདུད་དང་དགྲ་བགེགས་ཆམ་ལ་ཕོབ༔ འཇིག་རྟེན་འཇིག་རྟེན་འདས་པ་སོགས༔ དངོས་གྲུབ་ཇི་ལྟར་འདོད་པ་ཡི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་ཕྲིན་ལས་གསོལ་ནས་ནོངས་པ་བཤགས༔ གཏོར་མགྲོན་རྟེན་ལ་བཞུགས་པའམ་གཤེགས་སུ་གསོལ་བར་བྱའོ༔ དེས་ནི་རྣལ་འབྱོར་པའི་བར་ཆད་ཐམས་ཅད་ཞི་ཞིང་ཚེ་དང་དཔལ་འབྱོར་གྱི་ཡོན་ཏན་རྒྱས་པ་དང༔ ལས་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ༔ གཉིས་པ་ཚོགས་ཀྱི་མཆོད་པའི་ཆོ་ག་ནི༔ ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར་མདུན་དཀྱིལ་སྟེགས་བུའི་དབུས་སུ་མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པའི་སྟེང་ཐོད་པ་བདུད་རྩིས་གང་བའི་ཁར༔ སིནྡྷུ་རའི་མཎྜལ་ཆོས་འབྱུང་བསྣོལ་མའི་དབུས་སུ་ཧྲཱི༔ གྲྭ་བཞིར་དགའ་བ་འཁྱིལ་བས་མཚན་པ་བཤམ༔ གཞན་ཡང་དཀྱིལ་འཁོར་སོགས་འདུ་བྱ༔ དཀྱིལ་འཁོར་མ་གྲུབ་ན་སྒྲུབ་པའི་གཏོར་མ་མདུན་བསྐྱེད་ཀྱི་རྟེན་དུ་བགྱིས་ཀྱང་རུང༔ གང་ལྟར་ཡང་དེའི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པའི་གདན་གྱི་སྟེང་ཐོད་པ་ལ་སོགས་པའི་སྣོད་བཟང་པོར་མ་ད་ན་དང༔ བ་ལ་གཙོ་བོར་གྱུར་པའི་ཚོགས་རྫས་བཟའ་བཅའ་བཏུང་བའི་ལོངས་སྤྱོད་རྒྱས་པར་བསྟར༔ དེ་ནས་གཞི་བདག་དང་བགེགས་ལ་གཏོར་མ་སྦྱིན་ཅིང༔ ཚོགས་གསག༔ མཚམས་གཅད༔ མཆོད་རྫས་བརླབ༔ བདག་གི་སྒོམ་བཟླས་དང་བཅས་པ་བྱས་ལ་མཆོད་ཅིང་བསྟོད༔ མདུན་རྟེན་ལ་དམིགས་ཏེ་ཧཱུྃ་ཞེས་བརྗོད་པས་མདུན་གྱི་དཀྱིལ་འཁོར་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པར་བསམ༔ སྟོང་པའི་ངང་ལས་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་བསྐྱེད་ལྟར་གསལ༔ བྱིན་གྱིས་བརླབས་ཤིང་ང་རྒྱལ་གཟུང༔ ཡེ་ཤེས་པ་སྤྱན་དྲང་དབང་བསྐུར་རྒྱས་གདབ༔ དེ་ནས་མཆོད་པ་རྒྱས་པར་བྱ་བ་ལ་ཕྱི་མཆོད་ནི༔ ཧཱུྃ༔ སྟོང་པའི་ཡེ་ཤེས་ལས་བྱུང་བ༔ རྣམ་པ་ཀུན་གྱི་མཆོག་ལྡན་གཟུགས༔ ལྷ་རྫས་མེ་ཏོག་ཆར་ཆེན་འབེབ༔ དྲི་ཞིམ་སྤོས་ཀྱི་སྤྲིན་ཕུང་གཡོ༔ སྣང་གསལ་མར་མེ་འོད་དུ་འབར༔ བསིལ་ཞིང་དྲི་བསུང་ངད་ལྡན་ཆབ༔ བཟའ་བཅའ་བཏུང་བའི་ཞལ་ཟས་མཆོག༔ སྙན་བརྗིད་རོལ་མོའི་དབྱངས་བཅས་ཀྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་ཤྲཱི་བཛྲ་མ་ཧཱ་རཱ་གཱ་པུཥྤཾ༔ དྷཱུ་པཾ༔ དཱི་པཾ༔ གནྡྷཾ༔ ནཻ་བིདྱཾ༔ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ནང་མཆོད་ནི༔ ཧཱུྃ༔ བདེ་བའི་ཡེ་ཤེས་ལས་བྱུང་བ༔ རྣམ་པ་ཀུན་ལྡན་འདོད་ཡོན་སྤྲིན༔ གཟུགས་ཀྱི་ཉམས་འགྱུར་རྨད་དུ་བྱུང༔ སྒྲ་ཆེན་རོལ་མོ་མཐའ་ཡས་ལྡན༔ དྲི་ཞིམ་བདུད་རྩི་ཆར་དུ་འབེབ༔ རོ་བཅུད་ནུས་པའི་ཕུང་པོ་བརྡལ༔ འཇམ་འཁྲིལ་རེག་བྱའི་ལོངས་སྤྱོད་ཀྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་ཤྲཱི་བཛྲ་མ་ཧཱ་རཱ་གཱ་རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ་ཀཱ་མ་གུ་ཎ་ས་མ་ཡ་ཧོ༔ གསང་མཆོད་ནི༔ ཧཱུྃ༔ ཟུང་འཇུག་ཡེ་ཤེས་ལས་བྱུང་བ༔ ཐབས་མཆོག་ཧེ་རུ་ཀ་དཔལ་གྱི༔ རྡོ་རྗེ་པདྨར་མཉམ་སྦྱར་བས༔ ཁམས་གསུམ་གཟུང་འཛིན་དབྱིངས་སུ་བསྒྲལ༔ དགའ་བཞི་བདེ་སྟོང་ཆེན་པོར་སྦྱོར༔ སོ་སོ་རང་རིག་ལྷན་ཅིག་སྐྱེས༔ བླ་ན་མེད་པའི་འདོད་ཡོན་གྱིས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་ཤྲཱི་བཛྲ་མ་ཧཱ་རཱ་གཱ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ རྨད་དུ་བྱུང་བའི་མཆོད་པ་ནི༔ ཧཱུྃ༔ ཤ་ཆེན་མཆོག་གི་བདུད་རྩི་ལྔ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ར་སཱ་ཡཱ་ནཾ་སྨན་གྱི་བཅུད༔ དག་མཉམ་རྟོགས་པའི་ལོངས་སྤྱོད་རྫས༔ དམ་ཚིག་ཆེན་པོའི་འདོད་ཡོན་གྱིས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་མྲྀཏ་སིདྡྷི་ཧོ༔ ཧཱུྃ༔ རྡོ་རྗེ་སྒེག་མོ་ཆགས་པ་ཆེ༔ གཱིརྟཱིའི་མཁའ་ནས་བབས་པའི་རྒྱུན༔ ཁམས་གསུམ་ཉོན་མོངས་བསྒྲལ་པ་ཡི༔ དམར་ཆེན་རཀྟའི་རྒྱ་མཚོར་ཐིམ༔ གཟི་བརྗིད་ཆེན་པོའི་འདོད་ཡོན་གྱིས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་རཀྟ་པཱི་པ་ཧོ༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཁྱོན་ཡངས་པར༔ བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ བཟའ་བཅའ་བཏུང་བའི་ཕུང་པོར་སྤུངས༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ ལོངས་སྤྱོད་ཆེན་པོའི་འདོད་ཡོན་གྱིས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་མཆོད༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་གྲྀཧྞ་བྷཱུཉྫ་ཧོ༔ སྐུ་བསྟོད་པས་མཆོད་པ་ནི༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ ཟླ་བ་ལྟར་དཀར་རྗེས་ཆགས་ཉམས༔ ཡེ་ཤེས་གཟི་བྱིན་ཆེར་འབར་བ༔ ཁམས་གསུམ་དབང་ཕྱུག་མ་ལ་བསྟོད༔ ཆགས་དང་ཁྲོ་དང་བཞད་པ་ཡིས༔ འདོད་ཁྲོ་གཏི་མུག་ཉོན་མོངས་སྦྱོང༔ སྲིད་གསུམ་རྟོག་པ་ཟིལ་གནོན་པའི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ སྒྲ་དབྱངས་རྣམ་པ་ཐམས་ཅད་པ༔ ཟབ་མོའི་རྒྱུད་དང་སྔགས་ཀྱི་ཚུལ༔ ས་གསུམ་རྨོངས་པ་སད་མཛད་པའི༔ ཚངས་པའི་གསུང་ལ་ཕྱག་འཚལ་བསྟོད༔ གཅིག་པུ་མ་ཡིན་མཁའ་དང་མཉམ༔ དུ་མར་མི་གནས་དབྱིངས་སུ་འཁྱིལ༔ མཁྱེན་བརྩེའི་རོལ་པ་བསམ་མི་ཁྱབ༔ ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་ཡོན་ཏན་རྒྱན་དུ་རྫོགས༔ འདུ་མི་མཛད་པའི་ཕྲིན་ལས་མངའ༔ འགྲོ་འདུལ་རྫུ་འཕྲུལ་མི་ཟད་གཏེར༔ རྒྱལ་ཀུན་ཡུམ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ རབ་འབྱམས་དཔའ་བོ་མཁའ་འགྲོའི་ཚོགས༔ སྤྲོ་ཞིང་སྡུད་པའི་ཆོ་འཕྲུལ་སྟོན༔ ཁྱབ་བདག་ཆེན་མོར་ཕྱག་འཚལ་བསྟོད༔ གུས་པས་མཆོད་ཅིང་བསྟོད་པའི་མཐུས༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ གསུང་སྔགས་ཀྱིས་མཆོད་པ་ནི༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས༔ སྔགས་ཕྲེང་གཉིས་པ་ཞལ་ནས་བྱུང༔ མདུན་བསྐྱེད་ལྷ་མོའི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་འོད་ཟེར་གྱིས༔ དཀྱིལ་འཁོར་ལྷ་ཚོགས་བདེ་བས་མཆོད༔ དགྱེས་པ་ཆེན་པོའི་འོད་སྣང་དང༔ ལྷན་ཅིག་སྔགས་ཕྲེང་ལྟེ་བ་ནས༔ ཐོན་ཏེ་རང་གི་ལྟེ་བར་ཞུགས༔ བར་མ་ཆད་པར་འཁོར་བ་ལས༔ འོད་དང་འོད་ཟེར་བསམ་ཡས་འཕྲོས༔ གནས་གསུམ་དཔའ་བོ་མཁའ་འགྲོ་མཆོད༔ ཁམས་གསུམ་ཐ་མལ་སྣང་ཞེན་སྦྱངས༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་སད༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་ཅི་ནུས་སུ་བཟླའོ༔ ཐུགས་ཏིང་ངེ་འཛིན་གྱིས་མཆོད་པ་ནི༔ ཨ༔ འཁོར་འདས་ཀུན་ཁྱབ་བྱང་ཆུབ་སེམས༔ ལྷ་དང་བདག་ཉིད་དབྱེར་མེད་པ༔ མ་བཅོས་གཉུག་མ་ཁྱབ་གདལ་ངང༔ མི་གཡོ་མི་སྨྲ་བསམ་བརྗོད་འདས༔ སརྦ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ ཞེས་དགོངས་པ་བསྐྱང༔ མཐར་མཆོད་ཅིང་བསྟོད༔ ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུས་བྲན༔ ཧཱུྃ་ཞེས་བརྗོད་པས་ཚོགས་ཀྱི་དངོས་འཛིན་མི་དམིགས་ཏེ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་གཏོར་མ་ལྟར་བསྐྱེད་ཅིང་བརླབ༔ དེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་དཔལ་ལྡན་ཧེ་རུ་ཀ༔ ཡི་དམ་ཞི་ཁྲོའི་སྤྲིན་ཕུང་འཕྲོ༔ སྤྲུལ་སྐུ་རྡོ་རྗེ་ཕག་མོ་ཡུམ༔ རིགས་བཞིའི་སྙིང་པོའི་རྣལ་འབྱོར་མ༔ ལས་ཀྱི་དབང་ཆེན་མཁའ་འགྲོའི་གཙོ༔ རང་བྱུང་སངས་རྒྱས་པདྨ་སྐྱེས༔ སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས༔ རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས༔ མཁའ་ཁྱབ་རྣམ་འཕྲུལ་སྤྲིན་ལྟར་གཏིབས༔ ཐུགས་རྗེ་ཐུགས་དམ་རྩལ་སྐྱེད་ལ༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་ཡི༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཟག་མེད་བདུད་རྩིའི་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཐོག་མེད་དུས་ནས་ད་ལྟའི་བར༔ སྡོམ་པ་གསུམ་དང་འགལ་བ་ཡི༔ དམ་ཚིག་ཉམས་ཆག་ཉེས་པ་དང༔ སྡིག་ལྟུང་ཐམས་ཅད་མཐོལ་ཞིང་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ དངོས་གྲུབ་སྒྲུབ་ལ་བར་གཅོད་པའི༔ གནས་ཉུལ་དྷཱ་ཀིའི་སུན་མ་དང༔ བྱད་ཕུར་རྦོད་གཏོང་འཇིགས་བརྒྱད་ཟློག༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ མ་མོ་མཁའ་འགྲོ་འཁྲུགས་པ་ཡི༔ རྒྱུ་རྐྱེན་འབྲས་བུ་དབྱིངས་སུ་སྦྱོངས༔ སྣོད་བཅུད་དགེ་བའི་ལེགས་ཚོགས་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ གནས་ནི་རབ་ཏུ་དགའ་བའི་ས༔ དེ་བཞིན་ཉེ་གནས་དྲི་མ་མེད༔ ཞིང་ནི་འོད་རབ་བྱེད་པའི་ས༔ ཉེ་བའི་ཞིང་ནི་འོད་འཕྲོ་བ༔ ཚནྡྷོ་མངོན་དུ་གྱུར་པ་སྟེ༔ ཉེ་བའི་ཚནྡྷོ་སྦྱང་དཀའ་བ༔ འདུ་བ་རིང་དུ་སོང་བ་སྟེ༔ ཉེ་བའི་འདུ་བ་མི་གཡོ་བ༔ དུར་ཁྲོད་ལེགས་པའི་བློ་གྲོས་ཏེ༔ ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན༔ ཧེ་རུ་ཀ་དཔལ་དགྱེས་པའི་ཡུལ༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཁྲོ་ཆགས་སྒེག་པའི་ཚུལ་འཆང་བའི༔ མཁའ་ཁྱབ་རྣམ་འཕྲུལ་སྤྲིན་ལྟར་གཏིབས༔ ཐུགས་རྗེ་ཐུགས་དམ་རྩལ་སྐྱེད་ལ༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་ཡི༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཟག་མེད་བདུད་རྩིའི་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཐོག་མེད་དུས་ནས་ད་ལྟའི་བར༔ སྡོམ་པ་གསུམ་དང་འགལ་བ་ཡི༔ དམ་ཚིག་ཉམས་ཆག་ཉེས་པ་དང༔ སྡིག་ལྟུང་ཐམས་ཅད་མཐོལ་ཞིང་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ དངོས་གྲུབ་སྒྲུབ་ལ་བར་གཅོད་པའི༔ གནས་ཉུལ་དྷཱ་ཀིའི་སུན་མ་དང༔ བྱད་ཕུར་རྦོད་གཏོང་འཇིགས་བརྒྱད་ཟློག༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ མ་མོ་མཁའ་འགྲོ་འཁྲུགས་པ་ཡི༔ རྒྱུ་རྐྱེན་འབྲས་བུ་དབྱིངས་སུ་སྦྱོངས༔ སྣོད་བཅུད་དགེ་བའི་ལེགས་ཚོགས་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་སརྦ་ཝཱི་ར་ཡོ་གི་ནཱི་ཌཱ་ཀ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ བསྟན་པ་སྲུང་ཕྱིར་འབར་བའི་རྩལ༔ དཔལ་ལྡན་མགོན་པོ་ནག་པོ་ཆེ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྲས༔ ལྷ་མོ་ནག་མོ་རེ་མ་ཏཱི༔ རྗེ་ཁོལ་བྲན་དང་ཡང་གཡོག་སོགས༔ རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ཀུན༔ མཁའ་ཁྱབ་རྣམ་འཕྲུལ་སྤྲིན་ལྟར་གཏིབས༔ ཐུགས་རྗེ་ཐུགས་དམ་རྩལ་སྐྱེད་ལ༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་ཡི༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཟག་མེད་བདུད་རྩིའི་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཐོག་མེད་དུས་ནས་ད་ལྟའི་བར༔ སྡོམ་པ་གསུམ་དང་འགལ་བ་ཡི༔ དམ་ཚིག་ཉམས་ཆག་ཉེས་པ་དང༔ སྡིག་ལྟུང་ཐམས་ཅད་མཐོལ་ཞིང་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ དངོས་གྲུབ་སྒྲུབ་ལ་བར་གཅོད་པའི༔ གནས་ཉུལ་དྷཱ་ཀིའི་སུན་མ་དང༔ བྱད་ཕུར་རྦོད་གཏོང་འཇིགས་བརྒྱད་ཟློག༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ མ་མོ་མཁའ་འགྲོ་འཁྲུགས་པ་ཡི༔ རྒྱུ་རྐྱེན་འབྲས་བུ་དབྱིངས་སུ་སྦྱོངས༔ སྣོད་བཅུད་དགེ་བའི་ལེགས་ཚོགས་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་དེ་ཝཱི་སརྦ་དྷརྨ་པཱ་ལ་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ཕུལ་ཞིང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས་སྦྱང་བྱ་བ་དང་བཅས་ཕྱི་དཀྱིལ་རྣམས་འདོད་ཡོན་གྱི་མཆོད་པས་བསྐང་ཞིང་བཤགས༔ ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་མཆོད་པའི་ཕྱིར་བཟའ་བཏུང་རྣམས་ཚིམ་པར་ལོངས་སྤྱད༔ གསང་བ་སྙོམས་འཇུག་གི་བདེ་བ་སྤེལ་ཞིང་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་གཞག༔ ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ལ༔ དམ་ཚིག་གི་བདུད་རྩིའི་ཁ་ཕྲུ་དབབ༔ པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་པས་བརླབ༔ ཕེཾ༔ རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དུ༔ ཕྱི་འཁོར་སྐྱོང་བའི་བཀའ་ཉན་ནི༔ དབང་ཕྱུག་གིང་དང་ལང་ཀའི་ཚོགས༔ མཁའ་འགྲོ་ཤུགས་འགྲོ་ཕོ་ཉའི་སྡེ༔ མ་ལུས་ལུས་པ་མེད་པ་ཀུན༔ ཧེ་རུ་ཀ་དཔལ་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ཡི༔ འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ ཞི་རྒྱས་དབང་དང་མངོན་སྤྱོད་སོགས༔ འདོད་པའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་སརྦ་ཀིངྐ་ར་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཀརྨ་ཀུ་རུ་ཧོ༔ ཞེས་ཕྱི་རོལ་དུ་བསྐྱལ༔ བཀྲ་ཤིས་ཀྱི་གླུ་བླང་ཞིང་སྨོན་ལམ་གདབ་པ་ནི༔ ཨོཾ༔ བཀྲ་ཤིས་གང་ཞིག་ཧེ་རུ་ཀ་དཔལ་དགྱེས་པའི་ཡུམ༔ རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་མཐུས༔ བདག་གཞན་འགྲོ་ཀུན་དམ་ཚིག་ཉམས་ཆག་ཉེས་ལྟུང་ཞི༔ བསོད་ནམས་ཚོགས་རྫོགས་ཡེ་ཤེས་འབྲས་བུ་མངོན་འགྱུར་ཤོག༔ ཅེས་བརྗོད་ཅིང་རོལ་མོའི་སྒྲ་བྱའོ༔ རྗེས་ནི་གཏང་རག་གི་མཆོད་བསྟོད་བྱ༔ དངོས་གྲུབ་ཀྱི་སླད་དུ་དཀྱིལ་འཁོར་གྱི་མདུན་ཐོད་པ་མཚན་ལྡན་བདུད་རྩིས་གང་བ་བཤམས་ལ༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་དང་སྐུའི་དཀྱིལ་འཁོར་རབ་འབྱམས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩིའི་རྣམ་པར་ཆར་བཞིན་དུ་བབས་ཏེ་དམ་ཚིག་གི་རྫས་ལ་ཐིམ་པར་བསམ༔ སྒྲུབ་པའི་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླས་པས་བསྐུལ་ཏེ་ཐོད་པ་སྤྱི་བོར་བཀོད་ལ༔ ཨོཾ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དབྱིངས༔ མཁའ་དང་མཉམ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ རབ་འབྱམས་དྷཱ་ཀིའི་ཚོགས་དང་བཅས༔ བསྙེན་སྒྲུབ་རྩེ་གཅིག་བརྩོན་ལགས་ན༔ ཐུགས་རྗེ་ཐུགས་དམ་རྩལ་སྐྱེད་ལ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ གསང་བ་གསུམ་གྱི་བྱིན་རླབས་མཆོག༔ རྣལ་འབྱོར་ལུས་ངག་ཡིད་ལ་སྩོལ༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་དང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སྔགས་མཐར་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཛྙཱ་ན་སིདྡྷི་ཧྲཱི༔ ཞེས་བརྗོད་ཅིང་ཐོད་པ་གནས་བཞིར་རེག་ལ་བདུད་རྩི་མྱང༔ ནོངས་པ་བཤགས༔ མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བསྟིམ༔ དམ་ཚིག་པ་རང་ལ་བསྡུ༔ ཧྲཱི༔ རང་གི་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་དག་པའི་སྣོད་དང་བཅུད༔ འོད་ཞུ་ཧྲཱིཿལ་གཉིས་མེད་ཐིམ༔ དེ་ཡང་མི་དམིགས་ངང་དུ་བཞག༔ ཨ་ཨ་ཨ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ རང་ལུས་བཛྲ་བྷ་ར་ཧི༔ སྣང་བ་ལྷ་དང་གྲགས་པ་སྔགས༔ དྲན་རྟོག་འོད་གསལ་ངང་ནས་སྤྱོད༔ བསྔོ་སྨོན་ནི༔ བདག་གིས་བསྙེན་ཅིང་བསྒྲུབས་ལ་སོགས༔ དུས་གསུམ་བསགས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ བཀྲ་ཤིས་ནི༔ ཨོཾ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རྡོ་རྗེ་བཙུན་མོ་དགྱེས་པ་ཆེ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ རྟག་ཏུ་དགེ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ༔ དེ་ལྟར་བརྩོན་པས་དམ་ཚིག་ཉམས་ཆག་གི་ཉེས་ལྟུང་ཞི༔ ཚེ་དང་ཡེ་ཤེས་དང་འབྱོར་པ་རྒྱས༔ བདེ་བ་ཆེན་པོའི་རྟོགས་པ་འཕེལ༔ སྣང་སེམས་དབང་དུ་འདུ༔ གནས་གསུམ་གྱི་ཕོ་ཉའི་འདུ་བ་ཐོབ་ཅིང་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ༔ སྒྲུབ་པ་ཆེན་པོའི་གཞི་ཐིངས་པར་འགྱུར་རོ༔ ས་མ་ཡ༔ ༈ ལྔ་པ་ཕྲིན་ལས་སྣ་ཚོགས་ཀྱི་སྒོ་ནས་སྒྲུབ་པའི་ཐབས་ལ༔ དང་པོ་དུག་ཞི་བ་ནི༔ རང་བཅོམ་ལྡན་འདས་མར་གསལ་བའི་སྙིང་གའི་ཧྲཱིཿལ་སེམས་གཏད་པས༔ དེ་ལས་འོད་ཟེར་བདུད་རྩིའི་རྣམ་པ་འབའ་ཞིག་བྱུང་སྟེ༔ རྩ་གནས་ཀྱི་ལྷ་མོ་རྣམས་ལ་ཁྱབ༔ དེ་ལས་ཀྱང་བདུད་རྩི་ཆེར་འཕེལ་བས་ལུས་ཀྱི་ནང་ཐམས་ཅད་གང༔ དུག་གི་ནད་དང་གནོད་པ་དང་སྡུག་བསྔལ་ཐམས་ཅད་སྦྱངས༔ ལུས་སེམས་བདེ་བས་ཚིམ༔ སླར་ཡང་བ་སྤུའི་ཁུང་བུ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བརྟན་གཡོའི་དུག་ཐམས་ཅད་ཞི་བར་བསམ་ལ༔ སྒྲུབ་སྔགས་ཀྱི་མཐར༔ ཧྲཱིཾ་ནི་ཀུ་ལ་ཁ་ཋ་ཋ་སརྦ་བི་ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་རང་གཞན་གྱི་དུག་ཐམས་ཅད་ཞི་བར་འགྱུར་ལ༔ ཨ་རུ་ལྕགས་རྩི་བླངས་པ་ལ་གཞི་བྱས༔ རེ་རལ༔ འོམ་བུ༔ སྤང་སྤོས༔ ཧོང་ལེན༔ རུ་རྟ༔ ཅོང་ཞི༔ བྲག་ཞུན་གྱི་ཕྱེ་མ་རྣམས་ཤིང་སྔོན་དང་ཆར་ཉུངས་ཁཎྜ་དང་སེ་འབྲུའི་ཁུ་བར་འདམ་བཏགས་རིལ་བུར་དྲིལ་བ་ལ་སྔགས་ཀྱིས་བཏབ་པ་ཁོང་དུ་བཏང་བས་སྦྱར་བ་དང་གྱུར་པ་ལས་བྱུང་བའི་དུག་དང༔ ཁོང་ནད་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པའོ༔ <!TCC Tibetan character 4,37 undefined in unicode!> གཉིས་པ་རིམས་ཞི་བར་འདོད་ན༔ སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས༔ ཕག་ཞལ་གྱི་མགྲིན་པ་ནས་ཞུགས༔ དབུའི་ནང་ཐམས་ཅད་ཁྱབ་པས་དྲག་ཏུ་ངུར་ཞིང་ཞལ་ནས་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས་པའི་རྩེ་ལས་ཕག་རྒོད་ནག་པོ་འཇིགས་སུ་རུང་བ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས༔ ནད་རིམས་དལ་ཡམས་ཀྱི་བདག་པོ་བདག་མོ་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ གདུག་ཅིང་གཏུམ་པ་ཐམས་ཅད་ཞལ་དུ་དམར་ཆོམ་ཆོམ་གསོལ་ནས་ལྷག་མེད་དུ་སྦྱངས༔ ཚུར་འདུས་ཕག་གི་ར་བ་གསུམ་རིམ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་སྲུང་བ་མཚམས་ཀྱི་ལས་མཛད་པར་བསམ་ལ༔ སྒྲུབ་སྔགས་ཀྱི་མཐར༔ བཛྲ་བྷི་ཧུར་ཙ་ཁ་ན་ནེར་སེང་ཡེར་རྦད་སརྦ་ཛྭ་ར་པྲ་ཤ་མ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཟླས་པས་གཉན་རིམས་འགོ་ནད་དལ་ཡམས་ཐམས་ཅད་ཞི་བ་དང་སྲུང་བར་འགྱུར་ལ༔ སྤྲུ་མ་ནག་པོ་དྲི་ཆུ་བར་པ་སྔགས་ཀྱིས་བཏབ་པས་འདམ་འཐག་བྱས་པ་གཙོ་བོར་བཟུང་ནས༔ ཤུ་དག་ནག་པོ༔ ཕུར་མོང་ནག་པོ༔ སྤང་རྩི་ནག་པོ༔ འཛིམ་པ་ནག་པོ༔ སྟག་ཤ་ནག་པོ༔ རེ་ལྕག་ནག་པོའི་མེ་ཏོག༔ མིང་ཅན་ནག་པོ༔ གླ་བ་ནག་པོའི་རྩི་དང་བཅས་པ་ཨ་རུ་ར་དང་རུ་རྟ་དང་གི་ཝཾ་གི་ཆུས་འདམ་བཏགས་མུ་ཟི་ནག་པོའི་དྲི་ཐོན་པར་བྱས་ལ་རིལ་བུར་དྲིལ་བ་སྔགས་ཀྱིས་བཏབ་སྟེ་བྱུག་པ་དང༔ བདུག་པ་དང༔ འཆང་བ་དང༔ ཁོང་དུ་བཏང་བས་གཉན་རིམས༔ གག་ལྷོག་འབྲུམ་པ༔ རྒྱུ་གཟེར་དམར་བཤལ་སོགས་སྲུང་བ་དང་འཇོམས་པའི་གཉེན་པོ་བླ་ན་མེད་པའོ༔ ཐོ་རངས་དུས་དྲི་ཆུ་བར་མ་ལ་སྔགས་བཏབ་སྟེ་སྣ་བུག་ནས་རྔུབས་པས་ཀྱང་རང་སྲུང་བའི་མཆོག་གོ༔ <!TCC Tibetan character 4,37 undefined in unicode!> གསུམ་པ་གཟའ་ཀླུའི་ནད་ཞི་བ་ནི༔ སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས༔ ཕྱག་གཡས་ཀྱི་གྲི་གུག་ལ་ཕོག༔ དེ་ལས་རྡོ་རྗེ་གཏུམ་པོ་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ་ཁྱུང་ཆེན་རིགས་ལྔའི་སྤྲུལ་པ་སྤྲོ་བའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས༔ སྟེང་གདོན་གཟའ་དང་འོག་གདོན་ཀླུ་བདུད་ནག་པོའི་ཚོགས་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ གདུག་ཅིང་གཏུམ་པའི་རིགས་ཐམས་ཅད་ཕྱག་གི་རྡོ་རྗེས་ཐལ་བར་བརླགས༔ ཡེ་ཤེས་ཀྱི་མེས་བསྲེགས༔ སྤྲུལ་པའི་ཁྱུང་ཆེན་རྣམས་ཀྱིས་ཞལ་དུ་གསོལ་ནས་ལྷག་མེད་དུ་བཅོམ་པར་བསམ་ལ༔ སྒྲུབ་སྔགས་ཀྱི་མཐར༔ བཛྲ་ཙཎྜ་ཁྲོཾ་ག་རུ་ཌ་ཧེ་ཧཾ་སེ་ནཱ་ག་དུ་ཙྪནྡེ་ཙྪནྡེ་མི་ལི་མི་ལི་བྷནྡྷ་བྷནྡྷ་སརྦ་གྲ་ཧ་ནཱ་ག་ནི་བི་ཥ་པྲ་ཤ་མ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཟླས་པས་གཟའ་ཀླུ་གདུག་པ་ཅན་ཐམས་ཅད་ཞི་ཞིང་སྲུང་བར་འགྱུར་རོ༔ རྫས་སྦྱོར་བྱེད་ན༔ ཁྱུང་ཆེན་ལྔ༔ རྡོ་རྗེ་གསུམ༔་་་གཟའ་བདུད་རྡོ་རྗེ། ཀླུ་བདུད་རྡོ་རྗེ། ཐལ་དཀར་རྡོ་རྗེ། གུ་གུལ་དཀར་ནག༔ དངུལ་ཆུ་དང་མུ་ཟི་སེར་ནག༔ ཉུངས་དཀར༔ ཉ་ཕྱིས༔ ཁྱུང་སྐྱུག༔ རྡོ་རྒྱུས༔ སྤང་སྤོས༔ ཤིང་མངར༔ རྒྱ་སྣག༔ ཀྱི་ལྕེ༔ སྔོ་རྡོ་རྗེ་མཆུ༔ ནུས་པ་དང་ལྡན་པའི་དྲི་ཆེན་རྣམས་ཀྱི་ཕྱེ་མ་སེང་ལྡེང་དམར་པོའི་ཁཎྜས་འདམ་བཏགས་རིལ་བུར་དྲིལ་བ་བྱུག་བདུག་འཆང་བ་དང་ཁོང་དུ་བཏང་བས་གཟའ་ཀླུ་འབྱུང་པོའི་གདོན་དང་མཛེ་ཤུ་རྨ་འབྲས་ཞ་འཁུམས་རེངས་པ་སོགས་ཀྱི་གཉེན་པོ་བླ་ན་མེད་པའོ༔ <!TCC Tibetan character 4,37 undefined in unicode!> བཞི་པ་གྲིབ་དང་མི་གཙང་བ་སེལ་བ་ནི༔ རང་གི་ཐུགས་ཀའི་ཧྲཱིཿལས་འབྱུང་བ་ལྔའི་རང་བཞིན་ཡེ་ཤེས་ཀྱི་རང་རྩལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོས་པས་ལུས་ཀྱི་ཕྱི་ནང་ཉེ་འཁོར་དང་བཅས་པ་ཐམས་ཅད་ཁྱབ༔ གྲིབ་དང་མི་གཙང་བའི་ནད་གདོན་བར་ཆད་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས༔ རླུང་གིས་གཏོར༔ ཆུས་སྦྱངས༔ སས་མནན༔ ནམ་མཁའ་སྟོང་ཉིད་ཀྱི་ངང་དུ་བསྟིམས་པར་བསམ་ལ་སྔགས་མཐར༔ ཁརྐཾ་ཛརྐཾ་བི་མ་ན་སེ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླས་པས་གནས་གྲོགས་ཟས་གོས་བྱད་གདོན་སོགས་ལ་བརྟེན་པའི་གྲིབ་དང་མི་གཙང་བ་དང་དེས་བསྐྱེད་པའི་ནད་ཡམས་ཐམས་ཅད་འཕྲལ་དུ་ཞི་བ་དང་སྲུང་བར་འགྱུར་རོ༔ གནས་ཆེན་རྣམས་སུ་སྐྱེས་པའི་བཟང་ཤིང་སྨན་སྤོས་ཀྱི་རིགས་ལ་གཞི་བྱས་ཏེ༔ ག་པུར༔ གུར་གུཾ༔ གི་ཝཾ༔ ཤུ་དག༔ ཙནྡན་དཀར་དམར༔ ཨ་གར་དཀར་ནག༔ གུ་གུལ་དཀར་ནག༔ ཆུ་ཤེལ༔ རྒྱ་སྤོས༔ སྤང་སྤོས༔ བྲག་སྤོས༔ བྲག་ཚན༔ གཡའ་ཚན༔ སྤང་ཚན༔ མཁན་དཀར་རྣམས་ཀྱི་ཕུར་མ་ཚུལ་བཞིན་བསྒྲུབས་པའི་བུམ་ཆུས་བྲན༔ སྔགས་ཀྱིས་བཏབ་པ་བྱུག་བདུག་འཆང་བས་ཀྱང་གྲིབ་དང་མི་གཙང་བའི་གནོད་པ་སྲུང་ཞིང་ཞི་བའི་མཆོག་གོ༔ གྲིབ་སེལ་གྱི་ཆོ་ག་བྱེད་ན༔ སྟེགས་བུའི་ཁར་བུམ་པ་ཆས་སུ་བཅུག༔ ཆར་ཆུ་དང་རྒྱུན་བབས་སོགས་ཀྱི་སྐར་ཆུ་གཙང་མ་ལ་གོང་གི་རྫས་བཏབ་པས་དགང༔ ཁ་རྒྱན་དང་རྨ་བྱས་བརྒྱན༔ མཆོད་གཏོར་དང་བཅས་བཤམ༔ བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས༔ ཧཱུྃ་ཞེས་བརྗོད་པས་བུམ་པ་མི་དམིགས་ཏེ་སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་ཤིང་ཆས་ཀྱིས་བརྒྱན་པ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་སྣ་ཚོགས་པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་ཧྲཱིཿལས་རྡོ་རྗེ་ཕག་མོ་དཀར་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ༔ སྐུ་ལས་སྐྱེས་པའི་འོད་ཟེར་གྱི་ཀློང་ན་འབྱུང་ལྔའི་ལྷ་མོ་མཐིང་སེར་དཀར་དམར་ལྗང་བའི་མདོག་ཅན་ཕྱག་ན་རང་མདོག་གི་བུམ་པ་བདུད་རྩིས་གང་བ་བསྣམས་པ་དཔག་ཏུ་མེད་པ་སྤྲོ་ཞིང་བསྡུ་བས་ཉམས་གྲིབ་མི་གཙང་ནད་གདོན་སྡུག་བསྔལ་ཐམས་ཅད་ཞི་ཞིང་སྲུང་བའི་ལས་མཛད་པར་བསམ༔ བྱིན་རླབས་སྤྱན་འདྲེན་སོགས་རྒྱས་བསྡུས་ཅི་རིགས་བྱ༔ རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ༔ འོད་ཟེར་སྤྲོས་བསྡུས་ལས་མཛད༔ སྐུ་ལས་གྲིབ་དང་མི་གཙང་བ་དག་བྱེད་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་ཆར་བཞིན་དུ་བབས་པས་བུམ་པ་ཡོངས་སུ་གང་བར་བསམ་ལ་སྔགས་བཟླ༔ མཐར་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ༔ ནོངས་པ་བཤགས༔ མཆོད་ཡོན་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་ནས་ཆུ་ནུས་པ་དང་ལྡན་པར་བསམ༔ བསྒྲུབ་བྱའི་དྲིལ་ཟན་གྱི་གླུད་མར་མེ་ཆངས་བུ་སོགས་དཀོར་ཆས་གཏམས་པ་དང༔ ཞི་བའི་མེ་ཐབ་བམ༔ མར་མེ༔ ཏིལ༔ ཁྲུས་ཆས་སོགས་བཤམ༔ གང་ལ་བྱ་བའི་ཡུལ་མདུན་དུ་འཁོད་པར་ཐོག་མར་མར་མེས་སྦྱང་བའི་སླད༔ མེ་ཐབ་འབར་བའི་དབུས་སུའམ༔ མར་མེ་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུར་བསམ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས༔ བསྒྲུབ་བྱའི་སྣ་བུག་ནས་ཞུགས༔ ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་སྡིག་པ་དང་སྒྲིབ་པ་གྲིབ་དང་མི་གཙང་བ་ནད་གདོན་ཉེར་འཚེ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པས་འདུས༔ སྣ་བུག་ནས་ཐོན༔ ཏིལ་ལ་ཐིམ་པ་བཅོམ་ལྡན་འདས་མའི་ཞལ་དུ་ཕུལ་བས་ཡེ་ཤེས་ཀྱི་མེས་ལྷག་མེད་དུ་བསྲེགས་ཤིང་སྦྱངས་པར་བསམ་ལ༔ ཨོཾ་བཛྲ་བྷ་ར་ཧི་སརྦ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ཀླེ་ཤ་མ་ལ་ད་ཧ་ན་བྷསྨིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་པས་ཏིལ་བརྒྱ་རྩ་སོགས་ཕུལ༔ མཐར་བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་མེ་འབར་ཞིང་འཁྲུགས་པའི་རྣམ་པར་གྱུར་པས་ཕྱི་ནང་གི་གྲིབ་དང་མི་གཙང་ནད་གདོན་ཉེར་འཚེ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་ལ་མེས་བསྒྲུབ་བྱའི་ལུས་ལ་བསྐོར་ཞིང་ཕྱིར་དོར༔ དེ་ནས་ཆུས་སྦྱང་བ་ནི༔ ཁྲུས་བུམ་ཐོགས་ལ༔ ཧཱུྃ༔ བུམ་པ་མཐིང་བུམ་དྲི་མེད་ནང༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་གཏི་མུག་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ སྔགས་ཀྱི་མཐར༔ ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འཐབ་འཁོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་བྱུར་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གནས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལུས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཟས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གོས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དམེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནལ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡུགསགྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མཛེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རོ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་གི་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བུམ་པ་གསེར་བུམ་དྲི་མེད་ནང༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ སྔགས་བརྗོད༔ ཧཱུྃ༔ བུམ་པ་དངུལ་བུམ་དྲི་མེད་ནང༔ མེ་ལོང་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ སྔགས་བརྗོད༔ ཧཱུྃ༔ བུམ་པ་ཟངས་བུམ་དྲི་མེད་ནང༔ སོར་རྟོག་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ སྔགས་བརྗོད༔ ཧཱུྃ༔ བུམ་པ་གཡུ་བུམ་དྲི་མེད་ནང༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ ནག་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ སྔགས་བརྗོད་ཅིང་དག་པར་བཀྲུའོ༔ རླུང་གིས་བྱབ་པ་ནི༔ རྨ་བྱ་དང་ཀུ་ཤ་ཐོགས་ལ༔ ཧཱུྃ༔ ཀུ་ཤ་དག་བྱེད་དྲི་མེད་རྫས༔ རྨ་བྱ་དུག་གི་ནུས་པ་འཇོམས༔ རྟེན་འབྲེལ་རྫས་དང་རིག་པའི་སྔགས༔ ཏིང་འཛིན་རླུང་གི་ཤུགས་འཆང་བས༔ སྒོ་གསུམ་ཉོན་མོངས་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང༔ སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་ཀུན༔ ཆོས་ཀྱི་དབྱིངས་སུ་བྱང་གྱུར་ཅིག༔ སྔགས་ཀྱི་མཐར་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་གདགས་པ་དང་བཅས་ལུས་ལ་བསྐོར་ཞིང་ཁྲུས་ཁུའི་ནང་དུ་བྱབས་ལ་གྲིབ་གླུད་ཀྱི་མཐར་བླུག༔ གྲིབ་བདག་ལ་གླུད་གཏོར་སྦྱིན་ནས་བསྐྲད་པ་ནི༔ ཡས་རྣམས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ རང་གི་སྙིང་ག་ནས་ཁྲོ་བོ་ཊཀྐི་རཱ་ཛའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བསྒྲུབ་བྱ་ལ་གནོད་ཅིང་འཚེ་བའི་ནད་གདོན་གྲིབ་དང་མི་གཙང་བའི་བདག་པོ་བདག་མོ་ཐམས་ཅད་མདུན་དུ་བཀུག༔ ཞི་ཞིང་དུལ་བའི་ཚུལ་གྱིས་འཁོད་པར་བསམ་ལ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ལན་བདུན་གྱིས་ཆངས་བུ་དང་འབྲུ་ཆན་སོགས་བསྔོས་ལ་གླུད་ཀྱི་ནང་དུ་དོར༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང༔ དྲན་དང་བཟུང་དང་བསམ་དང་ནི༔ གློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་པ་ལོ་གྲངས་སོགས་ཅི་ནུས་བསྐྱར༔ ཏིང་ལོ་སྦར༔ གླུད་ཁ་བསྒྱུར་ལ༔ ཧཱུྃ༔ ང་ནི་རྡོ་རྗེ་ཕག་མོ་སྟེ༔ ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ སྲིད་གསུམ་ཐམས་ཅད་བྲན་དུ་འཁོལ༔ འཁོར་འདས་ཀུན་གྱི་བདག་མོ་ཡིན༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ལུས་ངག་སེམས་ལ་གནོད་བྱེད་པ༔ གྲིབ་དང་མི་གཙང་སྡུག་བསྔལ་དང༔ ནད་དལ་བདག་པོ་བདག་མོ་ཀུན༔ མི་བས་དགའ་བའི་གླུད་གཏོར་དང༔ ནམ་མཁའ་མཛོད་དུ་བྱིན་བརླབས་པའི༔ བཟའ་བཏུང་འདོད་ཡོན་འདི་ཁྱེར་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ གྲིབ་དང་མི་གཙང་སྡུག་བསྔལ་སོགས༔ ཞི་དང་ཕན་པའི་སེམས་སྐྱེད་ལ༔ རང་རང་གནས་སུ་མྱུར་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཅེས་དང་དྲག་སྔགས་བརྗོད༔ ཐུན་གྱིས་བྲབ༔ རྫས་ཀྱིས་བདུག་ལ་གླུད་གཏོར་རྒྱང་རིང་དུ་བསྐྱལ༔ སླར་མི་འཇུག་པའི་ཕྱིར་སྲུང་བ་ནི༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི༔ གཉིས་མེད་ཡེ་ཤེས་ལས་བྱུང་བ༔ རྡོ་རྗེ་དྲྭ་བའི་སྤྲིན་ཆེན་པོ༔ ཕྱི་ནང་ཀུན་ཏུ་ཁྱབ་པར་འཕྲོས༔ ལུས་ལ་རྡོ་རྗེའི་གོ་ཆས་གཡོགས༔ ལུས་ཀྱི་ནད་གདོན་སྡུག་བསྔལ་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ ངག་ལ་རྡོ་རྗེས་བྱིན་བརླབས་པས༔ ངག་གི་ནད་གདོན་སྡུག་བསྔལ་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ ཡིད་ལ་རྡོ་རྗེས་རྒྱས་བཏབ་པས༔ ཡིད་ཀྱི་ནད་གདོན་སྡུག་བསྔལ་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ ཞེས་དང་སྔགས་ཀྱི་མཐར་རཀྵ་རཀྵ་བཏགས་པས་རྡོ་རྗེས་བསྐོར་ཞིང་གནས་གསུམ་དུ་རེག༔ བདེན་སྟོབས་དང་བཀྲ་ཤིས་བརྗོད༔ དེས་ནི་ནད་གདོན་གྲིབ་དང་མི་གཙང་བས་ནོན་པ་ལས་གྲོལ་ཏེ་ཟླ་བ་གཟའ་ལས་ཐར་བ་བཞིན་དུ་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> ལྔ་པ་རྡོ་རྗེའི་ཚེ་སྒྲུབ་པ་ནི༔ རང་གི་ཐུགས་ཀར་ཡེ་ཤེས་སེམས་མའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་ལྟེ་བར་ཁ་ཊྭཱཾ་ག་དཀར་པོ་ལྟེ་བར་ཧྲཱིཿས་མཚན་པ་ལས་འོད་ཟེར་འཕྲོས༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག༔ ལུས་ཀྱི་ནང་གང༔ དུས་མ་ཡིན་པའི་འཆི་བ་ཞི༔ རིག་འཛིན་ཚེའི་དངོས་གྲུབ་ཐོབ༔ དྭངས་མ་ཧྲཱིཿལ་འདུས་པས་རྡོ་རྗེའི་སྲོག་འགྲུབ་པར་བསམ་ལ༔ སྒྲུབ་སྔགས་མཐར༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་བ་ནི་བདག་དོན་རྒྱུན་གྱི་རྣལ་འབྱོར་ཏེ༔ རྩེ་གཅིག་ཏུ་བསྒྲུབས་པས་ཚེའི་བར་ཆད་ཞི་ཞིང་རྡོ་རྗེའི་ཚེ་འགྲུབ་པར་འགྱུར་རོ༔ མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་ན༔ ཐོག་མར་ཚེའི་རྫས་འདུ་བྱ་སྟེ༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ ཅོང་ཞི་བྲག་ཞུན་རྟག་ཏུ་ངུ༔ འབྲས་བུ་གསུམ་དང་དབང་པོ་ལག༔ རྩ་བ་ལྔ་དང་སྙིང་པོ་ལྔ༔ ཤིང་མངར་ཤུ་དག་དཀར་པོ་ཚེ་ཡི་རྫས༔ ཞེས་པ་རྣམས་ལེགས་པར་སྦྱར་བ་ཞིབ་བཏགས་འབྲུ་དཀར་གྱི་ཕྱེ་མ་དང་བཅས་གཡུ་མཚོ་གཏན་འཁྱིལ༔ རྒྱུན་འབབ་ཀྱི་ཆུ༔ དགུན་མི་འཁྱགས་པའི་ཚེ་རིང་བའི་ཆུ༔ བ་དམར་པོའི་འོ་མ་དང་བཅས་པས་རིལ་བུར་དྲིལ་བ་ཐོད་པ་མཚན་ལྡན་གྱི་ནང་དུ་བླུག༔ དར་དམར་པོས་ཁ་བཅད་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག༔ དེའི་མདུན་དུ་ཚེ་གཏོར་དང༔ ཚེའི་བཟའ་བཏུང་མཆོད་ཚོགས་བཅས་བཤམ༔ བདག་མདུན་གྱི་སྒྲུབ་མཆོད་ཚུལ་བཞིན་དུ་བྱས་ལ་བཟླས་པའི་སྐབས་སུ༔ བདག་མདུན་གྱི་ཐུགས་ཀར་ཚེ་རྟེན་སྔར་བཞིན་གསལ་གདབ༔ རང་གི་ཐུགས་སྲོག་ལས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཞུགས༔ ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འབར་བའི་རྩེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིར་སྤྱན་དྲངས༔ རང་དང་སྒྲུབ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ་སྔགས་འབུམ་ཕྲག་གཅིག་བཟླས་པས་དངོས་ཉམས་རྨི་ལམ་དུ་ཚེའི་དངོས་གྲུབ་འགྲུབ་པའི་རྟགས་མཐོང་བར་འགྱུར་རོ༔ ཐུན་མཚམས་སུ་མཆོད་ཅིང་བསྟོད་ལ་ཐུགས་དམ་བསྐུལ་བ་ནི༔ མདའ་དར་གཡོབ་ཅིང༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ ཚེ་དང་ཡེ་ཤེས་དབང་ཕྱུག་མ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ རྩེ་གཅིག་གུས་པས་བསྒྲུབས་ལགས་ན༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཕོ་ཉ་མང་པོའི་ཚོགས་དང་བཅས༔ འོད་དང་འོད་ཟེར་མཁའ་ཁྱབ་སྤྲོས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་པ་དང༔ སྡེ་བརྒྱད་འབྱུང་པོས་ཕྲོགས་པ་ཁུག༔ འབྱུང་བཞིའི་དྭངས་བཅུད་སྐྱེ་འགྲོའི་ཚེ༔ རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱུན་གྱི་རྟག་པའི་ཡེ་ཤེས་བྱིན༔ འཆི་མེད་བདུད་རྩིའི་རྣམ་པར་སྡུས༔ བདག་ཅག་རྣམས་ལ་བསྩལ་ནས་ཀྱང༔ དུས་མིན་འཆི་བའི་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་རྟོགས་པ་རྒྱས༔ རྡོ་རྗེའི་སྐུ་མཆོག་འགྲུབ་མཛད་གསོལ༔ ཅེས་དང་སྔགས་བརྗོད༔ དེ་ལྟར་བསྡུས་པའི་ཚེ་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་ཐིམ༔ དབུ་མའི་ཡས་མར་གྱི་སྒོ་ཐིག་ལེ་དཀར་དམར་གྱིས་བཅད༔ ལུས་ལ་རྡོ་རྗེའི་གུར་ཁྱིམ་གྱིས་གཡོགས་པར་བསམ་ལ༔ ཨ༔ རྟག་པ་རྒྱུན་གྱི་ཡེ་ཤེས་ཚེ༔ མི་འགྱུར་གཉུག་མའི་ཐིག་ལེར་ཐིམ༔ བདེ་སྟོང་རྡོ་རྗེས་རྒྱས་བཏབ་ནས༔ ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔ ཨ་ཨ་ཨ༔ ཞེས་བརྗོད་ཅིང་དགོངས་པ་བསྐྱང༔ གཏོར་མ་ཚོགས་མཆོད་སོགས་ཇི་ལྟར་རིགས་པས་མཐར་དབྱུང་ངོ༔ དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཐོབ་པའི་རྟགས་མཐོང་བའི་ཚེ༔ ཚོགས་དང་གཏོར་མས་རྒྱ་ཆེར་མཆོད་ཅིང་ནོངས་བཤགས་སྔོན་དུ་འགྲོ་བས་ཐུགས་དམ་བསྐུལ༔ སྒྲུབ་རྫས་སྤྱི་བོར་བླངས་ལ༔ ཨོཾ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ མི་འགྱུར་སྐུ་ཡི་ཡེ་ཤེས་ཚེ༔ རྣལ་འབྱོར་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར་ཀཱ་ཡ་སིདྡྷི་ཨོཾ༔ མགྲིན་པར་རེག་ལ༔ ཨཱ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་གསུང་གི་ཡེ་ཤེས་ཚེ༔ རྣལ་འབྱོར་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར་ཝཱ་ཀ་སིདྡྷི་ཨཱ༔ སྙིང་གར་རེག་ལ༔ ཧཱུྃ༔ འཆི་མེད་རྡོ་རྗེ་ཕག་མོ་ཡི༔ རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཚེ༔ རྣལ་འབྱོར་གཉུག་མའི་དབྱིངས་སུ་སྟིམས༔ ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ༔ སྔགས་མཐར་ཙིཏྟ་སིདྡྷི་ཧཱུྃ༔ ཚེའི་བཟའ་བཏུང་རོལ་ལ༔ ཧོ༔ ཐབས་ཤེས་ཚེ་ཡི་རིལ་བུ་དང༔ ཚེ་ཡི་བདུད་རྩི་ལ་བརྟེན་ནས༔ དུས་མིན་འཆི་བ་ཀུན་ཞི་ཞིང༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ༔ འཆི་མེད་རྡོ་རྗེ་ཕག་མོ་དང་སྐལ་པ་མཉམ་པར་བསམ་ལ་རྒྱས་གདབ༔ སྒྲུབ་རྫས་རིལ་བུ་སྣོད་བཟང་པོར་བཅང༔ དམ་ཚིག་ཉམས་པའི་ལག་ཏུ་མི་འགྲིམ༔ ར་བ་བཞིའི་ཡར་ངོ་ནས་བརྩམ་ཐོ་རངས་རླུང་རིག་དྭངས་པའི་སྐབས་སུ་བསྟེན༔ དེ་ལྟར་བརྩོན་པས་གནས་སྐབས་སུ་ཚེའི་བར་ཆད་ཞི༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ༔ རིག་འཛིན་ཚེའི་དངོས་གྲུབ་ཐོབ༔ མཐར་ཐུག་འཆི་མེད་རྡོ་རྗེ་ཕག་མོའི་ཡེ་ཤེས་རྒྱུད་ལ་བརྟན་པར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> དྲུག་པ་ནོར་སྒྲུབ་པ་ནི༔ དཔལ་ཅན་གྱི་ཐོད་པ་བཀྲ་ཤིས་པའི་ལག་ནས་བྱུང་བ་སྨན་དང་དྲིས་བྱུག༔ རིན་ཆེན་ལྔ༔ དར་སྣ་ལྔ༔ འབྲུ་སྣ་ལྔ༔ སྙིང་པོ་ལྔ༔ བཟའ་བཏུང་ལྔ༔་་་ཟན། ཁུར་བ། ཤ །ཆང་། ལ་ཕུག །གཞན་ཡང་དཔལ་ཅན་གྱི་རྫས་ཇི་སྙེད་པ་ཁྲོལ་བུ་དང་རིལ་བུས་བཀང༔ དར་གྱིས་ཁ་བཅད་ལ་སྟེགས་བུར་བཤམ༔ མཆོད་ཚོགས་དཔུང་བསྐྱེད༔ བདག་དང་མདུན་རྟེན་ལྷར་གསལ་བའི་སྒྲུབ་མཆོད་ཚུལ་བཞིན་དུ་བྱ༔ བཟླས་པའི་སྐབས་སུ་བདག་གི་ཐུགས་སྲོག་ལས་འོད་ཟེར་ཉི་མ་འཆར་ཁའི་མདངས་ཅན་འཕྲོས༔ མདུན་རྟེན་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ༔ དེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་མཁའ་ཁྱབ་ཏུ་འཕྲོས༔ སྲིད་པ་དང་ཞི་བའི་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བསྡུས༔ བདག་དང་མདུན་རྟེན་ལ་ཐིམ༔ གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས་པས་དཔལ་འབྱོར་ཟད་མི་ཤེས་པར་བསམ་ལ་སྒྲུབ་སྔགས་མཐར༔ སརྦ་ཛཾ་བྷེ་མོ་ཧེ་བ་སུ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་གཙོ་བོར་བཟླ༔ སྐབས་སུ༔ ཨོཾ་དྷ་ར་དྷ་ར་དྷི་རི་དྷི་རི་ཨུཥྞི་ཥ་ན་ན་ཥི་དྷ་རཏྣ་བ་སུ་སིདྡྷི་སྡུས་སྡུས་མ་ནོ་ཧ་ར་ཧཾ་སྭཱ་ཧཱ༔ ཞེས་བཟླ༔ གཏོར་ཚོགས་སོགས་ཀྱིས་མཆོད༔ ཐུགས་དམ་བསྐུལ་བ་ནི༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ འདོད་རྒུའི་དངོས་གྲུབ་མཆོག་སྩོལ་མ༔ མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས༔ རྣལ་འབྱོར་གདུང་བས་གསོལ་འདེབས་ན༔ ཐུགས་རྗེའི་ཡེ་ཤེས་ཕྱོགས་བརྒྱར་སྤྲོས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་གཡང༔ འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ ཕུན་སུམ་ཚོགས་པའི་དངོས་གྲུབ་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ དཔལ་འབྱོར་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཅེས་ཡང་ཡང་བསྐུལ་ཞིང་སྔགས་བཟླ༔ དེ་ལྟར་བརྩོན་པས་དངོས་ཉམས་རྨི་ལམ་དུ་དགེ་བའི་མཚན་མ་མཐོང་ན་དངོས་གྲུབ་བླང་ཞིང༔ མདུན་བསྐྱེད་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་གྱུར་པ་ལས་དངོས་གྲུབ་ཀྱི་རྫས་ཡིད་བཞིན་ནོར་བུའི་སྙིང་པོར་བསམ་ལ་བརྟན་བཞུགས་ཤིས་བརྗོད་བྱ༔ མཛོད་ཀྱི་ཕུགས་སུ་བཀུར་སྟི་དང་བཅས་ཏེ་བཞག༔ སྒྲུབ་པའི་རིལ་བུ་སོགས་སྒྲུབ་རྫས་ཀྱི་ཆ་ཤས་གཏེར་བུམ་དུ་བསྩལ་ལ་གནས་ཁང་དང་རྒྱབ་རི་དཔལ་ཅན་སོགས་སུ་སྦས་པས་གནས་སྐབས་སུ་དབུལ་ཕོངས་ཞི༔ དཔལ་འབྱོར་ལོངས་སྤྱོད་འཕེལ༔ སྲིས་སྨེ༔ འབྱོར་པ་ངང་གིས་འདུ༔ མཐར་ཐུག་ནམ་མཁའི་མཛོད་ཀྱི་ཡོ་བྱད་ལ་དབང་སྒྱུར་བར་འགྱུར་རོ༔ སྒྲུབ་རྫས་དང་ཐོད་པ་སོགས་མ་རྙེད་ན་རྟེན་གཏོར་ནོར་བུ་འབར་བའི་དབྱིབས་ཅན་རིན་ཆེན་འབྲུ་སྨན་དར་ཟབ་བཟའ་བཏུང་བཟང་པོས་བསྐོར་བ་ལ་བརྟེན་ནས་བསྒྲུབས་ཀྱང་རུང་ངོ༔ <!TCC Tibetan character 4,37 undefined in unicode!> བདུན་པ་ཤེས་རབ་སྒྲུབ་པ་ནི༔ མདུན་དུ་མཎྜ་ལར་ཐོད་ལེ་སྐོར་གྱིས་ཆོས་འབྱུང་ཟུར་དྲུག་མུ་ཁྱུད་དང་བཅས་པ་ལྟེ་བ་དང་ཟུར་དྲུག་རྩིབས་མཆན་བཅས་ལ་ཧྲཱིཾཿརེ་བྲི༔ དེའི་དབུས་སུ་ཤུ་དག་དཀར་པོ༔ རྩིབས་དང་མཆན་རྣམས་ལ་ཆུ་ཤེལ༔ ཙནྡན་དཀར་པོ༔ སྤང་རྒྱན་དཀར་པོ༔ ཅུ་གང༔ རུ་རྟ༔ ཨ་རུ་ར༔ སྤང་སྤོས༔ གུར་གུམ༔ གི་ཝཾ༔ དབང་ལག༔ ན་ལེ་ཤཾ༔ ཤིང་མངར་རྣམས་ཁྲོལ་བུར་སྤུངས༔ བགེགས་བསལ༔ ཁྲུས་ནས་དབྱུང༔ བདག་གི་རྣལ་འབྱོར་ལ་གནས་པས་ཐུགས་སྲོག་ཧྲཱིཾཿཡིག་དཀར་པོར་གསལ་བ་ལས་འོད་ཟེར་འཕྲོས༔ འཁོར་འདས་ཀྱི་ཡེ་ཤེས༔ གཟུངས༔ བློ་གྲོས༔ སྤོབས་པ༔ སྟོབས་རྩལ༔ ནུས་མཐུ༔ དྭངས་བཅུད་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་སྤྱན་དྲངས༔ མདུན་གྱི་རྫས་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ལ་ཧྲཱིཾཿའབའ་ཞིག་གི་བཟླས་པ་ཁྲི་དང༔ སྒྲུབ་སྔགས་ཀྱི་ཤམ་བུར་དབྱངས་གསལ་དང༔ ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷཱ་ནི་ཛྭ་ལ་ཛྭ་ལ་མེ་དྷི་ཝརྡྷཱ་ནི་དྷི་རི་དྷི་རི་བུ་དྷི་ཝརྡྷཱ་ནི་སྭཱ་ཧཱ༔ ཞེས་པའང་ཇི་ལྟར་རིགས་པ་བཟླས་པས་བྱིན་གྱིས་བརླབ༔ དེ་ནས་ལེགས་པར་བཏགས་ལ་བ་དམར་པོའི་འོ་མ་དང༔ ར་དཀར་པོའི་འོ་མ༔ སྦྲང་རྩི་བཅས་ཀྱིས་རིལ་བུར་དྲིལ༔ རིན་པོ་ཆེའམ་ཐོད་པའི་སྣོད་དུ་བསྩལ༔ དར་དཀར་པོས་ཁ་བཅད་དེ་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག༔ མཆོད་གཏོར་སོགས་བཤམ༔ བདག་བསྐྱེད་དང་མདུན་གྱི་རིལ་བུ་ལྷར་གསལ་བཏབ་ནས་སྒྲུབ་མཆོད་ཚུལ་བཞིན་གྱི་མཐར་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ལས་འོད་ཟེར་འཕྲོས༔ མདུན་གྱི་རིལ་བུ་ལྷར་གསལ་བའི་ཐུགས་སྲོག་ལ་ཐིམ༔ དེ་ལས་འོད་ཟེར་ལྕགས་ཀྱུ་ཧྲཱིཾཿཡིག་གི་རྣམ་པས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པ༔ གཟུངས་དང་སྤོབས་པའི་ཡེ་ཤེས༔ འཇིག་རྟེན་པའི་བློ་གྲོས་སྟོབས་རྩལ་ནུས་མཐུ༔ ཉི་ཟླ་ནོར་བུ་སྨན་ལ་སོགས་པའི་དྭངས་བཅུད་ཐམས་ཅད་རང་དབང་མེད་པར་བསྡུས་ཏེ་བདག་མདུན་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་ལ་ཧྲཱིཾཿཁྲི་ཕྲག་གསུམ་དང༔ སྔགས་རིང་ཡང་ཇི་ལྟར་ནུས་པ་བཟླ༔ ཐུན་མཚམས་རྣམས་སུ་གཏོར་ཚོགས་སོགས་བྱ༔ འོད་དང་སྒྲ་སོགས་རྟགས་མཐོང་བའམ་བཟླས་གྲངས་རྫོགས་པ་ན་དངོས་གྲུབ་བླང༔ ལྷ་འོད་དུ་ཞུ་བ་སྨན་གྱི་རིལ་བུ་མཐོང་ཐོས་དྲན་རེག་ཐམས་ཅད་བློ་དང་ངག་གི་དངོས་གྲུབ་སྩོལ་བའི་ནུས་པ་དང་ལྡན་པར་བསམ༔ བརྟན་བཞུགས་ཤིས་བརྗོད་སོགས་བྱ༔ ར་བ་བཞིའི་ཚེས་གཅིག་ནས་བརྩམ་སྟེ་ཐོ་རངས་ཀྱི་དུས་སུ་ཟླ་བ་གསུམ་སོགས་བརྟེན་པས་ཚེ་དང་ལང་ཚོའི་བཅུད་ལེན་དུ་འགྱུར༔ གཟི་བྱིན་འབར༔ དབྱངས་སྙན༔ བློ་རྣོ༔ དྲན་པ་གསལ༔ ཡིད་གཞུངས༔ བསླབས་དང་མ་བསླབ་པའི་ཤེས་བྱ་ཐམས་ཅད་ཐོགས་མེད་དུ་ཤེས༔ གཟུངས་དང་སྤོབས་པ་ཐོབ༔ མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> བརྒྱད་པ་དབང་གི་ལས་སྒྲུབ་པ་ནི༔ རང་གི་ཐུགས་སྲོག་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཐལ་གྱིས་འཕྲོས༔ སྨིན་མཚམས་གནད་ཀྱི་སྒོ་ནས་ཐོན་པ་དང༔ མཁའ་འགྲོ་དམར་མོ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་འོད་ཟེར་འབར་བཞིན་པས་འཇིག་རྟེན་ཁམས་ཐམས་ཅད་ཁྱབ༔ སྲིད་པ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཁབ་ལེན་གྱི་རྡོས་ལྕགས་བླངས་པ་ལྟར་བསྡུས་ནས་རང་ལ་ཐིམ༔ ཡིད་ཅན་ཐམས་ཅད་ཀྱི་སྙིང་རྩ་དབང་མེད་དུ་བསྒུལ༔ འུར་འུར་ཐིབ་ཐིབ་དབང་དུ་འདུས་པས་ཁམས་གསུམ་གྱི་དབང་ཕྱུག་ཆེན་མོར་གྱུར་པར་བསམ་ལ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏྲི་ལོ་ཀ་ཝཱ་ཤཾ་ཀུ་རུ་མ་ནོ་ཧ་ར་ཧཱུྃ་ཧ་ར་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཞེས་ཁྲི་ཕྲག་བཞི་བཟླས་པས་འགྲུབ་པར་འགྱུར་རོ༔ བསྒྲུབ་བྱ་ཕོ་མོ་ཆེད་དུ་ཡོད་ན་དེ་ཁོ་ན་ལ་དམིགས་པས་གཟིར་ཞིང་སྔགས་ལ་མིང་སྤེལ༔ རྫས་སྦྱོར་བྱེད་ན༔ ཡེ་ཤེས་དབང་དུ་བྱེད་པ་བླ་མ་ཡབ་ཡུམ་གྱི་བྱང་སེམས༔ བདེ་བ་དབང་དུ་བྱེད་པ་རྣལ་འབྱོར་པ་རང་ཉིད་ཡབ་ཡུམ་གྱི་ཁམས༔ སྣང་བ་དབང་དུ་བྱེད་པ་སིནྡྷུ་ར༔ སྲིད་པ་དབང་དུ་བྱེད་པ་གི་ཝཾ༔ ཟས་དབང་དུ་བྱེད་པ་སྦྲང་རྩི༔ གོས་དབང་དུ་བྱེད་པ་ལེ་བརྒན་གྱི་དར༔ རིན་པོ་ཆེ་དབང་དུ་བྱེད་པ་བྱེ་རུ༔ འབྲུ་དབང་དུ་བྱེད་པ་ཁྲེ་དམར་པོ༔ རྟ་ཕྱུགས་དབང་དུ་བྱེད་པ་གཡང་ཅན་གྱི་སྤུ་སྣ༔ ཕོ་དབང་དུ་བྱེད་པ་མཚལ༔ མོ་དབང་དུ་བྱེད་པ་དུང༔ ཆགས་པ་སྐྱེད་པ་ལན་ཚྭ༔ ཡིད་སྒྱུར་བ་ཆང༔ མྱོས་པར་བྱེད་པ་ལང་ཐང་ཚེ་རྣམས་དང༔ གཞན་ཡང་གླང་སྣ༔ ཧ་ལོ༔ ཨུག་ཆོས༔ རྡོ་ཁབ་ལེན༔ སྤོས་དཀར༔ སྤང་སྤོས༔ རྒྱ་སྤོས༔ ཤིང་ཚྭ༔ ཤུ་དག་རྣམས་ཀྱི་ཕྱེ་མ་དང་སྦྱར་བ་རིལ་བུའམ་ཕུར་མ་བྱས་ལ་སྔགས་ཀྱིས་ངར་བཏགས༔ ཁྲོམ་ཚོགས་སོགས་ཀྱི་སྐབས་སུ་བདུད་རྩིར་སྦྱར་ཏེ་སྦྱིན༔ དྲི་དང་སྦྱར་ཏེ་བདུག༔ ལུས་ལ་རེག་པ་སོགས་བགྱིས་པས་རྩོལ་མེད་དུ་དབང་དུ་འདུ་བར་འགྱུར་རོ༔ བསྒྲུབ་བྱ་དམིགས་བསལ་ལ་བྱེད་ན་སོ་སོའི་ཁམས་དཀར་དམར་རམ་ཟག་རྫས་སྦྱར་བའང་གནད་དོ༔ <!TCC Tibetan character 4,37 undefined in unicode!> དགུ་པ་སྲུང་བའི་ལས་སྒྲུབ་པ་ལ༔ སྒོམ་པས་སྲུང་བ་ནི༔ རང་ཕག་མོར་གསལ་བའི་ཕྱི་རོལ་དུ་ཆོས་འབྱུང་གི་ཟུར་དྲུག་ལ༔ ཕག་མོ་དམར་མོ༔ གཤིན་རྗེ་མ་སྔོན་མོ༔ རྨོངས་བྱེད་མ་དཀར་མོ༔ སྐྱོད་བྱེད་མ་སེར་མོ༔ སྐྲག་བྱེད་མ་ལྗང་མོ༔ ཙཎྜི་ཀཱ་ནག་མོ་སྟེ་གོ་ཆའི་དཔའ་མོ་དྲུག་རྣམས་རྒྱན་ཆ་ལུགས་གཙོ་མོ་དང་མཐུན་པ༔ དེའི་ཕྱིར་རོལ་དུ་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་གཙུག་ཏོར་འཁོར་ལོས་སྒྱུར་བ༔ སྟེང་འོག་ཕྱོགས་མཚམས་སུ་ཁྲོ་བོ་བཅུ༔ དེའི་ཕྱི་རོལ་དུ་རྡོ་རྗེ་རྭ་བ༔ མདའི་དྲྭ་བ༔ ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པ་གསལ་ཞིང་བརྟན་པས་བགེགས་དང་བར་དུ་གཅོད་པའི་སྦྱོར་བ་ཐམས་ཅད་བསྲུངས་པར་བསམ་ལ༔ སྒྲུབ་སྔགས་མཐར་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵཱ་ཧཾ༔ ཞེས་བཟླ་བར་བྱའོ༔ བྲིས་པས་བསྲུང་བ་ནི༔ གྲོ་གའམ་ཤོག་བུ་ལ་འཁོར་ལོའི་ལྟེ་བར་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ་ཟླ་གདན་རྡོ་རྗེའི་ལྟེ་བར་ལུས་ངག་ཡིད་ཡེ་ཤེས་དང་བཅས་པ་སྲུང་བའི་ཨོཾ་ཨཱཿཧཱུྃ་ཧོཿབརྩེགས་མ༔ ཟུར་དྲུག་ལ་དབང་ཡུལ་སྐྱེ་མཆེད་བསྲུང་བའི་ཕྱིར་ཨོཾ་བཾ༔ ཧཾ་ཡཾ༔ ཧྲཱིཾ་མཾ༔ ཧྲཱིཾ་ཧྲཱིཾ༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ༔ རྩིབས་མཆན་རྣམས་ལ་གཡུང་དྲུང་འཁྱིལ་བ༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྟོག་ཚོགས་ཐམས་ཅད་བསྲུང་བའི་ཕྱིར་བཅོམ་ལྡན་འདས་མའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་དང༔ མཱཾ་ལཱཾ་པཱཾ་ཏཱཾ༔ པུ་ལ་སོགས་པའི་ཡི་གེ་ཉེར་བཞི༔ ཧཱུྃ་བརྒྱད་དང་བཅས་པའི་མཐར་གང་བསྲུང་བའི་སྤེལ་ཚིག་སྦྱར༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་སྤེལ་ཚིག་དང་བཅས་པ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་ལ་ཁྲོ་བོ་བཅུའི་སྔགས༔ རྩིབས་མཆན་རྣམས་སུ་རྡོ་རྗེ་ཧཱུྃ་གིས་མཚན་པ༔ དེའི་ཕྱི་རོལ་དུ་དབྱངས་གསལ་རྟེན་སྙིང་འདོད་གསོལ༔ དེའི་ཕྱི་རོལ་དུ་རྡོར་ར༔ མེ་རི་རྣམས་རིམ་པར་བྲིས་པ་ལ་གུར་གུམ༔ གི་ཝཾ༔ ཅུ་གང༔ སིནྡྷུ་ར༔ དྲི་བཞིས་་་ག་པུར། གླ་རྩི། ཙནྡན། ཤིང་ཚྭ། བྱུག༔ ལྷར་བསྐྱེད་བཟླས་པ་སོགས་ཀྱིས་ནུས་ལྡན་དུ་བསྒྲུབ༔ ཤུ་དག༔ ཡུངས་དཀར༔ རྨ་བྱའི་མདོངས་རྣམས་དང་ལྷན་ཅིག་ཟངས་ཀྱི་གྭའུར་བཅུག་སྟེ་མགུལ་ལམ་དཔུང་པར་བཏགས་ན་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་སྲུང་བའི་མཆོག་ཏུ་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> བཅུ་པ་ཕྱིར་ཟློག་པ་ནི༔ གོ་ཆའི་དཔའ་མོ་དང་ཁྲོ་བོ་བཅུ་གཅིག་སྔར་བཞིན་གསལ་བཏབ་ལ༔ ངག་ཏུ་ཧཱུྃ་ཞེས་བརྗོད་པས་དེ་རྣམས་ཞལ་ཕྱིར་གཟིགས་ཏེ་ཁྲོས་ཤིང་རྔམས་པའི་ཐུགས་ཀ་ནས་རང་འདྲ་བའི་སྤྲུལ་པ་གྲངས་མེད་པ་སྤྲོས་ཏེ་ནད་གདོན་བགེགས་དང་བྱད་ཕུར་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་རྒྱང་རིང་དུ་བསྐྲད་པར་བསམ་ལ༔ སྒྲུབ་སྔགས་ཀྱི་མཐར་གོ་ཆའི་སྔགས་དང་ཧཱུྃ་བཅུ་གཅིག་གི་མཐར་སརྦ་མཱ་ར་སེ་ན་པྲ་ཏྱཾ་གཱི་ར་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཏགས་པ་མང་དུ་བཟླས་ཤིང་བདེན་སྟོབས་བརྗོད༔ ཐལ་མོ་བརྡབ༔ དེ་ལྟར་བགྱིས་པས་སྒྲུབ་པ་པོའི་བར་ཆད་ཐམས་ཅད་སྐད་ཅིག་གིས་ཕྱིར་ཟློག་པར་འགྱུར་རོ༔ སླར་མི་འཇུག་པའི་ཕྱིར་ལྷ་རྣམས་ནང་དུ་ཞལ་ཕྱོགས་ནས་སྲུང་བ་མཚམས་ཀྱི་ལས་མཛད་པར་བསམ་ལ་སྲུང་འཁོར་གསལ་བརྟན་དུ་བསྒོམ་ཞིང་སྔགས་ཀྱང་བཟླའོ༔ <!TCC Tibetan character 4,37 undefined in unicode!> བཅུ་གཅིག་པ་མངོན་སྤྱོད་ཀྱི་ལས་བསྒྲུབ་པ་ནི༔ གྲོག་མཁར་གྱི་ས་དང་ཚ་བ་གསུམ་ཁབ་ལེན་དུག་ཁྲག་བཅས་སྦྱར་བ་ལ་དགྲ་ཡིན་ན་ཟག་རྫས་དང༔ བགེགས་ལ་བྱེད་ན་དེའི་གནས་རྟེན་གྱི་ས་རྡོའི་ཕྱེ་མ་བསྲེས་པས་རཱུ་པ་སོར་བརྒྱད་པ་བྱས་ལ་ལྕགས་ཁང་དུ་བཅུག༔ སྲུང་ཟློག་གི་དམིགས་བཟླས་སྔར་བཞིན་རྗེས༔ སླར་ཡང་ཧཱུྃ་གིས་བསྐུལ་བས་དཔའ་མོ་དྲུག་དང་ཁྲོ་བོའི་ཚོགས་ཀྱི་ཐུགས་ཀ་ནས་ཕོ་ཉ་ཕྱག་རྒྱ་བཞི་ཐོགས་པ་དཔག་ཏུ་མེད་པ་སྤྲོས༔ དགྲ་བགེགས་གང་ཡིན་གྱི་སྙིང་ག་ནས་ལྕགས་ཀྱུས་བཏབ༔ མགྲིན་པ་ཞགས་པས་བསྡམས༔ ཡན་ལག་ལྕགས་སྒྲོག་གིས་བཅིངས་ཏེ་གཟུགས་ལ་བསྟིམས༔ དྲིལ་བུའི་སྒྲས་མྱོས་ཤིང་འགྱེལ་བར་བསམ་ལ་འགུགས་པའི་བདེན་སྟོབས་ཀྱང་བརྗོད༔ དེ་ནས་དེ་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་མོ་གསོད་བྱེད་མ་ནག་མོ་ཐུན་དང་ཕུར་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཐུན་གྱིས་ལུས་ཁྲོལ་ཚགས་སུ་བཏང༔ ཕུར་བུས་བཏབ༔ རྣམ་ཤེས་དབྱིངས་སུ་སྤར༔ ཚེའི་རྟེན་ཕུང་པོ་དང་བཅས་པ་གཟིར་ཞིང་བསྒྲལ་བར་བསམ་ལ་སྒྲུབ་སྔགས་དང་གོ་ཆ་དང་ཁྲོ་བོའི་ས་བོན་བཅས་ཀྱི་མཐར་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་སེ་ནཱ་གྲྀཧྞ་གྲྀཧྞ༔ བནྡྷ་བནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དི་ན་མེ་ཀེ་ན་མཱ་ར་ཡ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་དྲག་ཏུ་བཟླ། ཐུན་གྱིས་བྲབ༔ ཕུར་བུས་གདབ༔ མཐར་རཱུ་པ་དུར་ཁྲོད་དྲག་པོའི་མེས་སྦྱང༔ ཐལ་བ་འདྲེ་ཅན་གྱི་སར་མནན༔ དེས་ནི་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་གཅོད་པར་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> བཅུ་གཉིས་པ་ཉམས་ཆག་སྐོང་བའི་ལས་སྒྲུབ་པ་ནི༔ མཆོག་དང་ཐུན་མོང་གི་དངོས་གྲུབ་གང་བསྒྲུབས་ཀྱང་རང་རྒྱུད་དག་པར་བྱ་བ་ཤིན་ཏུ་གལ་ཆེ་བས་དམ་ཚིག་མ་ཉམས་པར་བསྲུང༔ གལ་ཏེ་ཚོར་དང་མ་ཚོར་བའི་ཉམས་ཆག་དབང་མེད་དུ་བྱུང་ན་བཤགས་སྦྱང་གི་ཆོ་གས་འཕྲལ་དུ་ཕྱིར་བཅོས་པར་བྱ་སྟེ༔ དེའང་ཡར་མར་གྱི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ་སྒྲུབ་པའི་དཀྱིལ་འཁོར་ཚུལ་བཞིན་དུ་བཤམ༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་གྱ་ནོམ་པ་དང༔ ཁྱད་པར་གཙང་ཞིང་གསལ་བའི་མར་མེ་བརྒྱ་རྩ་སོགས་ཀྱི་ཕྲེང་བས་བསྐོར༔ བདག་མདུན་སྒྲུབ་མཆོད་གཏོར་མ་འབུལ་བ་རྣམས་ཚུལ་བཞིན་དུ་བྱས་ལ༔ རྣལ་འབྱོར་པས་གདུང་བའི་ཤུགས་བསྐྱེད་དེ་བརྐྱང་ཕྱག་འཚལ༔ ཡི་གེ་བརྒྱ་པའི་སྔགས་བཟླ༔ ལྟ་བའི་ཀློང་བཤགས་ཀྱི་དགོངས་པ་བསྐྱང༔ ཐུན་མོང་དུ་རྩ་བ་དང་ཡན་ལག་གི་ཉེས་བྱས་བཤགས་པས་ལུས་ངག་ཡིད་གསུམ་ཆ་མཉམ་པའི་ཉམས་ཆག་སྦྱང༔ སྨན་གཏོར་རཀྟའི་སྐོང་བ་བྱ༔ ཁྱད་པར་དབང་བཞིའི་དམ་ཚིག་ཉམས་ཆག་སྐོང་བའི་སླད་དུ་མར་མེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང༔ ཨོཾ༔ སྣང་བ་སྣོད་ཀྱི་ཀོང་བུ་རུ༔ སྲིད་པ་བཅུད་ཀྱི་མར་ཁུས་གཏམས༔ ལུས་གནས་རྩ་ཡི་སྡོང་བུ་བཙུགས༔ སྣང་སྟོང་ཟུང་འཇུག་མར་མེ་སྦར༔ དག་པ་རབ་འབྱམས་མཆོད་སྤྲིན་འདིས༔ ཀུན་བཟང་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཐུགས་རྗེ་སྤྲུལ་སྐུའི་བདག་ཉིད་ཅན༔ མཁའ་ཁྱབ་འདུས་པའི་ཐུགས་དམ་བསྐང༔ སྤྱི་དང་ཁྱད་པར་ལྷག་པ་སོགས༔ རྡོ་རྗེ་ཐེག་པའི་འདུལ་བ་དང༔ ཁྱད་པར་བུམ་པའི་དབང་གི་ལམ༔ མཉམ་གཞག་བསྐྱེད་རིམ་མ་གསལ་ཞིང༔ རྗེས་ཐོབ་ཐ་མལ་སྣང་བར་ཞེན༔ བཟའ་བ་ཤ་ལྔ་བདུད་རྩི་དང༔ བཅང་བའི་རྡོ་རྗེ་དྲིལ་བུ་སྤངས༔ བསྲུང་བྱ་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ཤིང༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཅིང་ཚངས་པར་དབུགས་ཕྱུང་ནས༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱ་ཡ་དཱི་པེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨཱ༔ དབུ་མ་རྩ་ཡི་ཀོང་བུ་རུ༔ སྲོག་རྩོལ་རླུང་གི་མར་ཁུས་གཏམས༔ ཁ་སྦྱོར་ནཱ་དའི་སྡོང་བུ་བཙུགས༔ གསལ་སྟོང་ཟུང་འཇུག་མར་མེ་སྦར༔ དབང་སྒྱུར་ཆེན་པོའི་མཆོད་སྤྲིན་འདིས༔ ཀུན་བཟང་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ རང་བཞིན་ལོངས་སྐུའི་བདག་ཉིད་ཅན༔ མཁའ་ཁྱབ་འདུས་པའི་ཐུགས་དམ་བསྐང༔ སྤྱི་དང་ཁྱད་པར་ལྷག་པ་སོགས༔ རྡོ་རྗེ་ཐེག་པའི་འདུལ་བ་དང༔ ཁྱད་པར་གསང་བའི་དབང་གི་ལམ༔ མཉམ་གཞག་རྩ་རླུང་མ་བསྒོམས་ཤིང༔ རྗེས་ཐོབ་དེ་ཉིད་ལམ་མ་ལོངས༔ བཟའ་བ་སྟོང་གསལ་བདུད་རྩི་སྤངས༔ བཅང་བ་སྲོག་རྩོལ་རང་གར་ཤོར༔ བསྲུང་བྱ་ཁ་སྦྱོར་དང་བྲལ་བའི༔ དམ་ཚིག་ཉམས་ཆག་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ཤིང༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཅིང་ཚངས་པར་དབུགས་ཕྱུང་ནས༔ གསུང་གི་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཝཱ་ཀ་དཱི་པེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་ལོ་བཞི་ཡི་ཀོང་བུ་རུ༔ ཐིག་ལེ་བཞི་ཡི་མར་ཁུས་གཏམས༔ དགའ་བ་བཞི་ཡི་སྡོང་བུ་བཙུགས༔ སྟོང་པ་བཞི་ཡི་མར་མེ་སྦར༔ ལྷན་སྐྱེས་བདེ་བའི་མཆོད་སྤྲིན་འདིས༔ ཀུན་བཟང་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ངོ་བོ་ཆོས་སྐུའི་བདག་ཉིད་ཅན༔ མཁའ་ཁྱབ་འདུས་པའི་ཐུགས་དམ་བསྐང༔ སྤྱི་དང་ཁྱད་པར་ལྷག་པ་སོགས༔ རྡོ་རྗེ་ཐེག་པའི་འདུལ་བ་དང༔ ཁྱད་པར་གསུམ་པའི་དབང་གི་ལམ༔ མཉམ་གཞག་བདེ་སྟོང་མ་བསྒོམས་ཤིང༔ རྗེས་སྤྱོད་ལྷན་སྐྱེས་ཉམས་དང་བྲལ༔ བཟའ་བ་བདེ་བའི་བདུད་རྩི་དང༔ བཅང་བྱ་དངོས་ཡིད་ཕྱག་རྒྱ་སྤངས༔ བསྲུང་བྱ་ཐིག་ལེ་འཕོ་བ་ཡི༔ དམ་ཚིག་ཉམས་ཆག་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ཤིང༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཅིང་ཚངས་པར་དབུགས་ཕྱུང་ནས༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙིཏྟ་དཱི་པེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཧོ༔ གཟུང་འཛིན་ཡུལ་གྱི་ཀོང་བུ་རུ༔ ཡུལ་ཅན་ཡེ་ཤེས་མར་ཁུས་གཏམས༔ སྣང་སེམས་ཟུང་འཇུག་སྡོང་བུ་བཙུགས༔ བློ་འདས་རང་བྱུང་མར་མེ་སྦར༔ འོད་གསལ་ཆེན་པོའི་མཆོད་སྤྲིན་འདིས༔ ཀུན་བཟང་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ དབྱེར་མེད་བདེ་ཆེན་བདག་ཉིད་ཅན༔ མཁའ་ཁྱབ་འདུས་པའི་ཐུགས་དམ་བསྐང༔ སྤྱི་དང་ཁྱད་པར་ལྷག་པ་སོགས༔ རྡོ་རྗེ་ཐེག་པའི་འདུལ་བ་དང༔ ཁྱད་པར་བཞི་པའི་དབང་གི་ལམ༔ མཉམ་གཞག་གནས་ལུགས་མ་བསྒོམས་ཤིང༔ རྗེས་ཐོབ་ཐ་མལ་འཁྲུལ་པར་ཤོར༔ བཟའ་བ་སྟོང་ཉིད་བདུད་རྩི་དང༔ བཅང་བྱ་རྩེ་གཅིག་ཏིང་འཛིན་གཡེལ༔ བསྲུང་བྱ་གཟུང་འཛིན་རྟོག་པས་གཡེངས༔ དམ་ཚིག་ཉམས་ཆག་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ཤིང༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཅིང་ཚངས་པར་དབུགས་ཕྱུང་ནས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་དཱི་པེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་ངེས་ཤེས་བསྐྱེད་ལ་གདུང་ཤུགས་དྲག་པོས་བཤགས་པས་དབང་བཞིའི་སྡོམ་པ་དང་དམ་ཚིག་གི་ཉེས་ལྟུང་ཐམས་ཅད་སོར་ཆུད་པར་འགྱུར་རོ༔ མཐར་སྨོན་ལམ་གདབ་པ་ནི༔ ཧོ༔ གསང་མཆོག་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་གྱིས༔ བསྙེན་སྒྲུབ་སྐོང་བའི་ཆོ་གར་བརྩོན་པའི་མཐུས༔ རྒྱུད་དག་དངོས་གྲུབ་རྣམ་གཉིས་རྒྱས་པར་ཤོག༔ བུམ་དབང་དམ་ཚིག་ཉམས་ཆག་སོར་ཆུད་ཅིང༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ ཐུན་མོང་ལས་ཀྱི་ཚོགས་ཀུན་འགྲུབ་པ་དང༔ ཀུན་ཏུ་འོད་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ གསང་བའི་དབང་གི་དམ་ཚིག་ཉམས་ཆག་བྱང༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ རླུང་སེམས་ལྷ་སྐུའི་ཕྱག་རྒྱ་འགྲུབ་པ་དང༔ པདྨ་ཅན་གྱི་ས་ལ་ཕྱིན་པར་ཤོག༔ གསུམ་པའི་དབང་གི་དམ་ཚིག་ཉམས་ཆག་དག༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ འོད་གསལ་ངང་ལས་ལྷན་སྐྱེས་སྒྱུ་མའི་སྐུ༔ འཁོར་ལོའི་ཚོགས་ཆེན་བདེ་བས་དབུགས་ཕྱུངས་ཤིག༔ དོན་གྱི་དབང་གི་དམ་ཚིག་ཉམས་ཆག་གྲོལ༔ རིག་སྟོང་ཟུང་འཇུག་ཡེ་ཤེས་གོང་དུ་འཕེལ༔ སློབ་པ་མིན་པའི་གོ་འཕང་ལ་བརྟེན་ནས༔ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོག༔ ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན༔ འཆི་བ་འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ༔ བར་དོ་ལོངས་སྤྱོད་རྫོགས་པའི་ཕྱག་རྒྱར་བཞེངས༔ སྐྱེ་སྲིད་སྤྲུལ་པས་འགྲོ་དོན་ལྷུན་གྲུབ་ཤོག༔ རླུང་སེམས་འཁྲུལ་སྣང་མུན་པ་འཆར་སྲིད་ཚེ༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ བདེ་སྟོང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་ཕྱུངས་ཤིག༔ མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང༔ ནམ་ཡང་མི་འབྲལ་བྱིན་གྱིས་བརླབས་པ་ལས༔ ཕྱམ་གཅིག་གདོད་མའི་ས་ལ་གྲོལ་བར་ཤོག༔ ཅེས་འདུན་པ་རྩེ་གཅིག་པས་བཏབ་པས་རྒྱུད་དག་པར་གྱུར་པ་ལ༔ སླར་ཡང་ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད༔ དེ་ནས་ཉམས་ཆག་སྐོང་བའི་དབང་གིས་སྨིན་པར་བྱ་བ་ནི༔ ཁྲུས་བྱ༔ བགེགས་བསལ་ཞིང་སྲུང་མཚམས་བཅིང༔ ཚོགས་རྟེན་ནམ་སློབ་དཔོན་ལ་མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ ཐལ་མོ་སྦྱར་བས་བཏུད་དེ༔ བདེ་ཆེན་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ དམ་ཚིག་ཉམས་ཆག་དག་པ་དང༔ ཡེ་ཤེས་སྨིན་པའི་དབང་བསྐུར་སྩོལ༔ རྒྱུད་སྦྱང༔ གཞི་དགོད་པའི་སླད་དུ༔ སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འོག་མིན་གྱི་ཞིང་ནས་རྡོ་རྗེ་སྙེམས་མ་རིག་པའི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས༔ བཀྲ་ཤིས་པའི་གླུ་གར་དང་གསང་བའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་སྤྱི་བོར་བཞག་ཅིང་དབང་བསྐུར་བར་བསམ་ལ༔ ཐོད་པའི་བདུད་རྩིའི་དཀྱིལ་འཁོར་སྤྱི་བོར་བཞག་ལ༔ ཨོཾ༔ རང་བྱུང་དབྱིངས་ཀྱི་སྣོད་མཆོག་ཏུ༔ དག་བྱེད་རིག་པའི་བདུད་རྩི་བསྐྱིལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱུད་དག་ཡེ་ཤེས་ནུས་ཐོབ་ཤོག༔ སྔགས་མཐར༔ བྷཉྫ་ཀ་ལ་ཤ་མ་ཧཱ་སུ་ཁ་ཨ་མྲྀཏ་ཨ་བྷི་ཥིཉྩཱ་མི༔ འཐོར་འཐུང་བྱ༔ དེ་ལྟར་བྱས་པས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་གནས་ཀུན་ཏུ་ཁྱབ་པས་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང༔ ཡེ་ཤེས་ཀྱི་སྐལ་པ་ཁྱད་པར་ཅན་རྒྱུད་ལ་བཞག་པར་མོས༔ དངོས་གཞི་དབང་བཞིའི་ཡེ་ཤེས་སྨིན་པའི་སླད༔ མར་མེ་གསལ་བ་སྤྱི་བོར་བཞག་ལ༔ ཨོཾ༔ ལུས་གནས་རྩ་ཡི་ཀོང་བུ་རུ༔ སྣང་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ ཀཱ་ཡ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར་བཞག་ལ༔ ཨཱ༔ སྲོག་རྩོལ་རླུང་གི་ཀོང་བུ་རུ༔ གསལ་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལས་རླུང་སྔགས་སུ་རྫོགས་པར་ཤོག༔ ཝཱ་ཀ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་བཞག་ལ༔ ཧཱུྃ༔ དཀར་དམར་ཐིག་ལེའི་ཀོང་བུ་རུ༔ བདེ་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་མིག་སྒོར་བསྟན་ལ༔ ཧོ༔ ཆོས་ཅན་རྟོག་པའི་ཀོང་བུ་རུ༔ རིག་སྟོང་ཟུང་འཇུག་སྒྲོན་མེ་སྦར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་མངོན་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་དཱི་པེ་ཨ་བྷི་ཥིཉྩ་ཧོ༔ དེ་ལྟར་དབང་བཞི་བསྐུར་པ་ལས༔ ཡུལ་ཀུན་སྣང་སྟོང་ལྷ་སྐུར་ཤར༔ ཡུལ་ཅན་གསལ་ལ་མི་རྟོག་ངང༔ ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ༔ འོད་གསལ་ཡེ་ཤེས་མངོན་གྱུར་བསམ༔ སྨོན་ལམ་གདབ་ཅིང་བཀྲ་ཤིས་གསོལ༔ དེས་ནི་དབང་བཞིའི་ཉམས་ཆག་དང༔ སྒོ་གསུམ་ཆ་མཉམ་དང་བཅས་པའི་སྡིག་སྒྲིབ་དག༔ ལམ་གྱི་ཡེ་ཤེས་བཞི་གོང་དུ་འཕེལ༔ འབྲས་བུ་སྐུ་བཞི་མྱུར་དུ་འགྲུབ་པའི་སྐལ་པ་ཅན་དུ་འགྱུར་བས་ན་བདག་འཇུག་གི་ཚུལ་དུ་རྟག་ཏུ་བླང་ཞིང༔ སྣོད་ལྡན་གཞན་ཡང་རྗེས་སུ་བཟུང་བས་འབྲེལ་ཚད་རྒྱུད་དག་ཅིང་ཡེ་ཤེས་གོང་འཕེལ་དུ་འགྱུར་རོ༔ <!TCC Tibetan character 4,37 undefined in unicode!> བཅུ་གསུམ་པ་མཐར་ཐུག་མཆོག་གི་དངོས་གྲུབ་སྒྲུབ་པའི་ལས་སྦྱོར་ནི༔ བདེ་བ་ཆེན་པོ་བདུད་རྩི་ར་སཱ་ཡཱ་ནའི་སྒྲུབ་པ་སྟེ༔ རྡོ་རྗེ་ཕག་མོ་ཡེ་ཤེས་གསང་བ་མཆོག་གི་རྒྱུད་ལས༔ རྒྱུད་དག་རྟོགས་པར་ལྡན་པ་ཡིས༔ འབྲེལ་ཚད་བདེ་བ་ཆེན་པོའི་སར༔ ཚོམ་བུ་གཅིག་ཏུ་གྲོལ་བའི་ཕྱིར༔ བདུད་རྩི་མཆོག་གི་ལས་སྦྱོར་བྱ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ ཁྲོལ་བུ་སྦྱང་ཞིང་ཕྱེ་མ་བརླབ༔ བདུད་རྩིར་བསྐྱིལ་ཞིང་གོང་བུར་བསྡུ༔ ཞེས་གསུངས་པ་ལྟར་ལག་ཏུ་བླང་བར་བྱ་སྟེ༔ དུར་ཁྲོད་ལ་སོགས་པ་འཇིགས་ཤིང་ཟིལ་ཆེ་བ་ཤིན་ཏུ་དབེན་པའི་གནས་སུ་ས་གཞི་ལས་སུ་རུང་བར་བྱ༔ ཕྱི་ནང་གསང་བའི་མཚམས་དམ་དུ་བཅད༔ ལྷ་ལ་སྙན་གསན་འབེབ་པའི་ཚུལ་གྱིས་བདག་མདུན་གྱི་སྒྲུབ་མཆོད་དང་སྐོང་བཤགས་ནན་ཏན་དུ་བྱ༔ དེ་ནས་ཇི་ལྟར་འཚམ་པའི་སྟེགས་བུར་བདུད་རྩི་ལྔས་ཆག་ཆག་གདབ༔ མཆོད་གཏོར་སོགས་བག་དྲོ་བརྗིད་ལྡན་དུ་བཤམ༔ བསྒྲུབ་བྱའི་རྫས་བདག་ཉིད་ཆེན་པོ་པདྨ་ཡབ་ཡུམ་གྱི་ཐབས་ཤེས་བདེ་བ་ཆེན་པོའི་རིལ་བུ་དངོས་སམ༔ ཕབས་རྒྱུན་དང་ལྡན་པ་རིག་འཛིན་གྲུབ་པའི་ཕྱག་ནས་བྱུང་བ་ཉིད་གཞིར་བྱས་ཏེ༔ འཕགས་པ་གསུམ་གྱི་རིང་བསྲེལ༔ དངོས་གྲུབ་མཆོག་བརྙེས་པའི་བདུད་རྩི་ལྔ༔ ཡུལ་དག་པའི་ཤ་ལྔ༔ དེ་དག་གི་འཕྲོད་དང་སྐྱོབས་སུ་གྱུར་པའི་སྨན་གྱི་རྩ་བ་དང་ཡན་ལག་ཇི་ལྟར་རྙེད་པ་དང༔ ཁྱད་པར་རིན་པོ་ཆེ་སོགས་ལྔ་ཚན་ལྔ༔ རྟག་ཏུ་ངུ་རིགས་གསུམ༔ རྩ་བ་ལྔ་དབང་པོ་ལག་པ་སོགས་བཅུད་ལེན་གྱི་རྫས་རྣམས་མདུན་དུ་སྟེགས་བུའི་དབུས་སུ་མཎྜ་ལར་ཐོད་པ་ལ་སོགས་པའི་སྣོད་དུ་སྤུངས༔ བགེགས་བསལ༔ ཁྲུས་ནས་དབྱུང༔ རང་ཉིད་སྒོམ་བཟླས་ནུས་ལྡན་དུ་བསྒྲུབ༔ རང་གི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱི་སྣེ་ལས་ཁྲོ་མོ་དུམ་སྐྱེས་མའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་རྫས་ཀྱི་མི་གཙང་བ་དང་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ སླར་ཡང་འོད་ཟེར་འཕྲོས་པས་འོག་མིན་ནས་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཡབ་ཡུམ་སྤྱན་དྲངས༔ རྫས་ཀྱི་ནམ་མཁར་བཞུགས་པ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ སྣོད་བཅུད་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གཡོས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་དྭངས་མ་སྟོབས་རྩལ་ནུས་མཐུ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབས་པ་བཞིན་བྱུང༔ རྫས་ལ་ཐིམ་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས༔ དག་པ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་མ་ཧཱ་སུ་ཁ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་ཏུ་བཟླ༔ དེ་ནི་ཁྲོལ་བུ་བསྙེན་པའི་ཚུལ་གྱིས་སྦྱང་བའོ༔ དེ་ནས་མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་བསྟིམ༔ རྫས་རྣམས་ཞིབ་པར་བཏགས་ལ་སྔར་བཞིན་ཐོད་པ་ལ་སོགས་པའི་སྣོད་དུ་སྤུངས༔ རང་ཉིད་སྒོམ་བཟླས་སྔོན་དུ་འགྲོ་བས༔ བདག་གི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱིས་འོག་མིན་པདྨ་བརྩེགས་པའི་ཞིང་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས༔ རྫས་ཀྱི་ནམ་མཁར་བཞུགས་པ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ འཁོར་འདས་ཀྱི་ཚེ་དང་ཡེ་ཤེས་དཔལ་དང་གཟི་བརྗིད་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་༔ སྦྱོར་མཚམས་ནས་ཆར་དྲག་ཏུ་བབས་པ་བཞིན་བྱུང༔ རྫས་ལ་ཐིམ་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ་ལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཛྲ་ཨཱ་ཡུརྫྙཱ་ན་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ཁྲི་ཕྲག་གཅིག་བཟླ་བ་ནི་ཕྱེ་མ་ཉེ་བར་བསྙེན་པའི་ཚུལ་གྱིས་བརླབ་པའོ༔ དེ་ནས་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་བདེ་བ་ཆེན་པོའི་བདུད་རྩིར་འོད་དུ་ཞུ་ནས་རྫས་ལ་ཐིམ་པར་བསམ༔ ཆང་དང༔ ཆུ་དང༔ འོ་མ་དང༔ རིན་པོ་ཆེའི་ཆུ་དང་བཅས་པས་ལེགས་པར་སྦོལ༔ དཀར་གསུམ་མངར་གསུམ་དང་ཕབས་ཀྱིས་བྲན༔ དྲོད་ཕབ་ལ་བྷནྡྷ་ལ་སོགས་པའི་སྣོད་དུ་བསྩལ༔ སྒྲུབ་པའི་དཀྱིལ་འཁོར་གྱི་སྟེང་དུ་མངའ་གསོལ༔ འོག་ཏུ་དྲོད་འབེབ་ཀྱི་མར་མེའང་སྦར༔ བདག་གི་སྒོམ་བཟླས་སྔོན་དུ་འགྲོ་བས༔ ཧཱུྃ༔ ཞེས་བརྗོད་པས་རྫས་ཀྱི་སྣོད་བཅུད་མི་དམིགས་ཏེ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འོག་ཏུ་ཡཾ་ལས་ཆོས་ཉིད་ཀྱི་རླུང༔ ཡེ་ཤེས་ཀྱི་མེ༔ སྐུ་གསུམ་མཚོན་པའི་ཐོད་སྒྱེད་གསུམ་གྱི་ཁར་ཨཱ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཐམས་ཅད་ཤ་ལྔ་བདུད་རྩི་ལྔ་ཡི་གེ་འབྲུ་བཅུས་མཚན་པ༔ རང་གི་ཐུགས་ལས་འཕྲོས་པའི་འོད་ཀྱིས་རླུང་གཡོས༔ མེ་སྦར༔ རྫས་ཐམས་ཅད་ཞུ་བ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་རྒྱ་མཚོར་འཁྱིལ་བའི་ཟེར་རླངས་འོད་ལྔའི་ཕུང་པོར་འཁྱིལ་བའི་ཀློང་དུ༔ པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ་པ་ནས་གཟུང༔ མཆོད་བསྟོད་བར་ལས་གཞུང་བསྲང༔ བཟླས་པའི་སྐབས་སུ་ཐུགས་དམ་བསྐུལ་ཞིང་བྱིན་དབབ་པའི་སླད་སྤོས་བསྲེག༔ རོལ་མོ་འཁྲོལ༔ མདའ་དར་གཡབ་ཅིང་གདུང་བའི་ཤུགས་བསྐྱེད་ལ༔ ཧཱུྃ༔ འོག་མིན་རྡོ་རྗེ་བཙུན་མོའི་ཞིང༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་བྷ་ར་ཧི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔ྄་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་བསྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་ཕེབས་པའི་རྟགས་མ་བྱུང་བར་བྱ༔ བཟླས་དམིགས་ནི༔ བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གིས་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད༔ མཁའ་གསང་ནས་ཆར་དྲག་ཏུ་བབས་པ་ཙམ་དུ་བྱུང༔ དམ་ཚིག་གི་བདུད་རྩིར་ཐིམ་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བར་བསམ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་ཉེར་གཅིག་པའི་ཛཔ྄་འདི་འབུམ་ཕྲག་གཅིག་བཟླ་བ་ནི་ལྡེ་གུ་སྒྲུབ་པས་བདུད་རྩིར་བསྐྱིལ་བའོ༔ དེ་དག་གི་སྐབས་སུ་སྤྲོ་ན་སྨན་སྲུང་སྤྱན་དྲངས༔ རྟོག་པ་བསལ༔ ལས་བཅོལ་ཞིང་ཛཔ྄་བཟླ་བའང་བྱ༔ ཐུན་གྱི་མཐར་གཏོར་ཚོགས་ཀྱིས་རྒྱ་ཆེར་མཆོད༔ དངོས་གྲུབ་འཕྲོག་པའི་ལྟ་ཉན་གྱི་འབྱུང་པོ་ཚར་བཅད༔ ཡེ་ཤེས་ཀྱི་གཟི་བྱིན་དབབ༔ ཚོགས་སྒྲུབ་ལ་དམིགས་བཟླས་རྒྱུན་མི་ཆད་པར་བྱ༔ རྐྱང་སྒྲུབ་ལའང་མི་ཚིག་གིས་བར་མ་ཆོད་པར་ཉམས་སུ་བླངས་པས་འོད་དང༔ སྒྲ་དང༔ དྲི་སོགས་བྱིན་རླབས་ཀྱི་རྟགས་མཐོང་བར་བྱའོ༔ དེ་ནས་དངོས་གྲུབ་མདོར་བསྡུས་པའི་ཚུལ་གྱིས་བླངས་ལ་མདུན་བསྐྱེད་ཀྱི་ལྷ་བདུད་རྩིར་བསྟིམས་ཤིང་བརྟན་པར་བྱས་ནས་རིལ་བུ་སྲན་ཆུང་ཙམ་དུ་བསྒྲིལ༔ བྷནྡྷ་ལ་སོགས་པའི་སྣོད་དུ་བསྩལ༔ དབུ་རྒྱན་དང་དར་དཔྱང་བཅིང༔ རྡོ་རྗེ་དྲིལ་བུས་གཡས་གཡོན་བརྟེན་ནས་དཀྱིལ་འཁོར་གྱི་དབུས་སུ་བྱིན་ཆེན་དབབ་པས་མངའ་གསོལ༔ བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་རྟེན་བསང་སྦྱང༔ སྟོང་པའི་ངང་ལས་རང་བྱུང་པདྨ་བྷནྡྷའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་བདུད་རྩི་བདེ་བ་ཆེན་པོའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་དབུས་སུ༔ པད་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་གདན་གྱི་སྟེང་དུ༔ རིལ་བུ་རྣམས་ཧྲཱིཿལས་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ་པ་ནས་གཟུང༔ ཐུགས་དམ་བསྐུལ་བའི་བར་བྱས་ལ༔ བཟླས་དམིགས་ནི༔ བདག་གི་ཐུགས་ཀ་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་བདེ་བ་ཆེན་པོའི་གཟི་བྱིན་འབར་བ་བར་མ་ཆད་པར་འཕྲོས༔ མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་མ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་ཐུགས་ཀར་ཕོག་པས་བདེ་བ་མཆོག་གིས་དགྱེས་པའི་འོད་ཟེར་གྱི་སྤྲིན་ཆེན་པོས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས༔ ཐུགས་ཀར་ཐིམ་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་ལ༔ གོང་གི་ཉེར་གཅིག་པའི་ཛཔ྄་ཁོ་ན་འབུམ་ཕྲག་གཅིག་ཏུ་བཟླ་བ་ནི་སྒྲུབ་པ་ཆེན་པོས་ཡེ་ཤེས་གོང་བུར་བསྡུ་བའོ༔ དེ་ལྟར་བསྒྲུབས་པས་གོང་བུ་ལས་འོད་འཕྲོ་བ༔ སྒྲ་སྙན་པར་གྲགས་པ༔ འཕེལ་བ་དང་འཕུར་བ་སོགས་རྟགས་མཐོང་ན་ངེས་པར་མཐོང་ཚོར་མྱང་རེག་ཐམས་ཅད་བདེ་ཆེན་མཆོག་གི་ཡེ་ཤེས་ལ་སྦྱོར་བའི་ལས་གྲུབ་པ་ཡིན་ནོ༔ དེ་ནས་བདག་དོན་དུ་དངོས་གྲུབ་བླང་བར་བྱ་སྟེ༔ བདག་མདུན་ལྷག་པར་གསལ༔ གཏོར་ཚོགས་རྒྱ་ཆེར་བྱ༔ ཉམས་ཆག་སྦྱང༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ གནས་གསུམ་ནས་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱིས་རང་གི་གནས་གསུམ་དུ་ཐིམ་པས་གསལ་ཞིང་བརྟན་པར་བསམ་ལ༔ གོང་གི་ཛཔ྄་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཞེས་སྟོང་ཕྲག་ཏུ་བཟླས་པས་དངོས་གྲུབ་དབང་དུ་བྱ༔ དེ་ནས་སྒྲུབ་པའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་བཏེག༔ དངོས་གྲུབ་གསོལ་ཞིང་གནས་བཞིར་རེག༔ མཐར་རིལ་བུ་ལྷར་གསལ་བ་ཧྲཱིཿདཀར་པོའི་རྣམ་པས་རང་གི་ཁ་སྒོ་ནས་ཞུགས༔ སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཧྲཱིཿཡིག་དང་དབྱེར་མེད་དུ་ཐིམ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བརྟན་ཅིང་བྱིན་རླབས་ཀྱི་གཟི་བྱིན་འབར་བས་མཐོང་ཚོར་མྱང་རེག་ཐམས་ཅད་བདེ་ཆེན་དགྱེས་པ་རྡོ་རྗེ་བཙུན་མོའི་ཡེ་ཤེས་ལ་འགོད་པའི་སྐལ་བ་ཅན་དུ་གྱུར་པར་བསམ་ལ་དགོངས་པའི་གདིང་གཟུང་ངོ༔ གཞན་དོན་དུ་དངོས་གྲུབ་ཀྱི་དབང་བསྐུར་བ་ནི༔ དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་རྣམ་པར་དག་པའི་སྐལ་ལྡན་རྣམས་ཁྲུས་ནས་དབྱུང༔ བགེགས་བསལ༔ སྲུང་མཚམས་བསྒོ༔ མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ༔ བདེ་ཆེན་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་ཁྱབ་བདག་ཧེ་རུ་ཀས༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ བདུད་རྩི་མཆོག་གི་དབང་བསྐུར་སྩོལ༔ ཞེས་གསོལ་བ་གདབ༔ རྒྱུད་སྦྱང༔ ཡེ་ཤེས་དབབ་ཅིང་བརྟན༔ བདུད་རྩི་ཕོ་བྲང་སྤྱི་བོར་བཞག་ལ༔ ཨོཾ༔ བདེ་གཤེགས་སྐུ་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མཐོང་བའི་དངོས་ཀུན་ལྷ་རུ་དག༔ བུམ་དབང་ཡེ་ཤེས་སྨིན་པར་ཤོག༔ སྔགས་མཐར༔ ཀཱ་ཡ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ༔ མིག་ལམ་དུ་བསྟན་ཅིང་ཅིར་སྣང་ལྷ་སྐུར་ངོ་སྤྲད༔ མགྲིན་པར་བཞག་ལ༔ ཨཱ༔ བདེ་གཤེགས་གསུང་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ ཚོར་བའི་འགྲོ་འོང་སྔགས་སུ་ཤར༔ གསང་དབང་ཡེ་ཤེས་སྨིན་པར་ཤོག༔ ཝཱ་ཀ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་ལྷར་གསལ་བ་ཧྲཱིཿཡིག་གི་རྣམ་པ་བདུག་པའི་སྤྲིན་དུ་གྱུར་པ་ཚོར་བས་རྣམ་པར་གྲོལ་བར་མོས་ལ༔ གསལ་སྟོང་ཟུང་འཇུག་སྔགས་སུ་ངོ་སྤྲད༔ སྙིང་གར་བཞག་ལ༔ ཧཱུྃ༔ བདེ་གཤེགས་ཐུགས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ མྱངས་པས་བདེ་ཆེན་རྟོགས་པ་འབར༔ གསུམ་པའི་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་ལྷར་གསལ་བ་ཐམས་ཅད་ཧྲཱིཿཡིག་འབའ་ཞིག་གི་རྣམ་པས་ཁ་སྒོ་ནས་ཞུགས༔ སྙིང་གའི་ཧྲཱིཿལ་ཐིམ་པས་བདེ་བས་ཐབས་བྱས་པའི་ལྷན་སྐྱེས་མངོན་དུ་བྱས་པར་བསམ་ལ་རིལ་བུ་རེ་རེ་ཁྱུར་མིད་བྱ༔ དྲན་རྟོག་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་སུ་ངོ་སྤྲད༔ རིལ་བུ་ལག་ཏུ་གཏད་ལ༔ ཧོ༔ བདེ་གཤེགས་དབྱིངས་དང་དབྱེར་མེད་པའི༔ བདུད་རྩི་མཆོག་གི་དབང་བསྐུར་བས༔ རེག་པས་གཟུང་འཛིན་རྟོག་ལས་གྲོལ༔ དོན་གྱི་ཡེ་ཤེས་སྨིན་པར་ཤོག༔ ཙིཏྟ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧོ༔ སྤྲོ་ན་སྙིང་གར་ཐིག་ལེ་བྱ༔ ཆོས་ཐམས་ཅད་དོན་གྱི་ལྷན་སྐྱེས་གཉུག་མ་འགྲོ་འོང་དང་བྲལ་བར་ངོ་སྤྲད་ལ་མཉམ་པར་འཇོག་ཏུ་གཞུག༔ དེ་ལྟར་བདུད་རྩིའི་དབང་བཞི་བསྐུར་པས༔ ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པའི་རྟོག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྣང་སྟོང་གྲགས་སྟོང་བདེ་སྟོང་རིག་སྟོང་ཟུང་དུ་འཇུག་པའི་ལམ་བཞི་སྒོམ་པ་ལ་དབང༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པས་མཐོང་ཚོར་མྱང་རེག་ཐམས་ཅད་གྲོལ་བའི་རྟེན་འབྲེལ་བསྒྲིགས༔ མཐར་ཐུག་སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བའི་སྐལ་པ་རྒྱུད་ལ་བཞག་པར་མོས་ལ༔ ཨོཾ༔ བཀྲ་ཤིས་གང་ཞིག་རྡོ་རྗེ་བཙུན་མོའི་གསང་གསུམ་གྱི༔ བདེ་ཆེན་བདུད་རྩི་རྟག་པ་དམ་པའི་དབང་བསྐུར་པས༔ མཐོང་ཚོར་མྱང་རེག་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་དང༔ དབྱེར་མེད་ཤིན་ཏུ་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་དང་སྨོན་ལམ་གྱིས་མཚམས་སྦྱར་རོ༔ དེ་ལྟར་བསྒྲུབས་པའི་ཕན་ཡོན་ཡང་རྒྱུད་ལས༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡི༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདིར་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆག་སྐོང༔ ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ནས་རྗེས་ཀྱི་རིམ་པ་བདག་དང་མདུན་རྟེན་ལྷའི་ངོ་བོར་མཆོད་བསྟོད་བརྟན་བཞུགས་ནོངས་པ་བཤགས༔ འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས་ལ་མཚམས་དགྲོལ༔ བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱའོ༔ དེ་རྣམས་ནི་ཕྲིན་ལས་སྣ་ཚོགས་པའི་སྒོ་ནས་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བའོ༔ ས་མ་ཡ༔ ༈ དྲུག་པ་ལམ་དེ་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་དབང་གིས་དངོས་གྲུབ་ཀྱི་སྣོད་དུ་སྒྲུབ་པའི་ཐབས་ནི༔ གནས་དབེན་པར་སའི་ཆོ་ག་དང༔ སྟ་གོན་གྱི་ལས་རྒྱས་པར་བྱ་བའམ༔ སྤྲོས་པ་མདོར་བསྡུ་ན་ཇི་ལྟར་རིགས་པའི་སྟེགས་བུ་བདུད་རྩིས་སྐྱང་ནུལ་བྱ༔ སྐུ་མཚན་མའི་དཀྱིལ་འཁོར་ཚུལ་བཞིན་འབྲི་བའམ༔ མེ་ཏོག་དཀར་པོའི་ཚོམ་བུ་དགོད༔ དེའི་སྟེང་དུ་གསུང་བདུད་རྩིའི་དཀྱིལ་འཁོར་ཀ་པཱ་ལ་ཨ་མྲྀཏའི་བཅུད་ལྡན་གྱི་ཁར༔ ཐུགས་སིནྡྷུ་རའི་དཀྱིལ་འཁོར་བྲིས་པས་དགབ༔ གཞན་ཡང་དབང་རྫས་རྣམས་དང༔ སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཀྱི་མཆོད་པ་སོགས་རྒྱས་པར་བཤམ༔ བདག་མདུན་གྱི་སྒྲུབ་མཆོད་ཚུལ་བཞིན་དུ་བྱ༔ གཏོར་མ་དང་ཚོགས་ཀྱིས་མཆོད༔ སྤྲོ་ན་བཤགས་སྐོང་གི་ཆོ་གའང་ཉམས་སུ་བསྟར༔ བདག་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པ་དང༔ སློབ་མའི་ཆེད་དུ་གསོལ་བ་གདབ༔ དེ་ནས་སྣོད་དུ་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང༔ བགེགས་བསྐྲད་ཅིང་མཚམས་བཅད༔ ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་ལ་མཎྜལ་དང་བཅས་གསོལ་གདབ་ནི༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པ༔ བླ་མ་རྡོ་རྗེ་རྣལ་འབྱོར་མས༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ མིག་དར་དགབ༔ མེ་ཏོག་གི་ཕྲེང་བ་གཏད༔ རྒྱུད་སྦྱང༔ ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད༔ ཛཿཧཱུྃ་བཾ་ཧོཿས་དཀྱིལ་འཁོར་གྱི་དྲུང་དུ་དགུག༔ བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་སྐུ་གསུང་ཐུགས་ཀྱི་ཕྱག་བྱ་བའི་སླད་ཐལ་མོ་གནས་གསུམ་དུ་སྦྱར་ལ༔ ཤྲཱི་གུ་རུ་བཛྲ་བྷ་ར་ཧི་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་བཙལ་བས༔ བླ་མ་རྣལ་འབྱོར་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སློབ་མའི་གནས་གསུམ་དུ་ཞུགས་པས་སྒོ་གསུམ་གྱི་ཉམས་ཆག་སྦྱངས་ཤིང་སྣོད་དུ་གྱུར་པར་བསམ༔ བདུད་རྩིའི་མནའ་ཆུ་བྱིན་ལ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་བསྲུངས་མཆོག་གི་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་མེ་བཟོད་དཀས་སྲེག༔ དེ་ཕྱིར་དམ་ཚིག་མཆོག་ཏུ་སྲུངས༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ དེས་ཀྱང༔ ས་མ་ཡ་རཀྵཱ་མི༔ ཞེས་ཁས་བླངས་ཤིང་བཏུང༔ ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད༔ སློབ་མ་རྣམས་ལུས་བསྲང༔ རླུང་རོ་བསལ་ནས་བར་རླུང་གཟུང༔ རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ༔ སློབ་དཔོན་གྱི་ཐུགས་ཀ་ནས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས་བསྐུལ་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ལ་བསྟིམ༔ སྤྱན་འདྲེན་གྱི་ཚིག་དང༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་སྦྱར༔ ཁྱད་པར་གྱི་སྤོས་བདུག༔ དེས་མ་ཕེབས་ན་སློབ་མ་རྣམས་ཙོག་པུར་འཁོད༔ མིག་སྨིན་མཚམས་གཏད༔ སྨིན་མའི་དབུས་སུ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་དགའ་འཁྱིལ་དམར་པོ་གཡོན་སྐོར་དུ་མྱུར་བར་འཁོར་བ་ལ་སེམས་གཏད་པས་དེ་ལས་བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་མེར་མེར་གཡོས༔ མགལ་མེ་ལྟར་འཁོར༔ སྣང་བ་ཕག་མོའི་སྐུ་གྲངས་མེད་པ་ཧ་ཧ་ཧི་ཧི་སོགས་བཞད་སྒྲ་དང་བཅས་རང་ལ་ཐིམ་པས་བདེ་བ་ལྷག་པར་འབར་ཞིང་སེམས་རྟོག་མེད་དུ་ཐིམ་པར་བསམ་ལ༔ བཤུག་པ་སོགས་ཀྱི་སྒྲ་དང་བཅས༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཻཾ་ཕཻཾ་ཕཊ་ཕཊ་བཛྲ་ཨཱ་རལླི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ཨ་ཧཾ༔ དེ་བ་དཏྟ་ཧཱུྃ་ཧཱུྃ་ཛཿཛ༔ ཞེས་བརྗོད་པས་ཉམས་སྐྱེས་པ་ན་ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་པར་བྱ༔ ཨོཾ་པུཥྤེ་མཱ་ལ་པྲ་ཏཱིཙྪ་ཧོཿས་བླ་མ་དང་ལྷག་པའི་ལྷ་ལ་མེ་ཏོག་དོར༔ དེ་ཉིད་ལྷག་པའི་ལྷའི་རྣམ་པར་སྤྱི་བོར་བཅིངས་ལ༔ ཨོཾ་པུཥྤེ་ཛྙཱ་ན་ས་མ་ཡ་སཏྭཾ༔ མིག་ཐུར་ཐོགས་ལ༔ རྡོ་རྗེ་བཙུན་མོའི་ཡེ་ཤེས་རྩལ༔ རིག་པ་གསེར་གྱི་ཐུར་མ་ཡིས༔ ཐ་མལ་འཁྲུལ་པའི་རབ་རིབ་བསལ༔ རང་བྱུང་དཀྱིལ་འཁོར་མངོན་འགྱུར་ཤོག༔ ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་རས་བསལ༔ ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་སློབ་དཔོན་མདུན་དཀྱིལ་དང་བཅས་པའི་སྐུ་རྟེན་དང་བརྟེན་པར་བཅས་པ་ངོ་སྤྲད༔ དེ་རྣམས་ནི་ཕྱི་ནང་གི་འཇུག་པའོ༔ དངོས་གཞིའི་དབང་ལ༔ མཎྜལ་ཕུལ༔ རྣལ་འབྱོར་མ་དཔལ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེའི༔ དབང་དང་བྱིན་རླབས་དངོས་གྲུབ་ཀུན༔ ཁྱབ་བདག་བདག་ལ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ༔ རྒྱུད་ལས༔ བུམ་པའི་དབང་བསྐུར་སྔོན་འགྲོ་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་རྒྱུད་ལ་བསྐྱེད་པ་དང༔ ཟབ་མོའི་དབང་མཆོག་སྦྱིན་པར་བྱ༔ ཞེས་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་པས་རང་བྱུང་གསང་བ་ཆེན་པོའི་བུམ་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བར་བསམ་ལ༔ ཀ་པཱ་ལའི་བདུད་རྩི་ཐོགས་ཏེ༔ ཨོཾ༔ ཁྱབ་བདག་རྡོ་རྗེ་བཙུན་མོ་ཡི༔ ཡེ་ཤེས་གསང་བ་གསུམ་ལས་བྱུང༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ རིག་པའི་དབང་བསྐུར་ཆེན་པོ་སྦྱིན༔ བདུད་རྩིས་ཁྲུས་བྱ་ཞིང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་པ་མི་བསྐྱོད་པ་ཆུ་དབང༔ སྤྱི་བོའི་གནས་ལྔར་བཞག་ཅིང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མིས་རིན་འབྱུང་ཅོད་པན༔ བདུད་རྩི་ལྕེ་ལ་བྱིན་ཞིང༔ བཛྲ་དྷརྨ་ཧྲཱིཿཞེས་པས་སྣང་བ་མཐའ་ཡས་རྡོ་རྗེ༔ ལུས་ཀྱི་གནས་རྣམས་སུ་འཐོར་ཞིང༔ བཛྲ་ཀརྨ་ཨཱཿས་དོན་གྲུབ་དྲིལ་བུ༔ དེ་ལྟར་དབང་བསྐུར་བའི་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང༔ ཕུང་པོ་གནས་གྱུར༔ ཉོན་མོངས་ཡེ་ཤེས་སུ་དག༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་རྣམ་སྣང་སོགས་རིགས་ལྔས་དབུ་བརྒྱན་པ་ལ༔ དཔལ་རྣམ་པར་སྣང་མཛད་བཛྲ་ནཱ་མ༔ ཞེས་སོགས་རྡོ་རྗེའི་མཚན་བཏགས་པས་རྣམ་སྣང་མིང་དབང་ཐོབ་པར་མོས༔ དབང་ལྷ་བསྟིམ༔ བརྟན་པར་བྱ༔ མཆོད་ཅིང་ཤིས་པ་བརྗོད༔ དེ་ནི་སློབ་མའི་དབང་ངོ༔ དེ་ནས་འཁོར་ལོའི་དབང་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི༔ གཙོ་མོའི་སྐུ་ལུས་དཀྱིལ་གྱི་ལྷ་དང་བཅས་པར་གསལ་བ་སྤྱི་བོར་བཞག་ལ༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ བསྙེན་སྔགས་མཐར༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ལྷ་བསྟིམས་པས་ལུས་དཀྱིལ་དང་བཅས་ལྷག་པར་གསལ་བར་མོས༔ དེང་ཕྱིན་ཆད་ཅིར་སྣང་ཐམས་ཅད་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཅེས་ངོ་སྤྲད་ཅིང་གདམས༔ གསུང་བསྙེན་སྒྲུབ་ལས་སྔགས་ཀྱི་དམིགས་པ་དང་བཅས་བཟླས་ལུང་སྦྱིན༔ དམིགས་པ་དང་བཅས་རྗེས་སུ་བཟླ༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཨཱ༔ རིན་ཆེན་ཐོད་པའི་ཕྲེང་བ་ལ༔ སྙིང་པོ་སྔགས་ཀྱི་ནུས་པ་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲགས་སྟོང་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་སྒྲར་སྣང་ཞིང་གྲགས་པ་ཐམས་ཅད་རྡོ་རྗེ་ཕག་མོའི་གསུང་རྡོ་རྗེའི་གསང་སྔགས་གྲགས་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཅེས་ངོ་སྤྲད་ཅིང་གདམས༔ ཐུགས་ཕྱག་མཚན་རྡོ་རྗེའི་ཁ་ཊྭཱཾ་གའི་རྣམ་པར་སྤྲོས་ཏེ་སྙིང་གར་ཐིམ་པས་བྱིན་གྱིས་བརླབས་པར་མོས་ལ༔ ཧཱུྃ༔ གཉིས་མེད་ཡེ་ཤེས་ཁ་ཊྭཱཾ་ག༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་སྟོང་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ལྷ་སྔགས་ཀྱིས་མཚོན་པའི་རྟོག་ཚོགས་ཐམས་ཅད་རིག་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཅེས་ངོ་སྤྲད་ཅིང་གདམས༔ ཡོན་ཏན་ཡོངས་རྫོགས་གླེགས་བམ་གཏད་ལ༔ ཧྲཱི༔ མཆོག་ཐུན་དངོས་གྲུབ་ཀུན་གྱི་གཞི༔ རྡོ་རྗེ་བཙུན་མོའི་སྔགས་རྒྱུད་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་འབྱུང་ཡོན་ཏན་དབང་ཐོབ་ཤོག༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱི༔ དེང་ཕྱིན་ཆད་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་རྡོ་རྗེ་ཕག་མོའི་ཡོན་ཏན་གྱི་རོལ་པར་ཤེས་པས་ཟབ་མོའི་སྔགས་རྒྱུད་འཆད་པ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྗེས་སུ་སྒྲུབ་པར་གྱིས་ཤིག༔ སྣ་ཚོགས་རྡོ་རྗེ་དང་བདུད་རྩི་བྱིན་ལ༔ ཧོ༔ ཐུན་མོང་མཆོག་གི་ལས་ཀྱི་ཚོགས༔ མཚོན་བྱེད་རྟགས་ཀྱི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་རྡོ་རྗེ་ཕག་མོའི་ཕྲིན་ལས་སུ་ཤེས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག༔ ཅེས་གདམས༔ དེ་ནི་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༔ དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་དང་རྩའི་སྒྲིབ་པ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ༔ དེ་ལྟ་བུའི་ཡེ་ཤེས་སྨིན་པ་དང༔ གྲོལ་བ་དང༔ མཐར་ཕྱིན་པའི་སླད་དུ་མཆོག་གི་དབང་གསུམ་བསྐུར་བ་ལ༔ གསང་དབང་གི་སླད་དུ༔ བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་དཔལ་ཧེ་རུ་ཀ་འདུས་པ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་མོས་ལ༔ ཨཱ༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་དང༔ ཧེ་རུ་ཀ་དཔལ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ ཡེ་ཤེས་སྨིན་པའི་དབང་བསྐུར་རོ༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བྱིན་པའི་བདུད་རྩི་བུས་ཀྱང་ཨ་ཧོ་མ་ཧཱ་སུ་ཁ་ ཞེས་མྱང་བས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་དཀྱིལ་གྱི་ལྷ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཡི་གེའི་གཟུགས་སུ་ཤར་བས་གསལ་སྟོང་བདེ་བའི་ཡེ་ཤེས་སུ་སྨིན་པར་བསམ༔ རླུང་ཁ་སྦྱོར་དུ་བཟུང༔ དེ་ལྟར་གསང་བའི་དབང་བསྐུར་པས་ངག་དང་རླུང་གི་སྒྲིབ་པ་དག༔ སྲོག་རྩོལ་ཁ་སྦྱོར་གྱི་ལམ་སྒོམ་པ་ལ་དབང༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ༔ དབང་གསུམ་པའི་སླད་དུ་སིནྡྷུ་རའི་དཀྱིལ་འཁོར་གཏད་ལ༔ ཧཱུྃ༔ རྣམ་ཐར་གསུམ་ལྡན་མཁའ་དབྱིངས་སུ༔ རྡོ་རྗེ་བཅུན་མོའི་བདེ་ཆེན་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞུ་བདེའི་ལྷན་སྐྱེས་མངོན་འགྱུར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐིག་ལེ་ལྟེ་བར་བཀོད་པས་གཏུམ་མོའི་མེ་འབར༔ ཁམས་ཞུ་བའི་བདེ་བས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱི་ངང་དུ་གྲོལ་བར་བསམ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ༔ དབང་བཞི་པའི་སླད་དུ་དཔོན་སློབ་གཉིས་ཀས་བདེ་བས་དྲངས་པའི་སྟོང་ཉིད་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག༔ ཨ༔ བདེ་ཆེན་རྡོ་རྗེ་ཕག་མོ་ནི༔ སྟོང་ཉིད་སོ་སོ་རང་རིག་པ༔ བསམ་གྱིས་མི་ཁྱབ་དབང་བསྐུར་བས༔ དོན་གྱི་ལྷན་སྐྱེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དེ་ལྟར་དབང་བཞི་པ་བསྐུར་པས་ཤེས་བྱའི་སྒྲིབ་པ་དག༔ རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པ་ལ་དབང༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ༔ ཉམས་སུ་ལེན་ངེས་པ་རྣམས་ལ་དབང་སོ་སོ་དང་རྗེས་སུ་མཐུན་པར་གདམས་ངག་ཁྲིད་ཀྱི་ཚུལ་དུ་བཏབ་པས་སྨིན་གྲོལ་ཆིག་རྫོགས་སུ་འགྱུར་བས་ཤིན་ཏུ་གཅེས་སོ༔ དེས་རྩ་བའི་དབང་བསྐུར་བ་ཡོངས་སུ་རྫོགས་པར་གྲུབ་ནས༔ སྨིན་པར་སློབ་པ་ལ་མཐའ་རྟེན་ཡན་ལག་གི་དབང་བསྐུར་བ་ལ་གསུམ་སྟེ༔ ཐུན་མོང་དུ་གཅེས་པ་ཉམས་ཆག་སྐོང་བའི་དབང༔ མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བདུད་རྩིའི་དབང༔ མཐའ་རྒྱས་བཀྲ་ཤིས་ཚེའི་དབང་རྣམས་བསྐུར༔ གང་ལྟར་ཡང་དམ་ཚིག་བསྒྲག་ཅིང་གཟུང་བར་ཁས་བླངས༔ གཏང་རག་གི་མཎྜལ་དང་དགའ་སྟོན་སོགས་བྱ་ཞིང༔ རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ་པར་བྱའོ༔ སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་དབང་བསྐུར་བའི་རིམ་པར་ཕྱེ་བའོ༔ ས་མ་ཡ༔ ༈ བདུན་པ་སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་དུ་བསྒྲུབ་པ་ནི༔ རྒྱུད་ལས༔ རྡོ་རྗེ་ཕག་མོའི་དམ་ཚིག་ནི༔ སྤྱི་དང་ཁྱད་པར་ལྷག་པས་བསྟན༔ ཐུན་མོང་སྤྱི་ཡི་དམ་ཚིག་ཏུ༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས༔ ཇི་སྐད་གསུངས་ཤིང་དམ་བཅས་པ༔ ཁ་ན་མ་ཐོ་མེད་པར་བསྲུང༔ ཁྱད་པར་ནང་གི་དམ་ཚིག་ཏུ༔ རྩ་བའི་ལྟུང་བ་བཅུ་བཞི་དང༔ ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད༔ དབང་བཞིའི་མཉམ་རྗེས་བཟའ་བ་དང༔ བཅང་དང་བསྲུང་བ་དག་པར་བྱ༔ ལྷག་པ་གསང་བའི་དམ་ཚིག་ནི༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ སེམས་ཅན་རྣམས་ལ་བྱམས་པ་བསྒོམ༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ གདུག་ཅིང་གཏུམ་པའི་སྤྱོད་པ་བྱ༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ དངོས་པོ་གང་ལའང་ཆགས་མི་བྱ༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ ཤེས་རབ་བདུད་རྩི་རྣམ་ལྔ་བརྟེན༔ ཤ་ཆེན་བཟའ་ཞིང་ཅང་ཏེའུ་བརྡུང༔ རུས་པའི་རྒྱན་འཆང་གར་སྟབས་བཅས༔ དུར་ཁྲོད་འཇིགས་པར་སྤྱོད་པ་བསྐྱང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཐར་དབྱུང་ངོ༔ བསྡུས་པའི་དམ་ཚིག་རྣམ་གསུམ་ནི༔ མི་ཕོད་རྫི་དང་འཁྲི་བ་གཅོད༔ ཞེན་པ་ལྡོག་པ་རྣམ་གསུམ་ཡིན༔ སྣང་ཡུལ་མི་ཕོད་ཐོག་ཏུ་བརྫི༔ འཁྲི་བ་ཟས་ནོར་གཏམ་ལ་གཅད༔ ཞེན་པ་གཉེན་འཁོར་གཡོག་ལ་ལྡོག༔ ཅི་ལའང་མ་ཆགས་མ་ཞེན་པར༔ ཟང་ཐལ་རིག་པ་རྗེན་པར་བསྐྱང༔ འདི་ནི་མཆོག་གི་དམ་ཚིག་ཡིན༔ ཞེས་པ་སྟེ༔ དབང་གི་དུས་སུ་བསྒྲག་ཅིང་བཤད་ལ་ཁས་བླངས་པ་ལྟར་རྒྱུད་ཚོད་དང་མཐུན་པར་ཉམས་སུ་བླངས་པས་དངོས་གྲུབ་རྣམ་གཉིས་དཀའ་བ་མེད་པར་འགྲུབ་པར་འགྱུར་ཏེ༔ སྨིན་གྲོལ་ཐམས་ཅད་ཀྱི་སྲོག་དམ་ཚིག་རྣམ་པར་དག་པའི་ཚུལ་གྱིས་བསྒྲུབ་པ་སྟེ༔ དེ་ལྟར་ན་རྡོ་རྗེ་ཕག་མོའི་ལམ་གྱི་རིམ་པའི་རྩ་བ་དང་ཆ་རྐྱེན་ཐམས་ཅད་བསྟན་ཟིན་ཏོ༔ ས་མ་ཡ༔ ༈ དེ་ལྟ་བུའི་རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་ལམ་གྱི་རིམ་པ་ཟབ་ཅིང་འདྲིལ་བ་ཐུགས་ཀྱི་ཐིག་ལེའི་བཅུད་ཕྱུང་བ་འདི་ནི༔ དཔལ་གྱི་བསམ་ཡས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མ་ཧཱ་གུ་རུ་པདྨ་བཛྲ་གྱིས༔ རྗེ་མངའ་བདག་ཡབ་སྲས་དང༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན༔ འབྲོག་མི་དཔལ་གྱི་ཡེ་ཤེས༔ ལོ་ཆུང་དཀོན་མཆོག་འོད༔ ཨ་ཙརྻ་དྲན་པ་ཡེ་ཤེས༔ བདག་བུད་མེད་མཚོ་རྒྱལ་སོགས་སྐལ་ལྡན་འདུས་པ་རྣམས་ལ་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་དབང་བསྐུར༔ རྒྱུད་བཤད༔ གདམས་ངག་རྒྱས་འབྲིང་བསྡུས་པ་སྙིང་པོའི་ཚུལ་དུ་སྐད་ཅིག་གིས་བཀའ་བསྩལ་ནས་སླར་ཡང་འདི་སྐད་ཅེས་རྗེས་སུ་གདམས་པར་མཛད་དོ༔ ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ རང་བྱུང་པདྨ་བཛྲ་བདག༔ ཆོས་སྐུ་བཟང་མོའི་ཀློང་དུ་འཁྱིལ༔ ལོངས་སྐུའི་ཕག་མོར་བདེ་བས་རོལ༔ སྤྲུལ་སྐུ་འགྲོ་བ་འདུལ་བའི་ཕྱིར༔ ཛམྦུའི་གླིང་དུ་འཆར་བ་ན༔ སྣང་ཚུལ་ཙམ་གྱི་ཐབས་མཁས་པས༔ པཎ་གྲུབ་རྣམས་ལ་གདམས་ངག་ནོས༔ དབེན་པའི་གནས་སུ་རྩེ་གཅིག་བསྒྲུབས༔ རིག་པ་འཛིན་པ་ཐོབ་ཚུལ་བསྟན༔ ཁྱད་པར་དུར་ཁྲོད་བསིལ་བའི་ཚལ༔ དཔའ་བོ་ཌཱ་ཀིའི་འདུན་ས་ཆེར༔ བཅོམ་ལྡན་ཕག་མོའི་ཞལ་བསྟན་ཅིང༔ རྒྱུད་དང་གདམས་པ་རྒྱ་ཆེར་བསྩལ༔ སྙིང་པོ་རྡོ་རྗེའི་ཚིག་འདི་གསུངས༔ རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡེ་ཤེས་བསྒྲུབ༔ སྨིན་ཅིང་དག་པའི་ཐབས་དང་བཅས༔ དངོས་གྲུབ་རྣམ་གཉིས་རྩོལ་མེད་འབྱུང༔ ཞེས་གསུངས་བདེ་སྟོང་ངང་དུ་བཞུགས༔ ལྷན་སྐྱེས་ལས་ཀྱི་དབང་མོ་ཆེས༔ དེ་དོན་རྒྱས་པར་མཚོན་པའི་དོན༔ འདིར་ནི་ཟབ་ཅིང་འདྲིལ་བར་བསྟན༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ རང་བྱུང་པདྨ་བདག་ཉིད་དང༔ དཔའ་བོ་མཁའ་འགྲོས་བྱིན་བརླབས་པས༔ རྩ་ཁམས་རླུང་ལ་ཡེ་ཤེས་འཕེལ༔ མཐར་ཐུག་འབྲས་བུ་མྱུར་དུ་འགྲུབ༔ གནས་སྐབས་ལས་ཀུན་ཐོགས་པ་མེད༔ རང་གཞན་དོན་གཉིས་ལྷུན་གྲུབ་འགྱུར༔ ས་མ་ཡ༔ དེ་ལྟ་བུ་ཡི་ཟབ་མོའི་དོན༔ རྒྱས་པར་བུམ་ཐང་ལུང་པར་སྦས༔ ལོ་ཙཱ་ཆེ་མཆོག་བྱིན་རླབས་སྤྲུལ༔ ཁྱུང་པོ་དཔལ་གྱི་མིང་གིས་འདོན༔ སྦས་ཚུལ་འགྲོ་དོན་ཅུང་ཟད་བྱེད༔ རང་ཉམས་བླངས་པས་ཡེ་ཤེས་སྨིན༔ འབྲིང་པོ་ཁ་རག་ཕུག་ཏུ་སྦས༔ དཔལ་གྱི་ཡེ་ཤེས་རྣམ་པར་འཕྲུལ༔ བདེ་ཆེན་གླིང་པའི་སྐལ་བར་འགྱུར༔ རང་གཞན་དོན་གཉིས་ཅི་རིགས་འབྱུང༔ བསྡུས་པ་འདི་ནི་ཡུལ་དབུས་ལྷོ༔ པདྨ་བརྩེགས་པའི་ཕུག་པར་སྦས༔ དཀོན་མཆོག་འོད་ཀྱི་སྐྱེ་བའི་མཐས༔ མ་འགགས་རྫུ་འཕྲུལ་སྤྱོད་པས་འདོན༔ རྒྱ་ཆེའི་སྙན་བརྒྱུད་ཟབ་དོན་ལ༔ བརྟེན་ནས་རང་གཞན་དཔལ་དུ་འགྱུར༔ ཟབ་ཏིག་ཡེ་ཤེས་འཁོར་ལོ་འདི༔ སླར་ཡང་ལྡབ་གཏེར་ཚུལ་དུ་སྦོས༔ ནམ་ཞིག་རྩུབ་འགྱུར་འཇིགས་པའི་དུས༔ མངའ་བདག་ཡབ་སྲས་ཐུགས་བསྐྱེད་ལས༔ བདག་གིས་བྱིན་བརླབས་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ནི༔ ཚེ་འདིའི་ལྟོས་ཐག་ཆོད་པ་ལས༔ སུ་དང་མི་མཐུན་ཡན་གར་བ༔ རྒྱུད་ཚོད་སུས་ཀྱང་དཔག་དཀའ་བ༔ མ་འགགས་ཤེས་རབ་ཐོད་རྒལ་ཅན༔ པདྨ་འོད་གསལ་མདོ་སྔགས་གླིང༔ བཀའ་བབས་ཆུ་བོ་བདུན་གྱི་བདག༔ སྒྲ་སྒྲོག་རྒྱལ་པོ་ལྕགས་ཀྱི་ལོ༔ མཁའ་འགྲོའི་མིང་པོ་དཔའ་བོ་ཆེར༔ གཏེར་བདག་ཌཱ་ཀིའི་ཚོགས་རྣམས་ཀྱིས༔ བརྡ་ཡི་ཤོག་སེར་དངོས་སུ་གཏད༔ དོན་གྱི་བྱིན་རླབས་བདག་གིས་བསྩལ༔ ཚིག་གི་གདམས་པའི་སྨིན་དང་གྲོལ༔ དཀོན་མཆོག་འོད་ཀྱི་སྤྲུལ་པས་སྟོན༔ གདམས་སྐོར་རྣམ་བཞིའི་དོན་བརྒྱུད་རྫོགས༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས༔ རྩོལ་མེད་གཏན་ལ་ཕབ་ནས་ཀྱང༔ བཻ་རོ་དཔལ་སེང་མཆོག་གི་དབྱངས༔ གནུབས་ཀྱི་དགེ་སློང་རིག་སྔགས་འཆང༔ བདུད་འཇོམས་དྲན་པ་ཡེ་ཤེས་སོགས༔ སྤྲུལ་པའི་རིག་འཛིན་གཙོར་གྱུར་པའི༔ སྐལ་ལྡན་འགའ་ཞིག་དོན་དུ་འགྱུར༔ སྙིང་པོའི་མན་ངག་དམ་རྫས་བཅས༔ ལྷོ་བྲག་བན་པའི་རི་སུལ་སྦོས༔ འདམ་སྐྱེས་པདྨ་ལྟ་བུ་ཡི༔ མཆོག་གི་མིང་ཅན་སྐྱེས་བུས་འདོན༔ རྟེན་འབྲེལ་གཞན་དབང་མ་གྱུར་ན༔ རང་གཞན་འབྲེལ་ཚད་དོན་དུ་འགྱུར༔ ས་མ་ཡ༔ ༈ རྡོ་རྗེ་སྟོང་ཉིད་ནམ་མཁའི་དཀྱིལ༔ ཕག་མོ་བདེ་ཆེན་སྐུ་རུ་ཤར༔ དེ་ཡི་གོ་འཕང་སྒྲུབ་པའི་ཐབས༔ མི་ཟད་རྒྱན་གྱི་ཡེ་ཤེས་ལྔ༔ ལམ་ཁྱེར་ཏིང་འཛིན་འཁོར་ལོ་ནི༔ རྒྱུན་མི་ཆད་པར་བསྐོར་བ་ལས༔ གཟུང་འཛིན་དྲ་བ་ཐུག་ཕྲད་གཅོད༔ ལྷ་དང་བདེ་ཆེན་བྱང་ཆུབ་སེམས༔ དབྱེར་མེད་དྷཱུ་ཏིར་སྨིན་པ་ལས༔ ཐུན་མོང་ཕྲིན་ལས་རྩོལ་མེད་འབྱུང༔ མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེ༔ ཡེ་ཤེས་སྒྱུ་མ་མྱུར་དུ་འགྲུབ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ ཐོས་དོན་རྩེ་གཅིག་ཉམས་སུ་ལོངས༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་བཀའ་བསྩལ་པ་ལྟར་གཏེར་གནས་སོ་སོར་རྒྱ་རིམ་པ་བདུན་གྱིས་བཏབ་ནས་སྦས་ཤིང༔ བཀའ་གཏེར་སྲུང་མ་རྣམས་ལ་གཉེར་དུ་གཏད་པ་སྟེ༔ མ་འོངས་སྐལ་ལྡན་ལུང་འཛིན་པའི༔ སྐྱེས་བུ་རྣམས་དང་འཕྲད་ནས་ཀྱང༔ ཕྱི་ནང་བར་ཆད་ཀུན་ཞི་ཞིང༔ དངོས་གྲུབ་ཡེ་ཤེས་རྒྱས་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ གསང་རྒྱ༔ གུ་ཧྱ་ས་མ་ཡ་རྒྱ་རྒྱ་རྒྱ༔ རྨད་དུ་བྱུང་བའི་གསང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཡེ་ཤེས་འཁོར་ལོ་འདི། ལོ་ཆུང་དཀོན་མཆོག་འོད་ཀྱི་སྐྱེ་མཐའ་ཨེ་སྤེལ་ལྕོག་ལས་འཕྲོ་གླིང་པས། རབ་བྱུང་དགུ་པའི་མཐར་ཡང་ཀླུང་ཤེལ་བྲག་པདྨ་བརྩེགས་པ་ནས་མ་འགགས་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས། གསང་བའི་ཐུགས་དམ་དུ་མཛད། སླར་ཤོག་སེར་ལུང་བྱང་ལྟར་ལྡབ་གཏེར་དུ་བཞུགས་པ་ཆོས་བདག་མཁའ་འགྲོའི་འདུ་བས། གཏེར་སྟོན་གྱི་མིང་མ་བཏགས་ཀྱང་། རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་གྱི་བྱིན་རླབས་ལས་ཤོག་སེར་བསྒྱུར་བ་ལ་སྤོབས་པ་མི་ཞུམ་པ་ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མདོངས་གསོལ་དུ་སྤྲད་པ་ལས། རབ་ཚེས་ལྕགས་ཕོ་འབྲུག་གི་ལོའི་ཆོ་འཕྲུལ་ཟླ་བར་གཏན་ལ་ཕབ་ནས་རེ་ཞིག་གསང་བའི་རྒྱས་བཏབ། སླར་ཤིང་སྤྲེལ་རྒྱལ་ཟླ་བར་ལོ་ཆེན་བཻ་རོ་དངོས་བྱོན་༧ཨོ་རྒྱན་འཆི་མེད་བསྟན་གཉིས་གླིང་པ་སོགས་མཆོག་གི་འདུས་པ་རྣམས་ལ་རིམ་པར་སྤེལ་བའི་བརྒྱུད་པའི་ངེས་པའང་གཏེར་གཞུང་རྩ་བའི་དགོངས་པ་ལྟར། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་། ལོངས་སྐུ་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་རྡོ་རྗེ་ཕག་མོ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཀྱི་དབང་མོ། ཨོ་རྒྱན་པདྨ་བཛྲ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་རྗེ་འབངས་འདུས་པ། སྤྲུལ་པའི་གཏེར་སྟོན་ཁྱུང་པོ་དཔལ་དགེ། སྤྲུལ་སྐུ་བདེ་ཆེན་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། གར་དབང་ལས་འཕྲོ་གླིང་པ། དེས་བདག་ལ་ཉམས་དང་རྨི་ལམ་གྱི་ཚུལ་དུ་སྨིན་གྲོལ་གྱི་གདམས་པས་བྱིན་གྱིས་བརླབས་ཤིང་ཆོས་སྒོ་དབྱེ་བར་རྗེས་སུ་གནང་བ་བསྩལ་པའོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).