Terdzo-AA-031
ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་
by དྭགས་པོ་སྤྲུལ་སྐུ་ (Dagpo Tulku)
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 147-148 / Folios 1a1 to 1b6
ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་དགོངས་ཉམས་གླུའི་སྐབས་བོད་ཀྱི་བཀའ་བབས་བཅུ་ལས་མ་ཚང་བ་བཙལ་དགོས་གསུངས་པ་བཙལ་ནས་གོ་ཆོད་རྒྱུས་ཟུར་བྱང་དུ་བཀོད་པ་ནི། ༥༽རྒྱལ་སྲས་མུ་ཏིག་བཙན་པོས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལྷོ་ནུབ་རྔ་ཡབ་སྲིན་ཡུལ་དུ་གཤེགས་ཁར་ཚོགས་འཁོར་དང་བདོག་རྒུའི་གཅེས་ནོར་འཕུལ་ཏེ་ལྷ་ཕྱག་མང་པོ་བཙལ་ནས། བླ་མེད་བླ་མའི་འདུ་ཤེས་བཅོས་མིན་འཁྲུངས་པའི་དགོངས་ཉམས་འདི་སྐད་དོ། །རྗེ་མ་རིག་མུན་པ་སེལ་མཛད་པའི༔ ཡེ་ཤེས་སྣང་བའི་སྒྲོན་མ་ཅན༔ རྟོགས་པའི་དྲ་བ་གཅོད་མཛད་པའི༔ ཤེས་རབ་ཆེན་པོའི་རལ་གྲི་ཅན༔ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའི༔ ཡང་དག་ལྟ་བའི་དམག་ཚོགས་ཅན༔ འཁོར་བའི་ཆུ་ལས་སྒྲོལ་མཛད་པའི༔ ཐུགས་རྗེ་ཆེན་པོའི་གྲུ་གཟིངས་ཅན༔ དགེ་བའི་བར་ཆད་ཞི་མཛད་པའི༔ གསང་སྔགས་ཐབས་ཀྱི་ཁྱད་པར་ཅན༔ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའི༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་ཅན༔ ཇི་སྐད་གསུངས་པ་ཇི་བཞིན་འབྱུང༔ མངོན་པར་ཤེས་པའི་ངེས་དོན་ཅན༔ གདམས་ངག་གང་དང་གང་ཞུས་ཀྱང༔ དགྱེས་ཤིང་གནང་བའི་བཀའ་དྲིན་ཅན༔ རྒོལ་བ་ཐམས་ཅད་ཚར་གཅོད་པའི༔ ཤཱཀྱ་སེངྒེའི་ཆ་ལུགས་ཅན༔ བསྟན་པའི་གཙོ་དང་ཐ་མི་དད༔ འཇིག་རྟེན་གསུམ་ན་རྙེད་མི་སྲིད༔ ཁྱོད་ཀྱི་བཀའ་ལུང་མ་ལགས་པ༔ སུ་ལ་ཡང་ནི་མི་ལྟོས་པས༔ བདག་གི་རེ་ལྟོས་གུ་རུ་རྗེ།། ཞལ་མཇལ་གསུང་ཐོས་ང་རེ་འཚེངས།། །། ༡༡༽བོད་ཀྱི་ཆོས་འཁོར་ཆེན་པོ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གྲུབ་ཅིང་དམ་ཆོས་ཀྱི་ཉི་མ་ཤར་ནས། རྒྱལ་པོའི་མངའ་ཐང་རྒྱས་ཏེ་སྙན་གྲགས་ཉི་འོག་ཁྱབ་པས་རྗེ་འབངས་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཚེ། སྔགས་འཆང་རྒྱལ་པོ་རྡོ་རྗེ་བདུད་འཇོམས་ཀྱིས་ཕྱི་ནང་གི་བདུད་ཚོགས་ཀུན་ལ་མི་འཇིགས་ལྟ་བའི་གདེངས་བརྙེས་ཀྱི་དགོངས་ཉམས་འདི་སྐད་དོ། ། ཧཱུྃ༔ མཁའ་ལ་བྱ་འཕུར་ཉམ་མི་ང༔ མཁའ་ལ་བྱ་འཕུར་ཉམ་ང་ན༔ བྱ་འདབ་གཤོག་རྒྱས་པ་དོན་རེ་ཆུང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་མི་ང༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་ང་ན༔ ཉ་ཆུ་ནང་དུ་སྐྱེས་པ་དོན་རེ་ཆུང༔ ལྕགས་ཀྱི་གར་བུ་རྡོས་མི་ཆོག༔ ལྕགས་ཀྱི་གར་བུ་རྡོས་ཆོག་ན༔ ལྕགས་ལ་ཞུན་ཐར་བྱས་པ་དོན་རེ་ཆུང༔ བན་དེ་སྔགས་པ་དགྲས་མི་འཇིག༔ བན་དེ་སྔགས་པ་དགྲས་འཇིག་ན༔ མི་ཚེར་སྒོམ་སྒྲུབ་བྱས་པ་དོན་རེ་ཆུང༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན། །རྣམ་དག་མ་བཅོས་ཐིག་ལེར་བསྒྲལ། །མཁའ་ལྟར་དག་པའི་སེམས་ཉིད་ལ། །དགེ་སྡིག་གཉིས་ཀྱིས་གོས་པ་མེད། །སེམས་ཉིད་ནམ་མཁའ་དག་པའི་ཕྱིར། ཁམས་གསུམ་བསྒྲལ་ན་དེ་ལྟར་སྒྲོལ། །ཞུས་དཔྱད་པ་དྭགས་པོ་སྤྲུལ་སྐུར་འབོད་པས་བཀའ་ཐང་སྡེ་ལྔ་དང་བཻ་རོའི་འདྲ་འབག་ལས་བཏུས་པས་གོ་ཆོད་མིན་དཔྱད་པར་བྱ་དགོས་པའོ།། །།