Terdzo-CA-015

The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.



Property "Author" has a restricted application area and cannot be used as annotation property by a user. 








ཆོས་བདག་བསྟན་འཛིན་གྱི་སྐྱེས་མཆོག་རྣམས་ལ་བརྟན་བཞུགས་འབུལ་བའི་ཆོ་ག་རབ་བརྟན་རྡོ་རྗེ་

chos bdag bstan 'dzin gyi skyes mchog rnams la brtan bzhugs 'bul ba'i cho ga rab brtan rdo rje

by  ཆོས་རྗེ་གླིང་པ་ (Chöje Lingpa)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  བདེ་གཤེགས་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ (Bde gshegs rtsa gsum 'chi med dril sgrub)
Volume 5 (ཅ) / Pages 279-293 / Folios 1a1 to 8a6

[edit]

༄༅། །ཆོས་བདག་བསྟན་འཛིན་གྱི་སྐྱེས་མཆོག་རྣམས་ལ་བརྟན་བཞུགས་འབུལ་བའི་ཆོ་ག་རབ་བརྟན་རྡོ་རྗེ་ཞེས་བྱ་བ་བཞུགས་སོ། ། ཨཱ་ཡུར་ཛྙཱ་ན་སིདྡྷི་རསྟུ། བླ་མ་དང་ནི་འཆི་མེད་དབང་། །དབྱེར་མེད་ཞབས་པད་ལ་བཏུད་དེ། །ཆོས་བདག་འགྲོ་མགོན་སྐྱེས་མཆོག་རྣམས། །བསྐལ་བརྒྱར་འཚོ་གཞེས་རྟེན་འབྱུང་འབྲི། །དེ་ལ་འདིར་མགོན་པོ་ཚེ་དཔག་ཏུ་མེད་པ་རྩ་གསུམ་འཆི་མེད་དྲིལ་སྒྲུབ་ཀྱི་ཆོ་གའི་སྒོ་ནས། ཆོས་བདག་འགྲོ་བའི་མགོན་པོ་སྐྱེས་ཆེན་མཆོག་རྣམས་ཞབས་ཀྱི་པདྨོ་བསྐལ་པ་རྒྱ་མཚོར་བརྟན་པའི་རྟེན་འབྱུང་གི་ཆོ་ག་སྤྲོ་བར་འདོད་པས། གང་དུ་བྱ་བའི་གནས་ཁང་བཀྲ་ཤིས་པའི་གཞིར་ཕྱག་བདར་དང་ཡོལ་བ་བླ་བྲེ་བཞུགས་ཁྲི་དང་། ལྷ་རྫས་ཀྱི་སྟན་དྲི་མ་མེད་པ་རྡོ་རྗེ་དང་གཡུང་དྲུང་གིས་མཚན་པ་ཅན་བྲི། དེ་ཉིད་ལ་ཕྱོགས་པར་སྙིང་པོ་གསལ་བྱེད་ནང་བཞིན་གྱི་ཚེའི་དཀྱིལ་འཁོར་སྒྲུབ་མཆོད་སྤྱི་རྫས་དང་ལས་བཞིའི་འབྲང་རྒྱས། བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་རྣམས་བཤམ། ལོགས་ཤིག་ཏུ་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་པད་འདབ་བཞི་པ་ཕྱོགས་མཚོན་དང་། གཏོར་མ་དཀར་ཟླུམ་འཁོར་ལྔ། ཉེར་སྤྱོད་ལྔ་དར་ཐག་ལྔ་རྣམས། སྤྱིར་ཚོགས་ཀྱི་མཆོད་པ་བཟང་ཞིང་རྒྱ་ཆེ་བ་འདུ་བྱ་ཞིང་། རྡོ་རྗེ་སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ་ནང་མཆོད་ནས་བཟེད་མཎྜལ་བསང་ཆུ་སོགས་བཀོད། སྙིང་པོ་གསལ་བྱེད་ལས་གཞུང་ཡོངས་རྫོགས་དངོས་གྲུབ་ལེན་པའི་བར་བྱ་ཞིང་། ཚོགས་ལྷག་གཏོང་རྒྱུར་འཇོག །ཐུགས་དམ་བསྐུལ་བའི་སྐབས་སུ་མདའ་དར་གཡོབ་སྤོས་བཏུལ་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་སྒྲུབ་རྫས་ལ་ཐིམ་པའི་དམིགས་པ་ལྷག་པར་བྱའོ། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་དེ། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་རིན་ཆེན་པདྨ་ལས་དང་སངས་རྒྱས་རིགས་ཀྱི་ཌཱ་ཀི་མཐིང་སེར་དམར་ལྗང་སྨུག་ནག་དར་དང་རིན་པོ་ཆེའི་རྒྱན་ཅན་གཡས་རང་རྟགས་ཀྱི་ཕྱག་མཚན་དང་ཌཱ་རུ། གཡོན་དྲིལ་བུ་འཁྲོལ་བ། འཁོར་གནས་ཡུལ་གྱི་དཔའ་བོ་དང་ཌཱ་ཀི་ཞིང་གི་རྡུལ་སྙེད་ཀྱིས་གང་བར་གྱུར། ཨོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། ཨོཾ་པཉྩ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་གཏོར་མཆོད་འབུལ། ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ། །རྡོ་རྗེ་རིན་ཆེན་པདྨ་ལས། །སངས་རྒྱས་རིགས་ཀྱི་ཌཱ་ཀི་མ། །སྤྲུལ་པ་ཅིར་ཡང་འཆར་ལ་བསྟོད། །ཅེས་པས་བསྟོད། བརྟན་བཞུགས་འབུལ་ཡུལ་གྱི་སྐྱེས་ཆེན་དེ་ཉིད་རོལ་མོ་དང་སྤོས་ཀྱིས་སྣ་དྲང་། ཁྲི་ལ་བཞུགས་སུ་གསོལ། མཁའ་འགྲོའི་དཀྱིལ་འཁོར་དང་དར་ལམ་སྦྲེལ། རྡོ་རྗེ་སློབ་དཔོན་གྱིས་བསང་ཆུ་འཐོར། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་རྒྱ་ཚད་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་བཞུགས་ཁྲི་མི་འགྱུར་བ་རྡོ་རྗེ་དང་གཡུང་དྲུང་གི་རང་བཞིན་པདྨ་རཱ་ག་ལས་གྲུབ་པ་རྨ་བྱ་སེང་གེ་གླང་ཆེན་རྟ་དང་ཁྱུ་མཆོག་རྣམས་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཉི་ཟླ་དྲི་མ་དང་བྲལ་ཞིང་འོད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པའི་ཁར། དཔལ་ལྡན་བླ་མ་དང་མགོན་པོ་ཚེ་དཔག་མེད་གཉིས་སུ་མེད་པ་དམར་གསལ་མཚན་དང་དཔེ་བྱད་ཀྱི་ཕུང་པོ་ཚེ་དང་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པར་སྤྲོ་བ། མཉམ་གཞག་ཚེ་བུམ་བདུད་རྩིས་བཀང་བ་འཛིན་ཅིང་། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་ངེས་པ་ལྔ་ལྡན་གྱི་ངོ་བོར་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་ཞིང་། ཐུགས་སྲོག་ཉི་ཟླའི་གའུ་ཁ་སྦྱོར་དུ་ལྔ་ལྡན་འོད་ཀྱི་ཐིག་ལེ་ལུ་གུ་རྒྱུད་ཀྱི་སྙིང་པོར་སྔགས་ཀྱི་ཡིག་འབྲུ་འཆར་བ་གསལ་བར་གྱུར། མཎྜལ་རྒྱས་བསྡུས་བློས་བཅད་འབུལ། དེ་ནས། ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཞི་ཚུལ་སྐུ་མདོག་དཀར་མོའི་མདངས། །འཁོར་ཡང་དཀར་མོ་འབུམ་གྱིས་བསྐོར། །རྡོ་རྗེ་རིགས་ཀྱི་སུན་མ་ཟློག །དེ་རིང་བླ་མའི་སྐུ་ཚེ་སྤེལ། །ཤར་གྱི་དར་ཐག་དབྱིངས་སུ་སྡུས། །བླ་མ་མི་འགྱུར་རྡོ་རྗེའི་ཁྲི་ལ་བཞུགས་སུ་གསོལ། ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །རྒྱས་པ་རིན་ཆེན་གཙོ་མོའི་མདངས། །འཁོར་ཡང་སེར་མོ་འབུམ་གྱིས་བསྐོར། །རིན་ཆེན་རིགས་ཀྱི་སུན་མ་ཟློག །དེ་རིང་བླ་མའི་སྐུ་ཚེ་སྤེལ། །ལྷོ་ཡི་དར་ཐག་དབྱིངས་སུ་སྡུས། །བླ་མ་རིན་ཆེན་འབར་བའི་ཁྲི་ལ་བཞུགས་སུ་གསོལ། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །རབ་མཛེས་པདྨ་རཱ་གའི་མདངས། །འཁོར་ཡང་དམར་མོ་འབུམ་གྱིས་བསྐོར། །པདྨ་རིགས་ཀྱི་སུན་མ་ཟློག །དེ་རིང་བླ་མའི་སྐུ་ཚེ་སྤེལ། ནུབ་ཀྱི་དར་ཐག་དབྱིངས་སུ་སྡུས། །བླ་མ་དྲི་མེད་པདྨའི་གདན་ལ་བཞུགས་སུ་གསོལ། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། ཁྲོ་ཆགས་མ་རྒད་གསལ་འཚེར་མདངས། །འཁོར་ཡང་ལྗང་མོ་འབུམ་གྱིས་བསྐོར། །ལས་ཀྱི་རིགས་ཀྱི་སུན་མ་ཟློག །དེ་རིང་བླ་མའི་སྐུ་ཚེ་སྤེལ། །བྱང་གི་དར་ཐག་དབྱིངས་སུ་སྡུས། །བླ་མ་ཐབས་ཤེས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ། །དབུས་བུདྡྷ་རིགས་ཀྱི་མཁའ་འགྲོ་མ། །འཇའ་ཚོན་སྣ་ལྔའི་མདངས་དང་ལྡན། །འཁོར་ཡང་རང་འདྲ་འབུམ་གྱིས་བསྐོར། །སངས་རྒྱས་རིགས་ཀྱི་སུན་མ་ཟློག །དེ་རིང་བླ་མའི་སྐུ་ཚེ་སྤེལ། །དབུས་ཀྱི་དར་ཐག་དབྱིངས་སུ་སྡུས། །བླ་མ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་སུ་གསོལ། །ཞེས་པའི་ཚིག་མཚམས་སུ་དར་ཐག་རྣམས་མཁའ་འགྲོའི་དཀྱིལ་འཁོར་དུ་རིམ་པར་བསྡུ་ཞིང་རོལ་མོ་བྱ། དེ་ནས་བླ་མ་མགོན་པོ་ཚེ་དཔག་ཏུ་མེད་པར་གསལ་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་ལུ་གུ་རྒྱུད་ལས་འོད་ཟེར་འཕྲོས། ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་སྣོད་ཀྱི་འཇིག་རྟེན་འབྱུང་ལྔ་ཀུན་གྱི་དྭངས་མ། ནང་ཁམས་གསུམ་གྱི་སྐྱེ་འགྲོའི་ཚེ་དཔལ་བསོད་ནམས། གསང་བ་ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་མཐུ་སྟོབས་ཐམས་ཅད་ལྔ་ལྡན་འོད་ཟེར་ལུ་གུ་རྒྱུད་ཀྱི་རྣམ་པར་བསྡུས་ཏེ། དཔལ་ལྡན་བླ་མ་མཆོག་གི་ཐུགས་སྲོག་ཉི་ཟླའི་གའུ་ལུ་གུ་རྒྱུད་དང་བཅས་པར་སིབ་སིབ་ཐིམ་པར་མོས་ལ། མདའ་དར་གཡབ་རོལ་མོ་འཁྲོལ་སྤོས་དུད་དང་བཅས་པས། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ འཆི་མེད་ཆོས་འདི་སུས་བསྒྲུབས་པ༔ སྒྲུབ་པའི་གནས་མཆོག་གང་དུ་ཡིན༔ དངོས་གྲུབ་སྙིང་པོ་སུ་ཡིས་བརྙེས༔ ཧཱུྃ༔ སྔོན་བྱུང་བསྐལ་པའི་དང་པོ་ལ༔ བདེ་ཆེན་དབང་གི་ཕོ་བྲང་དུ༔ བཅོམ་ལྡན་ཚེ་བདག་ཡབ་ཡུམ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བསྟན་ཏེ༔ བགྲེས་རྒུད་མེད་པའི་གྲུབ་རྟགས་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ དེ་ནས་བར་གྱི་བསྐལ་པ་ལ༔ རཱ་ག་རཀྟའི་བྲག་ཕུག་ཏུ༔ བདག་ཉིད་པདྨ་ཡབ་ཡུམ་གྱིས༔ ཚེ་ལྷ་གསང་བའི་སྒྲུབ་པ་མཛད༔ འཇའ་ལུས་རྡོ་རྗེའི་སྲོག་བསྒྲུབས་པས༔ སྐྱེ་འཆི་མེད་པའི་སྐུར་བསྟན་ཏེ༔ བགྲེས་རྒུད་མེད་པའི་གྲུབ་རྟགས་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ དེ་འོག་ད་ལྟའི་བསྐལ་པ་ལ༔ མཁའ་འགྲོ་འདུ་བ་དགའ་བའི་ཚལ༔ ཟག་མེད་འཇའ་ཚོན་ཀེའུ་ཚང་དུ༔ སྐལ་ལྡན་ཆོས་བདག་སྐྱེས་བུ་ཡིས༔ ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ༔ སྐྱེ་འཆི་མེད་པའི་གདིང་རྙེད་ཅིང༔ འཆི་མེད་གྲུབ་པའི་མཚན་མ་ཐོབ༔ དེ་ཡི་བྱིན་རླབས་དེང་འདིར་བསྐུལ༔ སྒྲུབ་མཆོག་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་དང་། ཧཱུྃ། དཀྱིལ་འཁོར་དབུས་ནས་རྩ་གསུམ་རིགས་འདུས་ལྷ༔ ཡབ་ཡུམ་སྲས་བཅས་ཐུགས་དམ་དེང་འདིར་བསྐུལ༔ རྒྱལ་བ་རིགས་གསུམ་མགོན་པོ་པདྨ་འབྱུང༔ མགྱོགས་མ་བཞི་དང་སྒོ་མ་བཞི་ལ་སོགས༔ ཚེ་ཡི་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་ཐུགས་དམ་གནད་ནས་བསྐུལ༔ ཚེ་བདག་རྣམས་ཀྱིས་བླ་ཚེ་ཡར་བ་ཁུག །སྲིད་གསུམ་བརྟན་གཡོའི་ཚེ་དཔལ་དངོས་གྲུབ་སྡུས༔ རིག་འཛིན་སྒྲུབ་པོར་བྱིན་རླབས་ཆར་ཆེན་ཕོབ༔ ཚེ་ཡི་ཕོ་ཉ་སྲུང་མ་ཐམས་ཅད་ཀྱིས༔ ཚེ་བཅུད་དངོས་གྲུབ་སྒྲུབ་པའི་སྡོང་གྲོགས་མཛོད༔ ཅེས་པས་ཐུགས་དམ་བསྐུལ་བ་དང་། ཚེ་འགུགས་སྟབས་གཅིག་ཏུ་བྱའོ། །དེ་ལྟ་བུའི་སྲིད་ཞིའི་དྭངས་བཅུད་ཐམས་ཅད་འོད་ཟེར་སྦྲང་རྩིའི་རྣམ་པ་ལྟ་བུར་སྐུ་ལུས་ལ་བསྐྱིལ་ཞིང་། ཚེ་རྟེན་ཉི་ཟླའི་གའུ་ལུ་གུ་རྒྱུད་དང་བཅས་པ་ལ་བསྟིམས་པས། སྐུ་ཚེ་མི་འགྱུར་བའི་ལྷུན་པོ། མི་ནུབ་པའི་རྒྱལ་མཚན། རབ་ཏུ་བརྟན་པ་རྡོ་རྗེ་གཡུང་དྲུང་གི་རང་བཞིན་དུ་གྱུར། དེ་ནས་ཚེ་རྫས་རྣམས་རིམ་པར་ཕྱག་ཏུ་ཕུལ་ལ། ཧཱུྃ༔ བདེ་གཤེགས་ཚེ་ཡི་གསང་བའི་ཕོ་བྲང་མཆོག༔ བཀྲ་ཤིས་རིན་ཆེན་བུམ་པ་རྒྱན་ལྡན་པ༔ ནང་ན་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ གཉིས་མེད་བདུད་རྩིའི་ཆུ་དང་བཅས་ཕུལ་བས། །ལས་དང་ཉོན་མོངས་བག་ཆགས་དྲི་མ་བཀྲུས༔ ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ཌཱེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་སཏྭཾ༔ ཧཱུྃ༔ དུང་ཆེན་བདེ་བ་ཆེན་པོའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཛ་གད་སྨན༔ རྩ་གསུམ་ལྷ་ཚོགས་མཉམ་སྦྱོར་བྱང་ཆུབ་སེམས༔ དཔལ་ལྡན་བླ་མ་མཆོག་ལ་འབུལ་བ་ཡིས༔ རྩ་ཁམས་མདུད་གྲོལ་ཡེ་ཤེས་རྩ་ཁ་བྱེ༔ བདེ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ཨ་བྷི་ཥིཉྩ་སཏྭཾ༔ ཧཱུྃ༔ འབྲུ་བཅུད་དམ་རྫས་སྦྱར་བ་ཚེའི་བཅུད་ལེན༔ ཐབས་ཤེས་ཟུང་འཇུག་མྱང་གྲོལ་རིལ་བུ་འདི༔ དཔལ་ལྡན་བླ་མ་མཆོག་ལ་འབུལ་བ་ཡིས༔ མྱང་སྟོང་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་སཏྭཾ༔ ཧཱུྃ༔ ཕྱི་ལྟར་དམ་རྫས་རྫས་མཆོག་ཉི་ཤུ་ལྔ༔ ནང་ལྟར་བ་ལིཾ་བུམ་གཟུགས་ལྷའི་གཞལ་ཡས༔ གསང་བ་རྩ་གསུམ་ཚེ་ཡི་ལྷ་ཚོགས་བཞུགས༔ དཔལ་ལྡན་བླ་མ་མཆོག་ལ་འབུལ་བ་ཡིས༔ འཆི་མེད་ཚེ་དང་འཛད་མེད་ཟས་ནོར་སོགས༔ ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་ཎ་ཨཱ་ཡུཿསིདྡྷི་ཚེ་བྷྲཱུྃ༔ ཧཱུྃ། བདེ་གཤེགས་ཚེ་ཡི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ གསང་གསུམ་འགྱུར་མེད་རྡོ་རྗེར་རྒྱས་བཏབ་བོ། །འཆི་མེད་རྡོ་རྗེའི་སྲོག་ཏུ་གྲུབ་ནས་ཀྱང༔ འགྱུར་མེད་རྡོ་རྗེ་གཡུང་དྲུང་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་སཏྭཾ༔ དེ་ནས་ལས་བཞིའི་འབྲང་རྒྱས་རྣམས་རིམ་པར་ཕུལ་ལ། ལྷུན་གྲུབ་ཚེ་དབང་རིག་འཛིན་ལ། །དབང་གི་འབྲང་རྒྱས་འདི་ཕུལ་བས། ཁམས་གསུམ་སྲིད་བཅུད་མ་ལུས་ཀུན། །དབང་སྡུད་ཕྲིན་ལས་འགྲུབ་པར་ཤོག །ལྷུན་གྲུབ་ཚེ་དབང་རིག་འཛིན་ལ། །དྲག་པོའི་འབྲང་རྒྱས་འདི་ཕུལ་བས། །དགྲ་བགེགས་ལོག་འདྲེན་མ་ལུས་པ། །ཚར་གཅོད་ཕྲིན་ལས་འགྲུབ་པར་མཛོད། །ལྷུན་གྲུབ་ཚེ་དབང་རིག་འཛིན་ལ། །ཞི་བའི་འབྲང་རྒྱས་འདི་ཕུལ་བས། །ནད་གདོན་སྡིག་སྒྲིབ་ཉམས་ཆག་ཀུན། །ཞི་བའི་ཕྲིན་ལས་འགྲུབ་པར་ཤོག །ལྷུན་གྲུབ་ཚེ་དབང་རིག་འཛིན་ལ། །རྒྱས་པའི་འབྲང་རྒྱས་འདི་ཕུལ་བས། །སྐུ་ཚེ་བསྟན་པ་མངའ་ཐང་ཀུན། །རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་རྣམས་རིམ་པར་ཐོགས་ལ། དེ་ཡང་རྡོར་སློབ་ཀྱིས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུར་བ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས་དེར་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་འམ་སྦྱིན་པའི་བདག་པོའི་སྐུ་ཚེ་བརྟན་པའི་ཆེད་དུ། དུར་བའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་ནད་རྣམས་ཞི་བར་བྱེད་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་པ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་སླད་དུ། དུང་དཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྒྲ་སྒྲོག་པར་ཤོག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །སྙིང་པོ་རྣམ་དག་ཡེ་ཤེས་རྟོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་ཤིས་པར་ཤོག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གླང་པོ་ཆེ་ས་སྲུང་གིས་གི་ཝཾ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་གི་ཝཾ་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་སྐྱེ་འཆི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་ཉིས་སྟོང་བཞོས་པའི་ཞོ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་ཞོ་ཡི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཐོབ་ནས། །ཡོན་ཏན་ཀུན་གྱི་དབྱིག་ཏུ་གྱུར་པ་སྟེ། །བཀྲ་ཤིས་དེས་ཀྱང་ནད་རྣམས་ཞི་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ས་ཡི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་ལི་ཁྲིའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ནི། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་ཐོབ་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལྷ་ཚངས་པས་ཤིང་ཐོག་བིལ་བ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་བིལ་བའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་ལས་འདས་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པའི་མཐུ་ལས། དེང་འདིར་ཡང་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་བརྟན་པའི་ཆེད་དུ་ཡུངས་ཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །དབུ་ལ་བཀྲ་ཤིས་མི་ནུབ་གདུགས་ལྟར་སྐྱོབ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །ཚེམས་ལ་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ། །མགུལ་ལ་བཀྲ་ཤིས་བུམ་པ་བཟང་པོ་མཆོག །ཐུགས་ལ་བཀྲ་ཤིས་དཔལ་བེའུ་འོད་ཟེར་འཕྲོ། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་འཛིན། །ཞབས་ལ་བཀྲ་ཤིས་འཁོར་ལོ་རྩིབས་སྟོང་ལྡན། །བརྒྱད་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་རིན་ཆེན་ཏེ། །བློན་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ས་རྣམས་མ་ལུས་པ། །ཡོངས་སུ་བསྐོར་ཞིང་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །དཔའ་བརྟན་འབྱོར་པའི་དཔུང་གི་ཚོགས་དང་བཅས། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ཡི། །དམག་དཔོན་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །དགེ་ལེགས་རྒྱ་མཚོ་དཀོན་མཆོག་རིན་ཆེན་ལ། །དད་པ་རྒྱ་མཚོའི་འདུན་པས་ཕྱག་འཚལ་ཞིང་། །སྐྱེ་དགུ་རྒྱ་མཚོའི་དཔལ་དུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཀྱི་ཤིས་བརྗོད་ཀྱང་བྱ། ཚེ་རྫས་དང་འབྲང་རྒྱས་རྫས་རྟགས་སོགས་ཕྱག་ཏུ་ཕུལ་སྐབས་མེ་ཏོག་འཐོར་བ་དང་རོལ་མོ་འཁྲོལ། བླ་མ་དེ་ཉིད་ཀྱི་བརྟན་བཞུགས་ཚིགས་བཅད་ཤེས་ནའང་བྱ་ཞིང་སྤྱི་འགྲོ་ལ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་འོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་འོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་འོ། །ཧྲཱིཿ སྣོད་བཅུད་ཐམས་ཅད་པདྨོ་བདེ་བ་ཅན། །གཟོད་ནས་འཆི་མེད་དག་པའི་དཀྱིལ་འཁོར་དབུས། །དཔལ་ལྡན་བླ་མ་རྒྱལ་མཆོག་ཚེ་དཔག་མེད། །ནམ་ཡང་མི་ནུབ་གསལ་བར་ཞབས་བརྟན་ཤོག །ཐུགས་སྲོག་ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་འཕྲོས་སྣོད་བཅུད་ཞིང་ཀུན་ཁྱབ། །དྭངས་མའི་འོད་ཟེར་ཐུགས་ཀྱི་སྙིང་པོར་བསྟིམ། །སྐུ་ཚེ་རྡོ་རྗེ་ལྟ་བུར་འཚོ་གཞེས་ཤོག །བདེ་ཆེན་བདེ་སྐྱོང་འཁོར་ལོའི་རྩ་འདབ་དབུས། །ཚེ་ལྷ་ཡུམ་དང་མཉམ་སྦྱོར་བྱང་ཆུབ་སེམས། །མི་འགྱུར་ཡེ་ཤེས་བདུད་རྩིའི་སྤྲིན་འཕྲོ་བའི། །ཟག་མེད་རྡོ་རྗེའི་སྐུ་རུ་ཞབས་བརྟན་ཤོག །ཐུགས་ཀར་ཉི་ཟླའི་ག་འུ་ཁ་སྦྱོར་དབུས། །ཚེ་རྟེན་ཐུགས་སྲོག་ཧྲཱིཿས་མཚན་གཡས་བསྐོར་དུ། །ཧཱུྃ་ཡིག་ལུ་གུ་རྒྱུད་དུ་སྦྲེལ་བ་ཡིས། །བར་གཅོད་བགེགས་ཀྱི་མཚན་མས་མི་ཕྱེད་ཤོག །རྒྱལ་དབང་པདྨཱ་ཀ་རའི་ལུང་བསྟན་དང་། །རྒྱལ་སྲས་ཆོས་རྗེའི་ཐུགས་རྗེ་དུས་བབས་ཀྱིས། །གསང་ཆེན་ཐེག་པའི་རིང་ལུགས་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པར་ཤོག །ཅེས་པ། བདག་གིས་ཀུན་མཁྱེན་འབྲུག་པ་རིན་པོ་ཆེར་ཕུལ་བའི་ཤམ་བུ་གང་འདོད་དུ་བསྒྱུར་བ་འདི་ཙམ་བྱས་ན་ལེགས་སོ། །དེ་ནས་ཚོགས་ཀྱི་དགའ་སྟོན་དང་། ལས་བྱང་གི་ཚོགས་ལྷག་དང་། བཟོད་གསོལ་གཤེགས་བསྡུ་བཀྲ་ཤིས་ཀྱིས་བརྟན་པར་བྱའོ། །དེ་ལྟར་འཆི་མེད་དྲིལ་སྒྲུབ་ལ་བརྟེན་པའི་ཆོས་བདག་སྐྱེས་ཆེན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆོ་ག་འདི། འཆི་མེད་ཀྱི་ལས་གཞུང་ཉིད་དང་། བླ་མ་དག་གི་ཡིག་ཆ་གསར་རྙིང་ཅི་རིགས་དང་། ད་ལམ་རང་ཉིད་ཀྱི་དག་སྣང་དང་ཡང་སྒོ་བསྟུན་ཏེ་ཆོས་རྗེ་གླིང་པས་ལྷོ་ཕྱོགས་ཀྱི་རི་བོའི་སྐྱོབ་ནོར་བུ་གླིང་གི་ནགས་ནང་དུ་ཟིན་བྲིས་བཏབ་པ། དེ་ལས་ཤོག་ཐོག་ཏུ་འབེབས་པ་པོ་ཡང་། རྭ་སྟོན་འཇམ་དཔལ་གྱིས་བགྱིས་པ་སྟེ། དགེ་དེས་ཆོས་བདག་སྐྱེས་ཆེན་རྣམས་བསྐལ་པ་རྒྱ་མཚོའི་སྙིང་པོར་འཚོ་ཞིང་གཞེས་ལ་གདུལ་བྱ་སྨིན་གྲོལ་དུ་མཛད་པར་གྱུར་ཅིག །དགེའོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).