Terdzo-AI-005-4

Revision as of 02:10, 23 June 2016 by Mort (talk | contribs)
This page is under construction. Check back later for updated content.

སློབ་དཔོན་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས༔ ཆོས་འདི་ཉམས་སུ་ལེན་པའི་སྙིང་གཏམ་གྱི་ཆོས་ཡིན་པས༔ ཐུགས་སུ་ལེན་པར་མཛོད་ལེགས་སྷོ༔

slob dpon chen po sprul sku pad+ma 'byung gnas kyi bka' 'bum bzhugs pa'i dbu'i phyogs:_chos 'di nyams su len pa'i snying gtam gyi chos yin pas:_thugs su len par mdzod legs s+ho:
Alternate Title: བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (bla ma dmar khrid kyi zhal gdams zhus lan skor)

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བླ་མ་དམར་ཁྲིད་ཀྱི་ཞལ་གདམས་ཞུས་ལན་སྐོར་ (Bla ma dmar khrid kyi zhal gdams zhus lan skor)
Volume 60 (ཨི) / Pages 455-601 / Folios 1a1 to 74a2

[edit]

ལྡན་པའི་རྣལ་འབྱོར་པས་ཀྱང་ལྟ་བའི་རྩིས་ཟིན་པས་ཐམས་ཅད་ཡེ་ཤེས་སུ་འཆར་བར་འགྱུར་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་ཉིད་ཀྱི་ཚད་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚད་བསྟན་པ་ལ་གསུམ་ཡིན་གསུངས༔ ༡ གསལ་བའི་ཚད་ཏིལ་གྱི་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཡིན༔ ༢ མི་གཡོ་བའི་ཚད་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུ༔ ༣ ཡང་ཞིང་འཇམ་པའི་ཚད་ཤིང་བལ་གྱི་འདབ་མ་ལྟ་བུའོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དྲོད་རྟགས་ཀྱི་ཚད་ནི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གསུམ་ཡོད་གསུངས༔ ཕྱིའི་དྲོད་རྟགས་ལུས་ཡོད་དུ་མི་ཚོར་བ་དང༔ ནང་གི་བརྟགས་ཉོན་མོངས་པ་མི་སྐྱེ་བ་འབྱུང༔ གསང་བའི་དྲོད་རྟགས་ཡུལ་ཅི་ལ་ཡང་མི་དམིགས་པ་འབྱུང་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་ཐོབ་ཚུལ་ཇི་ལྟར་འཐོབ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་རྣལ་འབྱོར་པ་ལུས་ཀྱི་རྒྱ་དང་བྲལ་མ་ཐག་ཏུ་འཐོབ་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གང་ཟག་དབང་པོ་རབ་ཀྱིས་ལྟ་བའི་ཐག་ཇི་ལྟར་གཅད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཀློང་དགུ་སེམས་ཀྱི་དཔེས་ཡེ་ཤེས་ལྟ་བའི་ཐག་གཅད་དེ༔ ༡ ཆོས་ཐམས་ཅད་སེམས་ཀྱི་ཀློང་རིན་པོ་ཆེ་ལྟ་བུ་ཕྱོགས་རིས་མེད་པའོ༔ ༢ སེམས་འདུས་མ་བྱས་པའི་ཀློང་རྡོ་རྗེ་ལྟ་བུར་མི་འགྱུར་བའོ༔ ༣ སེམས་ལ་མཚན་མ་མེད་པའི་ཀློང་མུན་པའི་སྨག་ལྟ་བུར་ངོ་བོ་མི་མཐོང་བའོ༔ ༤ སེམས་ལ་གཟུགས་བརྙན་འཆར་བའི་ཀློང་རྒྱ་མཚོ་ལ་བབས་པའི་གཟུགས་བརྙན་ལྟར་ངོས་གཟུང་མེད་པའོ༔ ༥ སེམས་ཀུན་ལ་ཁྱབ་པའི་ཀློང་ནམ་མཁའ་ལྟ་བུར་རྒྱ་ཆེ་བའོ༔ ༦ སེམས་མ་ཡིན་པ་མེད་པའི་ཀློང་ཟ་འོག་གི་གཟུགས་བརྙན་ལྟ་བུར་ཅི་སྣང་སེམས་དང་ཐ་མི་དད་པའོ༔ ༧ སེམས་ཡེ་ནས་སངས་རྒྱས་ཡིན་པའི་ཀློང་རྒྱལ་པོའི་ཕྲུ་གུ་ལྟ་བུ་སྟེ་གཞན་གྱིས་ཐེ་ཚོམ་མི་ཟ་བའོ༔ ༨ སེམས་ལས་ཅིར་སྣང་ཡང་སྣང་བའི་ཀློང་ནོར་བུ་ཨིནྡྲ་ནཱི་ལ་ལྟ་བུ་སྟེ་གང་ལྟར་ཡང་སྣང་བའོ༔ ༩ སེམས་ལ་འགྱུར་བ་མེད་པའི་ཀློང་རིན་པོ་ཆེ་གསེར་ལྟ་བུ་སྟེ་གང་ན་གནས་ཀྱང་སེམས་ཉིད་ལས་མི་འགྱུར་བའོ༔ ཐམས་ཅད་སེམས་སུ་འདུས་པས་ཀློང་དགུ་ལ་ཐག་གཅད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པའི་ལ་གར་དོར་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མ་ཆགས་ཐབས་ཀྱིས་རོལ་པའི་དཔེས་སྤྱོད་པའི་ལ་དོར་བར་བྱ་སྟེ༔ རྒྱ་མཚོ་དྭངས་པ་ལ་གཟུགས་བརྙན་ཐབས་ཀྱིས་རོལ༔ ནམ་མཁའ་དྭངས་པ་ལ་སྐར་ཚོགས་ཐབས་ཀྱིས་རོལ༔ བྱང་ཆུབ་སེམས་ལ་སྣང་སྲིད་ཐབས་ཀྱིས་རོལ་པར་ཤར༔ འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཀྱང་ལྟ་བས་ཟིན་ན་སྐྱོན་གྱིས་མི་གོས་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགོངས་པ་མཉམ་པར་ཇི་ལྟར་གཞག་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ་གྱིས་མཉམ་པ་ལ་གཞག་པར་བྱ་སྟེ༔ དབང་པོ་ཀློང་འབྱམས་ཐོགས་མེད་ནམ་མཁའི་དགོངས་པ་དང༔ ཆོས་ཉིད་སྐྱེ་བ་མེད་པའི་ཀློང་འབྱམས་འཛིན་ཆགས་མེད་པའི་དགོངས་པ་དང༔ ཡེ་ཤེས་རང་གསལ་མ་གཡོས་པའི་ཀློང་འབྱམས་ཡུལ་མེད་ཀྱི་དགོངས་པའོ༔ དེ་གསུམ་ཡང་མ་བཅོས་པ་ལ་དགོངས་ནས་མཉམ་པར་བཞག་པ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུའི་གདེང་གར་བཅའ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ གང་ཤར་སེམས་ཉིད་འབྲས་བུར་ཤར་བའི་དཔེས་འབྲས་བུ་ལོགས་ནས་བཙལ་དུ་མེད་པར་བསྟན་ཏེ༔ དཔེར་ན་རྒྱ་མཚོ་ལ་གཟུགས་བརྙན་ཤར་བ་དང༔ ནམ་མཁའ་ལ་སྐར་ཚོགས་ཤར་ཡང༔ དེ་ལོགས་ནས་མ་ཤར༔ དེ་ཉིད་རང་ལས་ཤར་པ་ལྟར་རང་གི་སེམས་ཉིད་འབྲས་བུར་ཤར་ནས༔ རང་བྱུང་ཞིང་ཡེ་ནས་སྣང་བ་ལ་རང་ཡིན་པར་སྣང་འབྲས་བུ་རང་ལ་ཤར་བ་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣམ་རྟོག་གི་རྩད་ཅིས་གཅད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བཅོས་སུ་མེད་པའི་བཅོས་ཐབས་གསུམ་གྱིས་རྣམ་རྟོག་རང་ཞིར་འགྱུར་བ་བསྟན་ཏེ༔ དབང་པོ་ཡུལ་ལ་གསལ་བས་བཅོས་སུ་མེད༔ ཆོས་ཉིད་སྐྱེ་བ་མེད་པས་བཅོས་སུ་མེད༔ རྣམ་རྟོག་ཡེ་ཤེས་སུ་གསལ་བས་བཅོས་སུ་མེད༔ དེ་ཡང་ཅིའི་ཕྱིར་ན་སེམས་མ་ཡིན་པ་མེད་པས་ཐམས་ཅད་ཡེ་ཤེས་སུ་རྟོགས་པར་བྱའོ༔ དེ་ལྟར་རྣམ་རྟོག་ཆོས་ཉིད་དུ་གསལ་བས་རང་ཞིར་འགྱུར་རོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡུལ་སྣང་དགག་མི་དགོས་པའི་གནད་ཅིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གྲོལ་སེམས་ཀྱི་ལུང་ལས་ཐམས་ཅད་གསལ་བས་དགག་མི་དགོས་པའི་དཔེ་དྲུག་གིས་བསྟན་ཏེ༔ ༡ དབང་པོ་ཡུལ་ལ་རོལ་ཏེ་ཆོས་ཉིད་དུ་གསལ་བས་དགག་མི་དགོས་ཏེ་རིན་ཆེན་གསེར་གླིང་ལྟ་བུ༔ ༢ རྣམ་རྟོག་ཡེ་ཤེས་སུ་གསལ་བས་རྟོག་པ་དགག་མི་དགོས་ཏེ་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུ༔ ༣ ཆོས་ཉིད་ལ་དངོས་པོ་སྤང་མི་དགོས་ཏེ་མ་སྤང་པར་གྲོལ་བ་ཁྱུང་ཆེན་སྒོ་ངར་གཤོག་སྒྲོ་རྫོགས་པ་ལྟ་བུ༔ ༤ མཉམ་བཞག་རྗེས་ཐོབ་གཉིས་མེད་པས་མཉམ་པར་གཞག་རྒྱུ་མེད་དེ་བྱ་ནམ་མཁའ་ལ་གནས་པ་ལྟ་བུ༔ ༥ ཐམས་ཅད་སེམས་མ་ཡིན་པ་མེད་པས་ཉོན་མོངས་པ་སྤང་ཞིང་སྒྲིབ་པ་སྦྱང་དུ་མེད་དེ་ཉི་མའི་སྙིང་པོ་ལ་མུན་པ་སྦྱང་དུ་མེད་པ་ལྟ་བུ༔ ༦ ཡུལ་སེམས་གཉིས་སུ་མེད་པར་གསལ་བས་སོ་སོར་དབྱེ་མི་དགོས་ཏེ་ནམ་མཁའ་ལ་དབྱེ་བ་མེད་པ་ལྟ་བུའོ༔ ཡང་ན་དགག་མི་དགོས་པ་དྲུག་གི་སྤྱོད་ཡུལ་ཏེ༔ བཀག་པས་མི་ཁེགས་པས་མ་བཀག་ཆོས་ཉིད་དུ་གསལ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་དང་ཆོས་ཉིད་དབྱེར་མི་ཕྱེད་པའི་གནད་ཅིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབྱེར་མེད་དྲུག་གི་དཔེས་སེམས་དང་ཆོས་སུ་དབྱེར་མེད་པར་སྟོན་ཏེ༔ ༡ ཆུ་དང་རླན་དབྱེར་མེད༔ ༢ མེ་དང་ཚ་བ་དབྱེར་མེད༔ ༣ དུང་དང་དཀར་པོ་དབྱེར་མེད༔ ༤ ཟ་འོག་དང་ཟ་འོག་གི་གཟུགས་བརྙན་དབྱེར་མེད༔ ༥ གསེར་དང་གསེར་གླིང་དུ་དབྱེར་མེད༔ ༦ འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད༔ དེ་བཞིན་དུ་ཆོས་དང་སེམས་ཅན་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་ངང་དུ་དབྱེར་མེད༔ ཡོད་པ་དང་མེད་པ་མི་དབྱེ་བར་སེམས་སུ་གསལ་བས་ཡེ་ཤེས་དངོས་སོ༔ ཆོས་ཀྱང་སེམས་ལ་སེམས་ཀྱང་ཆོས་ཡིན་དབྱེར་མེད་ཅིང་ཐ་མི་དད་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྣང་སྲིད་རང་བྱུང་དུ་འཆར་བའི་དཔེ་གང་གིས་བྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྔ་ཕྱི་མེད་པའི་དཔེ་དྲུག་གིས་སྣང་སྲིད་རང་བྱུང་གི་ཡེ་ཤེས་སུ་བསྟན་ཏེ༔ གོང་མའི་དཔེ་ཆུ་ལ་སོགས་པ་དྲུག་ལ་དབྱེར་མེད་ཅིང་སྔ་ཕྱི་མེད་པ་བཞིན་དུ༔ སྣང་སྲིད་ཀྱི་ཆོས་ཐམས་ཅད་དང་ཆོས་ཉིད་ལ་སྔ་ཕྱི་མེད་དེ༔ ཡེ་ཤེས་ཆེན་པོ་པ་རང་བྱུང་རང་ཤར་ཡིན་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣལ་འབྱོར་གྱི་སེམས་ཀྱི་གེགས་བརྒྱད་དང་འཕྲང་ཅིས་བསལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྣལ་འབྱོར་སེམས་ཀྱི་ལམ་དུ་འགྲོ་བའི་གེགས་བརྒྱད་དང་འཕྲང་བསལ་བ་ནི༔ རྟོགས་པས་བསལ་ཏེ༔ ༡ གཉིས་འཛིན་གྱི་འཕྲང་བསལ་ནས་གཉིས་སུ་མེད་པ་ལྟ་བའི་རྫོང་དང༔ ༢ རྟོག་པའི་འཕྲང་བསལ་ནས་མི་རྟོག་པའི་རྫོང་དང༔ ༣ ལྟ་བའི་འཕྲང་བསལ་ནས་ལྟ་རུ་མེད་པའི་རྫོང་དང༔ ༤ བླང་དོར་གྱི་འཕྲང་བསལ་ནས་དགག་སྒྲུབ་མེད་པའི་རྫོང་དང༔ ༥ གཟུང་འཛིན་གྱི་འཕྲང་བསལ་ནས་གཟུང་འཛིན་དང་བྲལ་བའི་རྫོང་དང༔ ༦ རེ་དོགས་ཀྱི་འཕྲང་བསལ་ནས་བྱང་ཆུབ་རང་ལ་གསལ་བའི་རྫོང་དང༔ ༧ ཞེན་པའི་འཕྲང་བསལ་ནས་ཞེན་ཆགས་མེད་པའི་རྫོང་དང༔ ༨ རྩོལ་སྒྲུབ་ཀྱི་འཕྲང་བསལ་ནས་ལྷུན་གྱིས་གྲུབ་པའི་རྫོང་དང༔ རྫོང་བརྒྱད་ལ་གནས་ནས་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་དྲིལ་ཏེ་དགག་སྒྲུབ་མེད་པར་བསལ་ལོ༔ ཐམས་ཅད་སེམས་སུ་གསལ་བས་དོག་བསལ་ནས་ཡངས་ཤིང་ཤོང་ཆེ་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཉམས་ཡིད་ཆེས་པའི་ཚད་ཅིས་གཟུང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚད་མ་གསུམ་གྱིས་ཡིད་ཆེས་ན་ཉམས་བརྟན་ཏེ༔ གོང་མའི་དོན་དེ་དག་རྟོགས་པར་བྱས་ནས༔ ལུང་དང་གདམས་ངག་དང་རང་རིག་པའི་ཉམས་ལ་ཡིད་ཆེས་པས་རྟོགས་ཏེ༔ དེ་ཡང་བློའི་གཏིང་དུ་ཡིད་ཆེས་པར་བྱས་ནས་བསྒོམས་ན་ཉམས་མྱོང་གསལ་བར་འགྱུར་བ་སྟེ༔ དེ་ཡང་ལུས་ཡང་བ་དང༔ གསལ་བ་དང༔ ལྐོག་ཏུ་གྱུར་པ་མཐོང་བ་དང༔ རྟོག་པ་ཆུང་བ་ལ་སོགས་པ་བྱུང་བ་དང༔ བྲོད་པ་དང་རེ་དོགས་མེད་པར་བསྒོམ་སྟེ༔ དེ་བས་ན་དྲོད་རྟགས་རང་བཞིན་གྱིས་བྱུང་ཡང་དགའ་བྲོད་ཀྱིས་སྐྱེད་ཕྱིས་མི་འབྱུང་བ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གོལ་ས་དང་འཛིན་པའི་མཐའ་གང་གིས་སེལ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཛིན་པ་དགུ་དང་བརྒྱད་ཀྱི་ཤུལ་མི་འབྲེང་སྟེ༔ ཐེག་པ་དགུ་དང༔ འགྲོ་བ་དྲུག་དང་མུ་སྟེགས་རྟག་ཆད་ཀྱི་རྗེས་སུ་མ་འབྲེང༔ རྣལ་འབྱོར་པ་སྒོམ་པའི་དུས་ན་ཡུལ་སེམས་སོ་སོར་ཡོད་པར་ཡང་མི་གཟུང༔ རྟེན་འབྲེལ་མི་དགག༔ སྟོང་པ་མི་བསྒོམ༔ གཉིས་སུ་མི་བསྒོམ་པ་ལ་སོགས་པ་བྱ་སྟེ༔ དེ་ཡང་ཐེག་པ་རིམ་པ་དགུ་ནི་གྲུབ་མཐས་བསྒྱུར་བ་ཡིན༔ འགྲོ་བ་རིགས་དྲུག་ནི་མཐོང་སྣང་མ་བསྒྱུར་ཞིང་གྲུབ་མཐའ་རང་ཁ་མ་ཡིན༔ མུ་སྟེགས་རྟག་ཆད་གཉིས་ནི་གྲུབ་མཐའ་ཕྱིན་ཅི་ལོག་གི་འཛིན་པའོ༔ དེ་རྣམས་ཀྱི་རྗེས་སུ་མ་འབྲངས་ནས་ཕྱོགས་ལྷུང་རྒྱ་ཆད་མེད་པ་ཞིག་བྱུང་ན་ཆོས་ཉིད་ཡིན་ནོ་གསུངས༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞེན་ཆགས་ངང་གིས་བྲལ་བའི་གནད་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྣང་བ་རང་སྣང་ཞེན་མེད་རང་གྲོལ་ཏེ༔ སྣང་བ་ནི་རང་གི་བྱང་ཆུབ་སེམས་ཀྱི་རོལ་པར་སྣང་བའོ༔ དེ་ལྟར་ཡིན་ཡང་ཡུལ་མེད་ལ་ཆགས་ཤིང་ཞེན་པ་ནི༔ རྟོག་པ་ཀློང་དུ་གྱུར་ནས་ཞེན་ཆགས་ཤུགས་ཀྱིས་འབྲལ་བར་འགྱུར་རོ༔ སྣང་བ་རང་སྣང༔ སྟོང་པ་རང་སྟོང་ལ་ཞེན་ཆགས་ནམ་མཁའ་ལྟར་དག་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐེག་པ་དགུའི་ཤན་ཅིས་འབྱེད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འདོད་པ་ཡོད་མེད་དགུས་ཐེག་པའི་ཤན་དབྱེ་སྟེ༔ ༡ དེ་ཡང་ཡུལ་སེམས་སོ་སོར་འདོད་པ་ལ༔ ཡུལ་རྡུལ་ཕྲ་རབ་ལས་གྲུབ༔ རྡུལ་ཕྲ་རབ་རྫས་སུ་འདོད་པ་ནི་ཉན་ཐོས་ཀྱི་གྲུབ་མཐའ་འོ༔ ༢ ཕྱིའི་ཡུལ་སྒྱུ་མ་ཡིན་ལ༔ སྒྱུ་མ་རྟེན་འབྲེལ་ཡིན་པས་མི་བདེན་ཞིང༔ དེ་ལ་འཛིན་པའི་ཤེས་པ་བདེན་པ་རང་སངས་རྒྱས་འདོད༔ ༣ རྟེན་འབྲེལ་སྟོང་ཉིད་དང་སྟོང་ཉིད་སྤྲོས་བྲལ་དུ་དབུ་མ་པ་འདོད༔ ༤ གསང་སྔགས་ཕྱི་པ་གསུམ་གྱིས་དོན་དམ་སྟོང་པ༔ ཀུན་རྫོབ་ཏུ་རིགས་གསུམ་དག་པ་གསུམ་གྱིས་སྒྲུབ་པར་འདོད་པ་དང༔ ༥ ལྟ་བ་གོང་མ་སྤྱོད་པ་འོག་མ་དེ་གཉིས་ལ་བརྟེན་ནས་སྒྲུབ་པར་འདོད་པ་དང༔ ༦ བླང་དོར་ཕྱག་རྒྱ་བཞི་དང༔ ཏིང་ངེ་འཛིན་གྱིས་ལྷའི་སྐུ་སྒྲུབ་པར་འདོད་དོ༔ ༧ ནང་པ་ལ་གསུམ་སྟེ༔ མ་ཧཱ་ཡོ་ག་དོན་དམ་པར་སྐྱེ་བ་མེད་པ་དང༔ ཀུན་རྫོབ་སྒྱུ་མ་དེ་དག་པ་གསུམ་མམ་མཉམ་པ་ཉིད་རྣམ་པ་བཞིའི་ཚུལ་དུ་འདོད༔ ༨ ཨ་ནུ་ཡོ་ག་ནི་དག་པ་དབྱིངས་ཀྱི་རང་བཞིན་རྒྱུ་རུ་འདོད༔ འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འདོད༔ ཡེ་ཤེས་ཀྱིས་དབྱིངས་རྟོགས་པའི་དུས་ན་སྲས་བདེ་བ་ཆེན་པོ་སྟེ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་རྫོགས་པར་འདོད་དོ༔ དེ་ཡང་མ་བསྐྱེད་རྫོགས་པའི་ཚུལ་དུ་སྒོམ་མོ༔ ༩ ཨ་ཏི་ཡོ་ག་ལ་འདོད་པ་དང་ཞེན་པ་མེད་པ་ལ༔ ཨ་ནུ་མན་ཆད་ལ་འདོད་པ་དང་ཞེན་པ་ཡོད་དོ༔ དེ་ཡང་ཇི་ལྟར་ཨ་ཏི་ཡོ་ག་འདོད་ཞེན་མེད་ཅེ་ན༔ བྱང་ཆུབ་ཡེ་ནས་གསལ་བས་བསྒྲུབ་པར་འདོད་པ་མེད༔ མཚན་མའི་ཆོས་ལ་ཞེན་པ་མེད་པས་ཞེན་པ་གང་ཡང་མེད་དོ༔ དེ་ནི་ཐེག་པ་ལ་ཤན་མ་ཕྱེ་ན་གོང་འོག་གི་དོན་མི་མཐོང་བས་ཐེག་པ་དགུའི་ཤན་ཕྱེ་བ་ཡིན་གསུངས་སོ༔ ༔ ྈ སློབ་དཔོན་པདྨ་འབྱུང་གནས་ཀྱིས་གང་ཟག་དབང་པོ་རབ་ཀྱི་དོན་དུ་གནང་བའི་མན་ངག་ཞལ་ཐོན་དུ་གནང་བ་འདི་ཤིན་དུ་གསང་ངོ༔ ༔དཔལ་རྟ་མགྲིན་གྱིས་སེམས་ཀྱི་སྒོ་བསྲུངས་ནས་གནས༔ འུབས་ཀྱིས་བསྡུས་པས་ཀློང་དགུ་སེམས་ཀྱི་དཔེ་ཡིས་ལྟ་བའི་ཐག་བཅད༔ མ་ཆགས་ཐབས་ཀྱི་རོལ་པས་སྤྱོད་པའི་ལ་དོར༔ དགོངས་པ་ཀློང་འབྱམས་ཐོགས་པ་མེད་པ་གསུམ་གྱིས་མཉམ་པ་ལ་བཞག༔ རང་ཤར་སེམས་ཉིད་འབྲས་བུར་ཤར་བའི་དཔེས་འབྲས་བུ་ལོགས་ནས་བཙལ་དུ་མེད་པར་བསྟན༔ བཅོས་སུ་མེད་པའི་འཆོས་ཐབས་གསུམ་གྱིས་རྣམ་རྟོག་རང་ཞིར་འགྱུར༔ རང་གྲོལ་སེམས་ཀྱི་ལུང་ལས་ཐམས་ཅད་གསལ་བས་དགག་མི་དགོས་པའི་དཔེ་དྲུག་གིས་ཡུལ་སྣང་དགག་མི་དགོས་པར་བསྟན༔ དབྱེར་མེད་དྲུག་གི་དཔེས་སེམས་དང་ཆོས་སུ་དབྱེར་མེད་པར་བསྟན༔ སྔ་ཕྱི་མེད་པའི་དཔེ་དྲུག་གིས་སྣང་སྲིད་རང་བྱུང་གི་ཡེ་ཤེས་སུ་བསྟན༔ རྣལ་འབྱོར་སེམས་ཀྱི་ལམ་དུ་འགྲོ་བའི་གེགས་བརྒྱད་ཀྱི་འཕྲང་བསལ་ནས༔ རྫོང་བརྒྱད་ལ་གནས་པས་རྣལ་འབྱོར་པའི་ལམ་གཅིག་ཏུ་དྲིལ༔ ཚད་མ་གསུམ་གྱིས་ཡིད་ཆེས་པར་བྱས་ལ་ཉམས་རྟགས་དྲོད་རྟགས་རང་བཞིན་གྱིས་བྱུང་ཡང་བྲོད་པ་མི་སྐྱེད༔ འཛིན་པ་དགུ་དང་བརྒྱད་ཀྱི་ཤུལ་དུ་མི་འབྲེང༔ སྣང་བ་རང་སྣང་ལ་ཞེན་པ་མེད་པར་དགྲོལ༔ འདོད་པ་ཡོད་མེད་དགུ་ཡིས་ཐེག་པའི་ཤན་དབྱེ༔ དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ཀྱི་དོན་དུ་ཆོས་ཉིད་དགོངས་པ་ཀློང་བརྡོལ་བའོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ དབང་པོ་རབ་འབྲིང་ཐ་མ་གང་གིས་ཀྱང་སངས་རྒྱས་ཀྱི་དགོངས་པ་ད་ལྟ་ཉིད་དུ་གཏན་ལ་དབབ་པ་ཞིག་ཞུ་དང་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་འདུས༔ བྱང་ཆུབ་ཀྱི་སེམས་དེ་སྐྱེ་འགྲོ་སྲོག་གིས་བསྡུས་པ་ཐམས་ཅད་ལ་ཁྱབ་པར་གནས་སོ༔ དེ་ཡང་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ཏེ༔ སེམས་དེ་ཁ་དོག་དང་དབྱིབས་སུ་མ་གྲུབ༔ དངོས་པོ་དང་མཚན་མར་མ་གྲུབ་པ༔ མ་བཅོས་ཡེ་ནས་སྟོང་གསལ་ཆེན་པོར་གནས་ཏེ༔ རང་བྱུང་དུ་ཤར་བ་དེ་ངོས་ཟིན་པ་དེ་ནི་ལྟ་བ་ཀུན་ཏུ་བཟང་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་སོ༔ ཐིག་ལེ་ཉག་གཅིག་ཆོས་ཉིད་བྱང་ཆུབ་སེམས་ཅིར་ཡང་མ་གྲུབ་པ༔ ངོ་བོ་སྟོང་པ་རང་བཞིན་གསལ་བ་དེའི་ངང་ལ་གནས་པ་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་སྒོམ་པ་ཞེས་བྱའོ༔ དེ་ལ་སྒོམ་དུ་ཡང་མེད་ཡེངས་སུ་ཡང་མེད་པར་གནས་པས་སྤྱོད་པ་རང་བྱུང་འདུ་འབྲལ་མེད་པ་ཞེས་བྱའོ༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་དེར་སངས་མ་རྒྱས་པ་མེད་དེ༔ ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས་མ་ཐ་དམྱལ་བའི་འཇིག་རྟེན་ཡན་ཆད་མཉམ་པར་སངས་རྒྱས་པས་སྡུག་བསྔལ་དང་བྱང་ཆུབ་ཏུ་མཉམ༔ སངས་རྒྱས་དང་སེམས་ཅན་དུ་མཉམ༔ དེ་ཡང་ད་ལྟར་བྱས་པ་ལྟ་བུ་མ་ཡིན་ཏེ༔ ཡེ་ནས་ལྷུན་གྱིས་གྲུབ་པས་འབྲས་བུ་ཆོས་སྐུ་རང་རིག་པའི་ཡེ་ཤེས་ཞེས་བྱའོ༔ དེ་ནི་ད་ལྟ་ཉིད་དུ་བླ་མའི་གདམས་པས་མཐོང༔ སྒོམ་ཞིང་སྒྲུབ་ཏུ་མེད་དེ་སངས་རྒྱས་པ་ཡིན་ནོ༔ དེ་ལས་བདག་ལ་བསྟན་དུ་མེད་དོ༔ མཁར་ཆེན་བཟའི་ཐུགས་ལ་ཞོག་ཅེས་གསུངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ལ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གྱི་དོན་དུ་སྒོམ་ཁྲིད་རྣམ་གསུམ་ཞུས༔ ཕྱི་རབས་དོན་དུ་དཀར་ཆག་ཡི་གེར་བཏབ༔ སྤེལ་བའི་གནས་མེད་རིན་ཆེན་སའི་གཏེར་དུ་སྦས༔ རྣལ་འབྱོར་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཕྱི་རབས་སྐལ་ལྡན་གཅིག་དང་འདི་འཕྲད་ནས༔ ལྟ་བ་རྒྱ་མཚོ་ཡངས་པའི་དོན་རྟོགས་ཀྱང༔ སྤྱོད་པ་ཀུན་རྫོབ་ལས་འབྲས་ཞིབ་ཏུ་གཟོབས༔ ཆོས་ཉིད་རྒྱ་མཚོ་ཡངས་པའི་དོན་རྟོགས་ཀྱང༔ སྒོམ་པ་མ་ཡེངས་གསེར་ཕུར་བཞིན་དུ་ཐོབས༔ སེམས་ཉིད་ཡངས་པ་རྣལ་མའི་དོན་རྟོགས་ཀྱང༔ དམ་ཚིག་སྡོམ་ཁྲིམས་གཏན་ནས་མ་ཉམས་སྲུངས༔ རྟོགས་པ་རྒྱ་མཚོ་ཆོས་ཉིད་དོན་རྟོགས་ཀྱང༔ བླ་མ་དམ་པ་སྤྱི་བོའི་ཕུད་དུ་ཁུར༔ ཕྱོགས་རིས་མེད་པའི་བྱམས་པའི་སེམས་ཡོད་ཀྱང༔ མཆེད་གྲོགས་ཆོས་གྲོགས་རྣམས་ཀྱི་སེམས་ཀྱང་ཟུངས༔ སངས་རྒྱས་སེམས་ཅན་མཉམ་པའི་དོན་རྟོགས་ཀྱང༔ ལས་འབྲས་མི་དགེ་བཅུ་པོ་དུག་བཞིན་སྤོངས༔ རང་སེམས་སངས་རྒྱས་ཡིན་པའི་དོན་རྟོགས་ཀྱང༔ ཡི་དམ་ལྷ་མཆོག་རང་གི་སྙིང་ལྟར་ཆོངས༔ སྡུག་བསྔལ་བདེ་བ་ཆེན་པོར་གནས་གྱུར་ཀྱང༔ འདུ་འཛི་བྱ་བྱེད་སྡུག་བསྔལ་རྒྱུ་གསོག་སྤོངས༔ ཉོན་མོངས་ཡེ་ཤེས་ཆེན་པོར་གནས་གྱུར་ཀྱང༔ དུག་ལྔ་དུག་གསུམ་མེ་ཡིས་རྒྱུད་མ་སྲེགས༔ བྱར་མེད་བདེ་བ་ཆེན་པོའི་དོན་རྟོགས་ཀྱང༔ བརྩོན་འགྲུས་སྟོབས་ཀྱིས་དགེ་བའི་ཕྱོགས་ལ་འབོད༔ ཕྱི་རབས་སྒོམ་ཆེན་ཡིན་པར་ཁས་ལེན་རྣམས༔ ལྟ་བ་འཕང་དམའ་སྤྱོད་པ་རྩིང་མུ་སྟེགས་རྒྱང་འཕེན་གྱི་ལྟ་བར་གོལ་བར་མཆིའོ༔ སྟོང་པ་ཟེར་ནས་མེད་པར་བཟུང་བས་མུ་སྟེགས་ཆད་པར་གོལ་བར་མཆིའོ༔ མི་རྟོག་གླེན་སྒོམ་བྱས་ནས་ཤེས་པ་བཙོན་དུ་བཟུང་བས་ཉན་ཐོས་འགོག་པར་གོལ་བར་མཆིའོ༔ ཐམས་ཅད་སེམས་ཡིན་ཟེར་ནས་སྤྱོད་པ་བབ་ཅོལ་བྱེད་ན་ངན་སོང་གསུམ་དུ་གོལ་བར་མཆིའོ༔ ལྟ་བ་མཐོན་པོ་ལ་ཞེན་ནས་ཆོས་སྤྱོད་ཁྱད་དུ་བསད་པས་གཏན་སྡུག་དམྱལ་བའི་གནས་སུ་གོལ་བར་མཆིའོ༔ བསྒོམ་པ་མེད་པའི་རིག་པའི་བཙན་ས་མ་ཟིན་ན་འབྲས་བུ་འགྲོ་དྲུག་གནས་སུ་གོལ་བར་མཆིའོ༔ སྒོམ་ཡོད་བྱས་ནས་སེམས་སུ་རྟག་པར་བཟུང་བས་མུ་སྟེགས་རྟག་པར་གོལ་བར་མཆིའོ༔ རང་སེམས་མ་རྟོགས་སྒོམ་པ་ཡོད་རྫུན་བཏབ་པས་འཆི་ཀར་ལོག་པའི་ལམ་དུ་གོལ་བར་མཆིའོ༔ ཆོས་སྒོར་ཞུགས་ནས་ཅི་བྱེད་འཇིག་རྟེན་འདིའི་ཆེད་དུ་བྱས་ན་ཆོས་པ་རང་ཉིད་སོ་སྐྱེར་གོལ་བར་མཆིའོ༔ ཞེས་གདམས་སོ༔ སྒོམ་ཁྲིད་རིན་པོ་ཆེ་གསེར་ཕྲེང་གི་སྐོར༔ གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ལ་གདམས་པ༔ འབྲུག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་བྲག་དམར་གཡའ་མ་ལུང་དུ་གདམས་པའོ༔ རྒྱ་རྒྱ་རྒྱ༔༔ ༔༔ ྈ ༄༅༔ སྙིང་གཏམ་བཀའ་རྒྱའི་སྐོར༔ ྈ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ དགོངས་པ་སངས་རྒྱས་དང་མཉམ་པ༔ སྐུ་ལ་སྐྱེ་ཤི་མེད་པ་སྤྲུལ་པའི་སྐུར་གྱུར་པ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ སངས་རྒྱས་དང་སེམས་ཅན་གཉིས་ཀྱི་སོ་མཚམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མཚོ་རྒྱལ་སངས་རྒྱས་ཞེས་བྱ་བ་ནི་མ་རིག་པ་སངས་པས་ཡེ་ཤེས་མཐར་རྒྱས་པ་ལ་ཟེར་བ་ཡིན༔ མ་རིག་པ་མ་རིག་པར་མ་རྟོགས་པས་སེམས་ཅན་དུ་སོང་བ་ཡིན༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་གི་སེམས་ཉིད་ལ་བལྟས་པས༔ སེམས་ཉིད་ཅིའི་ངོ་བོར་མ་གྲུབ་པ་སྟོང་པ་རྣམ་རྟོག་རང་དྭངས་སུ་རྟོགས་ཤིང་རིག་ན༔ སེམས་ཅན་སངས་རྒྱས་སུ་རང་སར་དག་པའི་གནད་ཡིན༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ འཁོར་བ་དང་མྱ་ངན་ལས་འདས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འཁོར་བ་ཞེས་བྱ་བ་ནི་གཅིག་ནས་གཅིག་ཏུ་འཁོར་བའོ༔ མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འཁོར་བའི་གདོས་ཐག་བཅད་པའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་གི་སེམས་ཉིད་འདི་གཞི་ལ་དངོས་པོའི་སྐྱོན་གྱིས་མི་གོས་པར་སྐྱེ་མེད་རང་བྱུང་དུ་མཐོང་བས་འཁོར་བའི་ས་མེད༔ འཁོར་བ་ཀ་ནས་དག་པས་སངས་པ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ༔ འཁོར་བ་མྱ་ངན་ལས་འདས་པར་རང་སར་དག་པའི་གནད་ཡིན༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ མ་རིག་པ་དང་རིག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ མ་རིག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོ་མ་ཤེས་པའོ༔ རིག་པ་ཅེས་བྱ་བ་ནི་སེམས་ཀྱི་དངོས་པོ་དེ་མཐོང་བའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་རང་སེམས་དངོས་པོ་དོན་གྱི་གནས་ལུགས་ལྷང་ངེ་ལྷན་ནེ་བ་འདི་ལ་བལྟས་པས༔ སེམས་དེ་ལྟར་མཐོང་བ་ཁོ་ལ་མ་རིག་པ་རང་སར་དག་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སེམས་དང་སེམས་ཉིད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སེམས་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་ཅིང་དྲན་པའོ༔ སེམས་ཉིད་ཅེས་བྱ་བ་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་རྟོག་པའི་རྒྱུ་བ་བཅད་ལ་མ་བཅོས་པར་རང་བཞིན་དུ་བཞག་ལ༔ གང་ཡང་ཡིད་ལ་མི་བྱེད་ཅིང་ལྷམ་མེ་ལྷན་ནེ་བ་དེ་ལ་སེམས་ཉིད་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཀུན་གཞི་དང་ཀུན་གཞིའི་རྣམ་པར་ཤེས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཀུན་གཞི་ཞེས་བྱ་བ་ནི་ཀུན་རྣམ་པར་རྟོག་པ་དང་གཞི་ཞེས་པ་ཆོས་ཉིད་ཀྱི་སྐུ་འདྲེས་པས་བག་ཆགས་བཟང་ངན་གྱི་སྣོད་དོ༔ ཀུན་གཞིའི་རྣམ་པར་ཤེས་པ་ནི་ཡིད་ཀྱིས་ཀུན་གཞི་ལས་བསྐྱོད་ནས་དྲན་རིག་ཏུ་ཤར་བའོ༔ དེ་ཉམས་སུ་ལེན་པའི་དུས་སུ་གཞི་དངོས་པོ་དོན་གྱི་གནས་ལུགས་མ་བཅོས་པ་དེ་ལ་ཡིད་ཀྱི་དྲན་པས་མ་བསྐྱོད་པར་ལྷང་ངེ་ལྷན་ནེ་རྟོག་མེད་དུ་གནས་པ་དེ་ཁོ་ན་ལ༔ ཀུན་གཞི་དང་རྣམ་ཤེས་དང་དངོས་པོ་ཡི་དོན་གྱི་གཞིར་ཤེས་པས་ཆོས་ཀྱི་སྐུར་རང་སར་དག་པའི་གནད་ཅེས་བྱ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཡིད་ཅེས་བྱ་བ་ནི་དྲན་པ་ཐམས་ཅད་ཀྱི་གཞིའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ལ་སྐྱོད་པར་བྱེད་པའི་རླུང་སྟེ་མི་དྲན་དགུ་དྲན་ནོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཡིད་དྲན་པ་མེད་ཅིང་གང་གི་ངོ་བོར་ཡང་མ་གྲུབ་པ་དེ་ལ་སྐྱོད་བྱེད་ཀྱི་རླུང་གིས་མ་བསྐྱོད་པ༔ མར་མེ་རླུང་གིས་མ་བསྐྱོད་པ་དེ་ལྟ་བུ་གསལ་ལ་རྟོག་པ་མེད་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཉིད་དུ་རང་གསལ་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དོན་དམ་དང་ཀུན་རྫོབ་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དོན་དམ་པ་ཞེས་བྱ་བ་ནི་བློའི་སྤྱོད་ཡུལ་དུ་མ་གྱུར་པའོ༔ ཀུན་རྫོབ་ཅེས་བྱ་བ་ནི་བློ་འཁྲུལ་པའི་ངོ་བོར་གང་ལ་ཡང་མ་འགགས་པར་སྣང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཀུན་རྫོབ་ལ་བལྟས་ན༔ ཀུན་རྫོབ་བློའི་སྤྱོད་ཡུལ་དུ་མ་གྲུབ་པར་སྣང་བཞིན་གྱིས་སྟོང་པ་ཅིར་ཡང་མ་གྲུབ་པར་འདུག༔ དེ་ཁོ་ན་ཉིད་ལ་ཀུན་རྫོབ་དོན་དམ་དུ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཕ་རོལ་དང་ཚུ་རོལ་གྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཕ་རོལ་ཞེས་བྱ་བ་ནི་འཁོར་བ་ལས་འདས་པའོ༔ ཚུར་རོལ་ཞེས་བྱ་བ་ནི་འཁོར་བའི་ཆོས་སོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་རང་རྒྱུད་པ་ཚུར་རོལ་པ་འདི་ལ་བལྟས་པས༔ དངོས་པོ་ཅི་ཡང་མེད་ཅིང་ཡིད་ལ་བྱར་མེད་པ་གསལ་ལ་དག་པར་འདུག་པ་དེ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ༔ ཚུར་རོལ་ཕ་རོལ་ཏུ་ཕྱིན་པར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཏི་མུག་དང་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ གཏི་མུག་ཅེས་བྱ་བ་ནི་བློའི་སྒྲིབ་པ་འཐུག་པོས་གང་ཡང་མི་གོ་བའོ༔ ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཇི་བཞིན་པའི་གནས་ལུགས་གསལ་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་མི་གོ་ཞིང་མི་ཤེས་པའི་སེམས་ལ་བལྟས་པས༔ སེམས་ལ་ཤེས་པ་དང་མི་ཤེས་པའི་དཔྱོད་པ་མི་འཇུག་པ་གང་གི་ངོ་བོར་ཡང་མ་གྲུབ་པ་གསལ་ལ་མ་བསྒྲིབས་པར་འདུག་པ་དེ་ཁོ་ན་ལ་གཏི་མུག་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞེ་སྡང་དང་བྱམས་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཞེ་སྡང་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་ཡིད་ཀྱིས་གཅོད་པའོ༔ བྱམས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་ཡུལ་ལ་ཡིད་གདུང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཞེ་སྡང་སྐྱེ་བའི་ཡུལ་ལ་བལྟས་པས་ཀྱང་ངོ་བོར་མ་གྲུབ་སྟེ་སྟོང་པར་འདུག༔ སྙིང་རྗེ་སྐྱེ་བའི་ཡུལ་ལ་བལྟས་པས་ཀྱང་ངོ་བོར་མ་གྲུབ་སྟེ་སྟོང་པར་འདུག༔ སྡང་བ་དགྲ་ཡང་སེམས་བྱམས་པ་གཉེན་ཡང་སེམས་སུ་འདུག་གོ༔ སེམས་སྟོང་པ་གང་ཡང་མ་གྲུབ་པར་གོ་བས་ཞེ་སྡང་དང་སྙིང་རྗེ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འདོད་ཆགས་དང་དགའ་བའི་ཁྱད་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འདོད་ཆགས་ཞེས་བྱ་བ་ནི་ཡུལ་དངོས་པོ་ཉིད་འདོད་ཅིང་ཆགས་པའོ༔ དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བ་སྐྱེད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འདོད་ཆགས་སྐྱེས་པའི་དུས་དེ་ཉིད་ལ་བལྟས་པས༔ ཡུལ་སྡུག་པ་དང་ནོར་ལེན་པ་ལ་སོགས་པ་མཐོང་བའི་དུས་སུ༔ ཡིད་ལ་ཡོད་ན་དགའ་བ་ཁོ་ན་བདེ་བ་ཡིན༔ དེ་གཉིས་ཀ་སེམས༔ སེམས་གང་དུ་ཡང་མ་གྲུབ་པས་འདོད་ཆགས་བདེ་བ་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བདག་དང་གཞན་གྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བདག་ཅེས་བྱ་བ་ནི་མངོན་ཞེན་དུ་བཟུང་བའོ༔ གཞན་ཞེས་བྱ་བ་ནི་ཕྱོགས་རིས་སུ་བཅད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་བདག་ལ་བལྟས་པས་བདག་ཏུ་བཟུང་བ་ཡང་མ་གྲུབ༔ གཞན་ལ་བལྟས་པས་གཞན་ཕྱོགས་རིས་སུ་འཛིན་པ་ཡང་མ་གྲུབ་སྟེ༔ བདག་གཞན་གཉིས་ཀ་སེམས༔ སེམས་སྟོང་པ་བདག་དང་གཞན་དུ་དབྱེར་མེད་པར་རང་སར་དག་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྡུག་བསྔལ་དང་བདེ་བའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྡུག་བསྔལ་ཞེས་བྱ་བ་ནི་ཡིད་མི་བདེ་བ༔ བདེ་བ་ཞེས་བྱ་བ་ནི་ཡིད་བདེ་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སྡུག་བསྔལ་ཡིད་མི་བདེ་བ་དེ་ལ་བལྟས་པས་དངོས་པོར་མ་གྲུབ་སེམས་སུ་འདུག༔ སེམས་སྟོང་པར་འདུག༔ སྟོང་པ་བདེ་བར་འདུག༔ དེ་ཁོ་ན་སྡུག་བསྔལ་བདེ་བར་ཚུད་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགེ་བ་དང་སྡིག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དགེ་བ་ཞེས་བྱ་བ་ནི་རྣམ་པར་དཀར་བའི་ཕྱོགས་སོ༔ སྡིག་པ་ཞེས་བྱ་བ་ནི་ནག་པོའི་རྣམ་པར་སྨིན་པའི་ཕྱོགས་སོ༔ དེ་ཡང་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ༔ ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་དུ་གཅིག་སྟེ༔ སེམས་ཡེ་ནས་རྣམ་པར་དག་པ་ལ་ལས་དཀར་ནག་གི་སྐྱོན་ཡོན་གྱིས་མ་གོས་ཤིང༔ སེམས་སྟོང་པ་ལ་རྣམ་སྨིན་བསགས་པ་མེད་པས༔ སྡིག་པ་དགེ་བའི་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སངས་རྒྱས་ཀྱི་ཐུགས་ངོ་བོ་ལས་མི་གཡོ་བའོ༔ སེམས་ཅན་གྱི་སེམས་འགྱུ་བ་དང་བཅས་པའོ༔ དེ་ཉམས་སུ་ལེན་པའི་དུས་སུ་སེམས་ཅན་གྱི་སེམས་འགྱུ་བ་དང་བཅས་པ་དེ་སེམས་ཉིད་ཀྱིས་མ་བཅོས་པས་གཞི་ཅིའི་ངོ་བོར་ཡང་མ་གྲུབ་པ༔ རྣལ་མ་གཉུག་མ་རང་བྱུང་ཆེན་པོའོ༔ དེའི་ངང་ལ་བཞག་པའི་དུས་སུ་སངས་རྒྱས་ཀྱི་དགོངས་པ་ལ་གནས་པ་ཞེས་བྱའོ༔ སེམས་ཅན་གྱི་སེམས་སངས་རྒྱས་ཀྱི་དགོངས་པར་དག་པའི་གནད་འདི༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ལྷ་དང་འདྲེའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ལྷ་ཞེས་བྱ་བ་གནོད་སེམས་སྤངས་པ་ཡོད་དོ༔ འདྲེ་ཞེས་བྱ་བ་ནི་གནོད་སེམས་དང་བཅས་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལྷ་དང་འདྲེར་འཛིན་པའི་ཤེས་པ་དེ་རང་གི་ཡིད་རྣམ་རྟོག་དང་བཅས་པར་འདུག༔ ཡིད་ལ་བལྟས་པས་དངོས་པོར་མ་གྲུབ་སྟོང་པར་འདུག༔ དེ་ཀ་ལ་ལྷ་འདྲེའི་ཡིད་ཀྱི་རྒྱུ་བ་ཆོད་པས་ལྷ་འདྲེ་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དགྲ་དང་བུའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དགྲ་ཞེས་བྱ་བ་ལོག་པར་བཟུང་བའོ༔ བུ་ཞེས་བྱ་བ་གདུང་བ་དང་བཅས་པས་གཅེས་པར་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་གཡས་སུ་བལྟས་པས་དགྲ་རུ་མཐོང༔ གཡོན་དུ་བལྟས་པས་བུ་རུ་མཐོང༔ སེམས་ལ་བལྟས་པས་དགྲ་རུ་འཛིན་པ་ཡང་སེམས༔ བུར་འཛིན་པ་ཡང་སེམས༔ གཟུང་འཛིན་ལ་བལྟས་པས་དགྲ་དང་བུའི་གཞི་དང་དངོས་པོར་གྲུབ་པ་མེད༔ དངོས་མེད་དེ་ཁོ་ན་དགྲ་ཟུན་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནོར་དང་ནོར་མིན་གྱི་སོ་མཚམས་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ནོར་ཞེས་བྱ་བ་ནི་དགོས་ཤིང་ཆགས་པར་འཛིན་པ་དང༔ ནོར་མིན་ཞེས་པ་ནི་མི་དགོས་ཤིང་ཆགས་པ་མེད་པར་གཅོད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་གཡས་སུ་བལྟས་པས་གསེར་དུ་མཐོང༔ གཡོན་དུ་བལྟས་པས་བོང་བར་མཉམ༔ གསེར་དུ་འཛིན་པ་དང་བོང་བར་གཅོད་པ་གཉིས་ཀ་རང་གི་སེམས་ལ་འདུས༔ སེམས་ཉིད་ལ་དངོས་པོ་མེད་པས་གསེར་དང་བོང་བར་མཉམ༔ དེ་ཁོ་ན་གསེར་དང་བོང་བ་ཐ་མི་དད་དུ་རྟོགས་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ གཟུང་བ་དང་འཛིན་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ གཟུང་བ་ཞེས་བྱ་བ་ནི་ཕྱིའི་དངོས་པོའི་ཡུལ་བདེན་པར་འཛིན་པའོ༔ འཛིན་པ་ཞེས་བྱ་བ་ནི་ནང་གི་སེམས་ལ་ལོག་པར་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཕྱི་གཟུང་བའི་ཡུལ་ལ་བལྟས་པས་སྣང་བ་རང་སར་སྟོང༔ ནང་འཛིན་པའི་སེམས་ལ་བལྟས་པས་སེམས་དངོས་མེད་དུ་སྟོང༔ དེ་ལྟར་རྟོགས་ཙམ་ན་གཟུང་འཛིན་སྣང་སྟོང་དབྱེར་མེད་དུ་ཚུད་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བླང་བ་དང་དོར་བའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བླང་བ་ཞེས་བྱ་བ་ནི་བློས་མ་སྤང་བར་ཡིད་ལ་བྱེད་པའོ༔ དོར་བ་ཞེས་བྱ་བ་ནི་ཡིད་ཀྱིས་ཕྱིར་གཅོད་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འཁོར་བའི་སྡུག་བསྔལ་སེམས་སུ་ཤེས་པས༔ གང་ལ་ཡང་དགོས་མེད་དུ་ཤེས་ནས་འཇིག་རྟེན་པའི་བྱ་བློ་དང་བྲལ༔ འཁོར་བ་ལ་བློ་ལོག་པས་གང་ལ་ཡང་དགོས་མེད་དུ་ཤེས༔ དེ་ལྟར་བླང་དོར་མེད་པར་ཤེས་པས་བླང་དོར་རང་སར་གྲོལ་བའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྣམ་པར་རྟོག་པ་དང་མི་རྟོག་པའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྣམ་པར་རྟོག་པ་ཞེས་པ་ནི་དྲན་ཞིང་ཡིད་ལ་བྱེད་པའོ༔ མི་རྟོག་པ་ཞེས་བྱ་བ་གང་ཡང་ཡིད་ལ་མི་བྱེད་པའོ༔ མི་རྟོག་སྟེ་འགྱུ་བ་རང་དག་ཏུ་འཛིན་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་རྣམ་རྟོག་གང་སྐྱེས་ཀྱང་དེ་ཉིད་མི་སྤོང་མི་བསྒྱུར་བར་རང་དྭངས་སུ་ངོ་བོ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་རྗེས་མེད་པ་ནི༔ རྣམ་པར་རྟོག་པ་དེ་མི་རྟོག་པའི་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ རྒྱུ་བསོད་ནམས་ཞེས་བྱ་བ་བསྐྱེད་རིམ༔ བཟླས་བརྗོད་མཆོད་གཏོར༔ སྦྱིན་པ་ཚུལ་ཁྲིམས་བཟོད་པ༔ བརྩོན་འགྲུས་ལ་སོགས་རྣམས་རྒྱུ་བསོད་ནམས་ཚོགས་ཡིན༔ བསམ་གཏན་དང་ཤེས་རབ་སྟེ་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་སྒོམ་པ་ནི་འབྲས་བུ་ཡེ་ཤེས་ཚོགས་ཡིན༔ དེ་རྣམས་གང་སྒོམ་ཡང་བྱེད་པོ་དང་བྱ་བ་པོ་གང་ཡང་དམིགས་པ་མེད་པར་རྒྱས་ཐེབས་པ་ནི༔ བསོད་ནམས་འབྲས་བུ་ཡེ་ཤེས་སུ་རྫོགས་པའི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཞི་གནས་དང་ལྷག་མཐོང་གི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཞི་གནས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བགས་ཀྱིས་ཞི་ནས་སེམས་གཡོ་འགུལ་དང་བྲལ་བར་གནས་པའོ༔ ལྷག་མཐོང་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་དོན་གཅིག་ཆར་ལྷག་གིས་མཐོང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་བཞག་ནས༔ རྗེས་ལ་ཅི་མཐོང་ཅི་དྲན་ཡང་དངོས་པོའི་དོན་སྟོང་ཉིད་དུ་ལྷག་གིས་སྐྱེ་བ་ནི༔ ཞི་གནས་དང་ལྷག་མཐོང་གཉིས་མེད་ཀྱི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཐབས་ཤེས་ཀྱི་ཁྱད་པར་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཐབས་ཞེས་བྱ་བ་ནི་མཁས་ཤིང་རྟོགས་པའོ༔ ཤེས་རབ་ཅེས་བྱ་བ་ནི་ཤེས་ཤིང་རིག་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་ཉིད་སྐྱེ་བ་མེད་པའི་དོན་ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་པ་དེ་ཐབས་ཀྱིས་རྟོགས༔ ཤེས་རབ་ཀྱིས་ཤེས་ཤིང་རིག༔ དེ་གཉིས་སྟོང་པ་སྐྱེ་མེད་དང་ཆོས་ཉིད་ཤེས་རབ་གཉིས་མེད་དུ་རྟོགས་པ་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ མཉམ་གཞག་དང་རྗེས་ཐོབ་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ མཉམ་གཞག་ནི་ལུས་ངག་ཡིད་གསུམ་མཉམ་པར་བཞག་ནས་སེམས་མི་གནས་པ་རང་སར་གནས་པར་བྱེད༔ གནས་པ་བརྟན་པར་བྱེད་པའོ༔ རྗེས་ཐོབ་ནི་མཉམ་བཞག་ལས་ལངས་པའི་རྗེས་ལ་གོང་གི་དོན་དེ་ལམ་དུ་ཁྱེར་ནས་བོགས་འབྱིན་པའོ༔ དེ་རྒྱུད་ལ་འགེལ་བའི་དུས་སུ་མཉམ་བཞག་ལ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ནམ་མཁའ་ལྟ་བུར་བསྒོམ༔ རྗེས་ཀྱི་ཤེས་པ་ལ་སྤྱོད་ལམ་རྣམ་བཞིར་སྣང་བ་སྤྲོས་བྲལ་ལམ་དུ་ཁྱེར་བའོ༔ མཉམ་གཞག་རྗེས་ཐོབ་གཉིས་མེད་ཀྱི་གནད་ཅེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དབྱིངས་ཡེ་ཤེས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དབྱིངས་ཞེས་བྱ་བ་ནི་ཆོས་ཉིད་གཏིང་ཕྱིན་པའི་དྭངས་མའོ༔ ཡེ་ཤེས་ནི་དེ་ཉིད་རང་ལ་ཡོད་པར་ཤེས་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སེམས་ཉིད་ཀྱི་དོན་ཡང་དག་པའི་ཆོས་ཉིད་དངོས་པོར་མ་གྲུབ་པ༔ གཏིང་དཔག་དཀའ་བ༔ དྭངས་པ༔ ཆོས་ཀྱི་སྐུ་དེ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ནི་ཆོས་ཉིད་གཏིང་ཕྱིན་པའོ༔ དེའི་ངང་ལ་གནས་པ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ཆོས་དང་ཆོས་ཉིད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ཆོས་ཞེས་བྱ་བ་ནི་རྣམ་པར་དཀར་བའི་ཆོས་དང༔ རྣམ་པར་གནག་པའི་ཆོས་དང༔ ལུང་དུ་མ་བསྟན་པའི་ཆོས་དང༔ འདི་ལྟར་བརྗོད་པ་དང་མཚོན་དུ་བཏུབ་པ་ཐམས་ཅད་དོ༔ ཆོས་ཉིད་ཅེས་བྱ་བ་ནི་དེ་རྣམས་ཐམས་ཅད་ངོ་བོ་སྟོང༔ རང་བཞིན་སྟོང༔ མཚན་ཉིད་སྟོང་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ཆོས་ཐམས་ཅད་སེམས་ལས་བྱུང༔ སེམས་སྟོང་པ་ཉིད་དུ་རྟོགས་པ་དེ་ཆོས་ཉིད་དེ༔ དེ་ཁོ་ན་ཉིད་ལ་ཆོས་ཉིད་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བལྟ་བྱ་ལྟ་བྱེད་ཀྱི་ཁྱད་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ ལྟ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའོ༔ ལྟ་བྱེད་ཅེས་བྱ་བ་སེམས་ཅན་གྱི་སེམས་སོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལྟ་བ་ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་གི་སེམས་ཉིད་མ་བཅོས་པ་ཕྱོགས་ལྷུང་མཐའ་དབུས་མེད་པའི་ཁྱབ་གདལ་ཆེན་པོ་དེ་ལྟ་བ་ཡིན༔ དེ་ལ་རང་སེམས་ཀྱིས་བལྟས་པས་གཞན་དུ་མ་མཐོང་བར༔ ཡེ་ནས་རང་ལ་གནས་པར་མཐོང་བ་དེ་ལ་བལྟ་བྱ་དང་ལྟ་བྱེད་གཉིས་སུ་མེད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ བསྒོམ་པ་དང་སྒོམ་བྱེད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ བསྒོམ་པ་ཞེས་བྱ་བ་ནི་ཆོས་ཉིད་བསམ་དུ་མེད་པ་ལ་མ་བསླད་མ་བཅོས་པའི་ངང་དུ་འཇོག་པའོ༔ སྒོམ་བྱེད་ནི་རྣལ་འབྱོར་པའི་བློའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་ལུས་སེམས་ཁོང་དུ་གློད་ལ་ཐ་མལ་གྱི་སེམས་ཉིད་མ་བཅོས་པ་རང་བྱུང་རྟོག་པས་མ་བསླད་པ་རང་གསལ་གྱི་ངང་ལ་གཞག་གོ༔ དེ་ཉིད་ལ་སྒོམ་བྱེད་གཞན་མ་རྙེད་པས༔ བསྒོམ་བྱ་སྒོམ་བྱེད་ཐ་མི་དད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ སྤྱོད་པ་དང་སྤྱད་བྱའི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ སྤྱོད་པ་ནི་གང་ལྟར་ཡང་བྱེད་པའོ༔ སྤྱད་བྱ་ནི་གང་བྱེད་དེའི་རྗེས་སུ་སྒྲུབ་པའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་འགྲོ་འཆག་ཉལ་འདུག་ལས་དང་བྱ་བ་ཆོས་སྤྱོད་ལ་སོགས་པ་ཅི་བྱེད་པ་ཤེས་བཞིན་གྱི་བྱ་ར་བས་ཟིན་པར་བྱས་ནས༔ ཐ་མལ་གྱི་སྤྱོད་པའི་རྗེས་སུ་མི་འབྲེང་བར་སྤྱད་བྱ་ཆོས་ཉིད་ཀྱི་རྩིས་ཟིན་པར་བྱའོ༔ དེ་ལ་སྤྱད་བྱ་དང་སྤྱོད་བྱེད་ཐ་མི་དད་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ འབྲས་བུ་འཐོབ་བྱ་དང་ཐོབ་བྱེད་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ འབྲས་བུ་འཐོབ་བྱ་སྐུ་གསུམ་མོ༔ ཐོབ་བྱེད་ནི་དེ་སྒྲུབ་པའི་བློའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་སྐུ་གསུམ་ལོགས་ན་ཡོད་པ་མ་ཡིན་ཏེ༔ ཆོས་ཉིད་ཀྱི་དོན་དབྱེར་མེད་པ་སྟོང་པ་ཆོས་ཀྱི་སྐུ༔ གསལ་ལ་མ་འགགས་པར་ཉམས་སུ་མྱོང་བ་ལོངས་སྐུ༔ སྣ་ཚོགས་རིག་རྩལ་དུ་འཆར་བ་སྤྲུལ་སྐུ༔ ཐོབ་བྱེད་ཀྱིས་ལོགས་ནས་བསྒྲུབ་ཏུ་མེད་པར་རང་ལ་གནས་པར་ཤེས་པ་ནི༔ འབྲས་བུ་འཐོབ་བྱ་མེད་པར་ད་ལྟ་ཉིད་དུ་གྲུབ་པར་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དམ་ཚིག་བསྲུང་བྱ་དང་སྲུང་བྱེད་གཉིས་ཀྱི་སོ་མཚམས་གང་ལགས༔ སློབ་དཔོན་གྱིས་གསུང་པ༔ དམ་ཚིག་བསྲུང་བྱ་ནི་རྩ་བ་དང་ཡན་ལག་ལ་སོགས་པའོ༔ སྲུང་བྱེད་ནི་ལུས་ངག་ཡིད་གསུམ་གྱིས་མ་ཉམས་པར་སྲུང་བའོ༔ དེ་རྒྱུད་ལ་ཉམས་སུ་ལེན་པའི་དུས་སུ་རྩ་བའི་དམ་ཚིག་སྐུ་གསུང་ཐུགས་དང་ཡན་ལག་གི་དམ་ཚིག་རྩ་བ་བཞི་ལ་སོགས་པ་བསྲུང་བྱ་དང་སྲུང་བྱེད་ཐམས་ཅད་སེམས་ཉིད་ཀྱི་ངང་ལ་མ་གྲུབ་སྟེ༔ རང་སེམས་དྲི་མ་མེད་པར་ཤེས་པ་ལ་དམ་ཚིག་གནད་དུ་ཚུད་པ་ཞེས་བྱའོ༔ ཤིན་ཏུ་གལ་ཆེ་མཚོ་རྒྱལ་ཁྱོད་ལ་གཏད༔ བདག་འདྲ་བློ་དམན་མཚོ་རྒྱལ་བུད་མེད་ཀྱིས༔ སྤྲུལ་སྐུའི་སློབ་དཔོན་པདྨ་འབྱུང་གནས་ལ༔ ལུས་ངག་ཡིད་གསུམ་གུས་པས་གསོལ་བཏབ་ནས༔ གདམས་པ་གལ་འགག་གནད་ཀྱི་ཚིག་འགའ་ཞུས༔ ཕྱི་རབས་དོན་དུ་ཚིག་དང་ཡི་གེར་བྲིས༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་གྱུར་ནས༔ བློ་གྲོས་སྒྲིབ་བྱང་རིག་འཛིན་ས་ཐོབ་ཤོག༔ གལ་པོ་ཆེ་གནད་ཀྱི་གདམས་ངག་གཏད་རྒྱའི་སྐོར༔ ཡོས་བུའི་ལོའི་དབྱར་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ་མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ྈ སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུ་ཡི༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ སངས་རྒྱས་དགོངས་པ་མ་ལུས་ཐུགས་ལ་ཤར༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་བུད་མེད་སྐྱེ་བ་དམན་གྱུར་ཀྱང༔ ལས་དང་སྐལ་ལྡན་དམ་པའི་རྗེ་དང་མཇལ༔ ཐུགས་ལ་བཏགས་པས་དགོངས་པ་མཐའ་དག་གནང༔ དམ་པ་རྗེ་ཡི་བཀའ་རྒྱས་བཏབ་གྱུར་ཀྱང༔ དགོངས་སྤྱོད་ཟབ་མོ་བཀའ་ཆད་ཕངས་པ་དང༔ ཕྱི་རབས་ལས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ སློབ་དཔོན་སྤྲུལ་པའི་སྐུ་ལ་ལུང་ཞུས་ནས༔ ཕྱི་རབས་སྐལ་ལྡན་དོན་དུ་ཡི་གེར་བཀོད༔ སྤེལ་བའི་གནས་མེད་རིན་ཆེན་གཏེར་དུ་སྦས༔ སྣོད་མེད་དམ་མེད་རྣམས་ལ་ཤོར་ར་རེ༔ སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་དང་སེམས་ཅན་གྱི་རྩ་བ༔ འཁོར་འདས་གཉིས་ཀྱི་དངོས་གཞི་རྩད་གཅོད་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོ་མཁར་ཆེན་བཟས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྤྱིར་ཆོས་ཐམས་ཅད་རང་གི་སེམས་སུ་འདུས༔ སེམས་ཀྱི་རང་བཞིན་ནི་གཞི་རྩ་ཐམས་ཅད་དང་བྲལ་བ་དང༔ གཅིག་དང་དུ་མ་དང་བྲལ་བ་དང༔ རང་གི་ངོ་བོར་ཡང་མ་གྲུབ་པ༔ དེ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་དུས་ན༔ སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མྱ་ངན་ལས་འདས་པའི་ཆོས་སྐུར་སྣང་ཞིང༔ མ་རྟོགས་པའི་དུས་ན་སེམས་ཅན་གྱི་ལུས་དང་འཁོར་བའི་སྡུག་བསྔལ་སྣ་ཚོགས་སུ་སྣང་སྟེ༔ དེ་དག་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པ་ནི་ཤེས་རབ༔ སྣང་བ་མི་འགོགས་པ་ནི་ཐབས་སོ༔ དེ་ལྟར་རྟོགས་པའི་དུས་ན་དབྱིངས་དང་རིག་པར་ལྡན༔ རིག་པ་སྤྲོས་པ་དང་བྲལ༔ དེ་ཁོ་ན་ཆོས་ཉིད་བྱང་ཆུབ་ཀྱི་སེམས༔ དེ་རྟོགས་ན་སངས་རྒྱས་ལ༔ མ་རྟོགས་ན་སེམས་ཅན༔ བསྒོམས་ན་མྱ་ངན་ལས་འདས་པ༔ མ་བསྒོམ་ན་འཁོར་བའོ༔ མཚོ་རྒྱལ་འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྒྲོ་འདོགས་འཕྲལ་ལ་གཅད་པས་ཆོག་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྣང་བ་སེམས་སུ་ཤེས་པས་ཕྱིའི་སྒྲོ་འདོགས་ཆོད༔ སེམས་དངོས་པོ་རུ་མ་གྲུབ་པས་ནང་གི་སྒྲོ་འདོགས་ཆོད༔ ཕྱི་ནང་གཉིས་སུ་མེད་པར་ངོ་བོ་སྟོང་པར་རྟོགས་པས་ལྟ་བའི་སྒྲོ་འདོགས་ཆོད༔ གསལ་ལ་མ་འགགས་པར་འདུག་པས་སྒོམ་པའི་སྒྲོ་འདོགས་ཆོད༔ བཟང་ངན་རེ་དོགས་མེད་པར་ཤེས་པས་སྤྱོད་པའི་སྒྲོ་འདོགས་ཆོད༔ ཡར་སངས་རྒྱས་ལ་མི་རེ༔ མར་འཁོར་བ་ལ་མི་དོགས༔ རེ་དོགས་མེད་པར་ཤེས་པས་འབྲས་བུའི་སྒྲོ་འདོགས་ཆོད༔ བུན་ནེ་ལོང་ངེ་ཤིག་གེ་འདུག་པས་ཉམས་ཀྱི་སྒྲོ་འདོགས་ཆོད༔ སྒྲོ་འདོགས་བཙན་ཆོད་ཀྱི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་སྐད་ཅིག་ལ་རྫོགས་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་དུ་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ བྱ་བ་ཐམས་ཅད་བཏང་བའི་སེམས་ཉིད་ལ་གང་ཡང་འཛིན་པ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སྐྱེ་བ་མེད་པར་གནས་པས་སེམས་ཉིད་ལ་བསྲུང་བྱ་མེད༔ ཉམས་པ་མེད་པར་གནས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སེམས་ཉིད་མ་བཅོས་རང་སོ་ལ་ཁོང་ཁྲོ་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ བྱིང་རྒོད་ལ་སྐད་ཅིག་ཙམ་ཡང་མི་ཡེངས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ སེམས་ཉིད་ཀྱི་དོན་ལ་གཡོ་བ་མེད་པར་གནས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཐ་སྙད་གདགས་གཞི་དང་བྲལ་བས༔ དེ་ཉིད་ཀྱི་དོན་ལ་མ་འཁྲུལ་པར་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ འདི་ཡིན་སྒྲུབ་ཏུ་མེད་པར་ངང་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ རེ་དོགས་གཉིས་ལས་མ་འདས་ན་ལྟུང་བས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཡིད་ལ་བྱེད་པ་མེད་པས་སེམས་ཉིད་རང་བྱུང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ གང་ལ་ཡང་ཉམ་ང་མེད་ཅིང་ཀློང་དུ་གྱུར་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས༔ ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལམ་ལྔ་སྐད་ཅིག་ལ་བགྲོད་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་སྐྱེ་འགག་མེད་པར་རྟོགས་པས་ཚོགས་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་གོལ་སྒྲིབ་མེད་པས་སྦྱོར་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་ཡུལ་མེད་པས་སྒོམ་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལ་གསལ་འགྲིབ་མེད་པས་མཐོང་ལམ་བགྲོད་དུ་མེད་པར་རྫོགས༔ སེམས་ལས་སངས་རྒྱས་གཞན་དུ་སྒྲུབ་ཏུ་མེད་པས་མཐར་ཕྱིན་པའི་ལམ་རྫོགས༔ ལམ་ལྔ་མ་བགྲོད་པར་ཕྱིན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྐུ་གསུམ་རང་ལ་རྫོགས་པའི་གདམས་ངག་ང་ལ་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་ནམ་མཁའ་ལྟ་བུ་གཡོ་འགུལ་མེད་པར་གནས་པས་ཆོས་ཀྱི་སྐུ་ཡིན༔ བྱང་ཆུབ་སེམས་སྐྱེ་འགག་མེད་པར་རྟོགས་ནས་ཡེ་ཤེས་བྱ་བ་མེད་པར་ལྷུན་གྱིས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན༔ སེམས་ཉིད་མ་འགགས་རོལ་པ་ཆེན་པོ་ལ་རིག་པ་ཕྱོགས་མེད་དུ་ཤར་བ་སྤྲུལ་པའི་སྐུའོ༔ སྐུ་གསུམ་བདེ་བའི་གནས་སུ་མ་བགྲོད་པར་ཕྱིན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ གཞི་ལམ་འབྲས་བུ་གསུམ་ཆིག་ཆོད་ཀྱི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ གཞི་རང་བཞིན་མ་བཅོས་རང་ལ་ཡོད་པར་ལྷུན་གྱིས་གྲུབ་པས་གཞི་ཡེ་སངས་རྒྱས༔ ལམ་རིམ་པ་མ་ཡེངས་གསལ་ལ་མ་འགགས་པས་བསམ་ངོ་ལ་ལྷུན་གྱིས་གྲུབ་པས་ལམ་མངོན་སངས་རྒྱས༔ འབྲས་བུ་མ་བསྒྲུབ་མ་སྤང་སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པས་འབྲས་བུ་མངོན་སངས་རྒྱས༔ གཞི་ལམ་འབྲས་བུ་གསུམ་གཅིག་ཆོད་ཀྱི་གདམས་ངག༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐེག་པ་རིམ་པ་དགུ་མ་སྤང་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཞེན་ལོག་གཟུང་འཛིན་གྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་འགྲོ་དྲུག་རང་སར་དག༔ རྟག་ཆད་མཐར་འཛིན་གྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་མུ་སྟེགས་རྟག་ཆད་རང་སར་དག༔ གཟུང་འཛིན་ཆོས་ཅན་རང་སར་དག་ནས་སེམས་ཉིད་ཉན་ཐོས་རང་སར་དག༔ རྟེན་འབྲེལ་ཆོས་ཀྱི་རྩོལ་སྒོམ་རང་སར་དག་ནས་སེམས་ཉིད་རང་སངས་རྒྱས་རང་སར་དག༔ རང་རིག་དོན་དམ་གྱི་རྩོལ་བ་རང་སར་དག་ནས་སེམས་ཙམ་ཡང་རང་སར་དག༔ བདེན་པ་འཇོག་པ་རང་སར་དག་ནས་སེམས་ཉིད་དབུ་མ་རང་སར་དག༔ ངག་ཆོས་ཉིད་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཀྲི་ཡ་རང་སར་དག༔ བྱིན་རླབས་ཚུལ་ཁྲིམས་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཡོ་ག་རང་སར་དག༔ ལྟ་སྤྱོད་ཐ་དད་ཀྱི་རྩོལ་བ་རང་སར་དག་ནས་སེམས་ཉིད་ཨུ་པ་ཡ་རང་སར་དག༔ ཏིང་ངེ་འཛིན་རིམ་འཇུག་རང་སར་དག་ནས་སེམས་ཉིད་མ་ཧཱ་ཡོ་ག་རང་སར་དག༔ ཏིང་འཛིན་རིམ་འཇུག་དབྱིངས་ཡེ་ཤེས་ཀྱི་རྩོལ་སྒོམ་རང་སར་དག་ནས་སེམས་ཉིད་ཨ་ནུ་ཡོ་ག་རང་སར་དག༔ ཆོས་ཀུན་མ་རྩོལ་མ་བཅོས་བྱང་ཆུབ་སེམས་སུ་རང་སར་དག་པས་ཅི་སྤྱད་ཐམས་ཅད་མ་བཅོས་སངས་རྒྱས་དགོངས་པ་ཡིན༔ ཐེག་པ་མ་སྤང་རང་སར་གྲོལ་བའི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལྟ་བ་ཡན་ཐུབ་པ༔ སྒོམ་པ་ཡེངས་ཐུབ་པ༔ སྤྱོད་པ་རྣལ་ཐུབ་པ་གསུམ་གྱི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རྣམ་རྟོག་ངོ་བོ་སྟོང་པས་ཆོས་སྐུར་གོ༔ སྡུག་བསྔལ་སེམས་ལས་བྱུང་བས་ཆོས་ཉིད་དུ་ཤེས༔ འཁོར་བ་སེམས་སུ་ཤེས་པས་མ་སྤང་སངས་རྒྱས་སུ་ཤེས་པའི་དུས་ན་ལྟ་བ་ཡན་ཐུབ་པ་ཡིན༔ རྣམ་རྟོག་ཡེ་ཤེས་སུ་འབར༔ དུག་ལྔ་རང་སར་དག༔ སེམས་ལ་དངོས་པོ་མེད་སྒོམ་མེད་དུ་ཤེས་ན་སྒོམ་པ་ཡེངས་ཐུབ་པ་ཡིན༔ སྡང་བ་དགྲ་ལ་ཞེ་སྡང་མེད༔ བྱམས་པ་གཉེན་ལ་ངོ་སྲུང་མེད༔ ཟང་ཟིང་ནོར་ལ་འཛིན་ཆགས་མེད་པའི་དུས་ན་སྤྱོད་པ་རྣལ་ཐུབ་པ་ཡིན༔ ལྟ་བ་ཡན་ཐུབ་པར་འདོད་ན་ཅིར་སྣང་ཆོས་སྐུར་རྟོགས་པར་གྱིས༔ སྒོམ་པ་ཡེངས་ཐུབ་པར་འདོད་ན་སེམས་ལ་ཟོལ་མ་བྱེད༔ སྤྱོད་པ་རྣལ་ཐུབ་པར་འདོད་ན་ཆགས་སྡང་གི་ཞེན་པ་ཆོད༔ ལྟ་སྒོམ་སྤྱོད་པའི་གལ་འགགས་ཀྱི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕུང་པོ་ལྷག་མེད་དུ་སངས་རྒྱས་པའི་མན་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྐྱེ་མེད་འཆི་མེད་ཀྱི་བར་དོར་སྐྱེས་ནས་ད་ལྟ་མ་ཤི་བའི་བར་འདི༔ བསྐྱེད་རིམ་ཡི་དམ་ལྷ་སྣང་ལ་རང་བཞིན་མེད་པར་བསྒོམ་གསུངས༔ དེ་གོམས་ནས་མཉམ་བཞག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན༔ རྗེས་ཐོབ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ༔ དེ་ནས་མཉམ་བཞག་དང་རྗེས་ཐོབ་གཉིས་མེད་དུ་གྱུར་ནས༔ རང་གི་ཕུང་པོ་རྒྱུ་ངན་པས་བསྐྱེད་པ་འདི་ཡང་རོ་མེད་སྲོག་མེད་དུ་གྱུར་ཏེ་ཤ་ཁྲག་ལ་སོགས་པ་མེད་པར་འཇའ་ཚོན་ལྟ་བུར་འགྱུར་རོ༔ དེ་ནས་ལུས་འདི་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའོ༔ ཕུང་པོ་ལྷག་མེད་ཀྱི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཕུང་པོ་ལྷག་བཅས་ཀྱི་སངས་རྒྱས་སླ་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ད་ལྟའི་དུས་འདིར་མཉམ་བཞག་གི་དུས་སུ་ཆོས་ཉིད་སྤྲོས་བྲལ་བདེ་གསལ་དུ་སྒོམ༔ རྗེས་ཐོབ་དུས་སུ་སྒྱུ་མ་ལྟ་བུར་སྒོམ་པས༔ དེ་ལ་གོམས་པས་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་མེད་པ་དེ་འོད་གསལ་ཡིན༔ འཆི་བའི་དུས་སུ་ཕྱི་དབུགས་ཆད༔ ནང་དབུགས་མ་ཆད་ཙམ་ན༔ ཆོས་ཉིད་འོད་གསལ་དང་བསམ་གཏན་གྱི་འོད་གསལ་གཉིས་བསྲེས་ཏེ་ཕུང་པོ་བོར་ནས་སངས་རྒྱའོ༔ དེར་སངས་རྒྱས་མ་ནུས་ན་སྲིད་པ་བར་དོ་ལ་བར་དོར་ངོ་ཤེས་ནས་སྔར་གྱི་གོམས་པའི་སྟོབས་ཀྱིས་བག་ཆགས་སད་ནས་ཆོས་ཉིད་ཀྱི་དོན་དྲན་ཏེ་སངས་རྒྱ༔ དེར་སངས་མ་རྒྱས་ཀྱང་མངལ་གྱི་གྲོང་ཁྱེར་དུ་ཤེས་ནས་སྐྱེ་བ་གཅིག་ལ་ལས་ཀྱི་འཕྲོ་བླངས་ཏེ་སངས་མི་རྒྱ་མི་སྲིད་དེ༔ མཚོ་རྒྱལ་ཕུང་པོ་ལྷག་བཅས་ཀྱི་མན་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ བར་དོ་མེད་པར་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཤེས་པ་སྔ་ཕྱིའི་བར་དོ་ནི༔ ཤེས་པ་སྔ་མ་ནི་འགགས་ཕྱི་མ་མ་སྐྱེས་པའི་བར་དུ་ཆོས་ཉིད་འཆར༔ རྨི་ལམ་བར་དོ་ནི༔ དེ་རིང་གི་རྣམ་རྟོག་ནི་འགགས་རྨི་ལམ་མ་བྱུང་བར་དུ་ཆོས་ཉིད་གཉིད་ལོག་གོ༔ སྐྱེ་ཤིའི་བར་དོ་ནི༔ འཇིག་རྟེན་འདིའི་སྣང་བ་ནི་ནུབ་ཕྱི་མའི་ལུས་མ་བླངས་བར་ལ་ཆོས་ཉིད་ཀྱི་འོད་གསལ་འཆར་བས༔ དེ་ངོ་ཤེས་པར་བྱས་ལ་བསྡད་པའི་བསམ་པ་དྲག་པོ་བཏང་བས༔ བསྒོམས་པའི་འོད་གསལ་དང་འཆི་ཀ་མའི་འོད་གསལ་གཉིས་བསྲེས་པས་བར་དོ་མེད་པར་སངས་རྒྱ་བའོ༔ མཚོ་རྒྱལ་བར་དོ་མེད་པའི་གདམས་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་བྱེད་པ་རྣམས་ལ་འབྲེལ་བ་དགུ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ལྟ་བ་ལུང་རིགས་དང་འབྲེལ་བར་རྟོགས་པས་གང་དང་ཡང་མི་འགལ༔ སྒོམ་པ་ཉམས་མྱོང་དང་འབྲེལ་བས་རྒྱུད་ལ་ཉམས་དང་ལྡན་པ༔ གསང་སྔགས་དབང་དང་འབྲེལ་བས་རིམ་པ་རྫོགས་པར་ནོད༔ བྱིན་རླབས་མོས་གུས་དང་འབྲེལ་བས་བླ་མ་ལ་སངས་རྒྱས་སུ་མཐོང༔ ཉམས་མྱོང་རྟོགས་པ་དང་འབྲེལ་ཏེ་གཞི་ལམ་དུ་སློང༔ སྤྱོད་པ་དུས་ཚོད་དང་འབྲེལ་ཏེ་ཐོག་འགེལ་དུ་གཅོད༔ དངོས་གྲུབ་དམ་ཚིག་དང་འབྲེལ་ཏེ་ཅི་བསམ་འགྲུབ༔ འབྲས་བུ་གཞན་དོན་དང་འབྲེལ་ཏེ་ལས་ཅན་དྲང་བར་ནུས༔ གདམས་ངག་བླ་མ་དང་འབྲེལ་ཏེ་རྒྱུད་ལ་ངོ་སྤྲོད་ཐེབས༔ འབྲེལ་པ་རྣམ་དགུ་དང་ལྡན་ན་ཆོས་ཇི་ལྟར་བྱས་ཀྱང་འོང་གསུངས༔ མཚོ་རྒྱལ་འབྲེལ་པ་དགུ་ལྡན་གྱི་མན་ངག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐུན་མོང་མ་ཡིན་པའི་ཆོས་དྲུག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ ཆོས་ཉིད་སྟོང་པ་ལ་དངོས་པོའི་ཁོང་འཚང་གིས་མི་བཙང་སྟེ་སྟོང་ངོ་སྙམ་པའི་བློ་མི་བསྒོམ༔ རིག་པ་གཅེར་བུ་ལ་མཚན་མའི་གོས་ཀྱིས་མི་བཀྲི་སྟེ་ཡུལ་ལ་ཆགས་སེམས་སྤང༔ སེམས་ཉིད་གཉུག་མ་ལ་ཆགས་སྡང་གི་རྟེན་མི་འཆའ་སྟེ་ཞེན་པ་དང་རློམ་སེམས་མི་བྱ༔ ཡེ་ཤེས་རྣམ་དག་ལ་དགེ་སྡིག་གི་བློ་མི་བསྒྲུབ༔ སྤང་བླང་མེད་པར་རང་སར་དག་པར་ཤེས་པར་བྱ༔ མཚན་མ་རང་གྲོལ་ལ་ང་བདག་གི་མདུད་པས་མི་བཅིང་སྟེ༔ ཡེ་སྟོང་ཡེ་བྲལ་ལ་དངོས་པོ་དང་མཚན་མར་མི་བཟུང་རང་སར་རང་དག་ཏུ་གཞག༔ མཚོ་རྒྱལ་ཐུན་མོང་མ་ཡིན་པའི་ཆོས་དྲུག་འདི༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ངོ་སྤྲོད་པས་ཆོག་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སྣང་བ་སྟོང་པར་འདུག་པས་སེམས་སུ་ངོ་སྤྲད༔ སེམས་དོན་དམ་པ་ཅིར་ཡང་མ་གྲུབ་པས་བློ་ལས་འདས་པ་དེ་ཆོས་སྐུ་ཡིན་པར་ངོ་སྤྲད༔ སེམས་དེ་ཉིད་འོད་གསལ་བ་དེ་བདེ་བ་ཆེན་པོ༔ སྐྱེ་བ་མེད་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་ངོ་སྤྲད༔ རིག་པ་འདི་ཉིད་ལ་ཇི་ལྟ་བ་བཞིན་སྣང་ཞིང་ཤེས་པ་དེ་སྤྲུལ་སྐུ་ཡིན་པར་ངོ་སྤྲད༔ སྐུ་གསུམ་རང་ལ་ཡོད་པར་ཤེས་པས༔ བསྟན་ན་བསྟན་པ་ཙམ་གྱིས་ཆོག༔ བལྟས་ན་བལྟས་པ་ཙམ་གྱིས་མཐོང༔ དུས་དེ་ཉིད་དུ་མངོན་དུ་གྱུར༔ འབྲས་བུ་ཡང་ནི་ལྷུན་གྱིས་གྲུབ༔ རེ་དོགས་མེད་པས་ལུས་མི་ལེན༔ ནམ་ཤི་སངས་རྒྱས་ཞེས་བྱ༔ མཚོ་རྒྱལ་སངས་རྒྱས་ངོ་སྤྲོད་ཀྱི་གདམས་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ངོས་འཛིན་པའི་གདམས་ངག་ཅིག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ སེམས་ཉིད་ཡེ་གདོད་མ་ནས་སངས་རྒྱས་པ་ཡིན་ཏེ་འདུ་འབྲལ་མེད་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་ཤེས་པ་དེ་ལྟ་བའོ༔ དེའི་ངང་ལས་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་མ་བཅོས་པ་རྣལ་མ་གཉུག་མ་མ་བཅོས་པའི་ངང་ལ་འཇོག་པ་དེ་སྒོམ་པའོ༔ དེའི་ངང་ལས་ཆོས་སྤྱོད་ཅི་བྱེད་ཀྱང་དེ་དང་མི་འབྲལ་ཞིང་གང་ཡང་མི་དམིགས་པར་སྤྱོད་པ་དེ་སྤྱོད་པའོ༔ ཡར་སངས་རྒྱས་ལ་རེ་བ་མེད༔ མར་འཁོར་བ་ལ་དོགས་པ་མེད་པར་རང་བྱུང་ལྷུན་གྲུབ་སྐྱེ་བ་མེད་པར་རྟོགས་པ་དེ་འབྲས་བུའོ༔ མཚོ་རྒྱལ་སངས་རྒྱས་ངོས་འཛིན་པའི་གདམས་ངག་དེ་ཡིན༔ ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མ་བསྒོམ་པར་སངས་རྒྱ་བའི་ཐབས་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རང་གི་སེམས་འདི་གཞི་དངོས་པོ་ཅིར་ཡང་མ་གྲུབ་པས་ཅིར་ཡང་སྒོམ་དུ་མེད་དོ༔ གཞན་ཡང་སེམས་ཉིད་ལ་གཞི་མེད༔ དངོས་པོ་དང་མཚན་མའི་ཐ་སྙད་ལས་འདས༔ སྒོམ་དུ་རྡུལ་ཙམ་ཡང་མེད་ལ་དངོས་པོའམ་མཚན་མའི་ཡུལ་ལ་ཡེངས་སུ་སྐད་ཅིག་ཙམ་ཡང་མེད༔ སངས་རྒྱས་ཞེས་ཡོན་ཏན་དུ་མི་ལྟ༔ འཁོར་བ་ཞེས་སྐྱོན་དུ་མི་ལྟའོ༔ མཚོ་རྒྱལ་མ་བསྒོམ་པར་སངས་རྒྱ་བའི་མན་ངག་འདི་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྡིག་པོ་ཆེ་སྔོན་ལ་སངས་རྒྱ་བའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རང་གི་སེམས་འདི་ཅིའི་ངོ་བོར་ཡང་མ་གྲུབ་གཞན་ལ་འདི་འདྲ་ཞེས་བྱ་བར་བསྟན་དུ་མ་བཏུབ༔ ངོ་བོ་རང་སྟོང་དུ་འདུག་པ་འདི་ལ་དགེ་སྡིག་གི་སྐྱོན་གྱིས་མ་གོས་པ་ལ༔ ཀུན་གཞི་ལ་ཡིད་ཀྱིས་ཁ་ནང་བལྟས་ནས་དགེ་སྡིག་གི་བག་ཆགས་བཞག་པས་མཐོ་རིས་དང་ངན་སོང་གི་རྒྱུ་བྱེད༔ དེ་ལ་སེམས་ཉིད་ལ་སྒོམ་དུ་མེད་པས་ནམ་མཁའ་འདྲ༔ བརྗོད་དུ་མེད་པས་རྣམ་ཤེས་གཟུགས་དང་བྲལ༔ དབྱིངས་སུ་མེད་དེ་ཆོས་ཀྱི་དབྱིངས་སུ་ཐིམ༔ བརྗོད་དུ་མེད་དེ་བྱ་རྩོལ་ཡུལ་ལས་འདས༔ སྐྱེ་ཤི་མེད་དེ་བྱང་ཆུབ་སེམས༔ དགེ་སྡིག་མེད་དེ་ཀུན་གཞི་ཡིད་ལས་འདས༔ དེའི་ངང་ལས་སྒོམ་དུ་ནི་གྱད་ཀྱི་སེ་གོལ་གཏོགས་ཙམ་དུ་ཡང་མེད་ལ༔ ཡེངས་སུ་ནི་སྐྱེས་བུའི་ལག་པ་བརྐྱང་སྐུམ་ཙམ་ཡང་མེད་པར་སྒོམ་མེད་གཞི་གཞག་རང་ལུགས་སུ་ཙེན་གྱིས་ཞོག༔ དེའི་ངང་ལ་འཆི་ཀར་བག་ཙམ་ཞིག་གནས་ཀྱང་མཚམས་མེད་པ་ལྔ་བྱས་པ་ཡང་ལུས་ལེན་མི་སྲིད་དོ༔ ཆོས་སྐུ་སྤྲོས་བྲལ་གྱི་ངང་ལ་རིག་པ་ཡལ་ནས་སངས་རྒྱ་བ་ཡིན༔ སྡིག་པོ་ཆེ་གསེབ་ལམ་ལ་འགྲོ་བའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐ་མལ་གྱི་ཤེས་པ་འདི་འཕྲལ་ལ་སྒྱུར་དུ་བཏུབ་པའི་གདམས་ངག་ཡོད་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པ་བཞིན་དུ་ཆོས་ཉིད་གཡོ་འགུལ་མེད་པའི་ངང་ལ༔ སེམས་ཉིད་ཀྱང་གཡོ་འགུལ་མེད་པར་ཙེན་གྱིས་ཞོག༔ ནམ་མཁའ་ལ་བྱ་འཕུར་བ་བཞིན་རྗེས་མེད་དུ་ཙེན་གྱིས་ཞོག༔ ཆུ་ལ་རལ་གྲི་བརྒྱབ་པ་བཞིན་དུ་སེམས་ལ་རྗེས་མེད་དུ་ཝལ་གྱིས་ཞོག༔ སྣང་ངོ་ཅོག་སེམས་ཡིན་པས་གཞན་དུ་སྒོམ་དུ་མེད༔ སེམས་ལ་དངོས་པོ་མེད་པས་སེམས་ཉིད་ལ་སྒོམ་དུ་མེད༔ སྣང་བ་དང་སེམས་གཉིས་ཀའི་མཚན་མ་ལ་བརྟག་མི་བཟོད་པས་སྣང་སེམས་གཉིས་ཀ་སྒོམ་དུ་མེད་དོ༔ སྒོམ་དུ་མེད་པ་དེ་ཁོ་ན་སེམས་ཅན་གྱི་སེམས་མ་ཡིན་ཏེ་སངས་རྒྱས་ཀྱི་ཐུགས་ཡིན་ནོ༔ ཐ་མལ་གྱི་ཤེས་པ་སངས་རྒྱས་ཀྱི་ཐུགས་སུ་བསྒྱུར་པའི་མན་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་སེམས་བསྲེ་བ་ལ་བདེ་བ་བཅོ་ལྔ་དང་ལྡན་དགོས་གསུངས༔ ཇོ་མོས་དེ་གང་ལགས་ཞུས་པས༔ སྣང་སྲིད་སེམས་སུ་ཤེས་པས་ཕྱོགས་རིས་མེད་པར་བདེ༔ སེམས་ཉིད་ཅིར་ཡང་ཤེས་པས་གང་ལྟར་བཏགས་པ་བདེ༔ དེ་ལ་སྤང་བླང་མེད་པས་མཉམ་པ་ཉིད་དུ་བདེ༔ ཕྱོགས་དང་རིས་སུ་མེད་པས་གཉིས་མེད་ཀུན་ཏུ་བདེ༔ ལྷུན་གྱིས་གྲུབ་པས་བཙལ་མེད་ཀུན་ཏུ་བདེ༔ དེ་ལ་དགག་སྒྲུབ་མེད་པས་མཉམ་ཉིད་ངང་དུ་བདེ༔ སྣང་སྲིད་ཡེ་སངས་རྒྱས་པས་བདག་ཉིད་ཆེན་པོར་བདེ༔ རང་བཞིན་ལྷུན་གྱིས་གྲུབ་པས་འཐོབ་བྱ་མེད་པར་བདེ༔ མ་བཅོས་ངང་ལ་གནས་པས་རང་བཞིན་ཀུན་ཏུ་བདེ༔ གཟུང་འཛིན་རྟོག་པ་དང་བྲལ་བས་རྣམ་དག་ངང་ལ་བདེ༔ དེ་ལ་དམིགས་གཏད་མེད་པས་མཉམ་ཉིད་ངང་ལ་བདེ༔ གཞན་ནས་བླང་དུ་མེད་པས་ཐོབ་མེད་ཆེན་པོར་བདེ༔ ལམ་ལ་སྒོ་ཕུགས་མེད་པས་མ་བཀོད་གནས་ན་བདེ༔ གནས་ལ་མཐོ་དམན་མེད་པས་མ་བཙལ་ས་ན་བདེ༔ གཞི་ལ་འཕོ་འགྱུར་མེད་པས་རང་བཞིན་གནས་ན་བདེ༔ བདེ་བ་བཅོ་ལྔ་དང་ལྡན་པའི་གདམས་ངག་འདི༔ མཚོ་རྒྱལ་ངའི་སྙིང་གཏམ་ཡིན་ནོ་གཞན་ལ་ཤོར་ར་རེ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སངས་རྒྱས་ལོགས་ན་མེད་དོ་རང་སེམས་རྟོགས་པར་གྱིས་ཤིག་མཚོ་རྒྱལ༔ རྟོགས་པས་མི་ཕན་སྒོམ་དགོས་པས་སྒྲུབ་ལ་ནན་ཏན་སྐྱེད་ཅིག་མཚོ་རྒྱལ༔ སྒྲུབ་ལོས་མི་ཕན་དྲོད་རྟགས་ཕྱིན་པར་གྱིས་ཤིག་མཚོ་རྒྱལ༔ བར་ཆོད་བདུད་ཀྱིས་ཁྱེར་ཡོང་བས་ཆོས་ལས་ལྡོག་ན་སློབ་དཔོན་ཡིན་ཡང་མ་ཉན་ཅིག་མཚོ་རྒྱལ༔ ཚེ་འདིའི་བཙན་ཕྱུག་འཛོམ་ཡང་སྒྱུ་མ་དང་འདྲ་བར་ཤེས་པར་གྱིས་ཤིག་མཚོ་རྒྱལ༔ འདི་བས་ཕྱི་མ་རིང་བས་ཆོས་ལ་ནན་ཏན་སྐྱེད་ཅིག་མཚོ་རྒྱལ༔ འདི་ལ་མཛངས་དྲག་ལྡན་ཀྱང་ལག་སྟོང་ཡིན་ནོ་བླ་མའི་གདམས་ངག་ཉམས་སུ་ལོངས་ཤིག་མཚོ་རྒྱལ༔ ཐར་པའི་ལམ་སྣ་འདྲེན་པར་བྱེད་པས་རྟག་ཏུ་བླ་མ་སྟེན་ཅིག་མཚོ་རྒྱལ༔ ཆོས་མེད་སྟོང་ལོག་ཡིན་ནོ་མི་ཚེ་ཆོས་ལ་སྐྱོལ་ཅིག་མཚོ་རྒྱལ༔ ངའི་སྙིང་གཏམ་འདི་རྣམས་ལས་ཟབ་པ་གཞན་ན་མེད་དོ་མཚོ་རྒྱལ་སེམས་ལ་ཞོག་ཅིག་གསུངས་སོ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ བཅུ་གསུམ་ལོན་ནས་ཕྱག་ཕྱིར་འབྲངས༔ དམ་པའི་གདམས་ངག་བཀའ་བསྩལ་མང་དུ་ཐོས༔ ཁྱད་པར་འཕགས་པའི་ཐུགས་དམ་འགའ་ཙམ་གསུངས༔ བཀའ་རྒྱས་བཏབ་ནས་ཐུགས་ལ་གབ་གྱུར་ཀྱང༔ སྤྲུལ་སྐུའི་གསུང་བགྲོས་བཀའ་ཆད་ཕངས་པ་དང༔ ཁེ་གྲགས་མ་ལགས་སེམས་ཅན་དོན་སླད་དུ༔ དམ་པའི་རྗེ་ལ་ཐེངས་གསུམ་ལུང་ཞུས་ནས༔ དཀར་ཆག་ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ སྣོད་ངན་དམ་མེད་རྣམས་ལ་ཤོར་ར་རེ༔ དམ་ཉམས་བཀའ་རྐུན་བྱེད་ལ་ཤོར་ར་རེ༔ དྲེད་པོ་ཆོས་རྒྱུས་ཅན་ལ་ཤོར་ར་རེ༔ མི་ཤེས་སྒྲོ་སྐུར་མཁན་ལ་ཤོར་ར་རེ༔ ཟ་ཕྱིད་ཆོས་ལ་བྱེད་པའི་ལོག་འཚོ་མཁན་ལ་ཤོར་ར་རེ༔ ཁ་ཆོས་ཞེ་ནག་པོ་ལ་ཤོར་ར་རེ༔ གདམས་ངག་ཟོང་དུ་འཚོང་བའི་ལོག་ཆོས་མཁན་ལ་ཤོར་ར་རེ༔ མ་རྟོགས་ཐོ་ཅོ་མཁན་ལ་ཤོར་ར་རེ༔ འོག་བྲུས་དཔེ་སྲེད་མཁན་ལ་ཤོར་ར་རེ༔ རྒྱུད་བཟང་རིགས་བཙུན་ཞིག་དང་འཕྲད་པར་ཤོག༔ ཁོང་ཡངས་ངག་འཇམ་ཞིག་དང་འཕྲད་པར་ཤོག༔ གཡོ་སྒྱུ་ཡིད་གཉིས་མེད་དང་འཕྲད་པར་ཤོག༔ བློ་ལྡན་ཤེས་རབ་ལྡན་དང་འཕྲད་པར་ཤོག༔ སྔོན་སྦྱངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྐལ་ལྡན་རྣལ་འབྱོར་གཅིག་དང་འཕྲད་པར་ཤོག༔ སྒྲུབ་བརྩོན་ཐེ་ཚོམ་མེད་དང་འཕྲད་པར་ཤོག༔ དད་ལྡན་བརྩོན་འགྲུས་ཅན་དང་འཕྲད་པར་ཤོག༔ ལས་འཕྲོ་ལྡན་པའི་སྐྱེས་བུ་དམ་པ་དེས༔ ལོ་ནི་བཅུ་གསུམ་མི་ལ་མ་སྟོན་ཅིག༔ དེ་ནས་བླ་མ་མཁའ་འགྲོ་འཁོར་བཅས་ལ༔ གསོལ་བ་བཏབ་ལ་ཚོགས་འཁོར་མཆོད་བྱས་ལ༔ རང་གཞན་ཉམས་སུ་བླངས་ན་དངོས་གྲུབ་མྱུར་དུ་ཐོབ༔ སྣོད་དང་ལྡན་པའི་སློབ་མ་བྱུང་བའི་ཚེ༔ རིམ་པས་དཔྱད་ཅིང་བརྟགས་ལ་སྦྱིན་པར་བྱ༔ རས་ཆོད་ཅིག་ཅར་སྤེལ་ན་མཁའ་འགྲོའི་བཀའ་ཆད་འོང༔ དེ་བས་ཤིན་ཏུ་སྲ་ཞིང་བསྡམ་པར་བྱ༔ སྙིང་གཏམ་བཀའ་རྒྱའི་སྐོར༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་ཡོས་བུའི་ལོ་ལ་དབྱར་ཟླ་འབྲིང་པོའི་ཉི་ཤུ་བདུན་ལ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ ཆོས་སྤྱོད་ལམ་ཁྱེར་སྐོར༔ སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ དགེ་སྦྱོར་རྒྱུན་དུ་བྱེད་པ་ལ་ཞག་གཅིག་ལ་དགེ་སྦྱོར་གྱི་ཡན་ལག་དུ་དང་ལྡན་པར་བགྱིད་འཚལ༔ ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགེ་སྦྱོར་ཉམས་སུ་ལེན་པའི་གང་ཟག་གིས་ཞག་གཅིག་ལ་དགེ་སྦྱོར་གྱི་ཡན་ལག་ཉི་ཤུ་རྩ་གཅིག་ལྡན་པར་བྱེད་དགོས་གསུངས༔ ྈ ༡ ༔སློབ་དཔོན་པདྨའི་ཞལ་ནས༔ རང་འཁོར་བར་མི་འཁྱམ་ཞིང་གཞན་འཁོར་བ་ལས་སྒྲོལ་བར་བྱེད་པ་ལ༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་དགོས༔ དེ་ཐོབ་པར་བྱེད་པ་ལ་ཆོས་སྤྱོད་དང་དགེ་སྦྱོར་གྱིས་ལམ་དུ་སློང་དགོས༔ དེ་ཡང་ཐོག་མར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས༔ སེམས་བསྐྱེད་དང་མ་འབྲེལ་བའི་དགེ་སྦྱོར་ཐམས་ཅད་སྡོང་པོ་རྩ་བ་རུལ་པ་ལ་ཡལ་ག་མི་སྐྱེ་བ་དང་འདྲ་གསུངས༔ དེ་ཡང་སེམས་བསྐྱེད་པ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ༔ ཕྱིའི་སེམས་བསྐྱེད་པ་ནི༔ དགེ་སྦྱོར་གང་བྱེད་ཀྱང༔ ཐོག་མར་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ༔ དེའི་ཆེད་དུ་ཚོགས་གསག༔ སྒྲིབ་པ་སྦྱང༔ ལྷའི་སྐུ་བསྒོམ་སྙམ་པ་ལ་སོགས་པས་ཐོག་དྲངས༔ བར་དུ་དགེ་སྦྱོར་ཅི་བྱེད་ཀྱང་རྨི་ལམ་མམ་སྒྱུ་མ་ལྟ་བུའི་ཚུལ་དུ་བརྟེན༔ མཇུག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བྱ་བ་གལ་ཆེ་གསུངས༔ ནང་ལྟར་སེམས་བསྐྱེད་པ་ནི༔ ཆོས་ཉིད་ཡང་དག་པའི་དོན་སྤྲོས་པ་དང་བྲལ་བ་ཡིན་པ་ལ་འདི་ལྟར་མ་རྟོགས་པ་རྣམས་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་དང༔ དེ་ཡང་ཀུན་ལ་ཁྱབ་པའི་བྱམས་པ་དང༔ དེའི་དོན་ཐོབ་པར་བྱེད་པའི་དགའ་བ་དང༔ དེའི་དོན་ཐོབ་ནས་མ་བྲལ་བར་གྱུར་ཅིག་སྙམ་པའི་བཏང་སྙོམས་ཏེ་ཚད་མེད་བཞིས་ཐོག་དྲངས༔ བར་དུ་དགེ་སྦྱོར་ཅི་བྱེད་ཀྱང་སྣང་སྟོང་དབྱེར་མེད་ཆུ་ཟླའམ་འཇའ་ཚོན་ལྟ་བུའི་ཚུལ་བརྟེན༔ ཐ་མ་མི་དམིགས་པའི་རྒྱས་བཏབ་གསུངས༔ གསང་བའི་སེམས་བསྐྱེད་པ་ནི༔ སེམས་ཉིད་ཡང་དག་པའི་དོན་ལ་བདག་གཞན་ཕྱོགས་རིས་མེད་པར་སེམས་བསྐྱེད༔ བར་དུ་ཆོས་ཉིད་ཀྱི་དོན་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་ཚུལ་བརྟེན༔ མ་ཞེན་མ་ཆགས་བཅིང་གྲོལ་མེད་པར་རྒྱས་བཏབ་གསུངས༔ དེ་ཡང་སེམས་བསྐྱེད་དངོས་ཀྱི་ལག་ལེན་ནི༔ ནངས་པར་ཐོ་རངས་ཁར་སེམས་བསྐྱེད་གསུམ་དོན་གཅིག་གི་ངོ་བོར་སེམས་བསྐྱེད་ལ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ༔ བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི༔ བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བ་འདིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་བགྱི༔ ཞེས་བརྗོད༔ མཇུག་དགེ་སྦྱོར་རྫོགས་པའི་དུས་སུ༔ བདག་གི་དགེ་བའི་རྩ་བ་འདིས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་བརྗོད༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ༔ དང་པོ་སེམས་བསྐྱེད་པས་དགེ་བའི་རྩ་བ་འཕེལ་ཞིང་ཆུད་མི་ཟ་བ་ཡིན༔ སེམས་བསྐྱེད་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༢ ༔སྐྱབས་འགྲོ་རྒྱུན་གྱི་རྣལ་འབྱོར༔ སློབ་དཔོན་པདྨའི་ཞལ་ནས༔ བདག་འཁོར་བ་ལས་འཇིགས་པའི་སྐྱེལ་མ་སྐྱབས་སུ་འགྲོ་བ་ལ་བརྟེན་ནས་འགྲོ་དགོས་གསུངས༔ ཇོ་མོས་དེ་བཞིན་བུ་ལ་ཐུགས་ལ་ཐོགས་དང་ཞུས་པས༔ དེ་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སྐྱབས་འགྲོ་ཡིན་པས༔ སྐྱབས་འགྲོ་མ་ཆག་ན་ས་རྒོད་ལ་ཅི་བཏབ་ཀྱང་སྐྱེ་བ་དང་འདྲ་གསུངས༔ དེ་ཡང་སྐྱབས་འགྲོ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ༔ ཕྱིའི་སྐྱབས་འགྲོའི་གནས་སུ་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་གི་སྐྱབས་འགྲོའི་གནས་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བའི་སྐྱབས་འགྲོའི་གནས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་ཡིན་ཏེ༔ དེ་དངོས་ཀྱི་ལག་ལེན་ནི༔ མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་མོས་པའི་རྟེན་གསུམ་བསམ་ལ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི་འོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི་འོ༔ ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆི་འོ༔ ཞེས་ལན་གསུམ་བརྗོད༔ དེ་ཕྱིའི་དབང་དུ་བྱས་ན་ཚོགས་གསོག་དུ་འགྲོ༔ ནང་གི་དབང་དུ་བྱས་ན་དབང་བསྐུར་དུ་འགྲོ༔ གསང་བའི་དབང་དུ་བྱས་ན་ཆད་ལྟ་འགོག་པར་འགྲོ་བས༔ དགེ་སྦྱོར་གང་བྱེད་ཀྱི་ཐོག་མར་བྱ་བ་གལ་ཆེའོ༔ སྐྱབས་འགྲོ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ནོ་གསུངས་སོ༔ ྈ ༣ ༔སློབ་དཔོན་པདྨའི་ཞལ་ནས༔ ལུས་ཀྱི་སྒྲིབ་པ་སྦྱོང་བ་ལ་ཕྱག་འཚལ་བ་ཁོ་ན་བསོད་ནམས་ཆེ་གསུངས༔ དེ་ཡང་ཕྱག་ལ་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱིའི་ཕྱག་གི་ཡུལ་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ནང་གི་ཕྱག་གི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ གསང་བའི་ཕྱག་གི་ཡུལ་བླ་མ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་གསུངས༔ དེ་ཡང་བྲིས་སྐུ་ལུགས་སྐུ་ལ་སོགས་པ་སྐུའི་རྟེན༔ པོ་ཏི་གླེགས་བམ་ལ་སོགས་པ་གསུང་གི་རྟེན༔ དགེ་སློང་དགེ་འདུན་ལ་སོགས་པ་ཐུགས་ཀྱི་རྟེན༔ དེ་ནི་ཕྱིའི་རྟེན་གསུམ་ཡིན༔ ནང་གི་བླ་མ་དངོས་སམ་སྐུ་འབག་གམ་ཡི་དམ་གྱི་ལུགས་སྐུའམ་རས་རིས་ལ་སོགས་པ་དང་མཁའ་འགྲོ་ཆོས་སྐྱོང་བྲིས་སྐུའམ་ལྡེར་སོ་ལ་སོགས་པ་སྐུའི་རྟེན༔ དེ་རྣམས་ཀྱི་བཀའ་རྒྱུད་གསུང་གི་རྟེན༔ ཕྱག་མཚན་གྱི་རྣམ་པ་ཐུགས་ཀྱི་རྟེན༔ གསང་བའི་རྟེན་གསུམ་ནི་རིགས་ལྔས་བསྡུས་པའི་གཟུགས་སྐུའི་སྣང་བ་ཐམས་ཅད་སྐུའི་རྟེན༔ ཨཱོྃ་ཨཱཿཧཱུྃ་གིས་བསྡུས་པ་ཐམས་ཅད་གསུང་གི་རྟེན༔ རྡོ་རྗེ་དང་དྲིལ་བུ་ཐུགས་ཀྱི་རྟེན་ཡིན་གསུངས༔ དེ་ལ་ཕྱག་དངོས་ཀྱི་ལག་ལེན་ནི༔ རྟེན་དེ་རྣམས་དངོས་སུ་བཞུགས་པའམ༔ ཡང་ན་ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ་བསམ་ལ༔ ལུས་ཀྱི་སྒོ་ནས་ཡན་ལག་སྨད་ལྔ་ས་ལ་བཙུགས༔ ངག་གི་སྒོ་ནས་ཕྱག་འཚལ་བའི་ཚིག་བརྗོད༔ ཡིད་ཀྱིས་རྟེན་དེ་རྣམས་ཀྱི་ཞབས་སྤྱི་བོར་བླངས་པས་རེག་པ་ཙམ་གྱིས་བདག་གི་སྒྲིབ་པ་དཀར་སངས་ཀྱིས་སོང་བར་བསམ་མོ༔ དེ་ཡང་ཕྱི་ལྟར་ན་ཐ་མལ་གྱི་ལུས་འདི་ཉིད་ཀྱིས་ཕྱག་འཚལ༔ ནང་ལྟར་ལུས་དཔག་ཏུ་མེད་པར་སྤྲུལ་ལ་ཕྱག་འཚལ༔ གསང་བ་ལྟར་སེམས་ཉིད་ཀྱི་ངང་དུ་ཕྱག་འཚལ༔ ཚིག་ཏུ་འདི་སྐད་བརྗོད་དོ༔ སྐྱོབ་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྒྲུབ་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ མཆོད་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བརྒྱུད་པའི་རྩ་བ་བླ་མ་རིན་པོ་ཆེ༔ དངོས་གྲུབ་འབྱུང་བར་བྱེད་པའི་ཡི་དམ་ལྷ༔ ལེགས་པར་བྱིན་གྱིས་རློབ་པའི་མཁའ་འགྲོ་མ༔ རྩ་བ་གསུམ་ལ་གུས་པར་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་དོ༔ ཕྱག་འདི་ལ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཚང་བས་སྒྲིབ་པ་སྦྱོང་བ་ལ་འདི་ཁོ་ན་གཅེས་ཏེ༔ ཕྱག་འཚལ་བ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་གསུངས་སོ༔ ྈ ༤ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་སྤྱོད་བསྡུས་པ་བདུན་རྣམ་དག་ཡིན་པས་འདི་ཤིན་ཏུ་གལ་ཆེ་བ་ཡིན་གསུངས༔ དེ་ཡང་དང་པོར་མཁྱེན་པར་གསོལ་བ་དང༔ ལུས་འབུལ་བ་དང༔ སྡིག་པ་བཤགས་པ་དང༔ རྗེས་སུ་ཡི་རང་བ་དང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༔ མྱ་ངན་ལས་མི་འདའ་བར་གསོལ་བ་དང༔ དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའོ༔ དེ་ལ་བདུན་གྱི་རྣམ་གྲངས་ཀྱང་ནམ༔ རྣམ་པ་ཏིང་ངེ་འཛིན་གྱི་ཚུལ་ལོ༔ དགོས་པ་ནི་དང་པོ་གསུམ་ནི་བདག་གི་དོན་ལ༔ ཕྱི་མ་བཞི་ནི་གཞན་དོན་དུ་བསྒོམ༔ དེ་ནི་ཕྱིའི་ཡན་ལག་བདུན་པ་ཡིན་ནོ་གསུངས༔ ནང་གི་ཡན་ལག་བདུན་ནི༔ དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བདག་ལ་ཐུགས་རྗེས་གཟུང་དུ་གསོལ་སྙམ་པ་དང༔ བདག་གི་ལུས་འདི་ཕུལ་བས་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་རློབ་པ་དང༔ བདག་ལ་སྡིག་པ་དང་སྒྲིབ་པ་ཅི་མཆིས་པ་ཡི་དམ་ལྷའི་སྤྱན་སྔར་བཤགས་པ་དང༔ ཡི་དམ་ལྷས་འགྲོ་བའི་དོན་མཛད་དུ་གསོལ་སྙམ་པ་དང༔ ཡི་དམ་གྱི་ལྷས་འགྲོ་བའི་དོན་དུ་ཆོས་བཤད་དུ་གསོལ་སྙམ་པ་དང༔ དེ་ལྟར་མཛད་པ་ལ་རེ་ཡིན་རེ་ལེགས་སྙམ་པ་དང༔ དགེ་བའི་རྩ་བ་འདི་བདག་གཅིག་པུའི་དོན་དུ་མ་ཡིན་པར་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པ་ནི་ནང་གི་འོ༔ གསང་བའི་ཡན་ལག་བདུན་པ་ནི༔ ཐ་དད་དམིགས་པ་མེད་པར་མཁྱེན་པར་གསོལ་བ་དང༔ ལུས་ལ་ཆགས་པ་མེད་པར་འབུལ་བ་དང༔ བཤགས་པ་བྱ་བ་དང་བཤགས་བྱེད་རང་བཞིན་མེད་པར་བཤགས་པ་དང༔ བདག་གཞན་མེད་པར་རྗེས་སུ་ཡི་རང་བ་དང༔ སྒྱུ་མ་སྤྲུལ་པ་ལྟ་བུའི་སངས་རྒྱས་ལ་བྲག་ཆ་ལྟ་བུའི་ཆོས་སྟོན་པར་བསྐུལ་བ་དང༔ འཁོར་བར་སྤྲུལ་པ་བཞིན་དུ་སྒྱུ་མའི་ཆོས་དོན་དུ་གསོལ་བ་དང༔ ཆོས་དབྱིངས་དཔག་ཏུ་མེད་པའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བའོ༔ དེ་ཡང་བདུན་རྣམ་དག་དངོས་ཀྱི་ལག་ལེན་ནི༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་སུ་ཁྱབ༔ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད༔ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ལྷ༔ སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ༔ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ བདག་གིས་དུས་འདི་ནས་གཟུང་སྟེ༔ མགོན་ཁྱེད་ཀྱི་བཀའ་བཞིན་བགྱིད་པས་བྱིན་གྱིས་བརླབ་ཏུ་གསོལ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་ལ༔ ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ༔ མཆོད་པ་བླ་ན་ཡོད་དང་མེད་པའི་ཚོགས༔ རྒྱ་ཆེན་ཐམས་ཅད་དཀོན་མཆོག་གསུམ་ལ་འབུལ༔ སྡིག་པའི་ལས་ལས་ལྡོག་བགྱིད་ཅིང༔ བསོད་ནམས་དགེ་བའི་ལས་རྣམས་ཡོངས་སུ་གཟུང༔ ལུས་ཅན་རྣམས་ཀྱི་དགེ་བ་ལ༔ བདག་གིས་དང་བས་རྗེས་སུ་ཡི་རང་ངོ༔ བདེ་གཤེགས་རྣམས་ལ་བདག་གིས་གུས་པ་ཡིས༔ ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་གསོལ༔ རྒྱལ་སྲས་མྱ་ངན་འདའ་བཞེད་གང་དག་ལ༔ འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས༔ དེ་ལྟར་བདག་གཞན་བསོད་ནམས་ཀུན༔ སེམས་ཅན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་བརྗོད་དོ༔ བདུན་རྣམ་དག་གི་སྒོ་ནས་ཚོགས་གསོག་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༥ ༔སློབ་དཔོན་པདྨའི་ཞལ་ནས༔ བདེ་བར་གཤེགས་པའི་བཀའ་འདོན་པ་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་བཀའ་ལ་ཕྱི་ནང་གསང་བ་གསུམ་མདོ་སྡེ་རྒྱུད་སྡེ་ལུང་གི་སྡེ་རྣམ་པ་གསུམ་དུ་འདུས༔ དེ་རྣམས་ཀྱང་ཡི་གེ་ཨ་ལ་འདུས༔ ཨ་སྐྱེ་བ་མེད་པ་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་འདི་ཁོ་ནས་ཆོག་གསུངས༔ དེ་ལ་ཕྱི་མདོ་སྡེ་ལྟར་ཨ་འདོན་པ༔ ནང་རྒྱུད་སྡེ་ལྟར་ཨ་བཀླག་པ༔ གསང་བ་ལུང་གི་སྡེ་ལྟར་ཨ་སྒོམ་པ་གསུམ་ཡིན་ཏེ༔ དེ་ཡང་ཕྱི་མདོ་སྡེ་ལྟར་ཨ་འདོན་པ་ནི༔ མདོ་སྡེ་ལ་དྲང་དོན་དང་ངེས་དོན་གཉིས་ལས༔ དེ་གཉིས་ཀྱང་ཕ་རོལ་ཏུ་ཕྱིན་པར་འདུས༔ ཕ་རོལ་ཏུ་ཕྱིན་པ་ཡུམ་ཡི་གེ་གཅིག་མ་ལ་འདུས་གསུངས་པ་ཡིན་པས༔ དེས་ན་ཨ་འདོན་པ་གལ་ཆེ་གསུངས༔ དེ་ཡང་ངེས་པ་རྣམ་པ་གསུམ་དང༔ གཞག་ཐབས་རྣམ་པ་གསུམ་སྟེ༔ དང་པོ་དུས་ངེས་པ་དྲོ་གོང༔ དབུགས་ངེས་པ་གཅིག༔ གྲངས་ངེས་པ་ཉེར་གཅིག༔ གཞག་ཐབས་གསུམ་ནི་སེམས་སྐྱེ་མེད་ལ་གཞག༔ ངག་གྲགས་སྟོང་ལ་གཞག༔ ལུས་མཉམ་པ་ཉིད་ལ་གཞག༔ དེ་ལྟར་བྱས་པའི་ཨ་ཉི་ཤུ་རྩ་གཅིག་པོ་འདི་ཡུམ་རྒྱས་པ་ཚར་གཅིག་དང་བསོད་ནམས་མཉམ་གསུངས༔ ཚེ་འདི་ལ་ཆག་ཆེ་བ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་དང༔ བགེགས་ཀྱི་སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་གསུངས༔ ཕྱི་མ་ལ་ཡང་མཚམས་མེད་ལྔ་ལ་སོགས་པ་དང་ཆོས་ལ་བརྟེན་པའི་སྡིག་སྒྲིབ་ཐམས་ཅད་བྱང་བ་ཡིན་གསུངས༔ གཉིས་པ་ནང་གསང་སྔགས་རྒྱུད་སྡེ་ལྟར་ཨ་བཀླག་པ་ལ་དམིགས་པ་གསུམ་སྟེ༔ དེ་ཡང་ཡིད་ཀྱིས་མདུན་གྱི་ནམ་མཁའ་ལ་ཨ་གསལ་བར་དམིགས་ལ༔ ངག་བརྗོད་པ་ཐམས་ཅད་ཨའི་སྒྲར་རང་བྱུང་དུ་དམིགས་ལ༔ སྣང་སྟོང་རང་གསལ་ཨའི་ངོ་བོར་དམིགས་ལ་ཨ་བརྒྱ་རྩ་བརྒྱད་བཟླའོ༔ དེས་ལུས་ངག་ཡིད་ཀྱི་སྡིག་པ་ཅི་བྱས་པ་ཐམས་ཅད་འདག༔ དེ་ཡང་གསང་བའི་སྙིང་པོ་ལས༔ ཤིན་ཏུ་ཕྲ་བའི་ཨ་རྣམས་ཏེ༔ བསྡུས་ཤིང་འཕེལ་འགྲིབ་མེད་ཅེས་འབྱུང་བའོ༔ དེ་ནི་གསང་སྔགས་ཨར་བཀླག་པའོ༔ གསུམ་པ་གསང་བ་མན་ངག་ལུང་གི་སྡེ་ལྟར་སྒོམ་པ་ལ་ཚུལ་གསུམ་ཏེ༔ ལུས་མི་གཡོ་བའི་ཚུལ༔ སེམས་སྟོང་པ་ཉིད་ཀྱི་ཚུལ༔ ངག་སྨྲ་བརྗོད་དང་བྲལ་བའི་ཚུལ་དུ་ཨའི་ངོ་བོ་ཁོ་ནར་གཞག༔ དེ་ནས་བསྒོམ་གཏོང་བར་འདོད་ན༔ ཨ་རིམ་གྱིས་ཁོག་པ་ལ༔ ཁོག་པ་མགོ་བོ་ལ༔ དེའང་ནམ་མཁའ་ལ་སྤྲིན་དེངས་པའམ་མེ་ལོང་ལ་ཧུས་བཏབ་པ་བཞིན་སྟོང་པར་བསམ༔ དེ་ནི་ཨ་སྒོམ་པའི་མན་ངག་སྟེ༔ དེ་ཡང་མཚན་བརྗོད་ལས༔ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག༔ རྫོགས་པའི་སངས་རྒྱས་ཨ་ལས་བྱུང༔ ཞེས་པ་ལ་སོགས་པ་གསུངས་པ་དང༔ མདོ་རྒྱུད་ཀུན་གྱི་སྙིང་པོ་ཨ་འདོན་པའི་རྣལ་འབྱོར་འདི་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༦ ༔སློབ་དཔོན་པདྨའི་ཞལ་ནས༔ ཟས་ཚོགས་ཀྱི་རྣལ་འབྱོར་འདི་བསོད་ནམས་ཤུགས་ཀྱིས་སོག་པ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ཟས་ཀྱི་དངོས་པོ་དེ་ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་དག་པར་སྦྱངས་ནས༔ དང་པོ་བཤོས་བཅད་དེ་དཀོན་མཆོག་གསུམ་ལ་འབུལ༔ བར་དུ་གཏོར་མ་བླ་མ་དང་ཡི་དམ་མཁའ་འགྲོ་ལ་འབུལ༔ ཐ་མ་རང་ལོངས་སྤྱད་པར་བྱ༔ དེའི་ལྷག་མ་ཅི་རིགས་པ་གཏོར་མར་གཏོང༔ ནང་ལྟར་ཟས་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས་ལག་པ་འདོད་ཡོན་གྱི་ལྷ་མོར་བསམ༔ ལྟོ་བའི་ནང་གཞལ་ཡས་ཁང་ལྷ་དང་བཅས་པ་བསམ༔ མགྲིན་པ་བྱང་ཆུབ་ཀྱི་ལམ་ན་མར་བདུད་རྩིའི་མཆོད་པ་སྒྲེང་པས་མཉེས་པར་བསམ་མོ༔ གསང་བ་ལྟར་ན་སྐུ་གསུང་ཐུགས་སྣང་ལ་རང་བཞིན་མེད་པར་ཆོས་ཉིད་བདེ་བ་ཆེན་པོའི་རོས་གང་ལ་གང་དགྱེས་པའི་རྒྱུར་གྱུར་པར་བསམ་སྟེ༔ འདི་ནི་ཚོགས་རང་བཞིན་གྱིས་རྫོགས་པ་ཟས་ཀྱི་རྣལ་འབྱོར་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༧ ༔སློབ་དཔོན་པདྨའི་ཞལ་ནས༔ སྐོམ་ལ་རོལ་པའི་དུས་སུ་བཏུང་བ་སྐོམ་གྱི་རྣལ་འབྱོར་འདི་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་དང་པོ་ཡི་དམ་གྱི་ལྷར་བསྒོམས་པའི་ཐུགས་ཀ་ནས་བཏུང་བའི་སྟེང་དུ་ཡི་གེ་བཾ་དམར་སེར་འཕྲོས་པ་འོད་དུ་ཞུ་བ་ལས༔ ཨཱོྃ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བརྗོད་པས༔ ཕྱི་ལྟར་བདུད་རྩིའི་རྒྱུན་མི་ཟད་པས་གང་བར་བསམ༔ ནང་ལྟར་ན་ཡེ་ཤེས་ཀྱི་བདུད་རྩི་ལྷག་པའི་བྱང་ཆུབ་སེམས་ཀྱིས་གང་བར་བསམ༔ གསང་བ་ལྟར་ན་ཆོས་ཉིད་རྣམ་པར་དག་པའི་རོ་དང་ལྡན་པའི་བདུད་རྩིས་གང་བར་བསམ༔ དེ་ནས་རང་ཡི་དམ་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་དཀོན་མཆོག་མཁའ་འགྲོ་རྣམས་སྤྱན་དྲངས་ལ༔ ཕྱི་ལྟར་བདུད་རྩི་མཐེབ་སྲིན་གྱིས་བླངས་ཏེ༔ དཀོན་མཆོག་ནམ་མཁའ་ལ་མཆོད༔ བླ་མ་སྤྱི་བོར་མཆོད༔ ཡི་དམ་སྙིང་གར་མཆོད༔ མཁའ་འགྲོ་ཆོས་སྐྱོང་ཕྲག་པ་གཡས་གཡོན་དུ་མཆོད༔ ནང་ལྟར་ན་ཡི་དམ་ལྷ་རང་ལ་ཐིམ་པར་བསམ་ལ་མཆོད༔ གསང་བ་ལྟར་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་བདེ་བར་གཤེགས་པ་དེ་དག་མཉེས་པར་བསམ་ཞིང༔ འདི་སྐད་དུ༔ ཡེ་ཤེས་ཀྱི་བདུད་རྩི་ཆེན་པོའི་མཆོད་པ༔ འཕགས་པ་དཀོན་མཆོག་གསུམ་ལ་འབུལ་ལོ༔ མཆོད་པ་དམ་པར་བཞེས་ཤིག༔ ཅེས་བཏུང་བར་བྱའོ༔ འདི་ནི་ཤིན་ཏུ་བསོད་ནམས་ཆེ་ལ་དངོས་གྲུབ་མྱུར་བས་ཤིན་ཏུ་གལ་ཆེའོ༔ བཏུང་བ་ཟས་སྐོམ་གྱི་རྣལ་འབྱོར་ཡིན་གསུངས་སོ༔ ྈ ༨ ༔སློབ་དཔོན་པདྨའི་ཞལ་ནས༔ གཏོར་མའི་རྣལ་འབྱོར་ཤིན་ཏུ་གལ་ཆེ་གསུངས༔ དེ་ལ་དོན་ལྔ་སྟེ༔ རང་ལྷར་སྐྱེད་པ་དང༔ གཏོར་མ་སྣོད་དང་བཅས་པ་བྱིན་གྱིས་བརླབ་པ་དང༔ མགྲོན་དགུག་པ་དང༔ གཏོར་མ་འབུལ་བ་དང༔ བསྔོ་བ་བྱ་བའོ༔ དང་པོ་ནི་རང་ཡི་དམ་ལྷར་བསྐྱེད་ལ༔ ལུས་ངག་ཡིད་གསུམ་ཨཱོྃ་ཨཱཿཧཱུྃ་དུ་བྱིན་གྱིས་བརླབ༔ ཐུགས་ཀ་ནས་བཾ་དམར་སེར་འཕྲོས་པས་འོད་དུ་ཞུ་བ་ལས་རིན་པོ་ཆེའི་སྣོད་དཔག་ཏུ་མེད་པར་བསམ༔ དེའི་སྟེང་དུ་ཨ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསམ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་གི་ཐུགས་ཀའི་ས་བོན་ལས་ཨཱོྃ་ཨཱཿཧཱུྃ་འཕྲོས་པས་བདུད་རྩིར་གྱུར་པར་བསམ༔ དེ་ནས༔ ཨཱོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་ལན་གསུམ་བརྗོད་པས༔ ཕྱི་ལྟར་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་མང་ཞིང་རྒྱ་ཆེ་བར་བསམ༔ ནང་ལྟར་བདུད་རྩིའི་རྒྱུན་མི་འཛད་པས་སྣོད་གང་བར་བསམ༔ གསང་བ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་ལ་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མར་བསམ༔ མགྲོན་དགུག་པ་ནི༔ བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བཀུག་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པས་ལྷའི་རང་བཞིན་དུ་གྱུར་པར་བསམ་ལ༔ གཏོར་མ་འབུལ་བ་ནི༔ ཕྱི་ལྟར་ན་མགྲོན་དེ་དག་གི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ནས་གསོལ་བར་བསམ༔ ༼ནང་ལྟར་འབུལ་བ་མ་ཚང་།མཆན།༽ གསང་བ་ལྟར་ན་དེ་དག་གིས་རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཐོབ་པར་བསམ༔ ཚིག་ཏུ༔ འཕགས་པ་དཀོན་མཆོག་གསུམ་ལ་འབུལ་ལོ༔ བླ་མ་དམ་པ་རྣམས་ལ་འབུལ་ལོ༔ ཡི་དམ་ལྷ་ཚོགས་རྣམས་ལ་འབུལ་ལོ༔ མ་དང་མཁའ་འགྲོ་རྣམས་ལ་འབུལ་ལོ༔ ཆོས་སྐྱོང་རྣམས་ལ་འབུལ་ལོ༔ ཕྱིའི་མཆོད་པ་དམ་པར་བཞེས་སུ་གསོལ༔ ནང་གི་མཆོད་པ་དམ་པར་བཞེས་སུ་གསོལ༔ གསང་བའི་མཆོད་པ་དམ་པར་བཞེས་སུ་གསོལ༔ ཞེས་འབུལ་ལོ༔ བསྔོ་བ་ནི༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐངས་གྱུར་ཅིག༔ ཕ་མ་ལ་སོགས་འགྲོ་དྲུག་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་པས་གཤེགས་སུ་གསོལ༔ བསོད་ནམས་མ་ཚོར་བར་སོག་པ་ཟ་གཏོར་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༩ ༔སློབ་དཔོན་པདྨའི་ཞལ་ནས༔ རྒྱུ་སླ་ལ་ཕན་ཡོན་ཆེ་བ་ཆུ་གཏོར་འདི་ཡིན་གསུངས༔ དེ་ཡང་དང་པོར་སྐད་ཅིག་གིས་ལྷར་བསྐྱེད་ལ༔ ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་ཡི་དམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས༔ གཏོར་མ་མཚོ་ལ་བྱེད་ན་སུམ་ཆ་བདག་པོ་ལ་གཞག༔ སུམ་གཉིས་བྱིན་གྱིས་བརླབ༔ འབབ་ཆུ་ལ་བྱེད་ན༔ མིག་གིས་མཐོང་ཚད་ལ་བྱ༔ དེ་ལ༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་ལན་བདུན་བརྗོད་པས༔ ཕྱི་ལྟར་ན་གཏོར་མའི་སྟེང་དུ་རང་ཡི་དམ་གྱི་ས་བོན་ལས་འོད་ནག་པོ་འཕྲོས་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངས༔ དམར་པོ་འཕྲོས་པས་བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་སྦྱངས༔ སེར་པོ་འཕྲོས་པས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས༔ དཀར་པོ་འཕྲོས་པས་ལྷ་དང་ལྷ་མ་ཡིན་མི་གསུམ་གྱི་སྡུག་བསྔལ་སྦྱངས་ནས༔ འགྲོ་དྲུག་ཆུ་འཐུང་བ་ཐམས་ཅད་ངོམས་ཤིང་ཚིམས་པར་བསམ་མོ༔ ནང་ལྟར་ན་བདུད་རྩི་དྲི་མེད་དཀར་པོས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་མཆོད༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་གང་ལ་ཅི་མོས་པ་ཐམས་ཅད་རང་དབང་ཅན་དུ་ཐོབ་པར་བསམ་མོ༔ གསང་བ་ལྟར་ན་དེ་དག་གིས་རྣམ་པར་མི་རྟོག་པ་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་ཐོབ་པར་བསམ་མོ༔ དེ་ནས་བསྔོ་བ་བྱ་སྟེ༔ ཁམས་གསུམ་དག་པའི་ཞིང༔ སྲིད་གསུམ་ཐུགས་རྗེའི་མགྲོན༔ མ་ལུས་ཁྱབ་པའི་ཟས༔ ཆོས་ཉིད་རྟོགས་པའི་མཐུས༔ མི་ཟད་གཏེར་དུ་བསྔོ༔ ཞེས་བརྗོད་དོ༔ འདིས་ནི་ཚོགས་སོག་བར་ཆད་སེལ༔ བྱ་སླ་ཕན་ཡོན་ཆེ་བ་ལམ་དུ་ཞུགས་ནས་ཀྱང་བྱས་པས་ཆོག་པས༔ ཆབ་གཏོར་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན༔ ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༠ ༔སློབ་དཔོན་པདྨའི་ཞལ་ནས༔ ཚེ་སྲིང་ཚོགས་གསོག་པ་ལ་ཁྱད་པར་དུ་སཱཙྪ་འདི་བསྔགས་པ་ཡིན་གསུངས༔ དེ་ཡང་རང་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསྐྱེད་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ༔ ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་རྣམ་སྣང་འཁོར་དང་བཅས་པ་འོག་མིན་ནས་སྤྱན་དྲངས་ལ༔ དེ་ལ་ཕྱག་འཚལ་བར་བསམ་ཞིང༔ སྔགས་འདི་ལན་བདུན་འཇིམ་པ་ལ་བཟླས་ཏེ་བཏབ་བོ༔ ན་མོ་བྷ་ག་བ་ཏེ༔ བཻ་རོ་ཙ་ན་ཡ༔ པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨར་ཧ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཨ་ན་ལམ་བྷེ༔ ཏ་རཾ་བྷེ་ཡ་ཤོ་མ་ཧཱ་ཏེ་ཙོ༔ ནིར་ཀུ་ལེ་ནིར་བ་ཎེ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཞེས་པས་འོད་ཀྱི་གོང་བུར་གྱུར་ཏེ༔ ཆོས་ཀྱི་སྐུའི་གཟུགས་བརྙན་དུ་བསམ་མོ༔ དེ་ལས་འོད་ཟེར་རང་བྱུང་བས་སྣོད་བཅུད་ཐམས་ཅད་སྦྱངས་ནས་ཡི་དམ་གྱི་ལྷར་གྱུར་ཏེ༔ འོད་ཀྱི་གོང་བུ་དེ་ཉིད་ལ་ཐིམ་པར་བསམ་མོ༔ དེ་ནས་ཡི་དམ་གྱི་སྙིང་པོ་ཟློས་ཤིང་གདབ༔ དེ་ཕྱུང་པ་དང་གཟུགས་སྐུ་གཉིས་མེད་ཀྱི་རང་བཞིན་དུ་བསམ་མོ༔ དེ་ནས་རབ་གནས་བྱ་བ་ནི༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡ་སྭཱ་ཧཱ༔ ཞེས་པ་ལན་བདུན་བཟླས་ཏེ་མེ་ཏོག་གཏོར་བས༔ སཱཙྪ་ལས་འོད་འཕྲོས་པས་ཡི་དམ་གྱི་ལྷར་གྱུར་ནས༔ སླར་མཆོད་རྟེན་ལ་ཐིམ་པར་བསམ་མོ༔ ཡང་རྡོ་ཤིང་འཇིམ་པ་གང་ཡང་རུང་བར༔ ཨཱོྃ་རཏྣ་ཙཻ་ཏྱཾ་པཉྩ་ཏི་ཡ་བྷི་བྷི་ས་རཱ་ཡ་སྭཱ་ཧཱ༔ ཞེས་བཏབ་ན་ཐམས་ཅད་མཆོད་རྟེན་དུ་འགྱུར་རོ༔ ཡང་ན་གདབ་ལུགས་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ན་འཇིམ་པ་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་པས་འོད་ཀྱི་གོང་བུར་གྱུར་ནས་འཇིམ་པའི་གོང་བུ་ལ་ཐིམ་པས་ཆོས་སྐུ༔ བྷི་བྷི་བྱས་ནས་ཡི་དམ་ལྷའི་སྔགས་ཀྱིས་བཏབ་པས་ལོངས་སྐུ༔ དེ་ནས་མེ་ཏོག་ལ་རྟེན་འབྲེལ་བཟླས་པས་སྤྲུལ་སྐུའོ༔ དེ་ནས་ཐ་མི་དད་པས་རབ་གནས་སོ༔ ནང་ལྟར་ན་རང་དང་སེམས་ཅན་ཐམས་ཅད་མཆོད་རྟེན་གྱི་རྣམ་པ༔ ཡི་དམ་ལྷའི་རང་བཞིན་དུ་མོས་པ་བྱས་ལ༔ ཨཱོྃ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ་ཡི་དམ་གྱི་ལྷ་འབའ་ཞིག་ཏུ་བསམ་མོ༔ གསང་བ་ནི་བརྐོས་ཕོར་ཕྱོགས་བཅུ་ཀུན་ཏུ་བསྟན་ཏེ་སྔགས་བརྗོད་པས༔ འབྱུང་བ་བཞིའམ་ལྔས་བསྡུས་པའི་དངོས་པོ་ཐམས་ཅད་མཆོད་རྟེན་གྱི་རང་བཞིན་དུ་གྱུར་པར་བསམ༔ འདིས་ནི་ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པ་སཱཙྪ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ༔ ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༡༡ ༔སློབ་དཔོན་པདྨའི་ཞལ་ནས༔ ཏིང་ངེ་འཛིན་གསལ་བར་བྱེད་པ་དང༔ ཚོགས་གསོག་པ་ལ་མ་དྷལ་འབུལ་བ་གལ་ཆེ་བ་ཡིན་གསུངས༔ དེ་ཡང་དང་པོ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ཁྱད་པར་ཅན་འཐོབ་པར་བྱ་བའི་ཕྱིར༔ ཡི་དམ་ལྷ་མཆོད་པར་བྱ་སྙམ་དུ་སེམས་བསྐྱེད༔ དེ་ཡང་ཕྱི་ནང་གསང་བ་གསུམ་སྟེ༔ ཕྱི་ལྟར་ན་ས་གཞི་ལ་བྱས་པའི་མ་ངྷལ་ལ་དངོས་སུ་བྱུང་བའི་རྒྱུ་སྦྱོར་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ༔ ལེགས་པར་བྱུགས་པ་ཚུལ་ཁྲིམས་ཀྱི༔ གྲང་བ་དང་རྩུབ་པ་ལ་བཟོད་པ་བཟོད་པའི༔ སྤྲོ་ཞིང་ལེ་ལོ་མེད་པར་བྱེད་པ་བརྩོན་འགྲུས་ཀྱི༔ སེམས་མི་གཡེང་བ་བསམ་གཏན་གྱི༔ རི་མོ་ལེགས་པར་གླིང་བཞི་རི་རབ་དང་བཅས་པ་བྲིས་ནས་འབུལ་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ ནང་ལྟར་ན་རིན་པོ་ཆེའི་མ་དྷལ་ལ་མེ་ཏོག་གི་ཚོམ་བུ་བཀྲམ་ལ༔ ཨཱོྃ་བཛྲ་རེ་ཁཱ་པུཥྤེ༔ ཞེས་པས་ལྷའི་ལོངས་སྤྱོད་ཀྱི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་མདུན་དུ་བསམ་ལ་འབུལ་ལོ༔ གསང་བ་ལྟར་ན་ཡི་དམ་ལྷའི་འཁོར་ལོ་བསམ་ལ་མཆོད་པ་བྱ་སྟེ༔ དེ་ནས་སྨོན་ལམ་བཏབ་ལ་མེ་ཏོག་དབུས་སུ་བསྡུ༔ ལྷ་གཤེགས་སུ་གསོལ༔ འདིས་ནི་ཏིང་ངེ་འཛིན་གསལ་ཞིང་ཞིང་ཁམས་དག་པར་སྐྱེ་བའི་རྒྱུ་ཡིན་པས༔ ཤིན་ཏུ་གལ་ཆེ་གསུངས༔ ྈ ༡༢ ༔སློབ་དཔོན་པདྨའི་ཞལ་ནས༔ རིན་པོ་ཆེ་རྒྱུན་མཆོད་འདི་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་དཀོན་མཆོག་གི་སྤྱན་སྔར་རིན་པོ་ཆེ་བདར་ཞིང་སྔགས་འདི་ལན་བདུན་བཟླའོ༔ ཨཱོྃ་སྨ་ར་སྨ་ར་བི་མཱ་ན་སྐ་ར་མ་ཧཱ་ཛམ་བྷ་ཧཱུྃ༔ ཞེས་འབུལ་ལོ༔ དེ་ཡང་ཕྱི་ལྟར་ན་དཀོན་མཆོག་གི་སྤྱན་སྔར་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་ལ་སོགས་པའི་ཡན་ལག་དཔག་ཏུ་མེད་པ་འབྱུང་བར་བསམ་ལ་འབུལ་ལོ༔ ནང་ལྟར་ན་འཕགས་པ་དང་སེམས་ཅན་ཐམས་ཅད་ལ་འདོད་ཡོན་གྱི་མཆོད་པ་དང་སྦྱིན་པར་གྱུར་པར་བསམ་མོ༔ གསང་བ་ལྟར་ན་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོའམ་རྣམ་པར་གྱུར་པར་བསམ་ཞིང་ཚིག་འདི་བརྗོད་དོ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་མཆོད་པར་བགྱི༔ འབྱུང་བ་ཆེན་པོ་ལྔ་ཡི་སྙིང་པོ་མཆོག༔ རིགས་ལྔའི་སྐུ་དང་མཉམ་པའི་ཁ་དོག་ལྔ༔ རིན་ཆེན་གསེར་དངུལ་བྱེ་རུ་ཟངས་དང་ལྕགས༔ མུ་ཏིག་ཤེལ་ལ་སོགས་པ་རིན་ཆེན་བརྒྱད༔ དག་ཅིང་རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ལས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ རིན་ཆེན་སྣ་བརྒྱད་མཆོད་པའི་ཆར་ཕབ་པས༔ སྐུ་གསུང་ཐུགས་ལ་མཆོད་པས་མཉེས་གྱུར་ཅིག༔ བསོད་ནམས་ཚོགས་ཆེན་བདག་ལ་བསྩལ་དུ་གསོལ༔ ཞེས་བརྗོད་དོ༔ འདིས་ལོངས་སྤྱོད་འཕེལ་བ་དང༔ སྐུ་ལྔའི་དངོས་གྲུབ་འཐོབ་པའི་རྒྱུ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༣ ༔སློབ་དཔོན་པདྨའི་ཞལ་ནས༔ རང་གི་ཉམས་གྲིབ་དག་པར་བྱེད་པ་དང༔ མི་རྟོག་པ་ཁོང་ནས་སྐྱེད་པ་ལ་སྐུ་ཁྲུས་གསོལ་བ་གལ་ཆེ་གསུངས༔ དེ་ཡང་རང་ཡི་དམ་དུ་སྒོམ་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་བྱུང་བས་ཕྱོགས་བཅུའི་རྟེན་ཁྱད་པར་ཅན་རྣམས་སྤྱན་དྲངས་ལ༔ དེ་མདུན་དུ་བཞུགས་པའི་རྟེན་གང་ཡང་རུང་བ་ལ་ཐིམ་པར་བསམ༔ དེ་ནས་མེ་ལོང་ངོས་ལ་སྐུ་ཁྲུས་གསོལ་ཏེ༔ དང་པོ་དྲི་ཆབ་གསོལ་ཞིང༔ ཨཱོྃ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ ཞེས་པས་ཆུ་གཙང་མས་རྒྱུན་མ་ཆད་པར་སྐོར་བ་བྱེད་པ་བཞིན་དུ་བླུགས་ལ༔ དེ་ཡང་ཕྱི་ལྟར་ན་རྟེན་བདེ་བར་གཤེགས་པ་རྣམས་ཀྱི་ངོ་བོ་ལ༔ ཆུ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པས་སྐུ་ཁྲུས་གསོལ་བར་བསམ༔ ནང་ལྟར་ན་རྟེན་ཡི་དམ་ལྷའི་ངོ་བོ་ལ༔ ཆུ་བྱང་ཆུབ་སེམས་ཀྱི་བདུད་རྩི་བབ་པས་བདག་གི་སྡིག་སྒྲིབ་དག་པར་བསམ་ལ་བཀྲུའོ༔ གསང་བ་ལྟར་ན་རྟེན་ཆུ་ཟླ་བཞིན་སྣང་སྟོང་དབྱེར་མེད་དུ་དག་པར་བསམ་མོ༔ དེ་ནས་ཆུས་བདག་ལ་ཁྲུས་བྱ་སྟེ༔ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད༔ ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི༔ སྲིད་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག༔ འདིས་ནི་ཉམས་གྲིབ་དག་པ་དང༔ ཚོགས་སོག་སྒྲིབ་པ་སྦྱོང་བ་དང༔ ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང༔ སྐུ་ཁྲུས་གསོལ་བའི་རྣལ་འབྱོར་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༤ ༔སློབ་དཔོན་པདྨའི་ཞལ་ནས༔ རང་གི་ཚོགས་རྫོགས་པར་བྱེད་པ་ལ་མཆོད་པ་འདི་ཤིན་ཏུ་གལ་ཆེ་གསུངས༔ དེ་ཡང་བླ་མ་ཡི་དམ་དཀོན་མཆོག་ལ་སོགས་པའི་རྟེན་གྱི་སྤྱན་སྔར་མཆོད་པ་དངོས་སུ་འབྱོར་ན་ལེགས༔ མ་འབྱོར་ཡང་ཏིང་ངེ་འཛིན་གྱིས་སྤྲུལ་པའམ༔ ཡང་འཇིག་རྟེན་ན་བདག་པོས་ཡོངས་སུ་མ་བཟུང་བའི་རྫས་ཀྱི་དངོས་པོ་ཅི་ཡོད་པ་ཐམས་ཅད་ཕུལ་ཏེ༔ དེ་ཡང༔ ཨཱོྃ་ན་མཿསརྦ་བོ་དྷི་སཏྭ་ནཾ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ༔ ཞེས་བརྗོད་པས༔ ཕྱི་ལྟར་མེ་ལོང་ལ་སོགས་པའི་མཆོད་རྫས་ཀྱིས་ནམ་མཁའི་ཁམས་གང་བར་བསམ་ལ་མཆོད༔ ནང་ལྟར་ན་འདོད་ཡོན་གྱི་ལྷ་མོ་མཆོད་པའི་རྫས་ཐོགས་པས་མཆོད༔ གསང་བ་ལྟར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོ་མཆོད་པའི་རྫས་སུ་གྱུར་ཏེ་གཉིས་སུ་མེད་པའི་ངང་དུ་མཆོད་དོ༔ ངག་ཏུ་ཡང་འདི་སྐད་བརྗོད་དོ༔ བླ་མེད་དཀོན་མཆོག་གསུམ་པོ་དང༔ བླ་མ་ཡི་དམ་འཁོར་དང་བཅས༔ འཇིག་རྟེན་འདིའམ་གཞན་དག་ན༔ མཆོད་པའི་རྫས་རྣམས་ཇི་སྙེད་པ༔ དངོས་དང་ཡིད་ཀྱིས་སྤྲུལ་པ་རྣམས༔ དག་པའི་མཆོད་པར་བཞེས་སུ་གསོལ༔ ཞེས་བརྗོད་དོ༔ མཆོད་པ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༥ ༔སློབ་དཔོན་པདྨའི་ཞལ་ནས༔ བསྐོར་བ་བྱེད་པ་འདི་ལ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཚང་བས་བསོད་ནམས་ཁྱད་པར་དུ་ཆེའོ༔ དེ་ལ་གང་ཟག་བློ་ཆེ་ན་གཞལ་ཡས་ཁང་རྒྱ་ཆེན་པོའི་ནང་དུ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་དུ་བསམ༔ ཕྱི་རོལ་དུ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་འབག་གཡས་སུ་བཞུགས་པར་བསམ་ལ༔ དེ་ལ་བསྐོར་བ་བྱ་གསུངས༔ བློ་ཆུང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང༔ བླ་མ་ཡི་དམ་གྱི་སྐུ་གསུང་ཐུགས་དངོས་སུ་བཞུགས་པ་ལ་བསྐོར་བ་བྱ་སྟེ༔ དེ་ཡང་ཕྱི་ནང་གསང་བ་གསུམ་ལས༔ ཕྱི་ལྟར་ན་རང་ཐ་མལ་གྱི་ལུས་ཀྱིས་རྟེན་དེ་དག་ལ་བསྐོར་བ་བྱས་པས༔ རྟེན་ལས་འོད་བྱུང་ནས་བདག་ལ་ཕོག་སྟེ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བསམ༔ ནང་ལྟར་ན་རྟེན་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་ལྷའི་སྐུར་གྱུར་ཏེ་དེ་ཉིད་ལ་ཐིམ་པར་བསམ་མོ༔ གསང་བ་ལྟར་ན་སྣང་སྲིད་ཡེ་ནས་སངས་རྒྱས་པར་བསྐོར་བ་བྱ་བ་དང་སྐོར་བྱེད་གཉིས་སུ་མེད་པའི་ངང་དུ་བསྐོར་བ་བྱའོ༔ ངག་ཏུ་ཡང་འདི་སྐད་བརྗོད་དོ༔ བླ་མ་བཤེས་གཉེན་དམ་པ་ཁྱོད༔ བདག་ཅག་རྣམས་ཀྱི་མགོན་ལགས་སོ༔ མི་ཤེས་རྨོངས་པའི་བློ་གྲོས་ཏེ༔ མུན་པར་འཁྱམ་པའི་སྒྲོན་མེ་ལགས༔ གདུང་བ་སེལ་བའི་རིན་པོ་ཆེ༔ ཉི་མའི་ཞབས་ལ་ཕྱག་འཚལ་འདུད༔ འདི་ལྟར་དགའ་དང་གུས་པ་ཡིས༔ བསྔགས་དང་འདུད་པས་བསྐོར་བ་བགྱིད༔ ཅེས་བརྗོད་ལ་བསྐོར་བ་བྱའོ༔ བསྐོར་བ་རྒྱུན་གྱི་རྣལ་འབྱོར་ཡིན་ཏེ་ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༡༦ ༔སློབ་དཔོན་པདྨའི་ཞལ་ནས༔ སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་འདི་རྣམས་གལ་ཆེ་གསུངས༔ དེ་ཡང་དང་པོ་འདུག་པ་རྒྱུན་གྱི་རྣལ་འབྱོར་ནི༔ རང་གནས་གང་ན་འདུག་ཀྱང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་ན་འདུག་པར་བསམ༔ གདན་གྱི་རྣམ་པ་གང་ཡིན་ཡང་ཉི་ཟླ་ཁ་སྦྱོར་དུ་བསམ༔ འདུག་པ་ནི་རང་བཞིན་གྱི་ཕྱག་རྒྱ་ལྔ་དང་ལྡན་པས་འདུག་སྟེ༔ ཕྱག་ཞབས་ཀྱི་ཕྱག་རྒྱ་ནི་མཉམ་གཞག་དང་སྐྱིལ་ཀྲུང༔ སྒལ་ཚིགས་དོང་ཙེ་བརྩེགས་པ་བཞིན་དུ་བྱ༔ མགོ་བོ་གཡས་གཡོན་དུ་མི་ཡོ་བར་བྱ༔ མིག་ཧ་ཅང་ཕྱེ་བ་ཡང་མ་ཡིན་ཧ་ཅང་བཙུམས་པ་ཡང་མ་ཡིན༔ ལྕེ་ཡང་རྐན་དང་གང་ལ་ཡང་མ་རེག་པ༔ ནང་ལྟར་ན་སེམས་མ་བཅོས་པར་ལྷོད་དེ༔ འབོལ་ལེ༔ ཤིག་གེ་ལྷན་ནེ་གཞག༔ དབུགས་འགྲོ་འོང་གི་ཕྱག་རྒྱ་རྡོ་རྗེའི་བཟླས་པ་ལས་མི་ཡེངས་པར་བྱ་གསུངས༔ གསང་བ་ལྟར་ན་བགེགས་དང་ཉོན་མོངས་པ་ཟིལ་གྱིས་གནོན་པའི་ཕྱིར་ཏེ༔ འདུག་པ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༡༧ ༔སློབ་དཔོན་པདྨའི་ཞལ་ནས༔ ཉལ་བ་རྒྱུན་གྱི་རྣལ་འབྱོར་འདི་ལྟར་བྱ་གསུངས༔ དེ་ཡང་གོས་ཕུད་པས་ཉོན་མོངས་པའི་དྲི་མ་བྲལ་བར་བསམ་ཏེ༔ བདག་གི་ལུས་འདི་སེམས་ཅན་རྣམས་ལ་ལྟོས་པ་མེད་པར་སྦྱིན་པར་བཏང༔ སྟན་བཏིང་བས་ཉོན་མོངས་པའི་བདུད་མནན་པར་བསམ༔ སྔས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཅུག་པར་བསམ༔ བློ་གཡས་པ་ཕབ་སྟེ་ཉལ་བས་དྲན་པ་དང་ཤེས་བཞིན་དུ་ལྡན་ཏེ༔ གཉིད་ལོག་པའི་ཚེ་ན་འོད་ཀྱི་གོང་བུ་བཞིན་དུ་སྣང་ལ་རང་བཞིན་མེད་པར་བསམ༔ གཉིད་སད་པའི་དུས་ན་ཉོན་མོངས་པ་ཤོར་རམ་མ་ཤོར་བལྟ་གསུངས༔ ྈ ༡༨ ༔དེ་ནས་ལང་བ་རྒྱུན་གྱི་རྣལ་འབྱོར་ནི༔ ནམ་ལངས་ནས་ཆོ་འཕྲུལ་ཆེན་པོར་བཞེངས་པའམ༔ ནམ་ལངས་པས་ལྷམ་རྡོ་རྗེའི་རྐང་གཡབ་ཀྱིས་གཏམས་པར་བསམ༔ སྨད་གཡོགས་སྟོད་གཡོགས་གོན་པས་ཐབས་ཤེས་རབ་གཉིས་མེད་ཀྱི་གོས་གོན་པར་བསམ༔ སྐ་རགས་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྡམས་པར་བསམ༔ གོམ་པ་བོར་བས་བྱང་ཆུབ་ཀྱི་ལམ་ལ་བགྲོད་པར་བསམ༔ ཡང་ན་ལྡང་བ་ནི་ངན་སོང་གི་གནས་ནས་ལངས་པར་བསམ༔ རེ་བཞི་ལ་འཛུལ་བས་བག་ཆགས་ཀྱི་དྲི་མ་ཕྱིས་པར་བསམ༔ སྒོ་བཅད་པས་ངན་སོང་དུ་འགྲོ་བའི་སྒོ་བཅད་པར་བསམ༔ ཕྱིར་བྱུང་བས་ཡེ་ཤེས་ཀྱི་ཉི་མ་ཤར་བར་བསམ༔ ནང་དུ་ཞུགས་པས་ཆོས་ཀྱི་དབྱིངས་ཀྱི་ཁང་པར་འདུག་པར་བསམ༔ དེ་ནི་ལང་བའི་རྣལ་འབྱོར་ཡིན་ནོ༔ ྈ ༡༩ ༔དེ་ནས་འགྲོ་བ་རྒྱུན་གྱི་རྣལ་འབྱོར་ནི་གར་འགྲོ་ཡང་རུང་སྟེ༔ དུས་གསུམ་གྱི་བདེ་བར་གཤེགས་པ་དང་བླ་མ་ཡི་དམ་རྣམས་ལ་བསྐོར་བ་བྱེད་པར་བསམ༔ རྐང་པ་གཡས་པའི་མཐིལ་དུ་འཁོར་ལོ་རྩིབས་བརྒྱད༔ གཡོན་པའི་མཐིལ་དུ་པདྨ་འདབ་བརྒྱད་བསམ༔ གོམ་པ་བོར་བས་གཡས་ཀྱི་རྗེས་ལ་ཡབ་ལྔ༔ གཡོན་གྱི་རྗེས་ལ་ཡུམ་ལྔ་བསམ༔ དེའི་རྗེས་ཀྱིས་སེམས་ཅན་ལ་མི་གནོད་ཅིང་ཕན་འདོགས་པར་བསམ་གསུངས༔ ྈ ༢༠ ༔དེ་ནས་འཆག་པ་རྒྱུན་གྱི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ནི༔ བཤང་གཅི་དོར་བ་ན་དེ་ཡང་ཕོ་བ་རིན་པོ་ཆེའི་གཞལ་ཡས་ཁང་ན་ཡེ་ཤེས་ཀྱི་བདུད་རྩིར་གནས་པར་བསམ༔ གཏོང་བའི་དུས༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབས་ཏེ་རྩེ་མོ་ནས་ཕུད་བཅད་པ་ལ་ཡེ་ཤེས་པ་མཆོད༔ དེ་ནས་རང་བཟའ༔ དེས་ཡེ་ཤེས་ཀྱི་བདུད་རྩིའི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་ལྷག་མ་དེ་ཟ་བའི་ཡི་དྭགས་ལ་བསྔོ༔ དྲི་ཆུ་ཡང་དེ་དང་འདྲ་བར་བྱིན་གྱིས་བརླབས་ལ་ཕུད་སྔར་ལྟར་མཆོད༔ བར་དུ་རང་བཏུང༔ ཐ་མ་ཡི་དྭགས་ལ་བསྔོ༔ དེས་ནི་རྣལ་འབྱོར་པ་རྟོག་པ་ཆོམས་པ་དང་བགེགས་ཀྱིས་མི་ཚུགས་འགོ་བའི་ནད་མི་འོང་ཟས་ཀྱི་ཞེན་པ་གཅོད༔ དངོས་གྲུབ་ཐག་ཉེ་བ་ཡིན་ནོ༔ སྤྱོད་ལམ་བཞི་པོ་འདིས་ཕྱི་ལྟར་ན་ཐ་མལ་པའི་ཞེན་པ་ལྡོག༔ ནང་ལྟར་ན་ལུས་ཀྱི་སྲུང་བ་ཡིན༔ གསང་བ་ལྟར་ན་རིག་སྣ་ཁ་བསྒྱུར་བ་ཡིན་པས་ཤིན་ཏུ་གལ་ཆེ་གསུངས་སོ༔ ྈ ༢༡ ༔སློབ་དཔོན་པདྨའི་ཞལ་ནས༔ རང་འཆི་བའི་དུས་བྱུང་ཙམ་ན་རོ་སྲེག་དང་སྟོན་མོ་གཞན་གྱིས་བྱས་ཀྱང་ཕན་སྐྱེད་ཆུང་བས༔ རང་གི་སྟོན་མོ་རོ་སྲེག་བདུན་ཚིགས་རང་གིས་བྱ་དགོས་གསུངས་སོ༔ ཇོ་མོས་དེའི་མན་ངག་ཐུགས་ལ་གདགས་དགོས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ དེ་ལ་གང་བྱེད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད༔ བར་དུ་བདུན་རྣམ་དག་བྱ་སྟེ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ༔ སེམས་ཅན་བྱང་ཆུབ་འཐོབ་པར་ཤོག༔ ཅེས་བརྗོད་དོ༔ དེ་ནས་དང་པོར་རང་གི་རོ་སྲེག་རང་གིས་བྱ་བ་ནི༔ ལ་ཁ་མཐོན་པོར་ཕྱིན་ཏེ༔ མདུན་དུ་སེམས་ཅན་ཐམས་ཅད་དམིགས་ལ༔ རང་གི་ལུས་ཁུ་ཚུར་གྱིས་རང་གཤགས་ལ་ལྷུ་དང་དུམ་དུ་གསིལ་ཏེ༔ ཤ་ཟ་བ་ལ་ཤ༔ ཁྲག་འཐུང་བ་ལ་ཁྲག༔ རྐང་ཟ་བ་ལ་རྐང༔ ཀླད་པ་ཟ་བ་ལ་ཀླད་པ༔ རང་རང་ཅི་འདོད་པ་བསྔོས་ལ་གཏང༔ དེ་ནི་ཞེན་ཆགས་ཀྱི་མཚན་མ་ཚོགས་སུ་སྦྱོང་བ་ཡིན་ཏེ༔ དེ་ཡང་ཆགས་ཞེན་མེད་པ་གལ་ཆེ་གསུངས༔ དེ་ལྟ་དགོངས་པ་ཅན་གྱིས་རོ་སྲེག་པ་བསོད་ནམས་ཆེ་སྟེ༔ དེས་བརྒྱ་སྟོང་གི་ཆར་ཡང་མི་ཉེའོ༔ རང་གི་སྟོན་མོ་རང་གིས་བྱ་བ་ནི༔ ནམ་ཟླ་སྟོན་ཁའི་དུས་སུ་ལོ་ཐོག་ཤིང་ཐོག་རྒྱས་པ་དེ་ལ༔ སེམས་ཅན་རྣམས་གང་ཅི་ལ་ཅི་མོས་པར་ལོངས་སྤྱོད་པར་གྱུར་ཅིག༔ ཅེས་བསྔོའོ༔ དེས་ནི་དམིགས་སྣང་གི་མཚན་མ་ཐམས་ཅད་ཚོགས་སུ་བསྔོ་བར་འགྲོ་སྟེ༔ རང་ཤི་ནས་ཟན་སྐལ་ལ་སྟོན་མོ་བྱེད་པ་བས་བསོད་ནམས་ཀྱི་ཁྱད་པར་འདི་ཆེ་གསུངས༔ རང་གི་བདུན་ཚིགས་རང་གིས་བྱ་བ་ནི༔ ཆུ་གཙང་ཡིད་དུ་འོང་བའམ་གཏོར་མ་ཅུང་ཟད་ཙམ་ལ༔ སྟེང་ལྷའི་བདུད་རྩི་འོག་ཀླུའི་བདུད་རྩི༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ བར་མིའི་འདོད་པའི་ཡོན་ཏན་ལྔས་ཁེངས་པར་བྱས་ལ་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་དབུལ་ཏེ༔ དཀོན་མཆོག་དང་བླ་མ་ནམ་མཁའ་གང་སྙམ་དུ་བསམ་ལ༔ བདུད་རྩི་སྲི་ཞུའི་མགྲོན་གྱིས་གསོལ་བས་མཉེས་ཏེ་བྱིན་རླབས་དངོས་གྲུབ་སྩོལ་བར་བསམ༔ ཆོས་སྐྱོང་དཔལ་མགོན་གྱིས་ནམ་མཁའ་གང་སྙམ་དུ་བསམ་ལ༔ བདུད་རྩི་ཡོན་ཏན་མགྲོན་གྱིས་གསོལ་བར་བསམ༔ དགྱེས་ནས་སྡོང་གྲོགས་བྱེད་པར་བསམ༔ འགྲོ་དྲུག་ནམ་མཁའ་གང་སྙམ་དུ་བསམ་སྟེ༔ སྙིང་རྗེའི་མགྲོན་གྱིས་གསོལ་བར་བསམ༔ སོ་སོའི་མོས་པ་ཚིམས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ༔ འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ནམ་མཁའ་གང་སྙམ་དུ་བསམ་ལ༔ ལན་ཆགས་མགྲོན་གྱིས་བདུད་རྩི་ནམ་མཁའ་གང་བ་གསོལ་བས་སོ་སོའི་ཅི་འདོད་པ་ངོམས་ཤིང་ཚིམས་པར་བསམ༔ ཚེ་རབས་ལན་ཆགས་ཐམས་ཅད་འཁོར་བར་བསམ༔ དེ་ལྟར་བློས་བླངས་ལ་དབུལ་ཏེ༔ འཇིག་རྟེན་ན་ཤི་ནས་བདུན་ཚིགས་བྱེད་པ་བསོད་ནམས་ཆེ་སྟེ༔ དེ་བས་འདི་བརྒྱ་སྟོང་གི་ཆར་ཡང་མི་ཉེ་གསུངས༔ འདི་གསུམ་སྤྱིར་བསྔོ་བ་ནི༔ ཁམས་གསུམ་དག་པའི་ཞིང༔ སྲིད་གསུམ་ཐུགས་རྗེའི་མགྲོན༔ མ་ལུས་ཁྱབ་པའི་ཟས༔ ཆོས་ཉིད་རྟོགས་པའི་མཐུས༔ མི་ཟད་པའི་གཏེར་དུ་བསྔོ༔ ཞེས་བརྗོད་དོ༔ ནང་ལྟར་ན་དངོས་པོ་ལ་ཞེན་པ་གཅོད་པ༔ གསང་བ་ལྟར་ན་རྣམ་རྟོག་ཚོགས་ལམ་དུ་རྫོགས་པའོ༔ འདི་རང་དོན་རྣམ་པ་གསུམ་གྱི་རྣལ་འབྱོར་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེའོ་གསུངས་སོ༔ ྈ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་གཙོ་བོར་བྱེད་པའི་རྣལ་འབྱོར་གྱིས་ཞག་གཅིག་གི་དགེ་སྦྱོར་ལ༔ ཆོས་སྤྱོད་ཀྱི་ཡན་ལག་ཉི་ཤུ་རྩ་གཅིག་པོ་འདི་དང་ལྡན་པར་བྱས་ན་ཚོགས་རྫོགས་བར་ཆད་སེལ༔ བྱང་ཆུབ་ཀྱི་དངོས་གྲུབ་མྱུར༔ བྱ་སླ་ཚེགས་ཆུང་དོན་ཆེ་བ་ཡིན་པས་ཤིན་ཏུ་འབད་པས་དང་དུ་བླང་བར་བྱ་སྟེ༔ འདི་ལྟར་བྱས་པས་སངས་མ་རྒྱས་བྱང་མ་ཆུབ་ན་ངས་བསླུས་པ་ཡིན་གྱི་གསུངས༔ སྤྱིར་ཆོས་སྤྱི་དང་ལྡན་པ་དཀའ་སྟེ༔ ལ་ལས་འདོན་ཟློས་ལ་སྡུག་བསྔལ་དུ་ཁུར་ནས་བྱེད༔ ལ་ལས་ལྟ་བ་མཐོ་རུ་རེ་ནས་ཆོས་སྤྱོད་ཁྱད་དུ་གསོད༔ ལ་ལས་ནི་མི་ཚེ་ལ་རོ་ཉལ་བྱེད༔ ཆོས་ཚུལ་བཞིན་དུ་སྤྱོད་པ་ཉུང་བ་གདའ་བས༔ དེ་མ་ཡིན་པར་ལྟ་སྒོམ་ལ་རྒྱབ་གཏད་ནས་ཆོས་སྤྱོད་ཀྱིས་མདུན་བསུ༔ ཆོས་དཔེ་ལ་མ་བཞག་པར་སེམས་ལ་གླན༔ ལྟ་སྒོམ་གྱིས་ཡས་ཕུབ༔ ཆོས་སྤྱོད་ཀྱིས་མས་འཛེགས་ན༔ སངས་རྒྱས་མི་འོང་ནས་འགྲོ་ས་མེད་ཀྱི་གསུངས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པ་ཆོས་སྤྱོད་རྒྱུན་གྱི་སྐོར༔ ཡོས་བུའི་ལོའི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་མཆིམས་ཕུའི་བྲག་གི་ཡང་དབེན་དུ་བྲིས་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་སྤྲུལ་པའི་སྐུ་པདྨ་འབྱུང་གནས་ཀྱིས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ༔ འཁོར་བ་འབྱུང་ཟློག་གི་གདམས་པ་བསྟན་པ༔ འཁོར་བ་ལ་ཐོག་མ་དང་ཐ་མ་མེད༔ དང་པོ་འཁོར་བའི་ཐོག་མ་འདི་ཙམ་ནས་འཁོར་ཞེས་བྱ་བ་ཡང་མེད༔ ཐ་མ་འཁོར་བ་འདི་ཙམ་ན་སྟོངས་འགྲོ་བྱ་བ་ཡང་མེད༔ འཁོར་བའི་རང་བཞིན་སྡུག་བསྔལ་དུ་འཁོར་བ་ཡིན༔ འཁོར་ས་རིགས་དྲུག་ཡིན༔ འཁོར་ལུགས་སྐྱེ་རྒ་ན་འཆི་བཞིར་འཁོར་བ་ཡིན༔ འཁོར་བའི་མཐུས་སྡུག་བསྔལ་ལུ་གུ་རྒྱུད་ཡིན༔ འཁོར་བ་ལས་ཟློག་ཐབས་དམ་པའི་ཆོས་ཚུལ་བཞིན་དུ་སྤྱད་ན་ཟློག་པ་ཡིན་གསུངས་སོ༔ ༔ཡང་སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་ཉོན་དང༔ མི་འཆི་བ་མ་དྲན་པ་རྣམས་ཀྱིས་ཆོས་ཡེ་མི་འོང༔ འཆི་བ་རྗེས་སུ་དྲན་པ་སྒོམ་དགོས་པར་འདུག་གསུངས༔ འཆི་བ་མ་དྲན་པས་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་ཡིན༔ དེ་ལ་དང་པོ་ཕྱིའི་མི་རྟག་པ་ནི༔ ཡུལ་གང་ན་གཅེས་པའི་མི་ཞིག་ལ་བལྟས་པས༔ མི་ན་བའི་གནས་སྐབས་ནས་ན་བའི་གནས་སྐབས་ཇི་ལྟར་སོང༔ མི་ན་བའི་དུས་མདངས་ཡ་ལེ་ཡོད་པ་ལས༔ ན་ཙམ་ན་སོ་དྲེག་མཆུ་དྲེག་ཆགས་ཤིང་མདངས་ཡལ་ནས་ནག་ཆོམས་ཀྱིས་སོང༔ དེ་ཚུར་བདག་ལ་སྦྱར་ཏེ་བདག་ལའང་འདི་ལྟ་བུ་འོང་ངེས༔ དེ་ནས་གསོན་པའི་གནས་སྐབས་ན་ཀུན་ལ་གཅེས་པར་ཡོད་པས་ཉེ་འབྲེལ་ཐམས་ཅད་ཀྱིས་བསྐོར་ནས་ཁ་ཟས་སྟེར་ཞིང་གནས་པ་ལས༔ ཤི་ནས་སུ་ལ་ཡང་མི་མཁོ༔ གཟུགས་ཀྱི་ཕུང་པོ་དེ་ཕྱིར་མྱུར་དུ་ཐོན་ན་དགའ༔ དེ་ལྟར་ཤི་བ་དེ་ལ་བལྟ་ཞིང༔ བདག་ཀྱང་དེ་ལས་མ་འདས་པ་ཡིན་སྙམ་དུ༔ དེ་ནས་རོ་དེ་ཕྱིར་ཕྱུངས་ནས་དུར་ཁྲོད་དུ་བསྐྱལ་བའི་གནས་སྐབས་ན་ཡང་ཕུང་པོ་ཞིག་པོ་དང་རུལ་པ་དང་མ་རུལ་བའི་རྣམ་པ་ལ་སོགས་པ་ལ་བལྟས་པས༔ བདག་ཀྱང་དེ་ལས་མ་འདས༔ གཞན་ཡང་རང་གི་ཉེ་འབྲེལ་དང་ཡུལ་མི་ཁྱིམ་མཚེས་ན་ཟླ་ལ་སོགས་པ་ཤི་བ་མཐོང་བའི་དུས་ན་ཡང་རང་ལ་སྦྱར་བས་རང་ཡང་དེ་ལས་མ་འདས་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྟོན་དཔྱིད་ལ་སོགས་པ་དུས་འགྱུར་བ་ལ་བརྟེན་ནས་ཚེ་ཟད་པར་རྟོགས་པར་རིགས་ཏེ༔ དེ་ལྟར་མ་རིག་པ་རྣམས་ལ་འཆི་བའི་རྣམ་པར་རྟོག་པ་བློ་ལ་མ་སྐྱེས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མིས་སྐད་ཅིག་མའི་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ བདག་སྐྱེས་ནས་ད་ལྟ་ཕན་ཆད་དུ་སྐད་ཅིག་མ་རེ་རེ་ནས་ཚེ་ཟད་པས༔ སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད་དེ་རང་གིས་ལོ་དེ་ཙམ་ཞིག་ལོན༔ ད་ཡང་ཚེ་ཚད་བཅས་པར་ཐུབ་ཀྱང༔ དེ་བས་ལྷག་པར་ཐུབ་ཀྱང༔ སྐད་ཅིག་མ་རེ་རེ་ནས་འཛད་པ་ཡིན་གསུངས༔ སྐད་ཅིག་མ་རེ་སོང་ཞིང་འཆི་བ་ལ་ཉེར་འགྲོ་བས་བདག་མྱུར་དུ་འཆི་བར་འགྱུར་བ་ཡིན༔ དུད་འགྲོ་ལ་སོགས་པའི་སྲོག་ཆགས་གསོད་པའི་སར་ཁྲིད་ན་གོམ་པ་རེ་བོར་ཞིང་འཆི་བ་ལ་ཉེར་འགྲོ་བ་བཞིན་དུ༔ བདག་ཀྱང་འཆི་བ་ལ་ཉེར་འགྲོ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ལར་སྐད་ཅིག་མ་ཉི་མའི་གྲིབ་སོ་ཙམ་དུ་ཚེ་འགྲོ་བ་ཡིན་ཏེ༔ ཡུད་ཙམ་ཡང་མི་སྡོད་པར་འདི་ཁམ་ཆེ་བར་འདུག་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་མི་ཐམས་ཅད་ཀྱིས་རྒྱུན་གྱི་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས་སོ༔ བདག་མ་ལ་སྐྱེས་ནས་ད་ལྟ་ཕན་ཆད་ལ་ཉིན་མཚན་གཉིས་ཀྱི་ཚེ་ཟད་ཨང༔ སྔ་མ་ཡང་ཚེ་དེ་ཙམ་ཞིག་ཟད༔ དེ་བས་ལྷག་པ་ཐུབ་ཀྱང་ཉིན་མཚན་ཙམ་གྱིས་ཚེ་འཛད་པ་ཡིན་གསུངས༔ དེ་རིང་སོང་དོ་ནུབ་སོང༔ ཞག་གཅིག་སོང་གཅིག་འུད༔ གཉིས་སོང་གཉིས་འུད༔ དེ་བཞིན་དུ་ཉིན་མཚན་འུད་འུད་འཛད་པས་བདག་རིང་པོར་མི་ཐོགས་པར་འཆི་བར་འགྱུར་བ་ཡིན་གསུངས༔ ལར་ཚེ་ཉིན་ཞག་གཅིག་གིས་འཛད་པར་འདུག་པ་ལ༔ ཉི་མ་རིང་ཐུང་དང་ནམ་རིང་ཐུང་བརྩི་བར་འདུག་སྟེ༔ ཉི་མ་དང་ནམ་རིང་བས་བདག་གི་ཚེ་ལ་མི་ཕན་གསུངས༔ ༔ཡང་སློབ་དཔོན་པདྨའི་ཞལ་ནས༔ མི་རྣམས་ཀྱིས་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ རང་གི་ཚེ་འདི་སྐྱ་བ་མེད་པའི་རྒྱ་མཚོའི་གྲུ་དང་འདྲ༔ འཆི་བདག་གི་བདུད་རྒྱ་མཚོའི་ཆུ་བོ་དང་འདྲ༔ རང་ནི་གད་ཁའི་ཤིང་བུ་དང་འདྲ༔ འཆི་བདག་གི་བདུད་གད་རྩའི་ཆུ་རྒྱུན་དང་འདྲ་བས་རྒྱུན་དུ་རྐོ༔ རང་གི་ཚེ་ཐོ་ཡོར་ཁར་བྱ་སྒྲོ་བཙུགས་པ་དང་འདྲ༔ འཆི་བདག་གི་བདུད་སྐྱི་སེར་གྱི་རླུང་དང་འདྲ་བས་གཡོ༔ རང་གི་ཚེ་ཤ་བ་རྨས་མ་དང་འདྲ་བར་འབྲོས༔ འཆི་བདག་གི་བདུད་ཤ་ཁྱིས་ཉུལ་མ་དང་འདྲ་སྟེ་འདེད་པ་ཡིན༔ ལར་རང་གི་ཚེའི་འགྲིབ་ལུགས་མི་མཐོང་བར་གཞན་དག་ཤི་བར་མྱ་ངན་ཆེན་པོ་བྱེད་པར་འདུག༔ ཇི་ལྟར་ཡིན་ནམ་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་མིས་གློ་བུར་དུ་མི་རྟག་པ་ཡང་མ་ཚོར་བར་འདུག་གསུངས༔ ཇི་ལྟར་གདའ་ཞུས་པས༔ ཚེ་ཚད་དང་ལྡན་པར་ཐུབ་ཀྱང་ནམ་ཡང་འཆི་བ་ལས་མ་འདས༔ དེ་རིང་འཆིའམ་དོ་ནུབ་འཆི་རང་ཡང་ངེས་པར་རང་དབང་ཐོབ་པ་མེད༔ རང་གི་ལུས་ཀྱིས་ཀྱང་ལྕེབ་ནས་འཆི༔ ལུས་འབྱུང་བ་བཞིས་བསྐྱེད་དེ༔ འབྱུང་བ་བཞི་རླུང་མཁྲིས་བད་ཀན་འདུས་པ་ཆ་མ་སྙོམས་པ་ལས་འཆི་རྐྱེན་བྱེད༔ ལུས་ཟས་ཀྱིས་གསོ་བ་ཡིན་ཏེ༔ སུབས་པ་དང་བརྣངས་པས་ཀྱང་འཆི༔ ཆུ་རྩལ་ཅན་ཆུ་གྲིར་འཆི༔ གཟོབ་པོ་ལྕེབ་གྲིར་འཆི༔ ཤ་དུག་དང་ཟས་མ་འཕྲོད་པས་ཀྱང་འཆི༔ རྟ་རྩལ་ཅན་རྟ་གྲིར་འཆི༔ དཔའ་བོ་མཚོན་གྲིར་འཆི༔ དྲང་པོ་དུར་གྲིར་འཆི༔ ལར་འཆི་རྐྱེན་དུ་མ་སོང་བ་མེད༔ རང་གིས་ཞག་གཅིག་ཀྱང་མི་འཆི་བའི་གཡོན་ཡང་མི་ལོན་པར༔ རང་ལ་རང་རྫུན་ཟེར་བ་ཤ་སྟག་འདུག་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ མཚོ་རྒྱལ་འཆི་རྐྱེན་གྱིས་ནམ་འཆི་ཆ་མེད༔ འཆི་རྐྱེན་ཅི་འོང་ཆ་མེད༔ ཚེ་ལ་ཡིད་བརྟན་དུ་མེད༔ བདག་འཆི་ངེས་པ་ཡིན་གསུངས༔ གཞོན་པ་མི་འཆི་བ་མེད༔ རྒས་པ་ཐར་པ་མེད༔ ན་བ་གཅིག་གི་སྔོན་ལ་མི་ན་བ་བརྒྱ་འཆི༔ ནད་ཚབས་ཆེན་པོ་ཞིག་ཐང་ཅིག་སོས་ཀྱང་དེས་འཆི་བ་དང་ན་བ་ལས་ཐར་པ་མེད༔ འཆི་བ་ལ་མི་དགའ་བས་ཕན་པ་མེད༔ ཤི་མོད་རང་གཅིག་པུ་མི་འཆི༔ ཐམས་ཅད་འཆི་བ་ལ་ཟེར་བས་ཀྱང་མི་ཕན༔ ཤི་ནས་ལུས་མི་ལེན་ན་དེ་ཉིད་ཡིན་ཏེ༔ སྐྱེ་གནས་ལ་རང་དབང་མེད༔ ཤི་ཙ་ན་དགེ་སྡིག་གི་ལས་འབའ་ཞིག་རྗེས་སུ་འབྲང་བ་ཡིན༔ ལར་འཆི་བར་ཤེས༔ དགེ་སྡིག་ཆ་ཡོད་བཞིན་དུ་སྡིག་པ་བྱེད་པ་འདི་ཀུན་ལ་བསམ་པ་ཅི་ཡོད་དམ་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་ཤི་ནས་མེད་ནས་མི་འགྲོ༔ ཡང་ལས་ཀྱིས་སྐྱེ་དགོས་པ་ཡིན༔ ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ལས༔ དགེ་བའི་འབྲས་བུ་མཐོ་རིས་ལ་སོགས་བདེ་བ་ཡིན༔ མི་དགེ་བའི་འབྲས་བུ་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་ཡིན༔ ལུང་དུ་མ་བསྟན་པ་ས་བོན་རུལ་བ་དང་འདྲ་བར་འབྲས་བུ་འབྱིན་མི་ནུས་གསུངས༔ ལར་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་སྡིག་པ་དང་ཞེན་པ་ཡིན༔ དེ་ཡང་སྡིག་པའི་ལས་ཀྱིས་དམྱལ་བ་ཡིན༔ ཞེན་པས་ཡི་དྭགས་དང་དུད་འགྲོར་སྐྱེ་བ་ཡིན་གསུངས༔ སྐྱེ་ཙམ་ན་མི་དགེ་བ་རབ་སྤྱད་པས་དམྱལ་ཁམས་བཅོ་བརྒྱད་པོ་གང་རུང་ཞིག་ཏུ་སྐྱེ་བ་ཡིན༔ དེར་སྐྱེས་ནས་ཀྱང་ལྕགས་ཀྱི་ཁང་སྒྲོམ་འབར་བར་སྲེག་པ་དང༔ ལྕགས་བསྲེགས་པའི་ས་གཞི་འབར་བ་ལ་འགྲོ་བ་དང༔ མེ་མ་མུར་ལ་འགྲོ་བ་དང༔ ལྕགས་ཀྱི་སོག་ལེ་འབར་བས་གཤོག་པ་དང༔ ལྕགས་ཀྱི་གཏུན་བུས་རྡུང་བ་དང༔ ཟངས་ཁོལ་ཚད་མའི་ནང་དུ་འཚོད་པ་དང༔ མ་ཤི་བར་ལྕགས་ཀྱི་བྱ་དམར་པོས་ཟ་བ་དང༔ རལ་གྲིའི་ཆར་འབབ་པ་དང༔ སྤུ་གྲིའི་ལམ་ལ་འགྲོ་བ་དང༔ རོ་མྱགས་ཀྱི་འདམ་ལ་འདྲུད་པ་དང༔ བྲག་བར་དུ་འཇོམས་པ་དང༔ ལྕེ་ལ་ཞིང་རྨོད་པ་དང༔ དེ་ལ་སོགས་པའི་སྡུག་བསྔལ་སྐད་ཅིག་ཀྱང་མི་བཟོད་པ་ཡོད་པ་ཡིན་གསུངས༔ གྲང་བའི་དམྱལ་བར་སྐྱེས་ན་ཡང་ཆུ་བུར་ཅན་ཆུ་བུར་བརྡོལ་པ་ཅན་དང༔ སོ་ཐམ་ཐམ་དང༔ པདྨ་ལྟར་གས་པ་དང༔ ཨུཏྤལ་ལྟར་གས་པ་དང༔ ལུས་འཁྱག་པ་ལྟར་གས་པ་དང༔ མནར་མེད་པའོ༔ དེ་རྣམས་ཀྱི་སྡུག་བསྔལ་བཟོད་པ་མེད་པ་ཡིན་གསུངས༔ གྲང་བའི་དམྱལ་བ་བས་ཚ་བའི་དམྱལ་བ་སྡུག་བསྔལ་ཆེ་སྟེ༔ མནར་མེད་པའི་ཚ་བའི་དམྱལ་བ་ཡིན༔ མནར་མེད་པའི་སྡུག་བསྔལ་དེ་བས་ཆེར་མི་བཏུབ་པས་མནར་མེད་པའོ༔ དམྱལ་བ་དེ་རྣམས་ཤི་ན་དགའ་ཡང་འཆིར་མི་བཏུབ༔ སྡུག་བསྔལ་མྱོང་ཞིང་སོས་ནས་འོང་བ་ཡིན༔ མནར་མེད་དུ་སྐྱེ་བའི་རྒྱུ་ནི་མཚམས་མེད་པ་ལྔ་དང་བཀའ་ལ་ཉོ་ཚོང་བྱས་པས་སྐྱེ་བ་ཡིན་གསུངས༔ གཞན་སྲོག་གཅོད་པའི་ལས་གཙོ་བོར་བྱས་པས་དམྱལ་བ་གཞན་རྣམས་སུ་སྐྱེ་བ་ཡིན་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མི་དགེ་བ་འབྲིང་དུ་སྤྱད་པས་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གང་རུང་དུ་སྐྱེ་བ་སྟེ༔ དེར་སྐྱེས་ན་དུས་རྟག་ཏུ་མུན་ཁུང་ནང་དུ་འདུག་པ་དང༔ རང་གི་ལག་པ་བརྐྱང་སྐུམ་མི་མཐོང་བ་དང༔ བཀྲེས་སྐོམ་གྱིས་གདུངས་ནས་རུས་པ་འཁྲོག་ཙམ་ན་ཚིགས་དམིགས་ནས་མེ་སྟག་ཕྲོ་ཕྲོ་བ་དང༔ དུས་དང་བསྐལ་པ་ཡང་བརྒྱ་སྟོང་མང་པོར་ཟས་སྐོམ་གྱི་མིང་ཡང་མི་ཐོས་ན་བཟའ་བ་དང་བཏུང་བ་རྙེད་པ་ལྟ་སྨྲོས་ཀྱང་ཅི་དགོས་པ་དང༔ ཟས་རྣག་ཁྲག་ཏུ་མཐོང་བ་དང༔ མེ་མ་མུར་དུ་མཐོང་བ་དང༔ གཞན་གྱིས་བཟའ་དབང་མེད་པར་མཐོང་བ་དང༔ སྲུང་བ་ལ་སོགས་པ་སྡུག་བསྔལ་ལ་བཟོད་པའི་གླགས་མེད་པར་སྐྱེ་བ་ཡིན་གསུངས༔ དེར་སྐྱེ་བའི་རྒྱུ་སེར་སྣ་དང་འཇུར་གེགས་ཡིན་ནོ༔ སེར་སྣ་ནི་རང་གིས་སྦྱིན་པ་གཏོང་མི་ཕོད་པ་ཡིན༔ འཇུར་གེགས་བྱ་བ་གཞན་གཏོང་བའི་གེགས་བྱེད་པ་ལ་ཟེར་བ་ཡིན་གསུངས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མི་དགེ་བ་ཆུང་ངུ་སྤྱད་པས་དུད་འགྲོའི་རིགས་བྱེ་བྲག་སུམ་ཅུ་སོ་དྲུག་གང་རུང་དུ་སྐྱེ་བ་ཡིན་གསུངས་སོ༔ དེར་སྐྱེས་ན་གླེན་ཞིང་གཏི་མུག་པ་དང༔ རང་ལ་རང་དབང་མེད་པར་གཞན་གྱིས་འཁོལ་བ་དང༔ སྡུག་ཀྱང་རང་སྡུག་སྟེ་མགོན་བྱེད་པ་མེད་པ་དང༔ དུས་རྟག་ཏུ་གཞན་གྱིས་གསོད་ཀྱིས་དོགས་ནས་འཇིགས་པ་དང༔ མ་ཤི་བར་གཞན་གྱིས་ཤ་ཁྲག་ཟ་འཐུང་བྱེད་པ་དང༔ དེ་ལ་སོགས་དུད་འགྲོ་ལ་ཡང་སྡུག་བསྔལ་སྣ་ཚོགས་པ་སྐྱི་གཡའ་བ་ཡོད༔ དུད་འགྲོ་ཁ་འཐོར་བ་མི་ལ་བསྟེན་པ་འདི་རྣམས་སྡུག་བསྔལ་ཆུང་ཤོས་ཡིན༔ གནས་ན་གནས་པའི་དུད་འགྲོ་བྱིངས་ཆེན་པོ་ཕྱིའི་རྒྱ་མཚོ་ལ་སོགས་པ་ན་ཡོད་དེ༔ སྡུག་བསྔལ་ཤིན་ཏུ་ཆེ་གསུངས༔ དེར་སྐྱེ་བའི་རྒྱུ་ནི་སྡིག་པ་ཕྲ་མོ་ལ་མི་འཛེམ་པ་སྐྱེ་བ་ཡིན་གསུངས༔ ཡུལ་མཐའ་འཁོབ་ལ་སོགས་པའི་གནས་ལྔར་སྐྱེས་ན༔ དེ་ནི་ཆོས་མེད་པས་ཚེ་ཕྱི་མ་འགྲོ་ས་ངན་སོང་ལས་མེད་དེ༔ དེར་སྐྱེས་ན་ངན་སོང་གསུམ་གྱི་སྡུག་བསྔལ་གོང་བཞིན་མྱོང་བ་ཡིན་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཐོ་རིས་བདེ་བ་སྐད་བཤད་དེ༔ དེ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ལྟོས་ན་སྡུག་བསྔལ་ཤས་ཆུང་བ་ཙམ་ལ་དགོངས་ནས་མཐོ་རིས་བདེ་བ་སྐད་བཤད་པ་ཡིན༔ དངོས་པོ་མཐོ་རིས་ཉིད་ན་ཡང་བདེ་བ་མེད༔ སྡུག་བསྔལ་འབའ་ཞིག་ཡིན༔ མི་ལ་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་ཡོད་པ་ཡིན༔ དེ་ལ་དང་པོ་སྐྱེ་བའི་སྡུག་བསྔལ་ནི༔ དང་པོ་ཀུན་གཞི་ཕ་མའི་ཁུ་ཁྲག་ཏུ་འཐུམས་པའི་དུས་སུ་མུན་པའི་གླིང་དུ་ཚུད་པ་སྙམ་པའམ༔ རི་ཆེན་པོའི་འོག་ཏུ་མནན་པ་སྙམ་བྱེད༔ དེ་ནས་གཟུགས་དོད་འགུལ་འཕྲིག་གི་དུས་སུ་མ་ཟས་ཀྱིས་འགྲངས་པའི་དུས་སུ་བྲག་བར་དུ་བཙིར་བར་སྙམ་བྱེད༔ མ་ལྟོགས་པའི་དུས་སུ་དཔྱང་ལ་བཏགས་པ་སྙམ་བྱེད༔ དྲག་ཤུལ་བྱས་པའི་དུས་སུ་བྲག་བར་དུ་བཙིར་བར་སྙམ་བྱེད༔ དེ་ནས་སྐྱེ་བའི་དུས་སུ་བྲག་བར་དུ་བཙིར་ནས་འདོན་པ་དང་འདྲ༔ ཐང་ལ་ལྷུང་བ་ན་པགས་པ་བཤུས་ནས་ཚེར་མའི་དོང་ནང་དུ་བསྐྱུར་བའི་སྡུག་བསྔལ་ལམ༔ རྨིག་པས་བརྫིས་པ་སྙམ་བྱེད༔ སྡུག་བསྔལ་ཤིན་ཏུ་ཆེའོ༔ དེ་ནས་ཆུང་གི་བར་དུ་བཀྲེས་པ་དང༔ སྐོམ་པ་དང༔ རྐང་ལག་ན་བ་དང༔ ཤིན་ཏུ་སྡུག་བསྔལ་བ་ཡོད་དོ༔ དེ་ནས་ཆེ་བར་སྐྱེས་ནས་ཀྱང༔ མེད་པ་ཤ་ཐང་ཆད་པར་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ ཡོད་པ་རྐུ་འཕྲོག་ལ་སོགས་པ་ཤོར་གྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ དགྲ་སྡང་བ་དང་འཕྲད་ཀྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ གཉེན་བྱམས་པ་དང་བྲལ་གྱི་དོགས་པའི་སྡུག་བསྔལ་སྣ་ཚོགས་པ་དང༔ འདུ་བྱེད་ཀྱི་སྡུག་བསྔལ་ཕུང་པོ་འདི་བླངས་པ་ཙམ་གྱིས་སྡུག་བསྔལ་གྱི་ཁུར་ཆེན་པོ་ཡིན་ཏེ༔ ཚ་མི་བཟོད༔ གྲང་མི་བཟོད༔ བཀྲེས་མི་བཟོད༔ སྐོམ་མི་བཟོད་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཡོད་པ་ཡིན་གསུངས༔ དེ་ནས་རྒས་པའི་སྡུག་བསྔལ་སྣ་ཚོགས༔ རྒས་འཁོགས་པས་དབང་པོ་དང་ལུས་ཀྱི་ནུས་པ་ཐམས་ཅད་ཤོར༔ འགྲོ་ན་བུབ་པར་འདུག༔ ལངས་ན་ལྡང་མི་ནུས་པར་འདུག༔ སྤྱི་བོ་ཐེར་བ་དང་ལུས་ནག་པོར་ཐལ་པའི་ཐིག་ལེས་ཁེངས༔ སྐྲ་དཀར་དང་གཉེར་མ་མང་བས་ཀུན་གྱི་ཡིད་དུ་མི་འོང༔ ཁྱིམ་མཚེས་ཀྱི་བྱིས་པ་ལ་སྡིགས་མོར་འགྱུར་བ་འོང་སྟེ་ཡ་ཆ་གསུངས༔ ན་བའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་ཡོད་དེ༔ ལུས་ཀྱི་དབང་པོ་ལྔ་གང་ན་ཡང༔ མིག་ལྟ་བུ་ཞིག་ན་ན༔ མིག་མ་ཡིན་པའི་གཞན་ཞིག་ན་ན་ཅི་མ་རུང་སྙམ༔ གང་ཡང་མི་བཟོད༔ ལུས་ཀྱི་མདངས་ཉམས༔ དབང་པོ་དང་སྟོབས་ཉམས༔ ནོར་དང་འབྲུ་དང་ནོར་ཆེར་ཐ་མར་ཟད་པར་བྱེད་པས་ཤིན་ཏུ་སྡུག་བསྔལ་ལོ༔ འཆི་བའི་སྡུག་བསྔལ་ནི་འཆི་བའི་དུས་སུ་གནད་གཅོད་པའི་སྡུག་བསྔལ་གྱིས་མཚོན་གྱིས་གཏུབས་པ་སྙམ་བྱེད༔ ལུས་ཞན་སེམས་མི་གསལ་དྲོད་ཞན༔ དབུགས་སྡུད་མི་ཤེས་གསུངས་སོ༔ སློབ་དཔོན་པདྨའི་ཞལ་ནས༔ འཆི་བའི་སྡུག་བསྔལ་འདི་དམྱལ་བའི་སྡུག་བསྔལ་ལས་ཀྱང་འཇིགས་སུ་རུང་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་ལྷ་ཡུལ་ན་བདེ་སྐྱིད་འཛོམ་པ་སྐད་ཟེར་ཏེ༔ དེ་ན་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས༔ ལྷ་དང་ལྷ་མ་ཡིན་འཐབ་རྩོད་ཀྱིས་སྡུག་བསྔལ༔ རིན་པོ་ཆེའི་རི་ཕར་འཕེན་ཚུར་འཕེན་བྱེད་པ་དང༔ གསོད་གཅོད་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ་ཡིན་གསུངས༔ ལྷ་ལ་ལྟུང་བའི་སྡུག་བསྔལ༔ རིམས་ཚ་བས་བཏབ་པའི་སྡུག་བསྔལ་ཡོད༔ ལྟུང་བའི་སྡུག་བསྔལ་འདི་ནི་ཁྱད་པར་ཆེ་སྟེ༔ འཆི་ལྟས་རྣམ་པ་གསུམ་ནི་བྱུང༔ ལུས་ཀྱི་ཁ་དོག་ནི་འགྱུར༔ སྟན་ལ་མི་དགའ་སྟེ་མེ་ཏོག་གི་ཕྲེང་བ་རྙིང༔ གོས་ལ་དྲི་མ་ཆགས༔ སྔོན་ཆད་མེད་པའི་སྡུག་བསྔལ་བྱུང༔ ངན་སོང་རྣམ་པ་གསུམ་དུ་སྐྱེ་བ་ནི་མངོན་ཤེས་ལ་སོགས་པས་མཐོང་ཙམ་ན༔ ཉ་སྐམ་ལ་བཏོན་པའམ༔ ཀླུ་ཕྲུག་ནམ་མཁའ་ལྡིང་གིས་ཁྱེར་བའམ༔ རྔ་མོང་བུ་སྟོར་བའམ༔ རྒྱ་མཚོ་ཆེན་པོར་གྲུ་ནུབ་པ་ཙམ་ཡོད་གསུངས༔ རིམས་ཚ་བས་བཏབ་པའི་སྡུག་བསྔལ་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ལས་བདུན་འགྱུར་རམ་བཅུ་དྲུག་འགྱུར་གྱིས་སྡུག་བསྔལ་ཆེ་བ་ཡོད་པ་ཡིན་གསུངས༔ ལར་མཐོ་རིས་སུ་སྐྱེས་ཀྱང་སྡུག་བསྔལ་དེ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་ཡིན་གསུངས༔ མཐོ་རིས་པའི་རྩེ་མོ་ནས་དམའ་མནར་མེད་པའི་དམྱལ་བ་ཡན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ མཚོ་རྒྱལ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་འཁོར་བ་ལ་ཐུག་པ་མེད་པས༔ སྔ་མ་ཡང་འགྲོ་བ་རིགས་དྲུག་ཏུ་ཅི་འདྲ་བ་ཞིག་འཁྱམས༔ ད་ཕན་ཆད་ཀྱང་ཅི་འདྲ་ཞིག་འཁྱམས༔ འཁོར་བ་ལ་དུས་འདི་ཕན་ཆད་འཁོར་བའི་ཐོག་མ་ཡིན་བྱ་བའམ༔ དུས་འདི་ཚུན་ཆད་ཐ་མ་ཡིན་བྱ་བ་མེད་དེ༔ སྐྱེ་རྒ་ན་འཆི་བཞི་ལ་གཏིང་མཐའ་མེད་དོ༔ ད་འཁོར་བ་ལ་མཐར་ཟད་པ་ནི་མེད༔ རང་ལོག་ཏུ་ནི་མི་འགྲོ་བས༔ འཁོར་བ་མཐའ་མེད་དུ་བདག་ད་བཟོད་འཁྱམས་དགོས་པ་ཡིན་གསུངས༔ ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་དེ་ལས་བློ་མ་ལོག་ན་ཅིས་ཀྱང་ཕན་པ་མེད་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུ་པདྨའི་ཞལ་ནས༔ འཁོར་བ་སྡུག་བསྔལ་གྱི་རང་བཞིན་དེ་ལྡོག་དགོས་ཏེ༔ དེ་ལ་ད་རེས་དལ་འབྱོར་གྱི་ལུས་འདིས་མ་བཟློག་ན༔ དེ་ནས་མི་བཟློག་སྟེ༔ དེ་ཡང་རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལས་རང་འབྱོར་ལྔ་ནི༔ ཡུལ་དབུས་སུ་སྐྱེས་པ་དང༔ མི་ལུས་ཐོབ་པ་དང༔ དབང་པོ་ཚང་བ་དང༔ གནས་ལ་དད་པ་དང༔ ལས་ཀྱི་མཐའ་མ་ལོག་པའོ༔ གཞན་འབྱོར་ལྔ་ནི༔ སངས་རྒྱས་འཇིག་རྟེན་ཏུ་བྱོན་པ་དང༔ དེས་ཆོས་གསུངས་པ་དང༔ དེའི་བསྟན་པ་ཡུན་རིང་དུ་གནས་པ་དང༔ གཞན་དེའི་རྗེས་སུ་འཇུག་པའི་གྲོགས་ཡོད་པ་དང༔ གཞན་གྱི་ཕྱིར་སྙིང་བརྩེ་བ་ལ་ཞུགས་པའོ༔ འོ་ན་དལ་འབྱོར་འདི་ཡང་དང་ཡང་དུ་ཐོབ་བམ་ཞེ་ན༔ མི་ཐོབ་སྟེ༔ དལ་འབྱོར་འདི་ནི་ཤིན་དུ་རྙེད་པར་དཀའ༔ སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ༔ གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན༔ ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར༔ ཞེས་པའི་དུས་ད་རེས་ཡིན་ནོ༔ ཡར་འགྲོ་མར་འགྲོའི་དུས་ད་རེས་ཡིན་ནོ༔ སྐྱིད་སྡུག་གཉིས་ཀྱི་ཤན་འབྱེད་དུས་ད་རེས་ཡིན་ནོ༔ འཁོར་འདས་གཉིས་ཤན་འབྱེད་དུས་ད་རེས་ཡིན་ནོ༔ དུས་ད་རེས་ཤན་མ་ཕྱེ་ན༔ ཕྱིས་འཁོར་བ་ནས་ཐོན་པ་ཤིན་ཏུ་དཀའ་འོ༔ ད་རེས་ཀྱི་འཁོར་བ་འདི་སྲིད་པ་ལུགས་ནས་བཟློགས་ན་གཏན་དུ་ལུས་བླང་མི་དགོས༔ ལུས་མ་བླང་ཙམ་ན་འཁོར་འདས་ཤན་འབྱེད་པ་ཡིན་ནོ༔ ཕོ་མདོ་ཆེ་ཆུང་དང༔ མོ་སྒྲིན་གླེན་དུས་ད་རེས་ལ་བལྟའོ༔ རང་དོན་ཕྱལ་བར་བཏང་ནས་མི་ཚེ་སྟོང་སྐྱེལ་མ་བྱེད་ཅིག༔ ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་མ་བྱེད་ཅིག་གསུངས་སོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ འཁོར་བ་ལུགས་ནས་ཟློག་པ་ལ༔ གཞི་གནས་པའི་གནས་ལུགས་ཇི་ལྟར་ལགས་ཞེས་ཞུས་པས༔ སློབ་དཔོན་སྤྲུལ་སྐུའི་ཞལ་ནས༔ ཐོག་མར་རྒྱུས་མ་བསྐྱེད༔ བར་དུ་རྐྱེན་གྱིས་མི་འགྱུར༔ ཐ་མ་གཉེན་པོས་མི་ཆོམས༔ སངས་རྒྱས་སྒམ་སྟེ་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ འཁྲུལ་ཏེ་སེམས་ཅན༔ གྲོལ་ཏེ་སངས་རྒྱས་ལ༔ གཞི་གནས་པའི་གནས་ལུགས་ཞེས་བྱ༔ གསང་སྔགས་རང་བྱུང་གི་ཡེ་ཤེས་ཞེས་བྱ༔ གསང་སྔགས་དེ་ཁོ་ན་ཉིད་ཅེས་བྱ༔ གསང་སྔགས་བདེན་པ་གཉིས་སུ་མེད་ཅེས་བྱ༔ དེ་ལ་གཞི་ལ་གནས་པའི་གནས་ཚུལ་ཅེས་བྱ༔ དེ་ནི་འཁོར་འདས་གཉིས་ཀྱི་གཉིས་གཞི་ཡིན་གསུངས་སོ༔ ༔དེ་ནས་ཇོ་མོས་ཞུས་པ༔ འཁྲུལ་པའི་འཁྲུལ་ཚུལ་གང་ལགས༔ ཞེས་ཞུས་པས༔ གཞི་ཅི་ཡང་མ་ཡིན་པ་དེ་ལས་སྒྲིབ་པ་རྣམ་གསུམ་གྱིས་འཁྲུལ་ལོ༔ ཡིད་ཀྱི་སྒྲིབ་པ་ནི་སྟོང་པ་ཉིད་ཀྱི་ངང་ལས་ངར་འཛིན་གྱི་ཤེས་པ་ཝལ་གྱིས་ཤར་བའི་དཔེ་ནི་སྐམ་གློག་ལྟ་བུའོ༔ ངག་གི་སྒྲིབ་པ་ངའི་ཡུལ་དུ་གཅོད་པའི་དཔེ་ནི་སྦྲང་ཆར་གྱི་གློག་ལྟ་བུའོ༔ ལུས་ཀྱི་སྒྲིབ་པ་ཆགས་སྡང་དང་འཁྲུག་དཔེ་ནི་ཐོག་སེར་གྱི་གློག་ལྟ་བུའོ༔ ཡིད་ཀྱི་སྒྲིབ་པའི་དུས་སུ་ངར་འཛིན་པ་དེ་ནི་ཉོན་མོངས་པ་འདོད་ཆགས་སོ༔ ངག་གི་སྒྲིབ་པའི་དུས་སུ་ངའི་ཡུལ་དུ་གཅོད་པ་ནི་ཉོན་མོངས་པ་ཞེ་སྡང༔ ལུས་ཀྱི་སྒྲིབ་པའི་དུས་སུ་ཆགས་སྡང་འཁྲུགས་པ་དེ་ནི་ང་དང་ངའི་གཉིས་སུ་མེད་པ་ལས་གཉིས་སུ་བཟུང་བས་གཏི་མུག་གོ༔ དུག་གསུམ་དེ་ནི་འཁོར་བ་སྐྱེད་པའི་རྒྱུ་ཡིན་ནོ༔ རྐྱེན་ནི་ང་རྒྱལ་དང་ཕྲག་དོག་གཉིས་སོ༔ འཛིན་པ་བསགས་པའི་ཀུན་གཞི་དེ་ཁ་ནང་དུ་བལྟས་པའི་དུས་སུ༔ རང་དགར་འཛིན་པས་ང་རྒྱལ་ལོ༔ ཕར་ལ་དཔྱད་པའི་དུས་སུ་མི་དགར་ཤོར་བས་ཕྲག་དོག་གོ༔ ཉོན་མོངས་པ་ལྔ་པོ་དེ་ལས་འབྱུང་བ་ལྔ་ཆད་དེ༔ ཞེ་སྡང་ལས་གྱུར་པ་ས༔ འདོད་ཆགས་ལས་གྱུར་པ་ཆུ༔ ང་རྒྱལ་ལས་གྱུར་པ་མེ༔ ཕྲག་དོག་ལས་གྱུར་པ་རླུང༔ གཏི་མུག་ལས་གྱུར་པ་ནམ་མཁའ༔ དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་སོ༔ དེ་ལ་བརྟན་པ་ཐོབ་པས་ནང་གི་འབྱུང་བ་ལྔ་ཆགས་ཏེ༔ ཞེ་སྡང་ལས་རུས་པ༔ འདོད་ཆགས་ལས་ཁྲག༔ གཏི་མུག་ལས་ཤ༔ ང་རྒྱལ་ལས་དྲོད༔ ཕྲག་དོག་ལས་དབུགས༔ དེ་ལྟར་ཆགས་ཤིང་ཞེན་པས་སྐྱེ་བ་རྣམ་བཞིའི་ཚུལ་དུ་ལུས་བླངས་པ་སྟེ༔ གཏི་མུག་གིས་ནང་བརྫུས་ཏེ་སྐྱེ༔ ང་རྒྱལ་གྱིས་ནང་སྒོ་ང་ལས་སྐྱེ༔ ཞེ་སྡང་གིས་ནང་དྲོད་གཤེར་ལས་སྐྱེ༔ འདོད་ཆགས་ཀྱིས་ནང་མངལ་ལས་སྐྱེའོ༔ དེར་རྣམ་པར་སྨིན་པའི་ལུས་བླངས་ནས་རྣམ་པར་སྨིན་པའི་རྟོག་པ་བསྲེལ་ནས༔ ངའི་ཕ་དང་ངའི་མ་དང་གཉེན་འདུན་རྩ་ལག་དང་ཡུལ་དང་ཁམས་དང་ཁྱིམ་དུ་འབུང་སྟེ༔ འཁོར་བའི་རྩ་བ་ལས་སྡོང་པོ་ཡལ་ག་འབྲས་བུར་སྨིན་ནོ༔ དེ་ལ་ཞེན་ཅིང་ཆགས་པའི་དབང་གིས་སྲིད་པ་བར་དོ་ཞེས་བྱ༔ སྔར་གྱི་ལུས་དེ་ནི་བོར་ཕྱི་མའི་ལུས་མ་བླང་གི་བར་དུ༔ རྨི་ལམ་དང་འདྲ་བར་དབང་པོ་ཀུན་ཚང་བས་ས་རྡོ་རི་བྲག་ལ་ཐོགས་པ་མེད་པས༔ སྔོན་གཟུགས་སྲིད་པའི་ཤ་ཚུགས་ཅན༔ འཁྲུལ་པ་མཐུད་རྒྱུན་མ་ཆོད་པས་སངས་རྒྱས་སུ་མིང་མ་ཐོགས༔ རྒྱུ་ཤ་ཁྲག་གི་ཕུང་པོ་མེད་པས་སེམས་ཅན་དུ་མིང་མ་ཐོགས༔ འབྱུང་བའི་མིང་ཡང་མ་ཐོགས་ཏེ༔ སྔར་གྱི་བཞིན་དུ་བརྟན་པོ་མེད༔ བན་བུན་བྱེད་དེ་རྨི་ལམ་དང་འདྲ༔ འོ་ན་དེ་ལ་མིང་བཏགས་ན་ཀུན་གཞི་འཁྱམས་པོ་ཞེས་བྱའོ༔ སྔར་འདོད་པ་ལ་ཞེན་པའི་དབང་གིས༔ ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་འཕུལ༔ བསྐལ་པའི་མུན་ནག་གིས་མདུན་ནས་བསུས་ནས་ཡོང༔ རྒྱོབ་སོད་ཅེས་བྱ་བའམ༔ སྒྲ་མི་མཐུན་པ་དཔག་ཏུ་མེད་པ་སྒྲོག་པ་ལ་སོགས་པ་འབྱུང་ངོ༔ དེར་སྣང་བ་འགྲོ་བ་རིགས་དྲུག་གི་འཁོར་བའི་གྲོང་ཁྱེར་དུ་མཐོང་ནས༔ རྟེན་གཅིག་འདོད་པ་དེས་ཕ་མ་དང་གཉེན་འདུན་ཡིད་དུ་འོང་བ་སྙམ་བྱེད་པའམ༔ རང་གི་ཁང་ཁྱིམ་ཡིན་པ་སྙམ་པའམ༔ དེར་འགྲོ་སྙིང་འདོད་པ་སྙམ་བྱེད་པ་བྱུང་ནས༔ རྟེན་གཅིག་ཏུ་ཕྱིན་པས་ལས་བཟང་ངན་གྱི་དབང་གིས་རིགས་དྲུག་གི་ཁོང་པར་ཚུད་དེ་ལུས་བླངས་ནས་ཟོ་ཆུའི་ཁྱུད་མོ་བཞིན་དུ་གཅིག་ནས་གཅིག་ཏུ་འཁོར་རོ༔ འཁོར་བའི་འཁོར་ཚུལ་དེ་ཡིན་ནོ་ཞེས་གསུངས་སོ༔ ༔སློབ་དཔོན་སྤྲུལ་སྐུ་ལ་ཇོ་མོས་ཞུས་པ༔ གྲོལ་བའི་གྲོལ་ལུགས་གང་ལགས་ཞེས་ཞུས་པས༔ དེ་གྲོལ་བར་བྱ་བའི་ཕྱིར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པས་ཀྱང་གྲོལ་བའི་ཐབས་སུ་མ་སོང་སྟེ༔ གནས་ལུགས་དེ་སྒོམ་པར་འདོད༔ རྟོགས་པར་འདོད༔ ཉམས་སུ་བླང་བར་འདོད༔ ཤེས་པར་འདོད༔ གཏན་ལ་ཕེབས་པར་འདོད་པས༔ བྱེད་པའི་གཞི་ལ་ལུས་ཏེ༔ དོན་བྱེད་པ་མེད་པ་དང་འགལ་ལོ༔ ཉོན་མོངས་པ་ལྔ་པོ་དེ་ཡང་ཉན་ཐོས་སྤོང་བར་འདོད༔ རང་སངས་རྒྱས་འགེགས་པར་འདོད༔ སེམས་ཙམ་མམ་དབུ་མ་པ་ནི་སྦྱོང་བར་འདོད༔ སྔགས་ཕྱི་ནང་གཉིས་རྒྱུ་རུ་འདོད་པས༔ དེ་བྱེད་པ་པོ་གཞི་ལུས་ཏེ༔ ཐམས་ཅད་ཉོན་མོངས་པའི་སྟེང་དུ་ཤེས་བྱའི་སྒྲིབ་པ་བསགས༔ དང་པོ་ཡིད་ཀྱི་སྒྲིབ་པ་ནས་ཐ་མ་ཤེས་བྱའི་སྒྲིབ་པ་ཡན་ཆད་འཁྲུལ་ཚུལ་དུ་ཤེས་པར་བྱའོ་གསུངས་སོ༔ དེ་ནས་གྲོལ་ཚུལ་ལ་ཆོས་གསུམ༔ ལམ་གྱི་གྲོལ་ཐབས་དང༔ དུས་ཀྱི་གྲོལ་ཐབས་དང༔ བར་དོའི་གྲོལ་ཐབས་གསུམ་ཡིན་གསུངས༔ དེ་ལ་ལམ་གྱི་གྲོལ་ཐབས་ནི་རྫོགས་པ་ཆེན་པོའི་ལུགས་ཀྱིས་ཐོས་པའི་ཤེས་རབ་ཀྱི་དུས་སུ༔ གནས་ལུགས་ཀྱི་དོན་དེ་གོ་བར་མི་བྱེད༔ རྟོགས་པར་མི་བྱེད་ཤེས་པར་མི་བྱེད༔ གཏན་ལ་ཡང་མི་ཕེབ༔ ཉན་ཐོས་ལྟར་ཉོན་མོངས་པ་སྤོང་ཡང་མི་སྤོང༔ རང་སངས་རྒྱས་ལྟར་འགེགས་ཀྱང་མི་འགེགས༔ བྱང་ཆུབ་སེམས་དཔའ་ལྟར་སྦྱོང་ཡང་མི་སྦྱོང༔ སྔགས་ཕྱི་ནང་ལྟར་སྒྱུར་ཡང་མི་སྒྱུར༔ སྐྱེ་བོ་ལྟར་རང་གར་ཡང་མི་ཁྱེར་རོ༔ འོ་ན་ཉན་བཤད་ལ་དགོས་པ་མེད་དམ་ཞེ་ན༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་བསྩལ་པ་དང་མི་འགལ་ཏེ༔ ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དུག་ལྔ༔ དུག་ལྔའི་རྩ་བ་དུག་གསུམ༔ དེའི་རྩ་བ་གཟུང་འཛིན་གཉིས༔ དེའི་རྩ་བ་ངར་འཛིན་གྱི་ཤེས་པ༔ དེའི་གཞི་མ་མེད་པའི་ཆོས་གཅིག་པོ༔ མྱ་ངན་ལས་འདས་པའི་ཆོས་གཅིག་པོ༔ མཉམ་པ་ཉིད་ཀྱི་ཆོས་གཅིག་པོ༔ གཉིས་སུ་མེད་པའི་དབྱིངས་གཅིག་པོ་ཡིན་པས༔ བློ་རྫོགས་པ་ཆེན་པོའི་དུས་སུ་རྒྱུད་ལུང༔ བླ་མ་ཆེན་པོའི་གདམས་ངག་གིས་འཁྲུལ་པ་དང་མི་བདེན་པར་མཚོན་པས༔ སྐྱོན་ལ་སྐྱོན་དུ་ངོ་ཤེས་ན་སྐྱོན་ཕྱིར་མི་འབྲང་སྟེ༔ དང་པོ་ཡིད་ཕྲ་བ་ནས་ཆགས༔ ལྡོག་པ་ལུས་རགས་པ་ནས་ལྡོག་པ་ཡིན་གསུངས་སོ༔ སྒོ་ལྔ་སྣང་ལ་ཞེན་པ་མེད་པར་ཤེས་ཙམ་ན༔ ཆགས་སྡང་ངོ་བོ་གྲོལ་ཙམ་ན་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་དང་འདྲ༔ རྟག་པར་ངར་འཛིན་ལ་ཞེན་པ་མེད་ཙམ་ན་སློོག་རུལ་ཐང་ལ་བོར་བ་དང་འདྲ༔ སྣང་བ་ལ་ཞེན་པ་མེད་པར་སྣང་བའི་ངོ་བོ་སྟོང་པ་ཉིད་རང་སར་གྲོལ་ཙམ་ན་ན་བུན་ཡུལ་དུ་སྣང་བ་འདྲ༔ དྲན་པའི་ངོ་བོ་ཞི་ནས་དྲན་མེད་དུ་རང་སར་གྲོལ་ཙམ་ན་སྐྱི་སེར་མཐུ་ཆད་པ་དང་འདྲ༔ སྒོ་ལྔའི་རྣམ་པར་ཤེས་པའི་ཆགས་སྡང་སྙན་མི་སྙན་སྡུག་མི་སྡུག་ལ་སོགས་པ་ལྡོག༔ ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཅོད་པ་ལས་ལོག་པའམ༔ ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་འཛིན་པ་ལས་ངར་འཛིན་པའམ་ང་རྒྱལ་བའམ་ངར་རློམ་པ་ལས་ལོག་པ་ལ༔ ཀུན་གཞིའི་རྣམ་པར་ཤེས་པ་དྲན་པ་ཕྲ་མོ་དང་པོ་ཚོར་བ་ལས་ལོག་ནས་མཐུ་རྒྱུན་ཆོད་པ་དེ་ཕན་ཆོད་སངས་རྒྱས་ཞེས་བྱའོ༔ དེ་དབང་པོ་ཡང་རབ་ཀྱི་གྲོལ་ཐབས་ཡིན་གསུངས་སོ༔ དུས་ཀྱི་གྲོལ་ཐབས་ནི༔ འཆི་བའམ་ནད་ཀྱིས་བཏབ་ནས༔ འབྱུང་བ་ས་ཆེ་བས་ལུས་མི་ཐེག༔ ས་ཆུ་ལ་ཐིམ་པའི་དུས་སུ་དབུགས་ཕྱིར་སྲིང་ནང་དུ་སྡུད་མི་ཤེས༔ ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་སྐམ༔ དབུགས་ཕྱི་ནང་གཉིས་ཀ་ཐུང༔ མེ་རླུང་ལ་ཐིམ་པའི་དུས་སུ་ཤེས་པ་འཆོལ་ནས་འཆལ་གཏམ་སྨྲར་འོང༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ཤེས་པ་བར་དོར་ཡེར་གྱིས་འོང་ངོ༔ དེའི་དུས་སུ་གྲོལ་བའི་ཐབས་ནི་སློབ་དཔོན་ནམ་ཆོས་གྲོགས་ཤིག་གིས་གདམས་ངག་ཤེས་པ་ཡོད་ན་བརྡ་སྦྱར༔ མེད་ན་རང་གིས་ཆགས་སྡང་གཅད༔ དང་པོ་ཆགས་སྡང་འགགས་པས་རྟོགས་པ་འགག༔ སྣང་བ་འགགས་པས་དྲན་པ་འགག༔ དེ་ནི་དབང་པོ་འབྲིང་གི་གྲོལ་ལུགས་ཡིན་གསུངས་སོ༔ བར་དོའི་གྲོལ་ལུགས་ནི༔ དཔེར་ན་གཉིད་དང་འདྲའོ་གསུངས༔ གཉིད་ལྷན་གྱིས་ལོག་ནས་ཤེས་པ་ར་རིབ་དོར་ཡེར་གྱིས་འོང་བ་དང་འདྲ་བར༔ དབུགས་ཉལ་གྱིས་དྭངས་ནས་བར་དོར་ཤེས་པ་ཡེར་གྱིས་འོང་བ་དང་འདྲའོ༔ དེ་ཙམ་ན་སློབ་དཔོན་དང་ཆོས་གྲོགས་ཀྱིས་རོ་དེ་ལ་སྐད་དྲག་པོ་བསྐྱེད་ལ་གདམས་ངག་བཏབ༔ དེར་སྔར་གྱི་ཉམས་གོང་མའི་སྟོབས་ཡོད་པ་ལ་བརྡ་ཡི་སྒྲ་དེས༔ བདག་འཛིན་མི་བདེན་པར་ཤེས་ཏེ༔ ཤ་ཁྲག་གི་ཕུང་པོ་མེད་པས་ཤིན་ཏུ་གྲོལ་སླའོ༔ བདག་འཛིན་གྲོལ་པས་གཞན་སྣང་མི་འཆར༔ གཞན་སྣང་མ་ཤར་བས་ཆགས་སྡང་མི་སྐྱེའོ༔ ཆགས་སྡང་མ་སྐྱེས་པས་ལུས་མི་ལེན༔ ལུས་མ་བླང་པས་ཤི་བ་དང་ཆད་པ་མེད་དོ༔ དེ་ལ་སངས་རྒྱས་ཀྱི་དགོངས་པ་ཞེས་བྱའོ༔ དེ་ནི་བར་དོའི་གྲོལ་ཐབས་ཡིན་གསུངས་སོ༔ དེ་ལྟར་གྲོལ་ཐབས་གསུམ་གྱིས་རིགས་དྲུག་གི་གྲོང་ཁྱེར་ནས་བཟློགས་ནས་འཁོར་བའི་འབྲེལ་བ་ཟློག་པས་འཁོར་བ་ལུགས་ནས་ཟློག་བྱ་བ་ཡིན་གསུངས་སོ༔ སློབ་དཔོན་པདྨས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་ལ་གདམས་པ༔ འཁོར་བ་འབྱུང་ལྡོག་གི་སྐོར་རྫོགས་སྷོ༔ གཏེར་རྒྱ༔ སྦས་རྒྱས༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ྈ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སྐུ་སྣ་ཚོགས་པའི་ཆ་ལུགས་སུ་བཞུགས་ནས༔ ཉན་ཐོས་ཀྱི་འདུལ་ཁྲིམས་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་མན་ཆད་དུ་སྲུང་བ་མེད་པའི་ཚུལ་གྱིས་སྲུང༔ གསུང་ཐེག་པ་རིམ་པ་དགུ་ཞལ་ནས་གསུང་པས་ལྟ་བ་ཡས་འབུབས་དང་སྤྱོད་པ་མས་འཇུག་ལྟ་སྤྱོད་ཟུང་དུ་བརྟེན་པ༔ ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་དགོངས་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་རང་བས་ཀྱང་གཞན་གཅེས་པར་འཛིན་པ༔ སྤྲུལ་སྐུ་མངོན་སུམ་དུ་བྱོན་པའི་རྗེ་སངས་རྒྱས་དེའི་ཞལ་ནས༔ སྤྱོད་པའི་གདམས་པ་ཅི་གསུངས་ཇོ་མོ་མཚོ་རྒྱལ་གྱིས་ཡི་གེར་བཏབ་པའོ༔ སློབ་དཔོན་པདྨའི་ཞལ་ནས༔ ཆོས་གང་བྱེད་ཀྱང་དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བས༔ བསླབ་པའི་གཞི་ཡང་དག་པར་བླངས་པ་རྣམས་ཀྱིས༔ ཕྱོགས་གང་དང་གང་དུ་འགྲོ་ཡང་དེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྐྱབས་འགྲོ་བྱ་ཞིང་འགྲོ༔ རྟག་ཏུ་དཀོན་མཆོག་ལ་དད་གུས་རྒྱུན་མི་ཆད་པར་བྱ༔ དེ་ལྟར་བྱ་ཞིང་ལས་ཀྱི་འབྲེལ་བ་ད་ལྟ་བཞག་པས་མ་འོངས་པ་ན་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བས༔ དུས་རྟག་ཏུ་དཀོན་མཆོག་མཆོད་པ་དང༔ གསོལ་བ་གདབ་པ་ཁོ་ན་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་དགེ་བ་བཅུ་ཉམས་སུ་བླང་ཞིང་ལས་འབྲས་ལ་ཡིད་ཆེས་པར་བྱ༔ ལས་ལས་མཐུ་འབྱུང་ཞིང་བདེན་པ་མཐུ་ཆེ་བས་སྡིག་པ་སྤང་ཞིང་ཉོན་མོངས་པའི་གཉེན་པོ་བརྟེན༔ བསོད་ནམས་ཀྱི་ལས་ལ་འབད་པ་དྲག་ཏུ་བྱ༔ བསོད་ནམས་མ་གསག་པ་ལ་སེམས་བཟང་པོ་མི་འོང༔ བསོད་ནམས་བསགས་པ་ལས་སེམས་བཟང་པོ་འབྱུང༔ སེམས་བཟང་པོ་ཞིག་ཡོད་ཕན་ཆད་དགེ་ལ་བརྩོན་པ༔ སྡིག་པ་ལ་འཛེམ་པར་འགྱུར་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ཐམས་ཅད་ཀྱི་སྔོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གལ་ཆེ༔ སེམས་བསྐྱེད་པའི་གང་ཟག་གིས་སེམས་ཅན་བསྙེན་བཀུར་བྱ་བའི་ཆོས་ལ་འབད་པའི་ཕྱིར་སེམས་ཅན་ཐམས་ཅད་མར་མཉམ་པ་ཉིད་བསྒོམ༔ སེམས་ཅན་ཐམས་ཅད་ཕ་དང་མར་མ་གྱུར་པ་མེད་པས༔ སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་ཞུགས་པར་བྱའོ༔ སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་བསྒོམ༔ བྱང་ཆུབ་ཀྱི་སེམས་རྟག་ཏུ་སྦྱང་བར་བྱ༔ བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསླབ༔ རང་བས་སེམས་ཅན་ལ་གཅེས་པར་བསླབ༔ བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཀ་ཆོས་ཀྱི་རྩ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ་པར་འདོད་པ་ལ་བདག་ཏུ་འཛིན་པ་དང་ཆོས་སུ་འཛིན་པ་རྣམས་རང་བཞིན་མེད་པར་བསླབ༔ བསོད་ནམས་ཀྱི་ལས་ཅི་བྱེད་ཀྱང༔ ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པར་བྱའོ༔ མན་ངག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ཆེན་པོ་ལ་མ་ཞེན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ སྟོང་པ་ཉིད་བསྒོམས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ཆེན་པོ་སྐྱེས་པ་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ སྟོང་པ་ཉིད་བསྒོམས་པས་ཀྱང་དཀར་པོའི་ཆོས་ཐམས་ཅད་ཀྱི་གྲོགས་སུ་འགྲོ་བ་དང༔ ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་འགྲོ་བ་བྱ༔ དགེ་བའི་རྩ་བ་ཅི་བྱེད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ཏེ༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བར་བྱ༔ ཇི་ལྟར་བྱས་ན་དགེ་བ་འཕེལ་བ་དང༔ ཇི་ལྟར་བྱས་ན་མི་དགེ་བ་རྒྱུན་དུ་འགྲིབ་པར་བསམ༔ ལུས་བྱ་བ་ཅི་བྱེད་དགེ་བར་འགྲོ་བར་བྱ༔ ངག་གིས་ཅི་སྨྲས་པ་དགེ་བར་འགྲོ་བར་བརྗོད༔ ཡིད་ཀྱིས་ཅི་བསམ་དགེ་བར་འགྲོ་བར་བྱ༔ མི་དགེ་བར་འགྲོ་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཆུང་ངུ་ཡང་བསྡམ༔ ལར་དྲན་པ་དང་ཤེས་བཞིན་གྱི་གོ་ཆས་ལུས་མ་བསྲུང་ན༔ ཉོན་མོངས་པའི་མཚོན་གྱིས་མཐོ་རིས་ཐར་པའི་སྲོག་ཆད་པས༔ སྤྱོད་ལམ་རྣམ་བཞིར་དྲན་པ་དང་ཤེས་བཞིན་གྱིས་བསྲུང་བ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ དང་པོ་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ༔ ངེས་པར་རིང་པོར་མི་ཐོགས་པར་འཆི་བར་བསམ༔ ཚེ་འདི་ཡུན་ཐུང་དལ་ཅིག་པས་ཚེ་འདིའི་ཆེད་དུ་མི་བྱ༔ ཚེ་ཕྱི་མ་རིང་བས་ཕྱི་མའི་དོན་བསམ༔ རང་གིས་ཚེ་ཕྱི་མའི་རྡོག་པ་ད་རེས་མ་འདྲེད་པར་བྱ༔ ཅི་ལ་ཡང་ང་རྒྱལ་མ་བྱེད༔ ང་མཁས་སྙམ་པའི་ང་རྒྱལ་ཡོད་ན་ཡོན་ཏན་མི་འབྱུང་བས༔ ང་རྒྱལ་སྤང་ཞིང་སྐད་ཅིག་གཅིག་ཀྱང་ཆོས་ལ་གོམས་པར་བྱ༔ སྡིག་པ་མི་དགེ་བ་སྤོང་བའི་གཉེན་པོ་བརྟེན༔ ཉོན་མོངས་པ་དང་སྡིག་པ་མི་དགེ་བ་རང་གི་རྒྱུད་ལ་ཅུང་ཟད་ཙམ་སྐྱེ་ན་ཡང༔ སྡུག་བསྔལ་བསྲན་མི་བཟོད་པ་རི་རབ་ཙམ་དུ་བསམ༔ ཐེ་ཚོམ་ཟ་བའི་ལག་ལ་དེ་ཙམ་གྱིས་ཅི་ཡང་མི་འགྲུབ་པས་ཐེ་ཚོམ་ཅུང་ཟད་ཀྱང་མི་བྱ༔ ལར་བདག་འཛིན་མ་སྤང་གི་བར་དུ་སྡིག་པ་ཤིན་ཏུ་ཕྲ་བ་ཡང་འབྲས་བུ་འབྱིན་པས་སྡིག་པ་ལ་འཛེམ་པ་ཁོ་ན་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཐེག་པ་ཆེ་ཆུང་གི་སྡོམ་པ་བླངས་ནས་སྲོག་གི་ཕྱིར་ཡང་མི་གཏང༔ བརྒྱ་ལ་ཉམས་ན་ཡང་འགྱོད་པའི་བསམ་པས་མོད་ལ་བཤགས་པ་དང་བསྡམ་པ་གལ་ཆེ༔ ཁ་ཅིག་སྡོམ་པ་ཐམས་ཅད་ཉམས་ནས་དེ་ནས་ཉམས་པའི་ལས་བྱེད་དེ༔ རྐང་པ་ངན་འཇིམ་ལ་འདྲེད་པ་བཀྲུས་ནས་དྲིས་བྱུགས་ན་འདག་པ་དང་འདྲ་བས་ཡེ་མི་གསག་པར་སྦྱང༔ ཚུལ་ཁྲིམས་དང་དམ་ཚིག་ཉམས་པ་དང་སྐད་ཅིག་ཙམ་ཡང་མི་འདྲེས་པར་བྱ༔ གོས་དཀར་པོ་གོན་ནས་ཆ་བྱད་ནག་པོའི་གསེབ་ཏུ་སོང་བས་ནག་པོ་ཅི་ནས་ཀྱང་འགོ་བ་དང་འདྲ་བས༔ རང་དམ་ཚིག་གཙང་ན་ནི་ཅི་ནས་ཀྱང་ཉམས་གྲིབ་འཕོག༔ རང་དམ་ཚིག་མི་གཙང་ན་ནག་པོ་ལ་ནག་པོས་མི་ཚུགས་པ་དང་འདྲ་བས་ཤིན་ཏུ་གཟབ༔ ལར་རང་ལ་རང་ཞེ་མ་ཁྲེལ་བ་ཞིག་དགོས་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཇི་ལྟར་བྱ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྲོ་བའི་ཆོས་མིན་པ་ཅི་ཡང་མི་བྱ༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འདོད་པ་དང་སེམས་ཅན་གྱི་དོན་ལས་གཞན་ཅི་ཡང་མ་འདོད་པར་བྱ༔ དངོས་པོ་གང་ལ་ཡང་མ་ཆགས་པར་བྱ༔ ཆགས་པ་ཁོ་ན་འཆིང་བའི་རྩ་བ་ཡིན༔ ཆོས་དང་གང་ཟག་ལ་མ་སྨད༔ ཆོས་ཐམས་ཅད་དོན་དང་འབྲས་བུར་དབྱེར་མེད་ལན་ཚྭའི་རོ་དང་འདྲ༔ ཐེག་པ་གང་ལ་ཡང་མི་སྨད༔ སྐས་ཀའི་གདང་བུ་དང་འདྲ་དོན་གཅིག་པ་ཡིན༔ གང་ཟག་གི་ཚོད་མངོན་ཤེས་མེད་པས་མི་རྟོགས་པས་གཞན་ལ་གཤེ་སྐུར་མ་འདེབས༔ སྤྱིར་སེམས་ཅན་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན༔ གཞན་གྱི་ཉེས་པ་དང་འཁྲུལ་པ་ལ་མི་རྟོགས༔ གཞན་གྱི་མཐའ་ལ་མ་རྟོག་པར་རང་གི་མཐའ་ཅིར་འགྱུར་རྟོགས༔ གཞན་གྱི་སྐྱོན་ལ་མ་རྟོག་པར་རང་གི་སྐྱོན་ལ་རྟོགས༔ ལར་སྡིག་པ་ལ་ཆོས་ཀྱི་ཁ་འཛིན་དང་གང་ཟག་གི་གཤེ་སྐུར་གཉིས་ཆེ་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཚེ་ཐོག་མ་མེད་པ་ནས་ཇི་ཙམ་པའི་ལུས་བླངས་ཀྱང་རང་དང་གཞན་གྱི་དོན་མ་གྲུབ་པས༔ ད་རེས་ལུས་འདིས་རང་གཞན་གྱི་དོན་སྒྲུབ་དགོས༔ སྐྱེ་བ་སྔ་མ་ལུས་ཇི་ཙམ་ཞིག་བླངས་ཀྱང་ཆོས་གོམས་པ་བྱེད་མ་ཁོམ་པས༔ ད་རེས་ཆོས་དང་འཕྲད་པ་དང་བརྩོན་འགྲུས་ལ་འབད༔ དགེ་བ་འཕེལ་བའི་གྲོགས་བསྟེན༔ སྡིག་པ་འཕེལ་བའི་གྲོགས་སྤང༔ ཁྱི་དང་ཡི་དྭགས་ཀྱི་སེམས་བཞིན་ཙིག་ཙིག་མ་བྱེད༔ རང་གིས་གཉེན་པོའི་སྒོ་ནས་ལྷོད་ཀྱིས་མ་བྱས་ན༔ རང་རྒྱུད་ངན་པས་རང་གཞན་གཉིས་ཀའི་རྒྱུད་སྲེག་སྡིག་པ་གསོག་པ་ཡིན༔ ཅུང་ཟད་མི་བདེན་པ་དེ་ལ་སྡུག་བསྔལ་བར་བསམས་ན་ཇེ་སྡུག་ལ་འགྲོ༔ རང་སེམས་ཀློད་ནས་མ་བཏང་ན་བདེ་བ་མི་རྙེད༔ སྔ་མ་འདས་པའི་སྡུག་བསྔལ་རྗེས་མི་གཅད༔ མ་འོངས་པ་སྔུན་མི་བསུ༔ ད་ལྟར་བའི་སྡུག་བསྔལ་ཅི་བྱུང་ཡང་རྐྱེན་ཁར་མི་གཏང༔ རང་གི་སེམས་ལ་སྐྱེད་ཡང་དང་ཡང་དུ་བཙལ༔ ལར་སེམས་ལ་གཉེན་པོ་མ་ཚུད་ན་སྡུག་བསྔལ་ལ་རྒྱུན་མི་ཆད༔ སེམས་ཀྱི་སྣ་ཁ་འགྱུར་བ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཆོས་ནན་ཏན་བྱེད་ན་དགེ་བའི་རྩ་བ་ཅི་བྱེད་རྟག་ཏུ་གཞན་དོན་ལ་བསླབ་པ་གལ་ཆེའོ༔ ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་ལྟ་བས་ཕྱེ་བ་མིན༔ སྙིང་རྗེས་ཕྱེ་བ་ཡིན༔ དེ་བས་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ༔ བདག་དང་གཞན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་སྤང་བར་བྱ་བ་ལས་མི་ལྡོག་པར་བྱ༔ འཁོར་བ་ལས་ཡིད་འབྱུང་བ་ལ་གོམས་པར་བྱ༔ གཞན་དོན་དུ་སྙིང་རྗེ་ལ་གོམས་པར་བྱ༔ དང་པོ་སེམས་ཅན་ཐམས་ཅད་རང་དང་འདྲ་བ་ལ་གོམས་པར་བྱ༔ གཞན་སྡུག་བསྔལ་བས་རང་སྡུག་བསྔལ་དུ་འགྱུར་བ་ལ་གོམས་པར་བྱ༔ དེ་ནས་རང་བས་སེམས་ཅན་ཐམས་ཅད་གཅེས་པ་ལ་གོམས་པར་བྱ༔ གཞན་དོན་དུ་རང་དབང་མེད་པར་འཇུག་པའི་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ༔ ལར་རང་བས་སེམས་ཅན་གཅེས་པར་འཛིན་ཙམ་ན་ཐེག་པ་ཆེན་པོའི་མིང་འཐོབ་པ་ཡིན་ཏེ༔ སེམས་ཅན་གྱི་སྡུག་བསྔལ་མ་དྲན་པར་རང་ཉིད་བདེ་བར་འཚོ་ཞིང་རང་གཅེས་པར་འཛིན་པ་ལ་ཐེག་པ་ཆེན་པོ་མི་འོང་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་ན་ངན་སོང་གསུམ་དུ་མི་སྐྱེ་ཞིང༔ ད་ལྟ་ནས་ཕྱིར་མི་ལྡོག་པ་ཡིན་པས་འདི་ཁོ་ན་མན་ངག་ཡིན༔ ས་ཕྱོགས་གང་དུ་འགྲོ་ཡང་བྱང་ཆུབ་སེམས་ཡིད་ལ་བྱ་བ་དང་མི་འབྲལ་བར་འགྲོགས་པར་བྱ༔ བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་གྱི་དོན་དུ་བསླབ༔ རང་བས་གཞན་གཅེས་པ་ལ་བསླབ༔ དམ་ཚིག་སྲུང་སྡོམ་སྦྱངས་པའི་ཡོན་ཏན་མང་པོ་དང་ལྡན༔ སྔགས་ཀྱི་ནུས་པ་བྱུང་ནས་མཐུ་ཆེ་བ་ཡིན་ཀྱང༔ བྱང་ཆུབ་ཀྱི་སེམས་མ་བསྒོམ་ན་སངས་མི་རྒྱ༔ ལར་བྱང་ཆུབ་སེམས་ཤིག་རྒྱུད་ལ་སྐྱེས་ན༔ ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་འདི་ནས་འབྱུང་བས༔ འདི་ཁོ་ན་མན་ངག་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྟོང་པ་ཉིད་སྒོམ་པའམ་གང་སྒོམ་ཡང་ཉོན་མོངས་པ་དང་ཐ་མལ་པའི་གཉེན་པོར་མི་འགྲོ་ན་སྒོམ་པ་མ་ཡིན༔ ཉོན་མོངས་པའི་གཉེན་པོར་མ་སོང་ན་འཁོར་བར་ལྷུང་བའི་རྒྱུར་འགྲོ༔ ཆོས་ཐོས་བསམ་བཤད་པ་ཐམས་ཅད་ཉོན་མོངས་པའི་གཉེན་པོར་འགྲོ་ཞིང་རྣམ་པར་དག་པའི་ཆོས་རྒྱུད་ལ་སྐྱེ་བའི་གྲོགས་སུ་སོང་ན༔ ཐེག་པ་ཆེན་པོའི་བསྟན་པ་བྱ་བ་ཡིན་ཏེ་མ་ནོར༔ ཉན་བཤད་འགྲོ་དོན་སྒོམ་པ་ཇི་ལྟར་མཁས་ཟེར་ཡང༔ འཇིག་རྟེན་ཆོས་བརྒྱད་ཀྱི་ཆེད་དུ་སོང་ན་ནག་པོའི་བསྟན་པ་བྱ་བ་ཡིན༔ ལར་སྣང་སྲིད་སྒྱུ་མར་བསྒོམས་ནས་ཞེན་ཆགས་ཇེ་ཆེ་ཇེ་ཆེ་ལ་མི་གཏོང་བ་གལ་ཆེ༔ ཞེན་ཆགས་དང་བྲལ་ཙམ་ན་རྣལ་འབྱོར་པ་ཆེན་པོ་ཟེར་བ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་སངས་རྒྱས་ཀྱི་བསྟན་པ་ལས་འབྱུང་བས་རྒྱུད་ལུང་མདོ་སྡེ་ལ་བལྟ་རྟོག་མཉན་པར་བྱ༔ ལས་དང་འབྲས་བུ་བདེ་སྡུག་ས་བོན་ལྟར་འབྱིན་པས་དགེ་སྡིག་ལ་ཤན་དབྱེ༔ སྲུང་སྡོམ་མེད་ན་ཆོས་ཀྱི་རྩ་བ་རུལ་བས་དམ་ཚིག་སྲུང་སྡོམ་མིག་གི་འབྲས་བུ་བཞིན་དུ་བསྲུང༔ ལར་ཆོས་བྱེད་པ་ལ་ཡིད་མ་ཆེས་ན་ཆུད་ཟོས་པ་ཡིན༔ ཅི་བྱས་ཀྱང་དོན་མེད༔ གང་བྱེད་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པ་གལ་ཆེ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ ཁ་ཅིག་གསང་སྔགས་པ་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་སྤྱོད་པ་འདི་གསང་སྔགས་པ་མིན༔ ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ་སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན༔ གསང་སྔགས་པར་ཁས་བླངས་ནས་ལས་མི་དགེ་བ་ལ་མི་འཛེམ་པ་འདིས་ནི་མི་བཏུབ་པས༔ གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྤྱོད་པ་གལ་ཆེ༔ སྙིང་རྗེ་རྒྱུད་ལ་མ་སྐྱེས་ན་གསང་སྔགས་པར་ཁས་བླངས་ཀྱང༔ མུ་སྟེགས་ལོག་ལྟར་འགྲོ་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ གསང་སྔགས་བྱ་བ་ཐེག་པ་ཆེན་པོ་ཡིན༔ ཐེག་པ་ཆེན་པོ་བྱ་བ་གཞན་དོན་བྱེད་པ་ཡིན༔ གཞན་དོན་བྱེད་པ་ལ་འབྲས་བུ་སྐུ་གསུམ་འཐོབ་དགོས༔ སྐུ་གསུམ་ཐོབ་པ་ལ་ཚོགས་གཉིས་གསོག་དགོས༔ ཚོགས་གཉིས་གསོག་པ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་དགོས༔ ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་དགོས༔ ལར་བྱང་ཆུབ་ཀྱི་སེམས་མེད་པའི་གསང་སྔགས་འདི་ཅི་ཡང་མི་རུང༔ ཐེག་པ་ཆེན་པོ་མི་རུང་གསུངས་སོ༔ ༔སློབ་དཔོན་པདྨའི་ཞལ་ནས༔ སྔགས་དང་མཚན་ཉིད་གཉིས་ཟེར་ཡང་ཕུགས་གཅིག༔ ལྟ་སྤྱོད་གཉིས་མེད་ན་ཉན་ཐོས་སུ་འགྲོ་བས༔ ལྟ་བ་ཡས་འབུབས་ལ་སྤྱོད་པ་མས་འཇུག་པ་འདི་ངའི་གདམས་ངག་ཡིན་གསུངས༔ མཁར་ཆེན་བཟས་ཀྱང་སངས་རྒྱས་འཆོལ་མེད་འདི་ལྟར་གྱིས་ཤིག་གསུངས༔ སྤྱོད་པ་མས་འཇུག་གི་སྐོར་རྫོགས་སྷོ༔ ཡོས་བུའི་ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་པར་མཆིམས་ཕུའི་ཡང་དབེན་དུ་བྲིས་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ྈ ༄༅༔ ན་མོ་གུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ༔ སྣང་སྲིད་ཐམས་ཅད་གཏོར་མའི་རང་བཞིན་དུ་ཤེས་པ༔ སྐྱེ་འགྲོ་ཐམས་ཅད་ལྷ་དང་ལྷ་མོར་གསལ་བ༔ ཐུགས་དགོངས་སྤྱོད་པ་ཐམས་ཅད་ལ་མ་འགགས་པ༔ རང་གྲོལ་དུ་གསལ་བ་དེ་ལ༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད་པས་མཉེས་པར་བྱ་བ་དང༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་བ་དང༔ རིགས་དྲུག་སེམས་ཅན་ལ་མཆོད་སྦྱིན་བྱ་བ་དང༔ ཚོགས་གསག་ཅིང་བསོད་ནམས་སྤེལ་བ་དང༔ བར་ཆད་བསལ་ཞིང་རྐྱེན་བཟློག་པ་དང༔ ལོངས་སྤྱོད་སྤེལ་ཞིང་དངོས་གྲུབ་འཐོབ་པར་བྱ་བའི་ཕྱིར༔ གཏོར་མ་ལམ་ཁྱེར་གྱི་གདམས་ངག་ཞུས་པའོ༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་ལགས༔ གཏོར་མ་ལམ་དུ་བྱེད་པའི་གདམས་ངག་ཞུ་དགོས་ན༔ བླ་མ་དཀོན་མཆོག་ཡི་དམ་རྒྱལ་བ་རྒྱ་མཚོ་མཆོད་པ་ཡང་གཏོར་མས་མཆོད༔ མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་སྐོང་བ་ཡང་གཏོར་མས་བསྐང༔ འགྲོ་དྲུག་སེམས་ཅན་དུས་གསུམ་ཕ་མ་ལ་སྦྱིན་པ་ཡང་གཏོར་མས་སྦྱིན༔ ལན་ཆགས་གདོན་བགེགས་ཀྱི་བར་ཆད་ཀྱང་གཏོར་མས་སེལ༔ བསོད་ནམས་སྤེལ་ཞིང་ཚོགས་ཀྱང་གཏོར་མས་གསོག༔ ལོངས་སྤྱོད་དང་དངོས་གྲུབ་ཀྱང་གཏོར་མ་ལས་འབྱུང་བར་གདའ་བས༔ སྤྱིར་གཏོར་མའི་ངོ་བོ་གང་ཡིན༔ གཏོར་མའི་ངེས་ཚིག་གང་ཡིན༔ གཏོར་མའི་དབྱེ་བ་གང་ཡིན༔ གཏོར་མའི་སྣོད་གང་ཡིན༔ གཏོར་མའི་རྒྱུ་གང་ཡིན༔ གཏོར་མའི་དགོངས་པ་གང་ཡིན༔ གཏོར་མའི་རྟགས་གང་ཡིན༔ གཏོར་མ་གཏོང་བའི་དཀྱིལ་འཁོར་གང་ལགས༔ གཏོར་མ་གཏོང་བའི་དུས་གང་ལགས༔ གཏོར་མ་གཏང་བའི་གནས་གང་ལགས༔ གཏོར་མ་བཏང་བའི་ཕན་ཡོན་གང་ལགས༔ གཏོར་མ་གཏོང་བའི་ལས་གང་ལགས༔ གཏོར་མ་གཏོང་བའི་ཐབས་དུ་ཡོད་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཉོན་ཅིག་དད་ལྡན་དགེ་སེམས་མ༔ གཏོར་མ་ལས་རབ་ཀུན་གྱི་མཆོག༔ ལས་རྣམས་ཀུན་གྱི་སྔོན་ལ་འགྲོ༔ དེ་ཕྱིར་གཏོར་མའི་ལས་བརྩོན་གཅེས༔ གཏོར་མའི་ངོ་བོ་ནི༔ གཏོར་མ་གཏང་བ་ནི་ཆོས་ཀྱི་དབྱིངས༔ གཏོར་མ་ནི་རིག་པ་ཡེ་ཤེས་ཡིན༔ གཏོར་མ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས་ཡིན༔ གཏོར་གཞོང་ནི་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པའི་རང་བཞིན་ཡིན་ཏེ་ཆོས་ཀྱི་དབྱིངས་ཡིན་ལ༔ གཏོར་མ་ནི་ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པའི་རང་བཞིན་ཡིན་པས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པ་གཏོར་མའི་ངོ་བོ་ཡིན་གསུངས༔ གཏོར་མའི་ངེས་ཚིག་ནི༔ མི་འཛིན་གཏོར་བས་གཏོར་ཞེས་བྱ༔ ཡོངས་ལ་ཁྱབ་པས་མ་ཞེས་བྱ༔ སེམས་ལ་འཛིན་རྟོག་མེད་པས་གཏོར༔ མགྲོན་བཞིའི་སྤྱན་ལམ་དུ་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་འབབ་པས་མ་ཞེས་བྱའོ༔ གཏོར་མ་ལ་དབྱེ་ན་རྣམ་པ་དྲུག༔ ཕྱིའི་གཏོར་མ་དང༔ ནང་གི་གཏོར་མ་དང༔ གསང་བའི་གཏོར་མ་དང༔ དོན་གྱི་གཏོར་མ་དང༔ རྟགས་ཀྱི་གཏོར་མ་དང༔ མཚོན་པའི་གཏོར་མ་དང་དྲུག་ཡོད་གསུངས༔ གཏོར་མ་གཏོང་བའི་སྣོད་ལ་གསུམ་མམ༔ ལར་དྲུག་ཡོད་གསུངས༔ དེ་ལ་ཕྱིའི་གཏོར་མའི་སྣོད་རིན་པོ་ཆེ་རྣམ་པ་ལྔ༔ ནང་གི་གཏོར་མའི་སྣོད་ཀ་པཱ་ལ་མཚན་དང་ལྡན་པ༔ གསང་བའི་གཏོར་མའི་སྣོད་རུས་སྦལ་ཁོག་པ༔ དོན་གྱི་གཏོར་མའི་སྣོད་ནམ་མཁའ༔ རྟགས་ཀྱི་གཏོར་མའི་སྣོད་ཕྱི་སྣོད་ཀྱི་འཇིག་རྟེན༔ མཚོན་པའི་གཏོར་མའི་སྣོད་གང་འབྱོར་གྱི་སྣོད་ལ་བྱའོ་གསུངས༔ གཏོར་མའི་རྒྱུ་ནི༔ རྒྱུ་ཡི་གཙོ་བོ་དགུ་སྟེ༔ དཀར་གསུམ་མངར་གསུམ་ཤ་ཆེན་གསུམ་མོ༔ ཕྱིའི་དཀར་གསུམ་ལ་འོ་མ་ཞོ་མར་གསུམ་མོ༔ མངར་གསུམ་ལ་སྦྲང་རྩི་ཀ་ར་བུ་རམ་མེ་ཏོག་བཅས་པ་ཡིན་ནོ༔ ནང་གི་དཀར་གསུམ་ལ་ཚིལ་ཞག་རུས་པ་གསུམ་མོ༔ མངར་གསུམ་ལ་དྲི་ཆེན་ཚིལ་ཆེན་གསུར་གྱི་དུད་པ༔ སྐྱོབས་ལ་དྲི་ཆུ་ཨ་མྲྀ་ཏ་ཆང་དང་སྦྱར་བ༔ ཤ་ཆེན་ལ་སོགས་ཏེ་ཞལ་ཟས་སྣ་ཚོགས༔ གསང་བའི་དཀར་གསུམ་ནི་རྐང་དང་ཀླད་པ་བྱང་ཆུབ་སེམས་དང་གསུམ་མོ༔ དམར་རྩི་གསུམ་ནི་བུད་མེད་ཀྱི་མཚལ་ཆེན་དང་དྭངས་མ་སྙིགས་མ་གསུམ༔ དྲི་ཆུ་ནི་དངོས་པོ༔ ཤ་ཆེན་ནི་དཔའ་བོ་གྲི་རུ་ཤི་བའི་ཤ༔ རོ་ཆེན་ནི་དངོས་ལ་བྱའོ་གསུངས༔ གཏོར་མའི་དགོངས་པ་བཞི་ནི༔ བདག་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ༔ ནམ་མཁའ་ལྷའི་གཞལ་ཡས་ཁང་དུ་བསྒོམ༔ སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་བསྒོམ༔ གཏོར་མའི་རྫས་བདུད་རྩིའི་རྒྱ་མཚོར་བསྒོམ་པ་དང་བཞི་ཡིན་གསུངས༔ གཏོར་མའི་རྟགས་ནི༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཡིག་འབྲུ་ཡ་མ་ཟུང་ཡིན་ནོ་གསུངས་སོ༔ གཏོར་མའི་དཀྱིལ་འཁོར་ནི༔ ཕྱིའི་གཏོར་མའི་སྐབས་ན༔ སྲི་ཞུའི་མགྲོན་གྱི་གཙོ་བོ་ཤཱཀྱ་ཐུབ་པ་ལ་འཁོར་ཉན་ཐོས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བའོ༔ ཡོན་ཏན་གྱི་མགྲོན་གྱི་གཙོ་བོ་ཕྱག་ན་རྡོ་རྗེ་ལ་འཁོར་གཙང་རིགས་ཀྱི་མགོན་པོ་སྲུང་མ་ཐུགས་དམ་ཅན་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་བའོ༔ སྙིང་རྗེའི་མགྲོན་གྱི་གཙོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལ་འཁོར་རིགས་དྲུག་གི་སེམས་ཅན་གྱིས་བསྐོར་བའོ༔ ལན་ཆགས་ཀྱི་མགྲོན་གྱི་གཙོ་བོ་དཔལ་རྟ་མགྲིན་ལ་འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བ་ཡིན་ནོ་གསུངས༔ ནང་གི་གཏོར་མ་དང་གསང་བའི་གཏོར་མའི་སྐབས་ན༔ སྲི་ཞུའི་མགྲོན་གྱི་གཙོ་བོ་བླ་མ་ཡི་དམ་ལ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་ཀྱིས་བསྐོར་བའོ༔ ཡོན་ཏན་མགྲོན་གྱི་གཙོ་བོ་མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བའོ༔ སྙིང་རྗེའི་མགྲོན་དུས་གསུམ་ཕ་མ་ལ་རིགས་དྲུག་སེམས་ཅན་གྱིས་བསྐོར་བའོ༔ ལན་ཆགས་ཀྱི་མགྲོན་གྱི་གཙོ་བོ་རང་གི་སྲུང་མ་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་རྣམས་ལ་དབུལ་བར་བྱའོ་གསུངས༔ གཏོར་མ་གཏོང་བའི་དུས་ནི༔ ཉ་སྟོང་བརྒྱད་གསུམ་ཉི་ཤུ་གཉིས་དང་བཞིའོ༔ ཡང་རིགས་གཅིག་ལ་གཙང་རིགས་མགོན་པོའི་གཏོར་མ་ཉིན་མོ་གཏང༔ མཁའ་འགྲོ་མ་ལྕམ་དྲལ་གྱི་གཏོར་མ་སྲོད་དང་ཐོ་རངས་གཏང༔ ཤ་ཟ་འབྱུང་པོའི་གཏོར་མ་ནུབ་མོ་གཏང༔ འགྲོ་བ་རིགས་དྲུག་གི་གཏོར་མ་དུས་མེད་དུ་གཏང༔ ཡི་དྭགས་རྣམས་ལ་གཏོར་མ་དུས་ཀྱི་དགོང་ཁ་གཏང་གསུངས་སོ༔ གཏོར་མ་གཏོང་བའི་གནས་ནི༔ འཇིག་རྟེན་ལས་འདས་པ་ཡེ་ཤེས་ལྷ་དང༔ འཇིག་རྟེན་པའི་མགྲོན་ཡིན་གསུངས༔ གཏོར་མའི་ཡོན་ཏན་ནམ་ཕན་ཡོན་གཉིས་ཡིན་ཏེ༔ འཇིག་རྟེན་འདི་ལ་ཚེ་རིང་ནད་མེད་བུ་ཚ་འཕེལ་ལོངས་སྤྱོད་དང་ལྡན༔ ཕྱི་མ་ལ་སྒྲིབ་པ་འབྱང་ཚོགས་ཆེན་པོ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་གསུངས༔ གཏོར་མའི་ལས་ནི་བགེགས་སེལ༔ བགེགས་ལ་དོན་རྟགས་མཚོན་པ་གསུམ༔ མཚོན་པའི་བགེགས་ཀྱིས་ཚེ་འདི་ལ་བར་དུ་གཅོད་དེ༔ སྲོག་དང་ལོངས་སྤྱོད་ལ་བར་དུ་གཅོད་དོ༔ སྒྱུ་མ་མངོན་དུ་བྱུང་བའི་བགེགས་ཞེས་བྱ༔ རྟགས་ཀྱི་བགེགས་ནི་ཉོན་མོངས་པ་རྣམ་པ་ལྔ་དེས་ནི་གཟུགས་ཀྱི་སྐུ་ལ་བར་དུ་གཅོད་དོ༔ དོན་གྱི་བགེགས་ནི་མ་རིག་པ་སྟེ་ཆོས་ཀྱི་སྐུ་ལ་བར་དུ་གཅོད༔ ཧྲིལ་གྱིས་དྲིལ་ན་བགེགས་དེ་རྣམས་རྣམ་པར་རྟོག་པ་སྟེ༔ བླ་ན་མེད་པའི་བྱང་ཆུབ་ལ་བར་དུ་གཅོད༔ བར་གཅོད་ཐམས་ཅད་གཏོར་མ་འདིས་སེལ་བས་གཏོར་མའི་ལས་ལ་བརྩོན་དགོས་པ་ཡིན་ནོ་གསུངས་སོ༔ གཏོར་མ་གཏོང་བའི་ཐབས་ནི༔ བཟུང་ལ་གཏང་སྟེ༔ རྒྱུན་གྱིས་བཟུང་ལ་གཏང་བ་ནི༔ རྣལ་འབྱོར་པས་དགོང་མོ་བཟུང་ལ་ནངས་པར་གཏང༔ ནངས་པར་བཟུང་ལ་དགོང་མོ་གཏང༔ གནས་སྐབས་ཀྱིས་བཟུང་ལ་གཏང་བ་ནི༔ སྒྲུབ་པ་གཉན་པོ་བྱེད་པའི་དུས་སུ་དཔལ་གྱི་གཏོར་མ་བཟུང་བས་ལྷ་སྲུང་འདུ་ཞིང་དངོས་གྲུབ་འགྲུབ༔ ཆོས་སྐྱོང་གཏོར་མ་གཏོང་བས་ལས་རྣམས་མྱུར་ཞིང་དངོས་གྲུབ་སྟེར༔ སྒྲུབ་པ་མ་ཐོན་བར་དུ་གཏོར་གཞོང་མི་བཤལ༔ དེས་ཆོས་སྐྱོང་འདུ༔ གཏོར་མ་ཁ་ཕྱིར་བསྟན་ནས་མི་འབོ་དངོས་གྲུབ་ཟློག༔ གཏོར་གཞོང་ནང་དུ་བསྟན་ན་དངོས་གྲུབ་འདུ༔ གཏོར་མ་གཏོང་ཁར་མ་སྒུལ་ན་མགྲོན་གྱིས་ལེན་མི་ནུས་སོ༔ དེ་རྣམས་ནི་གཏོར་མ་གཏོང་བའི་ཐབས་ཡིན་ནོ་གསུངས༔ ༔ཡང་ཇོ་མོས་ཞུས་པ༔ གཏོར་བྱ་བའི་དོན་ཇི་ལྟ་བུ་ལགས༔ མ་ཞེས་བྱ་བའི་དོན་ཇི་ལྟ་བུ་ལགས༔ གཏོར་མའི་སྒོམ་ཐབས་ཇི་ལྟ་བུ་ལགས༔ གཏོར་མའི་སྤྱོད་པ་གང་ལགས༔ གཏོར་མའི་དམ་ཚིག་གང་ལགས༔ གཏོར་མ་བཏང་བའི་འབྲས་བུ་གང་ལགས༔ གཏོར་མ་བྱིན་གྱིས་མ་བརླབ་ན་ཇི་ལྟར་འགྱུར༔ གཏོར་མ་མ་ཐེངས་ན་ཇི་ལྟར་འགྱུར༔ གཏོར་མ་བསྔོ་བ་མ་དག་ན་ཇི་ལྟར་འགྱུར༔ གཏོར་མའི་བསྔོ་བ་ལོག་ན་ཇི་ལྟར་འགྱུར༔ གཏོར་མ་མ་རྫོགས་ན་ཇི་ལྟར་འགྱུར༔ གཏོར་མའི་རྒྱུ་རྐྱེན་མ་འཚོགས་ན་སྐྱོན་ཅི་ཡོད༔ གཏོར་མའི་རྫས་མ་འཚོགས་ན་སྐྱོན་ཅི་ཡོད༔ གཏོར་མའི་དམ་རྫས་ངོ་མ་ཤེས་ན་སྐྱོན་ཅི་ཡོད༔ གཏོར་མའི་ཕུད་ཉམས་ན་སྐྱོན་ཅི་ཡོད༔ གཏོར་མའི་ཆོ་ག་གཞུང་མ་བསྲང་ན་སྐྱོན་ཅི་ཡོད༔ གཏོར་མའི་སྔགས་དང་ཕྱག་རྒྱ་ནོར་ན་ཅིར་འགྱུར༔ གཞན་ཡང་གཏོར་མའི་གཏོང་ཐབས་དང་མགྲོན་རྣམས་གང་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ་ཞེས་ཞུས་པ༔ སློབ་དཔོན་གྱིས་གསུང་པ༔ འཛིན་པ་མེད་པས་གཏོར་ཞེས་བྱ༔ ཀུན་ལ་ཁྱབ་པས་མ་ཞེས་བྱ༔ རང་བཞིན་མེད་པས་གཏོར་ཞེས་བྱ༔ ཡོངས་ལ་སྙོམས་པས་མ་ཞེས་བྱའོ་གསུངས༔ གཏོར་མ་ཇི་ལྟར་སྒོམ་པ་ནི༔ ཀུན་རྫོབ་ཏུ་གཏོར་གཞོང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དཔག་ཏུ་མེད་པར་བསྒོམ༔ ནང་གི་གཏོར་མ་ནི་དུག་ལྔའི་གསོས༔ ཡེ་ཤེས་ལྔའི་རང་བཞིན་འདོད་པའི་ཡོན་ཏན་ལྔ་ལས༔ ས་གཞི་ལས་འཁྲུངས་པ་ལོ་ཐོག་སྐྱེ་ཞིང་འབྱུང་བ་ལྟར་ལ༔ བར་སྣང་ལ་སྤྲིན་ལྟར་གཏིབས༔ ནམ་མཁའ་ལ་ནི་ཆར་གྱི་རྒྱུན་ལྟར་འབྱུང་བར་བསམ་མོ༔ དོན་དམ་པར་གཏོར་གཞོང་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་དོན་ཡིན་ནོ༔ གཏོར་མ་ནི་རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་ནོ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་དོན་བྱེད་པར་བསྒོམ༔ གཏོར་མའི་སྤྱོད་པ་ནི་གོང་མ་ལྟར་མ་སྤྱོད་ཅེས་པ་སྟེ༔ འབགས་པ་དང་དམེ་བ་མེད་པ༔ བོ་དང་ཟག་པ་དང་འབག་འབོག་མེད་པའོ༔ གཏོར་མའི་དམ་ཚིག་ནི༔ དྲི་མ་དང་མི་གཙང་བས་མ་གོས་པའོ༔ ཆུ་མི་བླུག་ཏུ་མི་རུང༔ ཆུ་མ་བླུག་ན་སྤེལ་མི་ནུས་པའོ༔ གཏོར་མ་གཏོང་བའི་འབྲས་བུ་ནི༔ ཐར་པ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པ་དང༔ འཇིག་རྟེན་འདིར་ནད་མེད་པ་དང༔ ནོར་ཕྱུགས་འཕེལ་བ་དང༔ ཚེ་རིང་བའོ༔ གཏོར་མ་བྱིན་གྱིས་མ་བརླབ་ན༔ འཕགས་པའི་བཀའ་ཆད་འོང༔ ཅི་ལ་ཡང་མི་ཕན་ནོ༔ གཏོར་མ་མ་ཐེངས་ན་རྣལ་འབྱོར་པས་ཅི་ཡང་མི་འགྲུབ་པའོ༔ བསྔོ་བ་མ་དག་ན་མགྲོན་རྣམས་ལ་མི་ཐོབ༔ གཏོར་མ་བསྔོ་བ་ལོག་ན༔ སྔགས་མཁན་ལས་ཀྱི་སྒྲིབ་པ་ཅན་དུ་འགྱུར་རོ༔ གཏོར་མ་མ་རྫོགས་ན་རི་སྐམ་གྱི་ཡི་དྭགས་སུ་སྐྱེའོ༔ གཏོར་མའི་རྒྱུ་རྐྱེན་མ་འཚོགས་ན་གཏོར་མའི་མགྲོན་རྣམས་མི་འཚོགས༔ མགྲོན་མ་འཚོགས་ན་བཏང་བའི་འབྲས་བུ་མེད་པར་འགྱུར་རོ༔ གཏོར་མའི་དམ་རྫས་མ་འཚོགས་ན༔ སྤྱན་དྲངས་པའི་མགྲོན་རྣམས་མི་འབྱོན་ལ་བྱིན་གྱིས་མ་བརླབ་ན་ཐུགས་མི་མཉེས་པའོ༔ དམ་རྫས་ངོ་མི་ཤེས་ན་སྔགས་མཁན་ལ་ལྷའི་ཆད་པ་འོང༔ གཏོར་མའི་ཕུད་ཉམས་ན་རྣལ་འབྱོར་པ་ལ་རྐྱེན་འོང༔ གཏོར་མའི་ཆོ་ག་གཞུང་མ་བསྲང་ན་ལས་ཀྱི་སྒྲིབ་པར་འགྱུར་རོ༔ གཏོར་མའི་སྔགས་དང་ཕྱག་རྒྱ་ནོར་ན་རིགས་ཆད་པའི་ནང་དུ་སྐྱེ༔ གཏོར་མ་གཏོང་བའི་ཐབས་ནི༔ སྲི་ཞུའི་མགྲོན་ལ་རྒྱལ་པོ་ལ་དཔྱ་འབུལ་བའི་ཚུལ་དུ་གཏོང༔ ཡོན་ཏན་གྱི་མགྲོན་ལ་གྲོགས་པོ་མཉམ་གཉིས་ལ་མགྲོན་བྱེད་པའི་ཚུལ་དུ་གཏོང༔ སྙིང་རྗེའི་མགྲོན་ལ་དགེ་རྩ་སྟོན་མོ་བྱེད་པའི་ཚུལ་དུ་གཏོང༔ ལན་ཆགས་ཀྱི་མགྲོན་ལ་བུ་ལོན་ལ་ཞུ་བ་བྱེད་པའི་ཚུལ་དུ་གཏོང༔ གཏོར་མའི་མགྲོན་ནི༔ སྲི་ཞུའི་མགྲོན་བླ་མ་དཀོན་མཆོག་ཡི་དམ་དངོས་ལ་གཏང༔ ཡོན་ཏན་གྱི་མགྲོན་ལ་ཕྱི་གཙང་རིགས་ཀྱི་མགོན་པོ་ནང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་ལྷ་མ་སྲིན་སྡེ་བརྒྱད༔ སྙིང་རྗེའི་མགྲོན་ལ་དུས་གསུམ་རིགས་དྲུག་སེམས་ཅན༔ ལན་ཆགས་ཀྱི་མགྲོན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའོ༔ དེ་རྣམས་ལ་བསྔོས་ལ་གཏོང་གསུངས་སོ༔ ྈ ༔ཇོ་མོས་ཞུས་པ༔ མི་འཛིན་ཡོངས་སུ་གཏོང་བའི་གཏོར་མ་གང་ལགས༔ འགྱུར་མེད་ཡེ་ཤེས་རྒྱན་གྱི་གཏོར་མ་གང་ལགས༔ བདེ་ཆེན་ཀློང་དུ་འཁྱིལ་བའི་གཏོར་མ་གང་ལགས༔ འགྱུར་མེད་རྒྱ་ཡིས་བཏབ་པའི་གཏོར་མ་གང་ལགས༔ དག་པ་ཆོས་ཉིད་ཀྱི་གཏོར་མ་གང་ལགས༔ ཡོངས་ལ་ཁྱབ་པའི་གཏོར་མ་གང་ལགས༔ དམིགས་པ་རྩེ་གཅིག་པའི་གཏོར་མ་གང་ལགས༔ སློབ་དཔོན་ཆེན་པོ་ནས་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ མི་འཛིན་ཡོངས་སུ་གཏོང་བའི་གཏོར་མ་ནི༔ ཏིང་ངེ་འཛིན་གསལ་པོར་བྱས་ནས་དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང༔ ཁམས་གསུམ་གྱི་སེམས་ཅན་ལ་སྦྱིན་པ་དང༔ ཏིང་ངེ་འཛིན་གྱིས་དམིགས་པ་བསམ་གྱིས་མི་ཁྱབ་པར་གཏོང་བའོ༔ འགྱུར་མེད་ཡེ་ཤེས་རྒྱན་གྱི་གཏོར་མ་ནི༔ སྣང་སྲིད་སེམས་ཅན་ཐམས་ཅད་གཏོར་མའི་རང་བཞིན་ལ་གཏོར་མ་ཉིད་དུ་དམིགས་ལ་དུས་གསུམ་བདེ་བར་གཤེགས་པ་མཆོད༔ དུག་གསུམ་རྩད་ནས་བཅད་ནས་ངན་སོང་ཕྱགས་མས་བཏབ་སྟེ༔ ཆོས་ཉིད་བདེ་བ་ཆེན་པོའི་ངང་ལས་མི་འགྱུར་བའོ༔ བདེ་ཆེན་ཀློང་དུ་འཁྱིལ་བའི་གཏོར་མ་ནི༔ གོང་མ་ལྟར་དམིགས་པ་མེད་པར་སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ནམ་ལྷུན་གྱིས་གྲུབ་པ༔ ངང་གིས་འདུ་འབྲལ་མེད་པ༔ བྱ་རྩོལ་མེད་པར་ལྷུན་གྱིས་གྲུབ་སྟེ༔ སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་ཅིང་ལྷུན་གྱིས་མ་གྲུབ་པ་མེད་པའོ༔ འགྱུར་མེད་རྒྱས་བཏབ་པའི་གཏོར་མ་ནི༔ འཛིན་པ་དང་རྟོག་པ་མེད་པའི་དུས་ན༔ རྟོགས་ན་བྱང་ཆུབ་སེམས་དེ་ལས་མི་འགྱུར་ཞིང་རྒྱས་བཏབ་པའོ༔ དག་པ་ཆོས་ཉིད་ཀྱི་གཏོར་མ་ནི༔ གཏོར་མའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པར་ཁྱབ་པར་ཁྱབ་པ་ལ་བྱའོ༔ ཡོངས་ལ་ཁྱབ་པའི་གཏོར་མ་ནི༔ ཡོངས་ལ་ཁྱབ་ཅིང་གཏོར་བས་མ་ཞེས་བྱའོ༔ ཕྱི་སྣོད་ཀྱི་འཇིག་རྟེན་གྱིས་གང་ཁྱབ་པ་ན༔ ནང་བཅུད་ཀྱི་སེམས་ཅན་གྱིས་ཁྱབ་པའོ༔ དེས་གར་ཁྱབ་པ་ན་གཏོར་མས་ཁྱབ་པའོ༔ དེ་དེས་གར་ཁྱབ་པ་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱིས་ཁྱབ་པའོ༔ དམིགས་པ་རྩེ་གཅིག་པའི་གཏོར་མ་ནི༔ སེམས་ཉིད་དམིགས་པ་རྩེ་གཅིག་པ་ལས་མི་འགྱུར་བས་གང་ལ་བསྔོས་པའི་མགྲོན་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་གྱིས་བསྔོས་ལ་གཏོང་བ་ཡིན་ནོ་གསུངས་སོ༔ ྈ ༔ཇོ་མོས་ཞུས་པ༔ གཏོར་མ་ལམ་དུ་ཁྱེར་བ་ལ༔ ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ་ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་གསུམ༔ ཕྱི་ནང་གསང་བ་གསུམ་མོ༔ དེ་ལ་ཕྱི་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་དོན་བདུན་གྱིས་བསྟན༔ སྣོད་བསྟན་པ༔ རྫས་བསྟན་པ༔ གཏོར་མ་བྱིན་གྱིས་བརླབ་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བ་དང་བདུན་ནོ༔ དང་པོ་གཏོར་མ་གཏང་བའི་སྣོད་ནི༔ རིན་པོ་ཆེ་ཆེ་ཆུང་ཅི་འབྱོར་བའོ༔ རྫས་ནི་ཞལ་ཟས་སྣ་ཚོགས་དཀར་གསུམ་མངར་གསུམ་གྱིས་བརྒྱན་པའོ༔ ཆེ་ཆུང་ནི་ཅི་འབྱོར་པའོ༔ བྱིན་གྱིས་བརླབ་པ་ནི༔ བདག་བྱིན་གྱིས་བརླབ་པ་དང༔ གཏོར་མ་བྱིན་གྱིས་བརླབ་པའོ༔ བདག་བྱིན་གྱིས་བརླབ་པ་ནི༔ སྐད་ཅིག་མའི་ངང་ལས་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་བདག་ཡི་དམ་ལྷར་སྐད་ཅིག་མས་བསྐྱེད༔ དེ་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ༔ ཨཱོྃ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་པདྨ་ཟླ་བ་ཉི་མའི་སྟེང་དུ་སྤྱི་བོར་ཨཱོྃཿམགྲིན་པར་ཨཱཿསྙིང་གར་ཧཱུྃ་བསམ་མོ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨཱོྃ་ཨཱཿཧཱུྃ་ལན་བདུན་བརྗོད་པས༔ བདག་གི་གནས་གསུམ་ནས་ཡིག་འབྲུ་གསུམ་ལས་ཡིག་འབྲུ་གསུམ་མཆེད་ནས་གཏོར་མའི་སྟེང་དུ་འཕྲོས་གཙང་དམེ་ཐམས་ཅད་སྦྱངས༔ ཡང་ལན་བདུན་གྱིས་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུས་ནམ་མཁའ་ཁྱབ་པར་འཕེལ༔ ཡང་ལན་བདུན་གྱིས་སོ་སོའི་ཡིད་ལ་ཇི་ལྟར་མོས་པར་བསྒྱུར་རོ༔ དེ་ནས་མགྲོན་དགུག་པ་ནི༔ རང་གི་གནས་གསུམ་ནས་འོད་ཟེར་འཕྲོས་པས་མགྲོན་རྣམ་བཞི་སྤྱན་དྲང་ཞིང་ཡན་ལག་བདུན་པ་ཚུལ་དང་མཐུན་པར་བྱའོ༔ དུས་གསུམ་བདེ་གཤེགས་འཁོར་བཅས་གཤེགས་སུ་གསོལ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མ་ཆགས་པདྨའི་གདན་ལ་བཞུགས་སུ་གསོལ༔ མཆོད་པ་རྣམས་ཀྱིས་མཆོད་པར་བགྱི༔ སྡིག་པ་མི་དགེ་སོ་སོར་བཤགས༔ དགེ་བ་བགྱིད་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་གསོལ་བ་འདེབས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག༔ ཅེས་བརྗོད་པས༔ སྲི་ཞུའི་མགྲོན་རྒྱལ་བ་ཤཱཀྱ་ཐུབ་པ་དང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལ༔ འཁོར་དུས་གསུམ་གྱི་བདེ་བར་གཤེགས་པ་དང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང༔ ཡོན་ཏན་གྱི་མགྲོན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ༔ འཁོར་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་ཆོས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་བསྐོར་བ་དང༔ སྙིང་རྗེའི་མགྲོན་ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ༔ འཁོར་ཁམས་གསུམ་ས་དགུ་ལ་གནས་པའི་རིགས་དྲུག་གི་སེམས་ཅན་དང་དུས་གསུམ་གྱི་ཕ་མས་བསྐོར་བ༔ ལན་ཆགས་ཀྱི་མགྲོན་ཡེ་ཤེས་ཧ་ཡ་གྲཱི་བ་དཔལ་རྟ་མགྲིན་ལ༔ འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ༔ དེ་རྣམས་མདུན་གྱི་ནམ་མཁའ་ལ་པདྨ་སྟོང་ལྡན་གྱི་སྟེང་དུ་བཞུགས་པར་བསམ་མོ༔ མཆོད་ཅིང་གསོལ་བ་གདབ་པ་ནི༔ སྲི་ཞུའི་མགྲོན་ཤཱཀྱ་ཐུབ་པ་དང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ༔ འཁོར་དུས་གསུམ་གྱི་བདེ་བར་གཤེགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་པ་བཞེས་ཤིག༔ ཡོན་ཏན་གྱི་མགྲོན་མཐུ་སྟོབས་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ༔ འཁོར་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་དང་རྡོ་རྗེ་རིགས་ཀྱི་སྲུང་མ་འཁོར་དང་བཅས་པས་མཆོད་པ་བཞེས་ཤིག༔ སྙིང་རྗེའི་མགྲོན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ༔ འཁོར་ཁམས་གསུམ་ས་དགུ་ལ་གནས་པའི་རིགས་དྲུག་གི་སེམས་ཅན་དུས་གསུམ་གྱི་ཕ་མ་དང་བཅས་པས་མཆོད་པ་བཞེས་ཤིག༔ ལན་ཆགས་ཀྱི་མགྲོན་ཡེ་ཤེས་ཧ་ཡ་གྲཱི་བ་ལ༔ འཁོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པས་མཆོད་པ་བཞེས་ཤིག༔ ཅེས་བརྗོད་ལ་སེ་གོལ་ལན་གསུམ་གདབ༔ མགྲོན་རྣམ་བཞིས་གཏོར་མ་བདུད་རྩིར་གྱུར་པ་དེ་གསོལ་ནས་དགྱེས་ཏེ་བདག་ལ་དངོས་གྲུབ་སྩོལ་བར་བསམ་མོ༔ བསྔོ་ཞིང་འཕྲིན་ལས་བཅོལ་བ་ནི༔ རིན་ཆེན་རྒྱ་ཆེན་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ དཀར་གསུམ་མངར་གསུམ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ མི་མཉེས་པ་དག་གང་ཡང་མེད༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་སྐོང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམས་གྱུར་ཅིག༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ རྣམ་བཞིའི་མགྲོན་གྱི་རིགས་རྣམས་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་པས་བསྔོའོ༔ གཏོར་མ་ལག་པས་བཏེགས་ལ་འབུལ་ལོ༔ ཕྲིན་ལས་བཅོལ་བ་ནི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་ཐམས་ཅད་དབང་དུ་བསྡུ་རུ་གསོལ༔ བསྟན་པ་འཇིག་པ་ཐམས་ཅད་མྱུར་དུ་བསྒྲལ་དུ་གསོལ༔ རྐྱེན་དང་དུས་མིན་འཆི་བ་ཐམས་ཅད་ཟློག་ཏུ་གསོལ༔ ཞེས་ཕྲིན་ལས་བཅོལ༔ ཐལ་མོ་བརྡབ༔ གཤེགས་ཤིང་གཏོར་མ་གཏོང་བ་ནི༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས་མགྲོན་རྣམས་རང་བཞིན་གནས་སུ་གཤེགས༔ ས་གཙང་སར་གཏོར་མའི་ཁ་ནང་དུ་བསྟན་ལ་བླུགས༔ དེས་ནི་དངོས་གྲུབ་མྱུར་དུ་འོང༔ དགྲ་ལ་བྱེད་ན་གཏོར་མ་ཁ་ཕྱིར་བསྟན་ལ་འཕང༔ དེས་ནི་གཏོར་མ་ཟོར་དུ་འགྲོའོ༔ དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ ནང་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ནང་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་བདུན༔ སྣོད་བསྟན་པ༔ རྫས་བསྟན་པ༔ གཏོར་མའི་བྱིན་རླབས་བསྟན་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་འཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བ་དང་བདུན་ནོ༔ དང་པོ་གཏོར་མའི་སྣོད་བསྟན་པ་ནི༔ ཀ་པཱ་ལའི་སྣོད་མཚན་དང་ལྡན་པའོ༔ རྫས་ནི་ཞལ་ཟས་སྣ་ཚོགས་ལ་བདུད་རྩི་རྣམ་པ་ལྔས་སྤྲས་པའོ༔ ཆེ་ཆུང་ནི་ཅི་འབྱོར་པའོ༔ བྱིན་གྱིས་བརླབ་པ་ལ་གཉིས༔ བདག་བྱིན་གྱིས་བརླབ་པ་ནི༔ བདག་ཡི་དམ་གྱི་ལྷར་སྐད་ཅིག་གིས་ལུས་ངག་ཡིད་གསུམ་ཡི་གེ་འབྲུ་གསུམ་གྱིས་བརླབ༔ གཏོར་མ་བྱིན་གྱིས་བརླབ་པ་ནི༔ བདག་གི་གནས་གསུམ་ནས་ཡི་གེ་འབྲུ་གསུམ་ལས་འོད་ཡིག་འབྲུ་གཏོར་མ་ལ་འཕྲོས༔ ཨཱོྃ་ཨཱཿཧཱུྃ་ལན་བདུན་གྱིས་གཏོར་མ་འོད་དུ་ཞུ༔ ཡང་ལན་བདུན་གྱིས་ཤ་ཁྲག་དམར་གྱི་གཏོར་མ་བདུད་རྩི་སྨན་གྱིས་བྲན་པ་ནམ་མཁའི་མཐའ་དང་མཉམ་པར་སྤེལ༔ ཡང་ལན་བདུན་བརྗོད་པས་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་མང་པོ་གཏོར་མ་ལས་བྱུང་ནས་སོ་སོ་ཇི་ལྟར་མོས་པ་ལྟར་མཆོད་པར་བསམ་མོ༔ དེ་ནས་མགྲོན་དགུག་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ་ལས་ཛཿལས་ལྷ་མོ་ལྕགས་ཀྱུ་མ་མང་པོ་སྤྲོས་ཏེ་སྤྱན་དྲངས་ལ༔ ཡན་ལག་བདུན་པ་ཚུལ་དང་མཐུན་པར་བྱའོ༔ བླ་མ་རྡོར་འཆང་འཁོར་བཅས་གཤེགས་སུ་གསོལ༔ བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ མི་འཇིགས་པདྨའི་གདན་ལ་བཞུགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ མྱ་ངན་མི་འདའ་འགྲོ་དོན་མཛོད༔ གསང་སྔགས་འཁོར་ལོ་བསྐོར་དུ་གསོལ༔ ཕྱི་ནང་སྒྲིབ་པ་སྦྱང་དུ་གསོལ༔ ཡིད་འོང་སྙིང་པོ་འཐོབ་པར་སྨོན༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བརྗོད་པས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་བྱོན་པར་བསམ་མོ༔ བླ་མ་ཡི་དམ་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་ཀྱིས་བསྐོར་བར་བསམ་མོ༔ མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བར་བསམ་མོ༔ མཆོད་ཅིང་བསྟབ་པ་ནི༔ བླ་མ་ཡི་དམ་རྗེ་བཙུན་ཐུགས་རྗེ་ཅན་བརྒྱུད་པའི་བླ་མ་དང་བཅས་པ་རྣམས་མཆོད་པ་དམ་པ་བཞེས་ཤིག༔ ཡི་དམ་ལྷ་དང་དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་རྣམས་མཆོད་པ་དམ་པ་བཞེས་ཤིག༔ མཁའ་འགྲོ་སྡེ་བཞི་ལ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཀྱིས་བསྐོར་བ་རྣམས་མཆོད་པ་དམ་པ་བཞེས་ཤིག༔ ཅེས་བརྗོད་ལ་སེ་གོལ་ལན་གསུམ་བརྡབ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་བཅས་དགྱེས་ནས་བདག་ལ་དངོས་གྲུབ་སྩོལ་བར་བསམ་མོ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཀ་པཱ་ལ་ཡི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ༔ བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ མི་མཉེས་པ་དག་གང་ཡང་མེད༔ བླ་མའི་དགོངས་པ་ལོན་གྱུར་ཅིག༔ ཡི་དམ་ཐུགས་དམ་སྐོང་གྱུར་ཅིག༔ མཁའ་འགྲོ་ཐུགས་དམ་སྐོང་གྱུར་ཅིག༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱས་ཤོག༔ ཅེས་སྨྲས་པས་བསྔོའོ༔ གཏོར་མ་ལག་པས་བཏེགས་ལ་འབུལ་ལོ༔ ཕྲིན་ལས་བཅོལ་བ་ནི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ ལོག་པར་ལྟ་བ་ཐམས་ཅད་དབང་དུ་བསྡུ་རུ་གསོལ༔ བསྟན་པ་འཇིག་པ་ཐམས་ཅད་མྱུར་དུ་བསྒྲལ་དུ་གསོལ༔ རྐྱེན་ངན་དུས་མིན་འཆི་བ་ཐམས་ཅད་ཟློག་ཏུ་གསོལ༔ ཞེས་ཕྲིན་ལས་བཅོལ༔ ཐལ་མོ་བརྡབ༔ གཤེགས་ཤིང་གཏོར་མ་གཏང་བ་ནི༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་བརྗོད་པས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ༔ གཏོར་སྟེགས་ཀྱི་ཁར་གཏོར་མ་ཁ་ནང་དུ་བསྟན་ལ་བླུགས༔ དེས་དངོས་གྲུབ་རང་ལ་འོང༔ དགྲ་བགེགས་ཟློག་པ་ལ་ཁ་ཕྱིར་བསྟན་ལ་འཕང་ངོ༔ དེས་ནི་གཏོར་མ་ཟོར་དུ་འགྲོའོ༔ དགྲ་བགེགས་ཐམས་ཅད་ཚར་གཅོད་པ་ཡིན་གསུངས་སོ༔ ༔སློབ་དཔོན་པདྨ་ལ་ཇོ་མོས་ཞུས་པ༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་བཤད་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་ལ་དོན་བདུན་ཏེ༔ སྣོད་བསྟན་པ༔ རྫས་བསྟན་པ༔ བྱིན་གྱིས་བརླབ་པ༔ གཏོར་མའི་མགྲོན་དགུག་པ༔ མཆོད་ཅིང་བསྟབ་པ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ༔ གཤེགས་ཤིང་གཏོར་མ་གཏང་བའོ༔ དང་པོ་སྣོད་བསྟན་པ་ལ་གཉིས༔ ཐུན་མོང་གི་སྣོད་དང་ཁྱད་པར་གྱི་སྣོད་གཉིས༔ ཐུན་མོང་གི་སྣོད་ནི་རིན་པོ་ཆེ་ལ་སོགས་པའོ༔ ཁྱད་པར་གྱི་སྣོད་ནི་སྣོད་ཀྱི་འཇིག་རྟེན་ནམ་མཁས་གར་ཁྱབ་པའོ༔ རྫས་ལ་ཡང་གཉིས༔ ཐུན་མོང་གི་རྫས་ནི་བཟའ་བཏུང་དག་གོ༔ ཁྱད་པར་གྱི་རྫས་ནི་ནང་བཅུད་ཀྱི་སེམས་ཅན་ནོ༔ བྱིན་གྱིས་བརླབ་པ་ནི་གཉིས༔ བདག་དང་གཏོར་མའོ༔ བདག་བྱིན་གྱིས་བརླབ་པ་ནི་གཉིས༔ ཐུན་མོང་གིས་བདག་ཡི་དམ་ལྷར་སྐད་ཅིག་གིས་བསྐྱེད༔ ཁྱད་པར་དུ་བདག་རང་བཞིན་མེད་པར་བསྐྱེད་པའོ༔ གཏོར་མ་བྱིན་གྱིས་བརླབ་པ་ལ་གཉིས༔ ཐུན་མོང་དུ་གཏོར་མའི་རྫས་ལ་དམིགས་པ་གཏད་དེ་གཏོར་མ་དེ་ཆོས་ཉིད་ཀྱི་བདུད་རྩིར་གྱུར་ནས༔ གཏོར་མ་ཇེ་ཆེ་ཇེ་ཆེ་ལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ་པར་བསམ་ལ་བླ་མ་ཡི་དམ་དཀོན་མཆོག་མཆོད༔ གཏོར་མ་ཇེ་ཆེ་ཇེ་ཆེ་ལ་ཆོས་ཉིད་ནམ་མཁའི་མཐའ་དང་མཉམ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ་ལ་མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་རྣམས་མཆོད༔ ཡང་གཏོར་མ་ཇེ་ཆེ་ཇེ་ཆེ་ལ་བདུད་རྩི་བསིལ་མངར་གྱི་རོ་དང་ལྡན་པས་ནམ་མཁའི་ཁམས་གང་བར་བསམ་ལ་ཕ་མ་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ་མཆོད༔ བགེགས་དང་ལན་ཆགས་འབྱུང་པོའི་རིགས་ལ་ཡང༔ སོ་སོར་ཅི་འདོད་ཟད་མེད་གྱུར་དམིགས་མཆོད༔ ཁྱད་པར་དུ་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ནང་བཅུད་ཀྱི་སེམས་ཅན་དང་རྩི་ཤིང་ནགས་ཚལ་གོང་བཞིན་བྱིན་གྱིས་བརླབས་ལ་མཆོད༔ གཏོར་མའི་མགྲོན་དགུག་པ་ནི༔ ཐུན་མོང་དུ་བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཕྱི་ནང་གི་ཆོས་སྐྱོང་དུས་གསུམ་ཕ་མ་རིགས་དྲུག་སེམས་ཅན་གྱིས་ནམ་མཁའ་གང་བར་བསམ་ལ་མཆོད༔ ཁྱད་པར་དུ་མགྲོན་གོང་མ་རྣམས་ཆོས་ཉིད་ཀྱི་རོལ་པར་བསམ་ལ་མཆོད༔ མཆོད་ཅིང་བསྟབ་པ་ནི༔ དང་པོ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས་མཉེས་པར་གྱུར་ཅིག༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན་རྣམས་མཉེས་ཤིང་ཚིམས་པར་གྱུར་ཅིག༔ ཕ་མ་ལ་སོགས་པ་རིགས་དྲུག་སེམས་ཅན་རྣམས་མཉེས་ཤིང་ཚིམས་པར་གྱུར་ཅིག༔ ཅེས་བསྔོའོ༔ བླ་མ་ཆོས་སྐྱོང་དམ་ཚིག་ཅན་རྣམས་ལ་ཐེངས་རེ་བསྔོའོ༔ རིགས་དྲུག་ལ་ཐེངས་གསུམ་བསྔོའོ༔ བསྔོ་བ་རེ་ལ་སེ་གོལ་ལན་རེ་བརྡབ༔ ཁྱད་པར་དུ་མགྲོན་རྣམས་ཆོས་ཉིད་ཀྱི་རོལ་པ་ལས་ཡེ་ཤེས་ཀྱི་ལོངས་སྤྱོད་རྒྱུན་མི་ཆད་པར་བསམ་ལ་ཡང་ནས་ཡང་དུ་བསྔོའོ༔ བསྔོ་ཞིང་ཕྲིན་ལས་བཅོལ་བ་ནི༔ བླ་མའི་དགོངས་པ་སྐོང་གྱུར་ཅིག༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་སྐོང་གྱུར་ཅིག༔ ཕ་མ་ལ་སོགས་འགྲོ་དྲུག་ལ༔ ཚད་མེད་གཏོར་མ་འདི་བསྔོས་པས༔ བདག་དང་སེམས་ཅན་ཐམས་ཅད་ཀྱང༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་མྱུར་དུ་སངས་རྒྱ་ཤོག༔ ཅེས་ཐུན་མོང་དང་ཁྱད་པར་གཉིས་ཀ་ལ་བསྔོའོ༔ ཕྲིན་ལས་བཅོལ་བ་ནི༔ སྲི་ཞུའི་བླ་མ་རྒྱལ་བ་འཁོར་དང་བཅས༔ ཡོན་ཏན་ཕྱི་ནང་ཆོས་སྐྱོང་འཁོར་དང་བཅས༔ སྙིང་རྗེ་འགྲོ་དྲུག་དུས་གསུམ་ཕ་མ་དང༔ ལན་ཆགས་བགེགས་རིགས་ལྷ་མགོན་བཏགས་ཆགས་ལ༔ ཆོས་ཉིད་གཏོར་མ་རྒྱ་ཆེན་འདི་བསྔོས་པས༔ རྐྱེན་ཟློག་སྡུག་བསྔལ་བྱང་བ་དང༔ ལན་ཆགས་ཕྱི་ནང་སྒྲིབ་པ་བྱང་ནས་སུ༔ ཀུན་གྱིས་ཡང་དག་དོན་རྟོགས་ཤོག༔ ཅེས་ཐུན་མོང་དང་ཁྱད་པར་གཉིས་ཀ་ལ་བྱའོ༔ གཤེགས་ཤིང་གཏོར་མ་གཏོང་བ་ནི༔ ཐུན་མོང་དུ་མགྲོན་རྣམས་མི་དམིགས་པར་བསམ༔ ཁྱད་པར་དུ་མགྲོན་རྣམས་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ༔ གཏོར་མ་གཏོང་བ་ནི༔ ཐུན་མོང་དུ་གཏོར་མ་ཆེ་ཆུང་ཅི་འབྱོར་པ་ཞིག་བཤམས་ལ༔ མི་གཏང་བར་དུ་ཡང་བྱིན་གྱིས་བརླབས་ལ་མགྲོན་རྣམས་ཡང་ཡང་མཆོད༔ ནམ་གཏོང་ཙམ་ན་བསྔོ་བ་བྱས་ནས་གཏང་ངོ༔ རང་གནས་སུ་མི་མི་སྡོད་ན་ཡང་གཏོར་མ་གནས་སུ་བཅས་ལ་ནམ་དྲན་དྲན་གྱི་གཏོར་མ་བྱས་ལ་ནམ་གཏོང་ཙ་ན་བསྔོ་བ་བྱས་ལ་གཏང་ངོ༔ ཁྱད་པར་གྱི་གཏོར་མ་ནི༔ ནང་བཅུད་ཀྱི་སེམས་ཅན་དང་རྩི་ཤིང་ནགས་ཚལ་ལོ་ཐོག་མེ་ཏོག་འབྲས་བུ་ཐམས་ཅད་གང་མཐོང་བ་ལ་བསྔོ་བ་བྱས་ལ་གཏང༔ གཏོར་མ་གོང་ལྟར་བྱས་ན་སྦྱིན་པ་རྒྱུན་མི་ཆད༔ བསོད་ནམས་རྒྱུན་མི་ཆད༔ གཏོར་མ་རྒྱུན་མི་ཆད༔ གསང་བ་སྣང་བ་ཚོགས་ལམ་གྱི་གཏོར་མ་ཡིན་ནོ་གསུངས་སོ༔ ༔སློབ་དཔོན་ལ་ཇོ་མོས་ཞུས་པ༔ དེ་ཁོ་ན་ཉིད་སྣང་བ་ཚོགས་ལམ་གྱི་གཏོར་མ་ཞུ་འཚལ་ཞུས་པས༔ སློབ་དཔོན་གྱིས་གསུང་པ༔ ཕྱིའི་གཏོར་མ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གཏོར་སྣོད༔ ནང་བཅུད་ཀྱི་སེམས་ཅན་གཏོར་རྒྱུ༔ རྩི་ཤིང་ནགས་ཚལ་ནི་གཏོར་རྒྱན༔ ས་ཆུ་མེ་རླུང་ཤིང་དང་ལྔ་ནི་བདུད་རྩི་རྣམ་པ་ལྔ༔ ཡང་ན་ནམ་མཁའ་ནི་གཏོར་སྣོད༔ འབྱུང་བ་བཞི་ནི་གཏོར་རྒྱུ༔ མེ་ཤེལ་ཉི་མ་ནི་མངར་གསུམ༔ ཆུ་ཤེལ་ཟླ་བ་ནི་དཀར་གསུམ༔ རླུང་ནི་དྲི་ཆེན༔ སྤྲིན་དང་ཁུ་རླངས་ནི་དྲི་ཆུ༔ ས་ནི་ཤ་ཆེན༔ གཏོར་མ་གསོག་པ་ནི་དཔྱིད་ཀྱི་ལྷ་མོ༔ གཏོར་མ་སྤེལ་བ་ནི་དབྱར་གྱི་ལྷ་མོ༔ སྨིན་པར་བྱེད་པ་ནི་སྟོན་གྱི་ལྷ་མོ༔ གཏོར་མ་གཏོང་བར་བྱེད་པ་ནི་དགུན་གྱི་ལྷ་མོའོ༔ ༔ནང་དོན་གྱི་གཏོར་མ་ནི༔ ལུས་ཀྱི་ཕུང་པོ་ནི་གཏོར་སྣོད༔ ཤ་ཁྲག་རུས་པ་ནི་གཏོར་རྒྱུ༔ དབྱིབས་དང་ཁ་དོག་གཏོར་མའི་རྒྱན༔ སྙིང་ཁོག་སྟོང་འོད་གསལ་གྱི་གཏོར་མའི་སྣོད༔ འབྱུང་བ་བཞི་གཏོར་མའི་རྒྱུ༔ དོན་སྙིང་ཆེན་པོ་བཞི་ནི་གཏོར་སྣོད༔ དྲན་པའི་རྒྱུ་ཐམས་ཅད་གཏོར་རྒྱུ༔ སྤྱི་བོ་ཀླད་པ་དུང་ཁང་གཏོར་སྣོད༔ གཏི་མུག་ནི་གཏོར་རྒྱུ༔ མགྲིན་པ་ནི་གཏོར་སྣོད༔ འདོད་ཆགས་ནི་གཏོར་རྒྱུ༔ ཙིཏྟ་རིན་ཆེན་འབར་བ་ནི་གཏོར་སྣོད༔ ཞེ་སྡང་ནི་གཏོར་མ༔ ལྟེ་བ་སྲིད་པའི་གནས་གཏོར་སྣོད༔ ང་རྒྱལ་གཏོར་མ༔ གསང་གནས་གཏོར་སྣོད༔ ཕྲག་དོག་གཏོར་མའི་རྒྱུ༔ བུས་པའི་དུས་ནི་གཏོར་མ་གསོག་པ༔ དར་མའི་དུས་ནི་གཏོར་མ་རྒྱས་པ༔ རྒས་པའི་དུས་ནི་གཏོར་མ་སྨིན་པ༔ ཤི་བའི་དུས་ནི་གཏོར་མ་གཏོང་བའོ༔ ༔གསང་བའི་དུས་ཀྱི་གཏོར་མ་ནི༔ རང་བཞིན་སྟོང་པ་ཐམས་ཅད་ནི་གཏོར་མའི་སྣོད༔ རང་བཞིན་སྣང་བ་ཐམས་ཅད་གཏོར་རྒྱུ༔ མཉམ་ཉིད་གཉིས་སུ་མེད་པ་ཐམས་ཅད་གཏོར་མ་གཏོང་བའོ༔ ཀུན་གཞི་ནི་གཏོར་སྣོད༔ ཆགས་སྡང་ནི་གཏོར་རྒྱུ༔ རང་རིག་པའི་ཡེ་ཤེས་ནི་གཏོར་མ་གཏོང་བའོ༔ སྒོ་ལྔའི་དབང་པོ་ནི་གཏོར་མ་གསོག་པ༔ ཡིད་ཀྱི་རྣམ་ཤེས་ནི་གཏོར་མ་སྤེལ་བ༔ ཉོན་མོངས་པ་ཅན་གྱི་ཡིད་ནི་གཏོར་མ་སྨིན་པ༔ ཀུན་གཞིའི་རྣམ་པར་ཤེས་པ་ནི་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་ཆོས་ཀྱི་སྐུ༔ མ་རིག་པ་ནི་གཏོར་སྣོད༔ ཉོན་མོངས་པ་ལྔ་ནི་གཏོར་རྒྱུ༔ ཡེ་ཤེས་ལྔ་ནི་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་ལོངས་སྤྱོད་རྫོགས་སྐུ༔ དབང་པོ་ལྔ་པོ་གཏོར་སྣོད༔ གཟུང་འཛིན་རྣམ་པར་རྟོག་པ་ནི་གཏོར་རྒྱུ༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གཏོར་མ་གཏོང་བའོ༔ གཏོར་མའི་ཡུལ་ནི་སྤྲུལ་སྐུ༔ ཉོན་མོངས་པ་ཐམས་ཅད་གཏོར་སྣོད༔ དྲན་པ་ཐམས་ཅད་གཏོར་རྒྱུ༔ རྣམ་པར་མི་རྟོག་པ་ཐམས་ཅད་གཏོར་མ་གཏོང་བའོ༔ སྐུ་གསུམ་གང་ཡང་བྱང་ཆུབ་སྙིང་པོ་སྟེ༔ བདེ་བ་གསལ་བ་མི་རྟོག་པ་གསུམ་མོ༔ དེ་རང་ལས་མ་ཡེངས་པས་ཉོན་མོངས་པ་སྤངས༔ འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིན༔ དེ་ཁོ་ན་ཉིད་སྣང་བ་ཚོགས་ལམ་གྱི་གཏོར་མའོ༔ གཏོར་མའི་མགྲོན་སྤྱན་དྲང་བ་ནི༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ བརྒྱུད་པའི་བླ་མ་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དག་པ་འཕྲུལ་གྱི་ཞིང་ཁམས་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཆོས་ཉིད་མ་བཅོས་དོན་འདི་མ་ཤེས་ན༔ ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར༔ ལྟ་བ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ ཕུང་པོ་གཏོར་མའི་རང་བཞིན་མཆོད་པ་བཞེས་སུ་གསོལ༔ སེམས་ཉིད་གདོད་ནས་དག་པར་མ་ཤེས་ན༔ ཇི་ལྟར་བསྐྱེད་པ་སྡུག་བསྔལ་ཉིད་དུ་འགྱུར༔ སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ རྣམ་ཤེས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ ཐིག་ལེ་གྲྭ་ཟུར་མེད་པར་མ་ཤེས་ན༔ ཇི་ལྟར་བཙལ་པ་སྡུག་བསྔལ་ཉིད་དུ་འགྱུར༔ ཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ སྲོག་དབུགས་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ རང་བྱུང་རྩོལ་བ་མེད་པར་མ་ཤེས་ན༔ ཇི་ལྟར་བརྩལ་པ་སྡུག་བསྔལ་ཉིད་དུ་འགྱུར༔ དམ་ཚིག་ཀུན་ཏུ་བཟང་ལ་མཐོལ་ལོ་བཤགས༔ དུག་ལྔ་གཏོར་མའི་མཆོད་པ་བཞེས་སུ་གསོལ༔ མ་རིག་འཁྲུལ་པའི་རྫས་སུ་སྣང་བ་ལ༔ འཛིན་ཆགས་མེད་པའི་སྤྱོད་པ་སོ་སོར་སྣང༔ བག་ཆགས་བརྟས་པའི་དབང་གིས་བཅིངས་པ་རྣམས༔ འབར་བ་ཆེན་པོའི་ཀློང་དུ་བཞེས་སུ་གསོལ༔ ཞེས་འབུལ་ཞིང་དོན་ལ་ཡིད་དང་ལྡན་པར་བྱའོ༔ སློབ་དཔོན་པདྨས་ཇོ་མོ་མཁར་ཆེན་བཟའ་ལ་གདམས་པ༔ གཏོར་མ་ལམ་དུ་ཁྱེར་བའི་མན་ངག༔ དམ་ཚིག་སྐོང་ཞིང་དངོས་གྲུབ་མྱུར༔ བྱིན་རླབས་ཆེ་ཞིང་ཟས་ནོར་འདུ༔ ཚོགས་གསོག་ཅིང་རྐྱེན་ཟློག་པ༔ ཆོས་སྤྱོད་ལས་རིམ་བདུན་པ་གཏོར་མའི་རིམ་པ་ལམ་ཁྱེར་གྱི་སྐོར་རོ༔ སྣང་བ་རྒྱན་གྱི་གཏོར་མ་འདི༔ སྟག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་མཆིམས་ཕུའི་ཡང་དབེན་དུ་ཡི་གེར་བཏབ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔༔ ༔༔ ༄༅༔ སློབ་དཔོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་མཚོ་རྒྱལ་བློ་དམན་བུད་མེད་བུས༔ བླ་མའི་བྱིན་རླབས་མོས་པས་ཕྱི་རབས་དོན་ཕྱིར་བྲི༔ བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཕྱི་རབས་ཀྱི་རྣལ་འབྱོར་པ་རྒྱུད་ལ་བྱིན་རླབས་འཇུག་པར་འདོད་ཅིང༔ བླ་མའི་དགོངས་པ་ལོན་པར་འདོད་ན༔ བླ་མ་སློབ་དཔོན་མཆོད་པ་ལ་བརྩོན་པར་བྱ༔ དེ་ཡང་ཅི་སྟེ་ཞེ་ན༔ རྒྱུད་མཁའ་འགྲོ་དྲྭ་བ་སྡོམ་པ་ནས༔ མཆོད་པ་ཐམས་ཅད་ཡོངས་སྤངས་ནས༔ བླ་མ་མཆོད་པ་ཡང་དག་བརྩམ༔ དེ་མཉེས་པས་ནི་ཀུན་མཁྱེན་པའི༔ ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར༔ ཞེས་གསུངས་སོ༔ མདོ་དགོངས་པ་འདུས་པ་ནས༔ བསྐལ་པ་སྟོང་གི་སངས་རྒྱས་བས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས༔ བླ་མ་དག་ལ་བསྟེན་ཏེ་འབྱུང༔ བླ་མ་མེད་པའི་སྔོན་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ ཅེས་གསུངས་སོ༔ ཡང༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཡིན༔ ཞེས་པའང་གསུངས་སོ༔ དེ་བས་བླ་མ་མཆོད་ཅིང་སྒྲུབ་པ་འདི་ཁོ་ན་བྱིན་རླབས་ཀྱི་རྩ་བ་ཡིན་ནོ༔ དེ་ཡང་བླ་མ་གང་ཐོད་ཐོད་ཀྱི་བླ་མས་མི་ཕན་ཏེ༔ ཞ་ཉེ་ལ་དངུལ་ཡིན་བྱས་ནས་དངུལ་གྱི་བྱ་བ་བྱ་འདོད་པ་ལྟ་བུའོ༔ དེ་ལ་བླ་མ་མཚན་ཉིད་དང་ལྡན་པ་ནི༔ སློབ་དཔོན་པདྨ་འབྱུང་གནས་ཡིན༔ དེ་ཡང་དུས་གསུམ་གྱི་སངས་རྒྱས་བས་ལྷག་པའི་ཡོན་ཏན་གསུམ་དང་ལྡན་ཏེ༔ སངས་རྒྱས་རྣམས་ནི་ཡབ་དང་ཡུམ་ལ་བསྟེན་པ་ཡིན་པ་ལ༔ སློབ་དཔོན་ནི་ཡབ་ཡུམ་གྱི་རྒྱུས་མ་བསྐྱེད༔ པདྨའི་སྡོང་པོ་ལས་སྐུ་འཁྲུངས་པས་སྐྱེ་བ་སངས་རྒྱས་བས་ལྷག་པའོ༔ སངས་རྒྱས་རྣམས་ཀྱིས་ཆོས་ཐེག་པ་རིམ་པར་སྦྱར་ནས་སྟོན་པ་ཡིན་པ་ལ༔ སློབ་དཔོན་གྱིས་སངས་རྒྱས་ཀྱི་དགོངས་པས་ཚེ་འདི་ཉིད་ལ་སངས་རྒྱས་པ་སྟོན་པས་དགོངས་པ་སངས་རྒྱས་བས་ལྷག་པའོ༔ སངས་རྒྱས་རྣམས་ནི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་པ་ལ༔ སློབ་དཔོན་གྱི་སྐུ་ལ་འདས་གྲོངས་མེད་པར་བཞུགས་པས་སྤྲུལ་པ་སངས་རྒྱས་ཀྱི་གདུལ་བྱ་ལས་ལྷག་པ་ཡིན་ནོ༔ དེ་ལྟ་བུའི་སློབ་དཔོན་པདྨ་འབྱུང་གནས་དེ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ༔ དྲེགས་པ་ཅན་ཐམས་ཅད་བྲན་དུ་འཁོལ་བ་དེ་ལ་མོས་པ་དང་དད་པས་གང་གིས་གསོལ་བ་བཏབ་པ་ལ་བྱིན་རླབས་དངོས་སུ་འབྱུང་བ་ཡིན་ནོ༔ དེ་བས་གསོལ་བ་འདེབས་པ་འདི་བྱིན་རླབས་ཀྱི་རྩ་བར་གསུངས་སོ༔ དེ་ནས་སློབ་དཔོན་སྤྲུལ་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་གསོལ་བ་བཏབ་པ་ནི༔ དང་པོ་ཁོ་ནར་རང་ཡི་དམ་གྱི་ལྷར་བསྐྱེད་ལ་མདུན་དུ་པདྨའི་སྡོང་པོ་ཞིག་བསྐྱེད༔ དེའི་སྟེང་དུ་པདྨ་འདབ་མ་བཞི་པ་ཞིག་བསྐྱེད༔ ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་གུར་བསམ་མོ༔ པདྨའི་འདབ་མ་དེའི་ལྟེ་བའི་དབུས་སུ་སྐད་ཅིག་གིས་མོས་པ་བྱས་ལ་བསམས་པ་ཙམ་གྱིས༔ སློབ་དཔོན་པདྨ་སྐུ་མདོག་དཀར་པོ་གཞོན་ཚུལ་ཅན༔ སྐུ་ལ་ཟ་འོག་གི་བེར་གསོལ་བ༔ དབུ་ལ་ཤ་བའི་གཉེན་ཞུ་གསོལ་བ༔ ཕྱག་ན་ཐོད་པའི་འཁར་བ་བསྣམས་པ༔ ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པར་བསྒོམ་མོ༔ འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བར་སྐད་ཅིག་གིས་བསམ་ལ༔ སྤྱན་དྲང་ལ་བྱོན་པར་བསམ་མོ༔ དེས་བདག་ལ་ཞལ་བསྟན་ནས་བཞུགས་པའམ༔ ཐུགས་བརྩེ་བས་དགོངས་པར་བསམ་མོ༔ དེ་ཡང་ཕྱི་འདོད་པའི་ཡོན་ཏན་ལྔ་དང༔ ནང་གི་དུག་གསུམ་ཤ་ཁྲག་ལ་སོགས་པ་དང༔ དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་ནས་མཆོད༔ དེ་ནས་བསྟོད་པའམ་གསོལ་བ་བཏབ་པས༔ སློབ་དཔོན་གྱི་དབུའི་གཙུག་གམ་སྨིན་མཚམས་ནས༔ ཡི་གེ་ཨཱོྃ་དཀར་པོ་ལས་འོད་དཀར་པོ་བྱུང་ནས༔ བདག་གི་སྨིན་མཚམས་སུ་ཕོག་པས་ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང༔ མ་བྱིན་པར་བླངས་པ་དང༔ མི་ཚངས་པར་སྤྱད་པ་དང༔ ལུས་ཀྱི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ སྐུའི་བྱིན་རླབས་ལུས་ལ་ཞུགས་པར་བསམ་མོ༔ སློབ་དཔོན་གྱི་ལྗགས་ཀྱི་ཨཱཿདམར་པོ་ལས་འོད་དམར་པོ་བྱུང་ནས༔ བདག་གི་ཁར་ཞུགས་ནས་ངག་གི་སྒོ་ནས་རྫུན་དང་ངག་འཁྱལ་པ་དང༔ ཚིག་རྩུབ་མོ་སྨྲས་པ་དང༔ ཕྲ་མ་དང༔ ངག་གི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ གསུང་གི་བྱིན་རླབས་ངག་ལ་ཞུགས་པར་བསམ་མོ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ལས་འོད་མཐིང་ནག་བྱུང་ནས༔ བདག་གི་སྙིང་གར་ཕོག་ནས་ཡིད་ཀྱི་སྒོ་ནས་བརྣབ་སེམས་དང༔ གནོད་སེམས་དང༔ ལོག་པར་ལྟ་བ་དང༔ ཡིད་ཀྱི་སྒྲིབ་པ་རྣམས་དཀར་སངས་ལ་དག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པར་བསམ་མོ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་ཏེ་གསོལ་བ་བཏབ༔ དེ་ནས་ཐུན་འཇོག་ཁར་བླ་མ་མི་དམིགས་པར་བསམ་མོ༔ དེ་ནི་ཕྱི་ལྟར་གསོལ་བ་བཏབ་པ་ཡིན་ནོ༔ ༔ནང་ལྟར་གསོལ་བ་གདབ་པ་ནི༔ སྤྱི་བོར་པདྨ་འདབ་མ་བཞི་པ་ཞིག་བསམ༔ དེའི་དབུས་སུ་སློབ་དཔོན་རྡོ་རྗེ་འཆང་གི་ཆ་ལུགས་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ༔ ཡུམ་གཡས་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུས་ཡབ་ཀྱི་དཀུ་ལ་བརྟེན་པ༔ ཡབ་ཡུམ་གཉིས་སུ་མེད་པར་བཞུགས་པར་བསམ་མོ༔ འཁོར་མཁའ་འགྲོ་སྡེ་བཞི་ཡང་ཡབ་ཡུམ་འཁྲིལ་སྦྱོར་དུ་བསྒོམ་མོ༔ དེ་ནས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་ཞབས་གཡས་པ་ལ་འཁྲིལ་ནས༔ ཞབས་གཡས་པའི་མཐེ་བོང་ཁ་ནས་ཚངས་པའི་བུ་ག་ནས་མར་སོང་བས་སྤྱི་བོར་ཡི་གེ་ཨཱོྃ་ལ་ཕོག༔ སྐུའི་བྱིན་རླབས་ཀྱིས་ལུས་ལ་བདེ་བ་རྒྱས༔ ཕྱི་བུམ་པའི་དབང་བསྐུར༔ དེ་ནས་བྱང་ཆུབ་སེམས་མགྲིན་པར་ཨཱཿལ་བབས༔ གསུང་གི་བྱིན་རླབས་ཀྱིས་ངག་ལ་ནུས་པ་བྱུང་བྱིན་གྱིས་བརླབས་ནས༔ གསང་བའི་དབང་བསྐུར༔ དེ་ནས་བྱང་ཆུབ་སེམས་སྙིང་གའི་ཧཱུྃ་ལ་ཕོག༔ ཐུགས་ཀྱི་བྱིན་རླབས་ཀྱིས་སེམས་ལ་རྟོགས་པ་བསྐྱེད༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར༔ བྱང་ཆུབ་སེམས་ལྟེ་བར་བབས༔ གསང་བའི་ལམ་ནས་ཐོན་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས༔ དབང་བཞི་པ་ཐོབ༔ སེམས་ཀྱི་འདུན་པ་སློད་དེ༔ བདེ་བ་གསལ་བ་མི་རྟོག་པའི་ཉམས་འཆར་བས༔ དེ་ལ་ཇི་ལྟར་གནས་པའི་ཉམས་བསྐྱང༔ དེ་ནས་བླ་མ་འཁོར་བཅས་ཚངས་པའི་བུ་ག་ནས་མར་ཐིམ་པར་བསམ་མོ༔ དེ་ནི་དབང་བཞི་པ་དང་སྦྱར་བ་སྟེ༔ ཉམས་བདེ་གསལ་དུ་འཆར་བར་བྱེད་པས་ན་ནང་ལྟར་གསོལ་བ་འདེབས་པ་ཡིན་ནོ༔ ༔གསང་བ་ལྟར་གསོལ་བ་གདབ་པ་ནི༔ སྤྱི་བོར་བླ་མ་དང་ཡི་དམ་ལྷ་ཐ་མི་དད་དུ་བསྒོམ༔ འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་གདན་ལ་བཞུགས་པར་བསྒོམ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས༔ སྙིང་གའི་ཧཱུྃ་སེམས་ཀྱི་མཚན་ཉིད་ལས༔ ཧཱུྃ་དེ་ལས་རང་གི་གཟུགས་ཚོན་གང་བ་ཞིག་ཡར་མགྲིན་པར་ཞུགས༔ ཨཱཿལ་བསྐོར་བ་ལན་གསུམ་བྱས༔ དེ་ནས་ཡང་ཡར་སོང་ནས་སྤྱི་བོར་ཨཱོྃ་ལ་བསྐོར་བ་ལན་གསུམ་བྱས་ནས༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ལ་བསྐོར་བ་བྱས་ནས༔ བླ་མ་ཡི་དམ་མཁའ་འགྲོའི་འོད་ཟེར་གྱིས་རང་གི་སེམས་ཀྱི་གཟུགས་དེ་ལ་ཕོག་པས༔ དེ་འོད་དུ་ཞུ་ལ་ཁད་ཐིགས་ལ་ཁད་མར་ལ་ཚངས་པའི་བུ་ག་ན་མར་ལ་ཞུགས་པས་ཨཱོྃ་ལ་ཞུགས༔ མགྲིན་པར་ཨཱཿལ་ཞུགས༔ སྙིང་ཁར་ཧཱུྃ་ལ་ཞུགས༔ དེའི་ངང་ལས་བླ་མ་ཡི་དམ་མཁའ་འགྲོ་འོད་དུ་ཞུ༔ ཚངས་པའི་བུ་ག་ནས་མར་ཐིམ༔ རང་གི་ལུས་འོད་དུ་ཞུ༔ དེའི་ངང་ལ་སྤྲོས་བྲལ་དུ་བསྒོམ་མོ༔ དེའི་ངང་ལ་ཇི་ཙམ་གནས་པ་བསྒོམ་མོ༔ དེ་ནི་གསང་བའི་གསོལ་བ་བཏབ་པའོ༔ དེས་ནི་སེམས་ལ་རྟོགས་པ་སྐྱེ་བ་ཡིན་ནོ༔ ཕྱི་ནང་གསང་བ་གསུམ་གྱི་གསོལ་བ་གདབ་པའི་ལེའུ་སྟེ་དང་པོའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ མ་དྷལ་དང་མཆོད་པ་འབུལ་བ་ནི༔ རབ་རིན་པོ་ཆེ༔ འབྲིང་ཤིང་ལ་སོགས་པ༔ ཐ་མ་ས་ལས་བྱས་པ༔ ཕྱི་བདར་དང་རི་མོ་བྱུག་པ་ལ་སོགས་པ་བྱས་པ༔ དེ་ཡང་ཕྱི་ལྟར་འབུལ་བ་ནི༔ དབུས་སུ་མེ་ཏོག་སྤུངས་པ་ཉི་ཟླ་པདྨའི་གདན་དུ་བསམ་མོ༔ ཕྱོགས་བཞི་མཚམས་བཞིར་མེ་ཏོག་རེ་རེ་བཀྲམ་ལ་རིན་པོ་ཆེ་སྣ་བདུན་གཏེར་ཆེན་པོའི་བུམ་པ་དང་བརྒྱད་དུ་བསམ་ལ་འབུལ་བ་སྟེ༔ ཤར་དུ་བཙུན་མོ་རིན་པོ་ཆེ༔ ལྷོར་བློན་པོ༔ ནུབ་ཏུ་དམག་དཔོན༔ བྱང་དུ་ནོར་བུ༔ ཤར་ལྷོར་རྟ་མཆོག༔ ལྷོ་ནུབ་ཏུ་གླང་པོ༔ ནུབ་བྱང་དུ་འཁོར་ལོ༔ བྱང་ཤར་དུ་གཏེར་གྱི་བུམ་པ༔ དབུས་ཀྱི་གདན་སྟེང་དུ་བླ་མ་ཡི་དམ་ཐ་མི་དད་པ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་བཞུགས་པར་བསམ་ལ་འབུལ་ལོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་རཏྣ་པཱུ་ཙ་ཧཱུྃ༔ ཞེས་དབུལ་ལོ༔ ༔ནང་ལྟར་མ་དྷལ་དབུལ་བ་ནི༔ མ་དྷལ་ལ་མེ་ཏོག་དབུས་དང༔ དེ་ནས་ཕྱོགས་བཞིར་དགྲམ༔ དེའི་ཕྱི་ན་ཕར་ལ་ཕྱོགས་བཞི་མཚམས་བཞིར་མེ་ཏོག་རེ་བཀྲམ་ལ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ ཕྱོགས་བཞིར་པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི༔ མཐའི་མེ་ཏོག་ཚོམ་བུ་བརྒྱད་ལ༔ མཆོད་པའི་ལྷ་མོ་ཁྲུས་མ་དང༔ ཡོན་ཆབ་མ་དང༔ དྲི་ཆབ་མ་དང༔ མེ་ཏོག་མ་དང༔ སྤོས་མ་དང༔ ཞལ་ཟས་མ་དང༔ མར་མེ་མ་དང༔ རོལ་མོ་མ་དང་བརྒྱད་ཀྱིས་མཆོད་པ་བྱེད་པར་བསམ་ལ་འབུལ་ལོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་བཱི་ཤུདྡྷ༔ ཨཱ་ཧ་ར༔ གྷན་དྷེ༔ པུཥྤ༔ དྷཱུ་པ༔ ནཻ་བི་དྱ༔ ཨཱ་ལོ་ཀེ༔ ཤབྡ་པཱུ་ཙ་ཧཱུྃ༔ ཞེས་དབུལ་ལོ༔ དེ་ནས་མ་དྷལ་སྡུད་ཙམ་ན༔ རྟེན་དང་བརྟེན་པ་མི་དམིགས་པར་བསམ་མོ༔ ༔གསང་བ་ལྟར་མ་དྷལ་དབུལ་བ་ནི༔ མ་དྷལ་དབུས་ནས་ཕྱོགས་བཞིར་པདྨ་འདབ་བཞི་དགྲམ༔ དེ་ནས་མ་དྷལ་དེའི་ཕྱི་རིམ་དུ་ཚོམ་བུ་བཞི་བཀོད་ལ༔ མ་དྷལ་གཞལ་ཡས་ཁང་གི་ནང་དུ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ པདྨ་འདབ་བཞི་ལ་མཁའ་འགྲོ་སྡེ་བཞི༔ དེའི་ཕྱི་ལ་མེ་ཏོག་གི་ཚོམ་བུ་བཞི་པོ༔ གཏོར་མ་དང་སྨན་དང་རཀྟ་དང་དམ་རྫས་དང་བཞིར་བསམ་ལ་མཆོད་དེ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོྃ་ཨི་དཾ་བྷ་ལིཾ་ཏ༔ ཨ་མྲིཏ༔ རཀྟ་པི་པ༔ ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཞེས་དབུལ་ལོ༔ དེ་ནས་མ་དྷལ་སྡུད་ཙམ་ན༔ རྟེན་དང་བརྟེན་པ་མི་དམིགས་པར་བསམ་མོ༔ དེ་ནི་བླ་མ་མཆོད་པ་མ་དྷལ་ཕྱི་ནང་གསང་བ་གསུམ་གྱི་ཆོས་སྤྱོད་ཀྱི་རིམ་པའི་ལེའུ་སྟེ་གཉིས་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་བསྐོར་བའི་སྒོ་ནས་ཚོགས་གསག་པ་ནི༔ སློབ་དཔོན་གྱི་སྐུ་འབག་གམ་གདུང་རྟེན་ནམ༔ ཆོས་སམ༔ སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ག་ཚང་ན་ལེགས༔ མ་འཛོམ་ན་ཡང་གང་རུང་ཞིག་བཞུགས་པ་དེ་ལ་བསྐོར་བ་བྱའོ༔ དེ་ལ་དང་པོ་སྐོར་བ་ཕྱི་ལྟར་བྱེད་ན༔ རྟེན་དེ་མི་དམིགས་པ་ལས་ས་ཕྱོགས་དེ་པདྨ་འདབ་མ་བཞི་པར་བསམ༔ དབུས་སུ་བླ་མ་ཡི་དམ་ཐ་མི་དད་པ༔ པདྨ་འདབ་བཞི་དེ་ལ་འཁོར་མཁའ་འགྲོ་སྡེ་བཞི་དཔའ་བོ་དཔའ་མོ་དང་བཅས་པ་བསམ༔ དེ་ལ་རང་ཐ་མལ་པས་གསོལ་བ་འདེབས་ཤིང་བསྐོར་བ་བྱས་པས༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་བྱུང་ནས༔ ཁ་དོག་གསུམ་གྱི་འོད་ཟེར་གྱིས་བདག་གི་གནས་གསུམ་དུ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷམ་ལྷམ་ཞུ་བར་བསམ་ལ་བསྐོར་བ་བྱའོ༔ དེས་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་འབྱང་བར་བྱེད་པའོ༔ ༔ནང་གི་སྐོར་བ་ནི༔ བདག་གི་སྤྱི་བོར་པདྨ་འདབ་མ་བཞི་པའི་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་ཐ་མི་དད་པ་བསམ་ལ༔ རང་གི་རིག་པའི་གཟུགས་ཚོན་གང་བ་ཞིག་སྟག་བུང་མེ་ཏོག་ཚོལ་བ་ལྟར་ལྡིང་ཞིང༔ བུང་བ་སྐད་དང་བཅས་པ་འབྱུང་བ་ལྟར༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་དི་རི་རི་ཟློས་པར་བསམ་ལ་བསྐོར་བ་བྱའོ༔ དེ་ནས་འཕྲོ་གཅོད་ཙམ་ན༔ རང་གི་གཟུགས་བླ་མའི་ཐུགས་ཀར་ཐིམ༔ བླ་མ་དང་མཁའ་འགྲོ་འོད་དུ་ཞུ་ནས་ཚངས་པའི་བུ་ག་ན་མར་ཐིམ༔ རང་འོད་དུ་ཞུ་ནས་མི་དམིགས་པར་བསྒོམ་མོ༔ ལུས་ལ་བདེ་བ་འབྱུང༔ ངག་ལ་ནུས་པ་འབྱུང༔ སེམས་ལ་རྟོག་པ་འབྱུང་ངོ༔ ༔གསང་བའི་བསྐོར་བ་ནི༔ བདག་ཉིད་འགྲོ་འདུག་བྱེད་པའི་དུས་སུ༔ རང་གི་སྤྱི་བོར་ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་དང་བཅས་པ་སྤྱི་བོར་བསམ་ལ༔ ལས་དང་བྱ་བ་དང་འགྲོ་འདུག་གང་བྱེད་ཀྱང༔ གོམ་པ་བོར་ནས་བསྐོར་བ་བྱེད་པར་བསམ་མོ༔ ཕྱོགས་གར་འགྲོ་ཡང་བླ་མ་ཡི་དམ་མཁའ་འགྲོ་ལ་བསྐོར་བ་བྱེད་པར་བསམ་ལ༔ གསོལ་བ་འདེབས་ཤིང་དཔའ་བོ་དང་དཔའ་མོའི་དབུས་སུ་བཞུགས་ནས༔ དེ་དག་གིས་དགྲ་བགེགས་ཀྱི་དཔུང་འཇོམས་ཤིང༔ བདག་ལ་སྐྱོབ་པར་བསམ༔ དེས་ནི་ལམ་གྱི་དགྲ་དང་བར་ཆད་ཀྱི་བགེགས་ལས་སྐྱོབ་པ་ཡིན་ནོ༔ དུས་རྟག་ཏུ་བླ་མ་སྤྱི་བོར་བསྒོམས་ནས་གསོལ་བ་བཏབ་པས༔ བར་ཆད་ཀྱང་འདིས་སེལ༔ ཚོགས་ཀྱང་འདིས་སོག༔ བྱིན་རླབས་ཀྱང་འདི་ལས་འབྱུང༔ བླ་མའི་ཐུགས་དགོངས་ཀྱང་འདིས་རྫོགས༔ བླ་མ་སྤྱི་བོར་བསྒོམས་པས་གོམས་ནས་བསྒོམ་མི་དགོས་པར་ཤུགས་ལ་འབྱུང་ངོ༔ གསང་བའི་བསྐོར་བ་བྱ་བའི་ཐབས་སོ༔ བསྐོར་བ་ཕྱི་ནང་གསང་བ་གསུམ་གྱི་ཆོས་སྤྱོད་ཀྱི་ལམ་རིམ་གྱི་ལེའུ་སྟེ་གསུམ་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ ཟས་ཚོགས་ཀྱི་སྒོ་ནས་ཚོགས་གསག་པའི་མན་ངག་ལ༔ དེ་ཡང་ནངས་ནུབ་ཀྱི་ཟས་ཀྱི་འཚོ་བ་ལ༔ ཕྱིའི་ཟས་ཚོགས་བྱ་བ་ནི༔ དེ་ཡང་དང་པོ་རང་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས༔ ཨཱོྃ་ཨཱཿཧཱུྃ་ལན་གསུམ་གྱིས༔ དང་པོས་ཟས་དེའི་མི་གཙང་བ་སྦྱངས༔ གཉིས་པས་མང་དུ་སྤེལ༔ གསུམ་པས་བདུད་རྩིར་དཀར་མེར་ལ་གྱུར་པར་བསམ་མོ༔ དེ་ནས་ལག་གཡས་པའི་མཐིལ་དུ་བླ་མ་དང་དཔའ་བོ་ལྔ་བསམ༔ ལག་པ་གཡོན་པའི་མཐིལ་དུ་ཡི་དམ་དང་དཔའ་མོ་ལྔ་བསམ༔ ཟས་སྐོམ་ལ་ལག་པ་གཡས་པ་བཀབ་པས༔ བླ་མ་དང་དཔའ་བོ་ལྔ་མཉེས༔ གཡོན་པ་བཀབ་པས་ཡི་དམ་དང་དཔའ་མོ་ལྔ་མཉེས༔ ལག་པ་གཉིས་ཐལ་མོ་སྦྱར་བས་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི་སྦྱོར་བ་བྱས༔ མཉེས་པར་བྱས༔ དེ་ནས་ཟས་ལ་ཕུད་གསུམ་བཅད་ལ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མཆོད་པ་འབུལ༔ དེ་ནི་ཕྱིའི་ཟས་ཚོགས་ཡིན་ནོ༔ ༔ནང་གི་ཟས་ཚོགས་ནི༔ ཡར་རྐན་ལ་བླ་མ་དང་དཔའ་བོ་ལྔ༔ མར་རྐན་ལ་ཡི་དམ་དང་དཔའ་མོ་ལྔ༔ ལག་པ་གཡོན་པ་འདོད་ཡོན་གྱི་ལྷ་མོ་ལྔས་བདུད་རྩི་གཡོས༔ གཡས་པ་འདོད་ཡོན་གྱི་ལྷ་མོ་ལྔས་ཟས་བདུད་རྩི་ཆེན་པོའི་མཆོད་པ་ཕུལ་བས༔ ཁའི་བླ་མ་ཡི་དམ་མཁའ་འགྲོ་མཉེས་ཤིང་ཚིམས་པའི་རོ་བསྟར་བར་བསམ་མོ༔ དེ་ནི་ཟས་ཀྱི་རྣལ་འབྱོར་རོ༔ ༔དེ་ནས་གསང་བའི་ཟས་ཚོགས་བྱ་བ་ནི༔ ཁར་བདུད་རྩི་ཆེན་པོ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལྕེ་རོའི་ལྷ་མོ་མཉེས༔ མགྲིན་པ་ལོངས་སྤྱོད་འཁོར་ལོར་བདུད་རྩིས་རྒྱས༔ དགྱེས་པའི་རོ་བསྟར༔ ཕོ་བ་ཀུན་འབྱུང་འཁོར་ལོར་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ཡེ་ཤེས་ཀྱི་བདུད་རྩིས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཁྱབ་པས༔ ལུས་གནད་རྩའི་ཕོ་བྲང་ན་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ སྙིང་རྣམ་པར་ཤེས་པའི་འཁོར་ལོ་ན༔ སེམས་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མཆོད༔ གསལ་ལ་མ་འགགས་མཆོད་པ་ཕུལ་བས༔ རིག་པ་ལས་སུ་རུང་བ་ནས་ཟས་བདུད་རྩིར་གྱུར་ཚེ་རིང་བར་འགྱུར་རོ༔ ཟས་ཚོགས་ཕྱི་ནང་གསང་གསུམ་གྱི་སྒོ་ནས་ཚོགས་གསག་པའི་རིམ་པའི་ལེའུ་སྟེ་བཞི་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ༔ གཏོར་མའི་སྒོ་ནས་ཐུགས་དམ་སྐོང་བ་ནི༔ ཀ་པཱ་ལ་མཚན་དང་ལྡན་པར་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་བྲན་ལ༔ ནངས་ནུབ་དུས་སུ་ཟས་གཏོར་ལ་ཡང་བྱའོ༔ དེ་ལ་གཏོར་མ་བྱིན་གྱིས་བརླབ་པ་ནི༔ རང་ཡི་དམ་ལྷའི་རྣལ་འབྱོར་དུ་བསྒོམས་ལ༔ དང་པོ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་བརྗོད་པས༔ ལན་བདུན་གྱིས་གཏོར་མའི་སྣོད་ཀ་པཱ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཙམ་དུ་བསམ༔ ལན་བདུན་གྱིས་བདུད་རྩི་རྨད་དུ་བྱུང་བས་སྣོད་དཀར་མེར་ལ་ཁེངས་པར་བསམ༔ ལན་བདུན་བརྗོད་པས་བླ་མ་དང་ཡི་དམ་མཁའ་འགྲོ་རྣམས་ནམ་མཁའ་ལ་སྤུངས་ཀྱིས་བྱོན་པར་བསམ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་བདུད་རྩིའི་རོ་བསྟར་ཏེ་དགྱེས་པར་བསམ་མོ༔ དེ་ནས༔ ཨཱོྃ་ཨཱཿཧཱུྃ་མུ༔ ཞེས་པས་གཤེགས་སུ་གསོལ་བར་བྱའོ༔ དེས་ནི་གཏོར་མ་ཕྱི་ལྟར་འབུལ་བའོ༔ ༔ནང་ལྟར་གཏོར་མ་འབུལ་བ་ནི༔ ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱིས་གཏོར་སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ༔ ལན་གསུམ་གྱིས་གཏོར་མ་ཤ་ཁྲག་གི་མཆོད་པ་རི་རབ་ཙམ་དུ་བྱིན་གྱིས་བརླབ༔ ལན་གསུམ་གྱིས་བླ་མ་ཡི་དམ་མཁའ་འགྲོ་སྤྲིན་གཏིབས་པ་ཙམ་བྱོན་ནས༔ གོང་གི་སྔགས་ལན་གསུམ་བརྗོད་པས་དགྱེས་པ་ཆེན་པོའི་རྐན་སྒྲ་དང་བཅས་པས་དུས་གཅིག་ལ་གསོལ་བར་བསམ་མོ༔ དེ་ནས་གོང་ལྟར་གཤེགས་སུ་གསོལ༔ ནང་ལྟར་གཏོར་ཚོགས་དབུལ་བའོ༔ ༔གསང་བའི་གཏོར་ཚོགས་འབུལ་བ་ནི༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་གཏོར་སྣོད་བྲུབ་པའི་ཁང་པ་གྲུ་གསུམ་འབར་བའི་གནས་སུ་བསམ༔ ལན་ཉི་ཤུ་རྩ་གཅིག་གིས་གཏོར་མ་དགྲ་བགེགས་གང་ལ་བྱ་བ་དངོས་སུ་གསལ་བར་བསམ༔ ལན་ཉི་ཤུ་རྩ་གཅིག་གིས་བླ་མ་ཡི་དམ་མཁའ་འགྲོ་རྣམས་བྱ་ཁྱུ་ཐང་ལ་ལྷགས་པ་ལྟར་སྐད་ཅིག་གིས་བྱོན་ནས༔ མ་མོ་དང་མཁའ་འགྲོ་རྣམས་ཀྱིས་མངོན་སྤྱོད་ཀྱི་ཚུལ་གྱིས་དགྲ་བགེགས་བསྒྲལ་ནས༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཱ་ར་ཡ་མཱཾཿས་ཁཱ་ཧི༔ རཀྟ་ཁཱ་ཧི༔ ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་སྔགས་ལན་ཉེར་གཅིག་བརྗོད་པས་གཏི་མུག་ཤ་ལ་རོལ༔ འདོད་ཆགས་ཁྲག་ལ་རོལ༔ ཞེ་སྡང་རུས་པ་ལ་ཆེམས་ཆེམས་བཞེས་ནས༔ དགྲ་བགེགས་གང་ལ་བྱ་བ་གནས་སྦྱངས་ནས་མི་སྣང་བའི་དབྱིངས་སུ་གཤེགས་པར་བསམ་མོ༔ གསང་བའི་གཏོར་མས་དགྲ་བགེགས་བསྒྲལ་བ་ཡིན་ནོ༔ གཏོར་མ་ཕྱི་ནང་གསང་གསུམ་གྱི་ལམ་གྱི་རིམ་པའི་ལེའུ་སྟེ་ལྔ་པའོ༔ ྈ ༔སློབ་དཔོན་སྤྲུལ་པའི་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་ལ་གསོལ་བ་བཏབ་སྟེ་སཱཙྪ་གདབ་པ་ནི༔ དེ་ཡང་ཕྱིའི་སཱཙྪས་ཚོགས་གསག་པ་ནི༔ དང་པོ་རང་ཡི་དམ་ལྷའི་རྣལ་འབྱོར་དུ་བྱས་ལ་འདག་པ་ལ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་ས་དེ་རིན་པོ་ཆེ་སྣ་ལྔར་བྱིན་གྱིས་བརླབས་ལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི༔ བཛྲ་རཏྣ་ཀ་ནི་ཀ་སྭཱ་ཧཱ༔ ཞེས་བརྗོད་པས་ཕྱི་རིན་པོ་ཆེའི་མཆོད་རྟེན་ལ༔ ནང་པདྨ་འདབ་བཞིའི་གཞལ་ཡས་ཁང་ན་བླ་མ་ཡི་དམ་མཁའ་འགྲོ་བཞུགས་པར་བསམ་མོ༔ སྔགས་ལན་གསུམ་བརྗོད་ལ་གདབ་བོ༔ ལན་གསུམ་གྱིས་རབ་གནས་བྱའོ༔ ཕྱིའི་སཱཙྪ་གདབ་པའི་ཐབས་སོ༔ ༔ནང་གི་སཱཙྪ་ནི༔ རང་གིས་ཟས་ཟ་བའི་ཚེ་ཟས་ཀྱི་ཕུད་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ དེའི་རྗེས་ལ་སཱཙྪ་གོང་གི་སྔགས་ལན་གསུམ་གྱིས་བཏབ་ལ༔ སཱཙྪ་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་ངོ་བོར་བསམ༔ དེ་རྣམས་ཀྱི་བདུད་རྩི་ཆེན་པོ་ཟས་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་བསྒོམ༔ དེ་རང་གི་མཆོད་རྟེན་དུ་འགྱུར༔ རང་གི་སྤྱི་བོར་བཞག་པས་སཱཙྪའི་རྩ་གསུམ་གྱི་བདུད་རྩི་ཚངས་པའི་བུ་ག་ནས་མར་བབས་པས་ལུས་གང་ནས་ཚེ་བསྲིངས་པར་བསམ་མོ༔ ལུས་རྡོ་རྗེའི་མཆོད་རྟེན་བཞིན་དུ་སྲ་བར་འགྱུར་རོ༔ སཱཙྪ་དེ་མི་ཁྱིས་མི་འགོང་བའི་སར་བཞུགས་སུ་གསོལ་ལོ༔ ༔དེ་ནས་གསང་བའི་སཱཙྪ་ནི༔ འདག་པ་ལ༔ ཨཱོྃ་ཨཱཿཧཱུྃ༔ ལན་ཉི་ཤུ་རྩ་གཅིག་གིས་བརྐོས་ཕོར་ནང་དུ་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་བཀུག་ལ་སཱཙྪའི་ནང་དུ་ཚུད་པར་བསམ་མོ༔ ཕྱི་མཆོད་རྟེན་ལ་ནང་དགྲ་བགེགས་མནན་པར་བསམ་ལ་སཱཙྪ་དབེན་པར་བསྐྱལ་ན༔ བར་ཆད་དགྲ་བགེགས་ཀྱིས་མི་ཚུགས་སོ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་ནན༔ ཞེས་བཟླ་ཞིང་སཱཙྪ་གདབ་བོ༔ ལམ་དུ་ཞུགས་པ་ལ་དགྲ་དང་བགེགས་བར་ཆོད་བྱེད་པ་ཐམས་ཅད་སཱཙྪར་བཀུག་ལ༔ སཱཙྪ་ལམ་དུ་མནན་ན་དགྲ་མི་ཡོང་ངོ༔ སཱཙྪ་ཕྱི་ནང་གསང་བ་གསུམ་གྱི་ལས་ཀྱི་རིམ་པའི་ལེའུ་སྟེ་དྲུག་པའོ༔ ྈ ༔སློབ་དཔོན་སྤྲུལ་སྐུ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པའི་ཁྲུས་ཀྱི་བྱ་ཐབས་ལ༔ བུམ་པ་བཟང་པོ་དྲི་དང་ཆུ་ཡིས་བཀང་ལ་མ་དྷལ་དབུས་སུ་བཞག་སྟེ༔ རང་ལྷའི་རྣལ་འབྱོར་གྱིས་བུམ་པ་པདྨ་འདབ་བཞིའི་གཞལ་ཡས་ཁང་ན༔ སློབ་དཔོན་མཁའ་འགྲོ་སྡེ་བཞི་དང་བཅས་པ་ངོ་བོ་ཆུ་ལ་རྣམ་པ་དེ་ལྟར་གསལ་བ་དང༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་པས༔ སློབ་དཔོན་མཁའ་འགྲོ་སྡེ་བཞི་ཆུའི་ངོ་བོར་ཞུ་བར་བསམ་ལ༔ དེས་ཁྲུས་བྱས་པས་རང་དང་གཞན་གྱི་སྡིག་པ་དང་སྒྲིབ་པ་དག་པར་བསམ་མོ༔ འདིས་ནི་མི་གཙང་བ་དང་ཉམས་གྲིབ་དང་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱེད་དོ༔ ཕྱིའི་ཁྲུས་སོ༔ ༔ནང་གི་ཁྲུས་ནི༔ ཀ་པཱ་ལར་རང་གི་བདུད་རྩི་བླུགས་ལ་གྲུངས་སུ་བཅུག་ལ༔ སྣོད་བྷནྡྷའི་གཞལ་ཡས་ཁང་ན་ངོ་བོ་དྲི་ཆུ་ལ་རྣམ་པ་སློབ་དཔོན་དང་མཁའ་འགྲོར་བསམ་མོ༔ གོང་གི་སྔགས་བརྒྱའམ་ཉི་ཤུ་རྩ་གཅིག་བཟླས༔ སློབ་དཔོན་འཁོར་དང་བཅས་པ་འོད་དུ་ཞུ་ནས་ཆུ་བདུད་རྩིར་བསམ༔ ཁའི་ཞག་གིས་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བར་གྱི་དེས་བཏུང་བ་དང་ཁྲུས་བྱ༔ འདིས་ནི་ནད་དང་གདོན་ཐམས་ཅད་ཐུབ༔ ལུས་གཞོན་ཤ་ཅན་དུ་འགྱུར༔ བར་ཆད་ཐམས་ཅད་ཐུབ༔ ལྷག་ཞབས་ཀྱིས་ཡི་དྭགས་ལ་བསྔོ༔ ནང་དྲི་ཆུའི་ཁྲུས་ཡིན་ནོ༔ ༔གསང་བའི་ཁྲུས་ནི༔ རང་གི་སྤྱི་བོར་པདྨ་འདབ་བཞིའི་སྟེང་དུ་བླ་མ་ཡི་དམ་མཁའ་འགྲོ་བསྒོམས་པའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་འཛགས་པས༔ ཚངས་པའི་བུ་ག་ན་མར་སོང་ནས་སྡིག་པ་དང་སྒྲིབ་པ་ཉམས་གྲིབ་དང་མི་གཙང་བ་དང་ཉམས་ཆག་གི་དྲི་མ་ཐམས་ཅད་ནག་ཉི་ལི་ལི་བཤང་ལམ་དང་རྐང་མཐིལ་ནས་མར་སོང་བར་བསམ་མོ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་འོད་དུ་ཞུ་ནས་ཚངས་པའི་བུ་ག་ནས་མར་ཐིམ་པར་བསམ་མོ༔ དེ་ནས་སེམས་གློད་ལ་བདེ་གསལ་རྒྱུད་ལ་སྐྱེ་བས་ཉམས་ངོས་གཟུང་ལ་གནས་ཚད་ཅིག་གཞག་གོ༔ འདིས་ནི་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་འབྱང་ངོ༔ དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཉམས་རྒྱུད་ལ་སྐྱེ་བ་ཡིན་ནོ༔ གསང་བའི་ཁྲུས་སོ༔ ཕྱི་ནང་གསང་གསུམ་ཁྲུས་ཀྱི་ལས་ཀྱི་རིམ་པའི་ལེའུ་སྟེ་བདུན་པའོ༔ སློབ་དཔོན་པདྨའི་ཆོས་སྤྱོད་ལས་རིམ་བདུན་པ་ཇོ་མོས་མཛད་པའོ༔ ྀཨཚ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔༔ ༔༔ ༄༅༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པའི་བྱིན་རླབས་ཀྱི་གནད་རྣམ་པ་གསུམ་དང་བཅས་པའི་གདམས་པའོ༔ དེ་ལ་ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བ་དང༔ བར་ནད་འདུ་བ་རྣམ་བཞི་ཞི་བ་དང༔ ནང་དུག་ལྔ་རྣམ་རྟོག་ཞི་བར་བྱ་བའོ༔ ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བའི་གནད་ནི༔ ཕྱི་ལྟར་ཞི་བར་བྱ་བ་ནི་སྙིང་རྗེས་ཞི་བར་བྱ་བ་སྟེ༔ རང་ངམ་གཞན་ལ་གནོད་པར་བྱེད་པའི་བགེགས་དེ་ལ་ལས་ངན་གྱི་དབང་གིས་བསམ་སྦྱོར་ངན་པར་བྱེད་པ་འདི་དག་སྙིང་རེ་རྗེ༔ འདི་རྣམས་གནོད་པའི་བསམ་སྦྱོར་དང་བྲལ་ན་ཅི་མ་རུང་སྙམ་དུ་བསམ་ལ༔ སློབ་དཔོན་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་སྤྱི་བོར་བསྒོམས་ལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་བཏབ་པས་བླ་མའི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་གསུམ་འཕྲོས་པས༔ གདོན་ལ་ཕོག་སྟེ་བསམ་སྦྱོར་ངན་པ་ཞི་བར་བྱས་ནས་གནོད་པ་མི་བྱེད་པར་ཕན་པ་སྒྲུབ་པར་བསམ་མོ༔ རང་གི་ལུས་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་ཤ་དང་ཁྲག་དང་རུས་པ་ལ་སོགས་པ་ཡང་སྔོན་ལ་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ དེ་ནས་གདོན་དེ་ལ་ཤ་དང་ཁྲག་དང་རུས་པ་དང་ནང་ཁྲོལ་གློ་སྙིང་ལ་སོགས་གང་ལ་ཡང་ཆགས་པ་དང་ཞེན་པ་མེད་པར་སྦྱིན་པར་བྱའོ༔ དེ་ཡང་ཆགས་ཞེན་བྱུང་ན་རང་ལ་གནོད༔ ཆགས་ཞེན་མེད་ན་གནོད་པའི་བསམ་པ་ངན་པ་ཞི་བར་འགྱུར་རོ༔ ཕྱི་སྙིང་རྗེས་གདོན་ཞི་བར་བྱ་བའོ༔ ༔ནང་བླ་མའི་བྱིན་རླབས་ཀྱིས་གདོན་ཞི་བར་བྱ་བ་ནི༔ སློབ་དཔོན་པདྨ་འཁོར་མཁའ་འགྲོ་སྡེ་བཞི་དང་བཅས་པ་སྤྱི་བོར་བཞུགས་པར་བསམ་ལ༔ དེ་ལ་གོང་བཞིན་གསོལ་བ་བཏབ་པས༔ སྟེང་ནས་བླ་མས་བྱིན་གྱིས་རློབ༔ མདུན་ནས་མཁའ་འགྲོས་བྱིན་གྱིས་རློབ༔ རྒྱབ་ནས་ཆོས་སྐྱོང་སྲུང་མས་བྱིན་གྱིས་རློབ༔ གཡས་ནས་དཔའ་བོས་བྱིན་གྱིས་རློབ༔ གཡོན་ནས་དཔའ་མོས་བྱིན་གྱིས་རློབ༔ དེ་རྣམས་ཀྱིས་ནི་བྱིན་རླབས་ཀྱིས༔ ལུས་ལ་བདེ་བར་བྱིན་གྱིས་བརླབས༔ ངག་ལ་ནུས་པར་བྱིན་གྱིས་བརླབས༔ སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་བརླབས་པར་བསམས་པས༔ གདོན་དང་བར་གཅོད་ཀྱི་མིང་ཡང་མི་གྲགས་པར་ལྷ་སྲིན་སྡེ་བརྒྱད་བྲན་བཞིན་དུ་བསྒོ་བ་ཉན༔ བྱིན་རླབས་དང་དངོས་གྲུབ་བྱིན་འཐིབ་འཐིབ་བག་དྲོ་འུར་འུར་ཤེས་པ་དགའ་ཡལ་ཡལ་འོང་ངོ༔ དད་པ་མོས་པ་གུས་པ་མ་ཤོར་བས་གསོལ་བ་འདེབས་པ་གལ་ཆེའོ༔ གཞན་ལ་བྱིན་རླབས་བྱས་པས་གདོན་དང་བར་ཆད་གང་ཡང་ཞི་བར་འགྱུར་རོ༔ ནང་བྱིན་རླབས་ཀྱིས་ཞི་བར་བྱ་བའོ༔ ༔གསང་བ་ལྟ་བས་བར་ཆད་ཞི་བར་བྱ་བ་ནི༔ དང་པོ་ཁོ་ནར་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ་ལ༔ བློ་རབ་ཀྱིས་མི་མ་ཡིན་དེ་སེམས་ཀྱི་རྟོག་པ་ཡིན་ཏེ་སེམས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་གཞི་རྩ་དང་བྲལ་བ་སྟོང་པ་འདི་ལ་ལྷ་ཡང་མེད་ལ་འདྲེ་ཡང་མེད༔ ནད་ཀྱང་མེད་ལ་གནོད་པར་བྱ་བའི་མིང་ཙམ་ཡང་མེད་པར་ཤེས་པར་བྱའོ༔ བློ་འབྲིང་གིས་མི་མ་ཡིན་དེས་སེམས་ལ་གནོད་དམ་ལུས་ལ་གནོད་བརྟགས་པས༔ ལུས་ལ་གནོད་ན་ལུས་འབྱུང་བ་ལས་གྲུབ་པའི་བེམ་པོ་འདི་མི་ཁྱེར་བར་འདུག༔ སེམས་ལ་གནོད་ན་སེམས་སྟོང་པ་ཉིད་ལ་གནོད་པ་བྱ་ས་མི་འདུག་པས༔ གནོད་བྱ་དང་གནོད་བྱེད་གཉིས་ཀ་མ་གྲུབ་པ་དེ་ཁོ་ན་སེམས་སྟོང་པ་ཉིད་ཀྱི་དོན་ཤེས་པ་ཡིན་པས་དེ་ལ་བློ་གཞག་གོ༔ བློ་ཆུང་བ་ཡིན་ན་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ནས༔ ལུས་ལ་ཆགས་པ་དང་ཞེན་པ་མེད་པར་བྱས་ལ༔ གདོན་དེ་རང་ལ་ཡང་དངོས་པོ་མི་འདུག༔ ངའི་སེམས་ལ་ཡང་དངོས་པོ་མི་འདུག་པས་ང་ལ་གནོད་ན་ཡང་གནོད༔ མ་གནོད་ན་ཡང་མ་གནོད་སྙམ་དུ་བློས་བོར་ལ་གཞག༔ དེས་ཞི་བར་འགྱུར་རོ༔ དེས་རང་གི་བར་ཆད་སེལ་ཞིང་གཞན་ལ་དེ་ལྟར་གདམས་པས་སེལ་བ་ཡིན་ནོ༔ གསང་བ་ལྟ་བས་ཞི་བར་བྱ་ཐབས་ཏེ༔ ཕྱི་གདོན་གནོད་སྦྱིན་ཕོ་མོ་ཞི་བར་བྱ་བའི་ཐབས་ཡིན་ནོ༔ ྈ ༔བར་ནད་འདུ་བ་རྣམ་བཞི་ཞི་བར་བྱ་བ་ལ༔ ཕྱི་སྙིང་རྗེས་ཞི་བར་བྱ་བ་ནི༔ རང་ངམ་གཞན་ནད་པ་ལ་བྱིན་རླབས་བྱེད་པ་གང་ཡིན་ཡང༔ སྤྱིར་ནད་པ་ཐམས་ཅད་སྙིང་རྗེ་བར་འདུག༔ སྒོས་རང་ངམ་གང་ན་བ་དེ་ལ་སྙིང་རྗེ་བསྒོམ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་བོར་བཞུགས་པར་བསམ་ལ་གསོལ་བ་གདབ༔ དེ་ནས་རང་གི་ལག་པ་གཡས་པའི་མཐིལ་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ངོ་བོ་ཡི་གེ་ཧཾ་དཀར་པོ་ཞིག་བསམ༔ ནད་ཀྱི་དངོས་པོ་དེ་ཀཾ་ནག་པོར་བསམ་ལ༔ ཧཾ་དེས་ཀཾ་དེ་བཙིར་བས་ནད་དེ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷན་གྱིས་ཞུ་ནས་ལྷན་ལྷན་སོང་བར་བསམ་ལ་དྲག་ཏུ་གནན་ནོ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་བ་གདབ་བོ༔ དེས་ནད་མང་ཞི་བར་འགྱུར་རོ༔ དམིགས་པ་མ་ཡེངས་པར་བྱའོ༔ དེ་ནི་ཕྱི་སྙིང་རྗེས་ཞི་བར་བྱ་བའོ༔ ༔ནང་བླ་མ་ཡི་དམ་མཁའ་འགྲོས་ནད་ཞི་བར་བྱ་བ་ནི༔ རང་གི་སྤྱི་བོར་བླ་མ་ཡི་དམ་མཁའ་འགྲོ་བསྒོམས་ལ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ༔ བླ་མའི་ཐུགས་ཀ་ནས་འོད་བྱུང་བ་ནད་ལ་ཕོག་པས༔ བླ་མའི་བྱིན་རླབས་ཀྱིས་ནད་དེ་བ་མོ་ལ་ཉི་མ་ཕོག་པ་ལྟར་ལྷན་ལྷན་ཞི་བར་བསམ་མོ༔ ཡང་ན་ན་སར་བླ་མ་བསྒོམ༔ ཡང་ན་ན་ས་དེར་ཨཱོྃ་ཨཱཿཧཱུྃ་གསུམ་ཕར་ཟང་ཚུརཟང་ཡོད་པར་བསྒོམ༔ དད་པ་མོས་པ་གུས་པ་གསུམ་གྱིས་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་པོ་བཏབ་ནས༔ བདག་གཞན་གྱི་ནད་འདི་བསལ་དུ་གསོལ༔ ཞེས་ངག་ཏུ་ཡང་བརྗོད༔ དེས་མི་ཞི་མི་སྲིད་དོ༔ དེ་ནི་ནང་བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས་ནད་ཞི་བའི་ཐབས་ཡིན་ནོ༔ ༔གསང་བ་རིག་པ་སེམས་ཀྱིས་ནད་ཞི་བར་བྱ་བའི་ཐབས་ནི༔ དང་པོ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ་བོ༔ དེ་ནས་དང་པོ་ནད་བཙལ་ཏེ་ལུས་ནའམ་སེམས་ན་ལྟ༔ ལུས་ན་ན་རོ་ཡང་ན་བར་རིགས་ཏེ་རོ་ལ་ན་ཚ་མེད༔ སེམས་ན་ན་སེམས་དངོས་པོ་འོང་བར་རིགས་ཏེ་སེམས་ལ་དངོས་པོ་མེད་སྟོང་པ་ཡིན༔ སྟོང་པ་ལ་ན་རྒྱུ་མེད༔ འོ་ན་གང་ན་ན་རང་གི་རྟོག་པ་ན་བ་ཡིན༔ ནད་དེ་རྟོག་པ་ཡིན་པར་ཐག་ཆོད༔ རྟོག་པའི་གཉེན་པར་རྟོག་པར་གཏང་སྟེ༔ རང་དང་གཞན་གང་ན་ཡང༔ རླུང་མནན་ཏེ་རིག་པ་བསྒྲིམས་ལ་ན་ས་དེར་གཏད༔ རང་དང་ནད་གཉིས་ཀ་མ་གྲུབ་པ༔ རིག་པ་གང་གི་ངོ་བོར་ཡང་མ་གྲུབ་པར་གཞག་གོ༔ ཡང་ཚད་པའི་ནད་ལ༔ རླུང་ཧ་དྲག་ལ་རིང་བར་འདོན་ཞིང་ནད་ཐུལ་ལུ་ལུ་བྱུང་བར་བསམ་མོ༔ མགོ་ན་ན་ཚངས་པའི་བུ་ག་ཁ་ཕྱེ་ལ་ནད་ཀྱི་རླངས་པ་སྔོན་དམར་ཀྱུག་ཀྱུག་གདོན༔ ཕོ་བ་ན་ན་སྟེང་རླུང་མནན་འོག་རླུང་འཐེན་ལ་དཀྲུགས༔ སྒྲེགས་པ་འདོན༔ སྨད་ན་ན་སྟེང་རླུང་གནན༔ འོག་རླུང་ཕྱེ་ལ་ནད་སེར་ཉོག་ཉོག་འོག་སྒོ་ན་མར་སོང་བ་དང་བཤང་ལམ་ནས་མར་ཐོན་པར་བསམ་མོ༔ ཁོལ་བུར་ན་ན་གང་ན་སར་ཧར་པོར་བསྒོམ༔ རླུང་ལྟ་བུས་ལུས་སེམས་འཁྲུགས་པ་ལ༔ རིག་པ་རང་སོ་ལ་མེར་གྱིས་གཞག་གོ༔ དེ་ལྟར་ལན་གཅིག་གིས་མ་བྱུང་ན་ཡང་ཡང་བསྐྱར་ལ་བྱའོ༔ མི་ཞི་མི་སྲིད་དོ༔ གསང་བ་རིག་པ་སེམས་ཀྱིས་ནད་ཞི་བའི་ཐབས་ཏེ༔ བར་འབྱུང་བ་ན་ཚ་ཞི་བའི་ཐབས་སོ༔ ྈ ༔ནང་དུག་ལྔ་དང་རྣམ་རྟོག་ཞི་བར་བྱ་བའི་ཐབས་ནི༔ ཕྱི་དུག་ལྔ་གཉེན་པོས་ཞི་བར་བྱ་བ་ནི༔ དུག་རྣམ་པ་ལྔ་ལ༔ གཏི་མུག་དང༔ ཞེ་སྡང་དང༔ འདོད་ཆགས་དང༔ ང་རྒྱལ་དང༔ ཕྲག་དོག་གོ༔ དང་པོ་གཏི་མུག་གང་ལས་བྱུང་ན༔ གཏི་མུག་ནི་མ་ཤེས་མ་རིག་པ་སྟེ༔ དེའི་གཉེན་པོ་ཤེས་རབ་ཡིན་པས༔ ཤེས་རབ་གང་ལ་བྱ་ན་ཆོས་ཐམས་ཅད་རང་བཞིན་མེད་པ་བདག་མེད་པར་ཤེས་པ་སྟེ༔ བདག་བཙལ་བས་བདག་དང་བདག་གིར་འཛིན་པ་གང་ཡང་མ་གྲུབ་པར་ཤེས་པ་ནི༔ དེ་ལྟར་གཏི་མུག་ཤེས་རབ་ཀྱིས་ཆོམས་པའོ༔ ཞེ་སྡང་ནི་གཞན་ལ་ཞེ་གནོན་ཅིང་སྡང་བར་བྱེད་པའོ༔ དེའི་གཉེན་པོ་ནི་བྱམས་པ་ཡིན་ཏེ༔ བྱམས་པ་གང་ལ་བྱ་ན་སེམས་ཅན་རྣམས་ལ་སྙིང་རྗེ་བར་གནས་པ་སྟེ༔ བདག་མེད་པར་མ་རྟོགས་པ་རྣམས་ལ་སྙིང་རྗེ་སྐྱེ་བ་ནི༔ ཞེ་སྡང་བྱམས་པས་ཆོམས་པའོ༔ འདོད་ཆགས་ནི་ཡུལ་གང་ལ་ཆགས་ཤིང་ཞེན་པ་སྟེ༔ དེའི་གཉེན་པོ་རང་བཞིན་མེད་པར་ཤེས་པ་ཡིན་པས༔ ཡུལ་རང་བཞིན་མེད་པར་ཤེས་པས་ཆགས་ཞེན་ལས་གྲོལ་བ་ནི༔ འདོད་ཆགས་རང་བཞིན་མེད་པར་ཆོམས་པའོ༔ ང་རྒྱལ་ནི་བདག་གཅིག་པུ་ཆེ་བར་འཛིན་པ་སྟེ༔ དེའི་གཉེན་པོར་བདག་མེད་པ་ཡིན་པས༔ བདག་ལ་རང་བཞིན་མེད་པར་ཤེས་པས༔ ང་རྒྱལ་བདག་མེད་པར་ཆོམས་པའོ༔ ཕྲག་དོག་ནི་གཞན་ལ་ལོག་པར་དོགས་པ་སྟེ༔ དེའི་གཉེན་པོར་བདག་གཞན་མེད་པའི་དོན་རྟོགས་དགོས་པས༔ བདག་མ་གྲུབ་པས་གཞན་མ་གྲུབ་པ་སྟེ༔ བདག་གཞན་གཉིས་མེད་ཀྱིས་ཆོམས་པའོ༔ དེ་ལྟར་དུག་ལྔ་གཉེན་པོས་འཇོམས་པ་སྟེ༔ བླ་མའི་ཞལ་ལ་རག་ལུས་པས༔ བླ་མའི་གདམས་ངག་གིས་བདག་ཏུ་གཟུང་བ་དང་བདག་གིར་འཛིན་པ་བཙལ་བས་བདག་དང་བདག་འཛིན་མི་རྙེད༔ བདག་འཛིན་པ་མ་རྙེད་པས་བདག་དང་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་ལྟ་བ་དབུ་མར་སླེབ་བོ༔ དེ་ནི་ཕྱི་དུག་ལྔ་གཉེན་པོས་སྦྱོང་བའོ༔ ༔ནང་དུག་ལྔ་ཡེ་ཤེས་ལྔར་བསྒྱུར་ལ་ཞི་བར་བྱ་སྟེ༔ དེ་ཡང་ཕྱིར་ཞེ་སྡང་རམ་པ་སྐྱེས་པ་དེ་ཞེ་སྡང་རང་ག་མ༔ ཁ་ནང་དུ་ལོག་ལ་ཞེ་སྡང་ལ་བལྟས་པས༔ ཞེ་སྡང་ལ་གཟུགས་དང་ཁ་དོག་ཏུ་གང་ཡང་མ་གྲུབ་པས༔ གསལ་ལ་མ་འགགས་པ་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས༔ ཕྱིར་ང་རྒྱལ་རམ་པ་སྐྱེས་པ་དེ་ང་རྒྱལ་རང་ག་མ༔ ཁ་ནང་དུ་ལོག་སྟེ་ང་རྒྱལ་ལ་བལྟས་པས་ང་རྒྱལ་མ་གྲུབ་པས༔ བདག་གཞན་མཉམ་ལ་མ་འདྲེས་པ་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ ཕྱིར་འདོད་ཆགས་དུང་པ་སྐྱེས་པ་དེ་འདོད་ཆགས་རང་ག་མ༔ ཁ་ནང་དུ་ལོག་ནས་བལྟས་པས་འདོད་ཆགས་ལ་འཛིན་པའི་མཁན་པོ་མ་གྲུབ༔ སོ་སོར་གསལ་ལ་མ་འདྲེས་བདེ་བར་ཉམས་སུ་མྱོང་བས་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས༔ ཕྱིར་ཕྲག་དོག་གཞན་ལ་ལོག་པ་ལྟར་སྐྱེས་པ༔ ནང་དུ་བལྟས་པས་ཕྲག་དོག་ངོ་བོར་མ་གྲུབ་པར༔ རང་བཞིན་དག་པས་ན་ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ༔ ཕྱིར་བལྟས་པས་མ་རིག་པ་བདག་ཏུ་འཛིན་པར་བརྟས་པ་གཏི་མུག༔ ནང་དུ་བལྟས་པས་བདག་འཛིན་མ་གྲུབ༔ ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ༔ གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ དེ་ལྟར་ཤེས་པར་བྱེད་པ་དེ་བླ་མའི་ཞལ་ལ་རག་ལས་ཏེ༔ བླ་མའི་གདམས་ངག་གིས་དུག་ལྔ་ཕྱིར་སྐྱེས་པའི་དུས་སུ་སེམས་ལ་ནང་དུ་བལྟས་པས༔ དུག་ལྔ་ལ་ངོ་བོ་རང་བཞིན་མ་གྲུབ༔ སྟོང་གསལ་ཡེ་ཤེས་ལྔར་ཤར་བའོ༔ དེས་ལྟ་བ་སྔགས་སུ་སླེབ༔ དུག་ལྔ་ཡེ་ཤེས་ལྔར་སྒྱུར་བ་ཡིན་ནོ༔ ༔གསང་བ་དུག་ལྔ་མ་སྤང་ལ་མི་གནས་པར་ལམ་དུ་ཁྱེར་བ་ཤེས་པར་བྱ་སྟེ༔ དེ་ཡང་ཉོན་མོངས་པ་ཞེ་སྡང༔ གཏི་མུག༔ ང་རྒྱལ༔ འདོད་ཆགས༔ ཕྲག་དོག་ལྔ༔ དང་པོ་རང་དང་ལྷན་ཅིག་ཏུ་དུས་མཉམ་དུ་སྐྱེས་པས་སྤང་བ་དཀའ༔ བར་དུ་རང་དང་དུས་མཉམ་དུ་གནས་པས་བསྒྱུར་དཀའ༔ དུག་ལྔ་གང་ཡང་སྐྱེས་པའི་དུས་སུ་དུག་ལྔ་གང་ཡང་མི་སྤང༔ སྒྱུར་ཡང་མི་བསྒྱུར༔ སེམས་ཉིད་བཅོས་བསྒྱུར་མེད་པར་སེམས་གསལ་ལ་མ་འགགས་པར་བཞག་པས༔ དུག་ལྔ་རང་དག་རང་གྲོལ་དུ་སོང་སྟེ༔ ཆུ་ལ་ཆུ་བུར་ཐིམ་པའམ་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུག་ལྔ་གཉེན་པོས་མ་སྤང་ལ་ཐ་མལ་དུ་མི་གནས་པར་རང་གྲོལ་བའོ༔ དེ་ཡང་བླ་མའི་ཞལ་ལ་རག་ལས་ཏེ༔ བླ་མའི་གདམས་ངག་གིས་དུག་ལྔ་རང་བཞིན་མེད་པར་ཤེས་ནས༔ སེམས་ཉིད་ལ་རང་བཞིན་མེད་པར་རྟོགས་པས༔ ལྟ་བ་རྫོགས་པ་ཆེན་པོར་སླེབ༔ དེ་ལ་ཕྱག་རྒྱ་ཆེན་པོ་ཡང་ཟེར༔ མཚན་ཉིད་ལས་དབུ་མ་ཟེར༔ ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ དུག་ལྔ་མ་སྤང་ལ་མི་གནས་པ་རང་སར་གྲོལ་བའི་གདམས་པ་ཟེར་རོ༔ དེ་ལྟར་དུག་ལྔ་ཕྱི་ནང་གསང་བ་གསུམ་གྱིས་ཞི་བར་བྱེད་པ་ལ་དུག་ལྔ་ལམ་དུ་ཁྱེར་བའི་མན་ངག་ཅེས་ཀྱང་བྱ༔ དུག་ལྔ་ཆོས་ཉིད་དུ་ཁྱེར་བའི་མན་ངག་ཅེས་བྱའོ༔ སློབ་དཔོན་པདྨའི་ཞལ་གདམས༔ ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་གདམས་པ་ཡི་གེ་རིས་སུ་བཀོད༔ ཞི་བྱེད་རྣམ་པ་གསུམ་གྱི་མན་ངག་ཕྱི་རབས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔༔ ༔༔ དང་པོ་སློབ་དཔོན་པདྨས་མཛད། དེ་ནས་མཚོ་རྒྱལ་ཐུགས་ལ་གསལ། བར་དུ་མྱང་གིས་རྙེད། དེ་ནས་མྱོས་ལ་བརྒྱུད་པའོ། །དགེའོ། །བཀྲ་ཤིས་སོ།། །། གུ་རུའི་དམར་ཁྲིད་ཟབ་མོ་མྱང་ཉི་མ་འོད་ཟེར་གྱིས་གཏེར་ནས་སྤྱན་དྲངས་པའོ།། །། དཔེ་རྙིང་གཞན་ཞིག་དང་བསྡུར་བལྟས་ཀྱིས་ཞུ་བཅོས་ཆད་འཛུད་གང་ནུས་ཞེ་ཆེན་པར་གསར་སྐབས་འདིར་བྱས་པ་ཡིན། ད་དུང་གདམས་ཚན་མང་པོ་ཕན་ཚུན་ཡོད་མེད་འདུག་ཀྱང་ཆོས་ཚན་གསར་འཛུད་གང་ཡང་བྱས་པ་མེད་དོ།།

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).