Terdzo-AA-082
རྫོགས་ཆེན་སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་
by ([[Dudjom Rinpoche|]])
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 455-460 / Folios 1a1 to 3b3
རྫོགས་ཆེན་སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨཱོྃ་སྭསྟི། ཆོས་ཉིད་མཉམ་པའི་ཐུགས་རྗེ་ཡིས། །ཆོས་ཅན་འཁྲུལ་པའི་འཁོར་ལོ་འཇིག །ཀུན་བཟང་བླ་མར་ཡོངས་བཏུད་ནས། །གནས་ལུང་ཆོ་ག་འདིར་གསལ་བྱ། །དེའང་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་བྱ་བར་འདོད་པས། གང་ལ་བརྟེན་པ་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་ཚེ་འདས་ཀྱི་མིང་བྱང་དྲི་རྟེན་དང་བཅས་པ་བཞག །དེ་དང་ཉེ་བར་བགེགས་གཏོར། བྲབ་རྫས། ཟས་གཏད་རྣམས་དང་། རང་གི་མདུན་དུ་དྲི་བཟང་དང་བདུད་རྩིའི་ཆུས་བཀང་བའི་ཁྲུས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ལས་གཞུང་གི་བཟླས་པ་ཡན་ཚར་བའི་རྗེས་སུ། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས། སྡིག་སྒྲིབ་སྦྱོང་བའི་མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་ཡིག་བརྒྱའི་ཤམ་དུ། ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་མ་ཐ་མ་ཐ་སརྦ་ཏཱིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨཱོྃ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་བྱེ་ཡུངས་ལའང་བསྔགས་ཏེ་བཞག །དེ་ནས་རྟེན་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང༔ ནྲྀ་ལས་ཚེ་འདས་དེ་ཉིད་ནི། །ཕུང་ཁམས་སྐྱེ་མཆེད་གསོན་དུས་ལྟར། །མངོན་སུམ་བཞིན་དུ་གསལ་བར་གྱུར༔ རང་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་ཤེས་ཨ་དཀར་རྣམ་པས་བསྟིམ། །ན་མོ༔ བླ་མ་མཆོག་གསུམ་ལྷ་ཚོགས་དང༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི༔ བདེན་པའི་སྟོབས་དང་རྟེན་འབྱུང་མཐུས༔ ཚེ་འདས་རྣམ་ཤེས་རྟེན་འདིར་ཁུག༔ ནྲྀ་བཛྲ་ཨངྐུ་ཤ་ཛ༔ས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་གིས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོ༔ས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། བགེགས་སྦྱོང་བའི་སླད་དུ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཚེ་འདས་ཐར་ལམ་བར་ཆད་ཀུན༔ མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་སུ་མྱུར་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙྪཊ་ཡ་ཕཊ༔ ཅེས་དྲག་སྔགས་གུལ་ཡུངས་དང་བཅས་པས་བསྐྲད། སྔགས་ཀྱིས་སྡིག་པ་ཕྲལ་བའི་སླད་དུ། ལྷ་རྣམས་སྐུ་ལས་འོད་ཟེར་ནི། །ཉི་མ་འབུམ་གྱི་འོད་ལྟར་འཕྲོས། །ཚེ་འདས་ལུས་ལ་རེག་པ་ཡིས། །སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། །བསྔགས་པའི་བྱེ་མ་དང་ཡུངས་དཀར་བྲབ་ཅིང་ཡིག་བརྒྱའི་མཐར། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཁྲུས་ཀྱིས་སྡིག་སྒྲིབ་སྦྱོང་བའི་སླད་དུ། ཁྲུས་བུམ་གྱིས་མིང་བྱང་རྟེན་ལ་བཀྲུ་ཞིང་། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ རིག་པ་ཡེ་ཤེས་བདུད་རྩིའི་ཆུས༔ མ་རིག་སྒྲིབ་གཉིས་དྲི་མ་བཀྲུ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བུམ་སྒྲོས་རྟེན་ལ་བྱབ་ཅིང་། ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྐུ་གསུམ་ལྷ་ཚོགས་དུག་མི་མངའ༔ སྐུ་གསུམ་བདེན་པས་དུག་བཅོམ་མོ༔ སརྦ་པཱ་པཾ་བི་ཥ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྱུང་བཞིའི་རྫས་ཀྱིས་བྱབ་ཅིང་། ཧཱུྃ༔ འབྱུང་དང་འབྱུང་བ་ལས་གྱུར་པའི༔ དུག་གསུམ་རྒྱུ་འབྲས་བཅས་པ་ཀུན༔ ཡེ་ཤེས་ཡུམ་བཞིའི་བྱིན་རླབས་ཀྱིས༔ རང་བཞིན་མེད་པའི་དབྱིངས་སུ་སྦྱངས༔ སརྦ་པཱ་པཾ་བི་ཤྭ་དྷ་ན་སྭཱ་ཧཱ༔ དེ་ནས་ཕྱག་འཚལ་བའི་སླད་དུ། ཚེ་འདས་དེ་ཉིད་དཀྱིལ་འཁོར་པར༔ ཕྱག་འཚལ་སྐྱབས་སུ་འགྲོ་བར་གྱུར༔ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག །དེ་ལ་བདག་ནི་ཕྱག་འཚལ་ལོ། །སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྐྱོབས། །ཐར་པའི་གནས་སུ་དྲང་དུ་གསོལ། །ཞེས་ཕྱག་བྱ། དབང་བསྐུར་བའི་སླད་དུ། དེ་ལྟར་སྡིག་སྒྲིབ་ཡོངས་བྱང་ནས། །ཚེ་འདས་ལྷ་རུ་གསལ་བ་ལ། །ཤིས་པའི་གླུ་བླངས་རོལ་མོར་བཅས༔ བུམ་པའི་བདུད་རྩིས་དབང་བསྐུར་གྱུར༔ བུམ་པ་ཐོགས་ལ། ཧཱུྃ༔ ནམ་མཁའ་གང་བའི་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ རྡོ་རྗེ་བདུད་རྩིའི་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་འཕེལ་བར་ཤོག༔ མ་ཧཱ་སུ་ཁ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ སྒོ་གསུམ་བག་ཆགས་ཀུན་སྦྱངས་ནས༔ དཀྱིལ་འཁོར་གཙོ་བོའི་གསང་གསུམ་དང༔ དབྱེར་མེད་རིགས་བདག་དབུ་བརྒྱན་གྱུར༔ ཨཱོྃ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཟས་གཏད་པའི་སླད་དུ། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང་། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས། ཧོ༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་བསྔོས་པ་དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་པར་བསམ་ཞིང་། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཡེ་ཤེས་བདུད་རྩིའི་འདོད་ཡོན་གྱིས༔ ཞིང་ཁམས་རབ་འབྱམས་ཡོངས་བཀང་སྟེ༔ དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི༔ བདེ་བ་ཆེན་པོས་མཉེས་གྱུར་ཅིག༔ ཅེས་དབུལ། ལམ་བསྟན་ཏེ་གནས་སྤོར་བའི་སླད་དུ། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ སྡུག་བསྔལ་ཁམས་གསུམ་འཁོར་བ་ལ༔ ངེས་འབྱུང་དྲག་པོས་མཚམས་སྦྱར་ཏེ༔ བྱང་ཆུབ་མཆོག་ཏུ་སེམས་སྐྱེད་ཅིག༔ འདི་ནས་སྟེང་གི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་དབུས༔ རང་བཞིན་ཀུན་ཏུ་བཟང་པོ་བཞུགས༔ རང་འོད་རིག་མའི་བདེ་བ་དང༔ ཡེ་ཤེས་ནམ་མཁའ་མཉམ་པ་ཡི༔ བཀོད་པ་ཚད་མེད་བསམ་མི་ཁྱབ༔ འོད་གསལ་རྡོ་རྗེའི་མིག་གིས་ལྟོས༔ ཆོས་ཉིད་སེང་གེའི་རྩལ་ཆེན་དང༔ མཁའ་ལྡིང་རྒྱལ་པོའི་རླབས་ཀྱིས་གཤེགས༔ ཕྱིར་མི་ལྡོག་པའི་ཏིང་འཛིན་གྱིས༔ སྐུ་གསུམ་ས་ལ་ལྷུན་གྲུབ་ཤོག༔ ཨ་ཨ་ཨ༔ ཕཊ༔ ཅེས་སྤར་ལ་མཉམ་པར་གཞག །སྙིགས་མ་སྦྱོང་བའི་སླད་དུ་བྱང་བུར་མེ་སྦར་ལ། ཨ༔ སྐྱེ་མེད་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མེ་སྦར་བས༔ གཟུང་འཛིན་མཚན་མའི་རྟོག་པ་ཀུན༔ ཀ་དག་གཏིང་གསལ་ངང་དུ་བསྲེག༔ ཨ་ཨ་ཨ༔ ཞེས་བསྲེག །དེ་ཉིད་སཱཙྪར་བསྒྲུབ་པའི་སླད་དུ། བྱང་རོའི་སྟེང་དུ་ཟླ་བ་ལ། །གནས་པའི་ཨ་དཀར་འོད་འཕྲོ་བ། །དེ་ལས་བདུད་རྩིའི་རྒྱུན་བབས་པས། །སྡིག་སྒྲིབ་མ་ལུས་སྦྱང་པར་གྱུར། །ཅེས་ཡིག་བརྒྱ་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས་འཇིམ་པ་དང་སྦྱར་བས་སཱཙྪ་བཏབ་ལ། ཨཱོྃ༔ ནང་གསལ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་གཟུགས་ཀྱི་རྣམ་པར་ཤར༔ རྒྱུན་མི་ཆད་པར་རྟག་བཞུགས་ནས༔ ཕྲིན་ལས་འཁོར་བ་དོང་སྤྲུག་མཛོད༔ ས་མ་ཡ་ཛྙཱ་ན་ཏིཥྛ་ཧཱུྃ༔ ཞེས་མེ་ཏོག་འཐོར་ལ་སྨོན་ལམ་དང་ཤིས་པ་བརྗོད་དོ། །འདིས་ཀྱང་འབྲེལ་བས་བསྡུས་པ་ཀུན། །གནས་ངན་ལམ་ལས་མྱུར་བཟློག་སྟེ། །ཐར་པ་དམ་པའི་བདེ་ཆེན་སར། །དཀྲི་བའི་ཆ་རྐྱེན་ཉིད་དུ་ཤོག །ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་བཀའ་བསྩལ་རྗེས་སུ་བསྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་གཞུང་ལ་རིགས་མཐུན་གྱི་ཁ་སྐོང་ཅུང་ཟད་ཀྱིས་བརྒྱན་ཏེ་ཁྲིགས་སུ་བསྡེབས་པ་དགེ། །།