Terdzo-ZI-016



Property "author" has been marked for restricted use.








Terdzo-ZI-016.pdf
Click the picture above to view the Shechen manuscript.

བླ་མ་རྡོ་རྗེ་འཆང་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་

bla ma rdo rje 'chang thub pa'i dbang po la gsol ba 'debs tshul gyi man ngag gi cho ga gser zhun snying po

by  མང་དགེ་རྡོ་རྗེ་འཆང་ (Mange Dorje Chang)
Volume 52 (ཟི) / Pages 225-241 / Folios 1a1 to 9a6

Tibetan Text

༄༅། །བླ་མ་རྡོ་རྗེ་འཆང་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། སངས་རྒྱས་ཆོས་དང་ཚོགས་སོགས་ལན་གསུམ་སྔོན་དུ་འགྲོ་བས། ཨེ་མ་ཧོ། མདུན་གྱི་མཁའ་དབྱིངས་མི་འཇིགས་སེང་གེའི་ཁྲི། །སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་སྟེང་། །ངོ་བོ་རང་གི་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ། །སྐུ་མདོག་གསེར་འདྲ་མཚན་དཔེའི་གཟི་འོད་འབར། །ཞི་འཛུམ་ཞལ་ཅན་སྨིན་མཚམས་མཛོད་སྤུ་འཁྱིལ། །དཀར་ནག་ཆ་ཤས་མ་འདྲེས་སྤྱན་གྱིས་གཟིགས། །འོད་འབར་གསེར་གྱི་ཏོག་མཛེས་ལྷང་ངེར་གསལ། །ཕྱག་གཡས་ས་གནོན་གཡོན་པ་མཉམ་གཞག་དང་། །དམར་སེར་ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་མཛད། །འོད་དང་འོད་ཟེར་འབར་བའི་ཀློང་དཀྱིལ་ན། །སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས་པར་གྱུར། །བླ་མ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གསོལ་བ་འདེབས་སོ། །མཆོད་དོ། །སྐྱབས་སུ་མཆི་འོ། །ལན་གསུམ། མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཉེས་ཀུན་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་ཚོགས་བྱང་ཆེན་བསྔོ། །གསང་གསུམ་ཡོན་ཏན་དཔག་ཡས་ཁྱོད་ལ་བསྟོད། །ཐུགས་ཀའི་ཨ་དཀར་སྔགས་ལས་འོད་འཕྲོས་པས། །སྐྱབས་ཀུན་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་ཀུན་སྡིག་སྒྲིབ་སྦྱངས་ནས་སངས་རྒྱས་ཏེ། །འོད་ཟེར་སླར་འདུས་ས་བོན་ཐིམ་པར་གྱུར། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཅི་ནུས་བཟླས་ལ། མཇུག་ཏུ། གསེར་གྱི་འོད་འབར་འདྲེན་མཆོག་ཤཱཀྱ་ཐུབ། ཁྱོད་ནི་བདག་གི་སྟོན་པ་གཅིག་པུ་ཡིན། །དེའི་ཕྱིར་ཁྱོད་ལ་གུས་པས་གསོལ་བ་འདེབས། །སྔོན་གྱི་དམ་བཅའ་མ་བསྙེལ་ཐུགས་རྗེས་གཟིགས། །ཞེས་གང་མང་དང་། དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཐུབ་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །གང་གི་སྐུ་གཟུགས་གསེར་གྱི་རི་འདྲ་བ། །མཐོང་བ་ཀུན་གྲོལ་བསྒོམས་པའི་དགེ་བ་དང་། །རྟེན་མཆོག་རྣམས་ལ་ཕྱག་མཆོད་སྒྲུབ་བྱེད་ཅིང་། །ཡང་ཡང་མཇལ་ཞིང་ཕྱག་མཆོད་དད་གུས་བྱེད། །བདག་སོགས་སེར་སྐྱ་ཕོ་མོ་ཐམས་ཅད་ཀྱི། །དགེ་བ་ཕྱོགས་གཅིག་བསྡོམས་པའི་མཐུ་ལ་བརྟེན། །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་པར་ཤོག །བདག་སོགས་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །སྡིག་སྒྲིབ་སྡུག་བསྔལ་ཉེས་ལྟུང་ཀུན་དག་ནས། །ཕྱི་མར་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །བླ་མ་ཐུབ་དབང་ངོ་བོ་དབྱེར་མེད་ལ། །གསོལ་བ་བཏབ་པས་བདག་ཅག་ཡོན་མཆོད་ཀུན། །ཤཱཀྱའི་རྒྱལ་པོའིི་དྲུང་དུ་ངོ་ཤེས་བཞིན། །འཕྲད་དེ་ལྷན་ཅིག་ཆོས་ལ་སྤྱོད་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བས། །བདེན་པའི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་བསྔོ་སྨོན་ཡང་བརྗོད་པར་བྱའོ།། །། ༄༅། །ཐུབ་ཆོག་གསེར་ཞུན་སྙིང་པོའི་འགྲེལ་བ་གདམས་ངག་ཐར་པར་འདྲེན་པའི་ལྕགས་ཀྱུ་རྣོན་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ནི་བྷྱཿ འདིར་ཐུབ་ཆོག་གསེར་ཞུན་སྙིང་པོ་ཉམས་སུ་ལེན་པར་འདོད་ན། གནས་གཙང་མར་བྱི་དོར་ལེགས་པར་བྱ་བ་དང་རྟེན་བཀྲམ་པ་སོགས་གྲུབ་ན་སྤྱི་ལྟར་བྱ། མ་གྲུབ་ན་མོས་པ་བྱས་ཀྱང་རུང་། དེ་ནས་སྟན་བདེ་བ་ལ་འདུག་ཚུལ་བདུན་ལྡན་ནམ་གང་བདེར་འཁོད་ནས། སངས་རྒྱས་ཆོས་ཚོགས་མའི་ཚིག་འདོན་སྐབས་མདུན་གྱི་ནམ་མཁར་བླ་མ་ཐུབ་པའི་དབང་པོ་བཞུགས་པ་སྐྱབས་ཀུན་འདུས་པའི་ངོ་བོ་ཡིན་སྙམས་ནས་སྐྱབས་འགྲོའི་རྒྱུ་གཉིས་ཚང་བའི་སྒོ་ནས་ཚིག་རྐང་དང་པོ་གཉིས་ཀྱིས་སྐྱབས་འགྲོ་ལན་གསུམ་དང་། ཚིག་རྐང་ཕྱི་མ་གཉིས་ཀྱི་དོན་རང་ལ་སྦྱིན་པ་སོགས་དགེ་བ་གང་ཡོད་ཀྱི་མཐུ་ལ་བརྟེན་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པ་དང་བཅས་ལན་གསུམ་བརྗོད་ནས་སེམས་བསྐྱེད། དེ་ནས་བདག་གིས་བླ་མ་ཐུབ་པའི་དབང་པོའི་སྒོམ་བཟླས་བྱས་ནས་གཟུགས་བརྙན་ཡིད་ལ་འཆར་རྒྱུ་བྱུང་ན་སྐལ་པ་བཟང་སྙམ་སྟེ། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་བརྗོད། དེ་རྗེས་དངོས་གཞི་ཉམས་སུ་ལེན་ཚུལ་ནི། མདུན་གྱི་མཁའ་དབྱིངས་ཞེས་སོགས་ཏེ་རང་གི་མདུན་གྱི་ནམ་མཁའི་དབྱིངས་སུ་གཞན་གང་གིས་ཀྱང་གཞོམ་མི་ནུས་པས་ན་མི་འཇིགས་པའི་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཁ་དོག་སྣ་ཚོགས་པ་དང་། དེའི་སྟེང་དུ་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་དེ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པའི་མཚན་སོ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་དཔེ་བྱད་བརྒྱད་ཅུས་སྤྲས་པའི་སྐུ་ལ་གཟི་བརྗིད་དང་འོད་ཟེར་འབར་ཞིང་། འགྲོ་བ་སེམས་ཅན་ལ་ཐུགས་ཞི་བ་སྙིང་རྗེ་ཆེན་པོའི་སྒོ་ནས་ཞལ་འཛུམ་བག་དང་ལྡན་པ། སྨིན་མཚམས་སུ་མཛོད་སྤུ་ཁ་དོག་དཀར་པོ་གཡས་སུ་འཁྱིལ་བ། སྤྱན་གྱི་ཆ་ཤས་དཀར་ནག་མ་འདྲེས་པར་བརྩེ་བས་སེམས་ཅན་ལ་གཟིགས་ཤིང་། དབང་སྔོན་ཏེ་སྤྲིན་དང་བྲལ་བའི་གནམ་གྱི་མདོག་སྔོ་ནག་གི་མདངས་འཛིན་པའི་དབུ་སྐྲའི་མདོག་ཤིན་ཏུ་མཛེས་པ་དང་ལྡན་པའི་གཙུག་ཏོར་གྱི་རྩེ་མོ་ན་འོད་ཟེར་འབར་བའི་གསེར་གྱི་ཏོག་མཛེས་པ་ལྷམ་མེར་གསལ་ཞིང་། ཕྱག་གཡས་ས་གནོན་མཛད་ཅིང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཁ་དོག་དམར་སེར་དང་ལྡན་པའི་ཆོས་གོས་སྣམ་སྦྱར། ཆོས་གོས་བླ་གོས། ཆོས་གོས་མཐང་གོས་གསུམ་སྐུ་ལ་གསོལ་ནས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། སྐུ་ལས་འོད་འཕྲོས་པའི་འོད་འདོམ་གང་བ་དང་འོད་ཟེར་མཐའ་ཡས་པ་འབར་བའི་ཀློང་དཀྱིལ་ན་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཅན་དུ་བཞུགས་པར་བསྒོམས་ན་དེར་ངེས་པར་བཞུགས་ཡོད་པས་སྤྱན་འདྲེན་གྱི་ཚིག་གཞན་མི་དགོས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། འཆགས་དང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་མཚམས་འདིར་བླ་མ་སྟོན་པ་བཅོམ་ལྡན་འདས་ཞེས་པ་ནས་སྐྱབས་སུ་མཆིའོ་ཞེས་པའི་བར་ཚིག་དོན་དྲན་བཞིན་ལན་གསུམ་བརྗོད་ཅིང་དངོས་སུ་ཕྱག་འཚལ་བའམ་མོས་པ་དང་བཅས་ཕྱག་འཚལ་གྱི་ཚིག་གཞན་དང་། ལྟུང་བཤགས་སོགས་འདོན་པར་བྱས་ཀྱང་རུང་། བསྡུ་ན་མཆོད་ཚོགས་ཀུན་འབུལ་སོགས་ཀྱི་སྐབས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་བའི་མོས་པ་དང་། སྡིག་ལྟུང་ཉེས་པའི་ཚོགས་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་པ་དང་། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་བ་ལ་ངོ་མཚར་ཆེ་སྙམ་པའི་ཡི་རང་། སེམས་ཅན་གྱི་དོན་དུ་ཆོས་བསྟན་དུ་གསོལ་སྙམ་པ་དང་། མྱ་ངན་ལས་མི་འདའ་བར་བསྐལ་བརྒྱའི་བར་དུ་བཞུགས་ཞུ་བ་དང་། དགེ་བ་གང་ཡོད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་འོ་སྙམ་པ་རྣམས་དྲན་ཙམ་བྱས་ནས་དལ་བུས་འདོན། དེ་ནས་བསྟོད་པ་ནི། གསང་གསུམ་ཞེས་པའི་ཚིག་རྐང་གཅིག་སྟེ། དེའི་དོན་སངས་རྒྱས་ཀྱི་མཚན་དཔེ་ལ་སོགས་པའི་སྐུའི་ཡོན་ཏན་དང་། ཡན་ལག་དྲུག་ཅུ་རྩ་བཞི་ལ་སོགས་པའི་གསུང་གི་ཡོན་ཏན་དང་། ཇི་ལྟ་ཇི་སྙེད་མཁྱེན་པ་ལ་སོགས་པའི་ཐུགས་ཀྱི་ཡོན་ཏན་ཏེ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྐྱེ་འཕགས་རྣམས་ཀྱི་བློར་ཤོང་དཀའ་བས་གསང་བའི་གནས་སུ་གྱུར་པ་ལྟ་བུ་བསམ་གྱིས་མི་ཁྱབ་པས་ན་དཔག་ཡས་པ་དང་ལྡན་པ་ཁྱོད་ལ་བསྟོད་ཅེས་འཇུག་པ་བདེ་བའི་ཕྱིར་ཚིག་རྐང་གཅིག་བྱས་ཀྱང་བསྟོད་པ་ཐམས་ཅད་ཀྱི་གནད་འདུས་པ་ཡིན་ནོ། །དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཕན་ཡོན་སྤྱི་ལྟར། དེ་ནས་བླ་མ་ཐུབ་དབང་ངོ་བོ་དབྱེར་མེད་བྱས་པ་ལ་དགོས་པ་དང་ཕན་ཡོན་ཆེན་པོ་ཡོད་པ་ཨ་བྷི་དྷ་ནའི་རྒྱུད་ལས་གསུངས་ཤིང་། གྲུབ་ཆེན་ནཱ་རོ་པས་ཀྱང་གསུངས། དེ་རྗེས་ཐུབ་དབང་གི་སྐུ་གཟུགས་ཡིད་ངོར་བསྒོམ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་ཏིང་འཛིན་རྒྱལ་པོ་དང་། བསྟན་རིམ་སོགས་སུ་གསུངས་ཤིང་། རྗེ་ཙོང་ཁ་པས་ཀྱང་གསུངས། དེ་ལ་ཡན་ལག་བདུན་འབུལ་བའི་ཕྱག་འཚལ་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་བརྗོད་ན་ལོ་དུང་ཕྱུར་མང་པོའི་ལས་ངན་སྡིག་སྒྲིབ་འདག་པ་དང་། མཐར་སངས་རྒྱ་བར་འགྱུར་ཞེས་མདོ་སྡེ་པདྨ་དཀར་པོ་དང་། པཎ་གྲུབ་རྣམས་ཀྱི་གསུང་ལས་འབྱུང་། སློབ་དཔོན་རིན་པོ་ཆེས་ཀྱང་མཚན་དེ་བརྗོད་ན་བསྐལ་པ་དུང་ཕྱུར་སྟོང་ཕྲག་བརྒྱད་ཀྱི་སྡིག་པ་འདག་པར་འགྱུར་ཞེས་གསུངས། སངས་རྒྱས་དེ་ལ་ཚུལ་ཁྲིམས་ཉམས་པ་ཞིག་གིས་ཀྱང་སྐྱབས་འགྲོ་བྱས་ན་ཕན་ཡོན་དཔག་མེད་ཡོད་པ་མདོ་སྡེ་ཉི་མའི་སྙིང་པོ་ལས་གསུངས། ཡན་ལག་བདུན་པའི་ཕྱག་གི་ཕན་ཡོན་སྤྱན་རས་གཟིགས་ཀྱི་མདོ་དང་འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ནས་གསུངས། མཆོད་པའི་ཕན་ཡོན་མདོ་སྙིང་རྗེ་པད་དཀར་ལས་གསུངས། བཤགས་པའི་ཕན་ཡོན་ཆོས་བཞི་བསྟན་པའི་མདོ་ལས་གསུངས། ཡི་རངས་ཀྱི་ཕན་ཡོན་ཤེས་རབ་ཁྲི་པ་ལས་གསུངས། ཆོས་འཁོར་བསྐོར་བར་བསྐུལ་པའི་ཕན་ཡོན་དགེ་རྩ་ཡོངས་འཛིན་གྱི་མདོ་ལས་གསུངས། མྱ་ངན་ལས་མི་འདའ་བར་གསོལ་བའི་ཕན་ཡོན་མདོ་སྡེ་པད་དཀར་ལས་གསུངས། བསྔོ་བའི་ཕན་ཡོན་ཁྲི་བརྒྱད་དང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས། བསྟོད་པའི་ཕན་ཡོན་མདོ་སྡེ་བསྐལ་བཟང་ལས་གསུངས་ཤིང་ཟླ་བ་སྒྲོན་མེའི་མདོ་དང་ཚིགས་བཅད་བཞི་པའི་མདོ་ལས་གསུངས། དེ་རྣམས་ཤེས་པར་འདོད་ན་བཀའ་ཆོས་ཀྱི་དཀར་ཆག་ལས་བཙལ་ཏེ་མདོ་དེ་རྣམས་ལ་ལྟོས་ཤིག །ཡང་ན་ཁོ་བོའི་གསུང་འབུམ་ནང་དུ་བཀོད་ཡོད་པས་དེར་བལྟས་ཀྱང་རུང་། དེ་ལྟར་མགོ་ནས་གཟུང་སྟེ་རང་རང་གི་ཐད་ནས་འདི་ལ་ཕན་ཡོན་ཆེན་པོ་ཡོད་གསུངས་འདུག་སྙམ་དུ་རེ་རེ་ནས་དྲན་བཞིན་འདོན་པར་བྱའོ། །དེ་ནས་མཚམས་འདིར་གྲུབ་ན་མཎྜལ་རྒྱས་བསྡུས་གང་བྱུང་གྲངས་གང་མང་ཕུལ་ཡང་རུང་། བསྟོད་པ་ཡང་རྒྱས་བསྡུས་ཅི་བྱས་ཀྱང་ཆོག་ལ་དེ་མ་གྲུབ་ཀྱང་ཆད་པའི་སྐྱོན་ནི་མེད་དོ། །དེ་ནས་བཟླས་པ་ལ་འཇུག་པ་ནི། ཐུགས་ཀའི་ཨ་དཀར་སྔགས་ལས་ཞེས་སོགས་ཏེ། ཚིག་དོན་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀར་ཟླ་གདན་ལ་དེའི་ས་བོན་ཨ་ཡིག་གི་མཐར་མུ་ནིའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་སྟེང་ཕྱོགས་སུ་འཕྲོས་པས་སྐྱབས་གནས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་བསྡུས་ནས་སྒྲུབ་པ་པོ་རང་ལ་ཐིམ་པར་བསམ། སླར་འོད་ཟེར་འོག་ཏུ་སྤྲོས་ཏེ་རིགས་དྲུག་གི་གནས་ལ་ཁྱབ་པས་རང་གཞན་འགྲོ་བ་ཀུན་གྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས་ནས་དེ་ཐམས་ཅད་སངས་རྒྱས་པར་བསམ། འོད་ཟེར་སླར་འདུས་ཏེ་ཐུབ་དབང་གི་ཐུགས་ཀའི་ས་བོན་ཨ་ཡིག་དཀར་པོ་ལ་ཐིམ་པར་མོས། དེ་ཡང་འདིར་བཟླས་པ་བྱེད་པ་ལ་བྱ་བ་སྤྱིའི་རྒྱུད་ཆེན་གྱི་ནང་ཚན་བསམ་གཏན་ཕྱི་མའི་རྒྱུད་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། ཞེས་གསུངས་པ་ལྟར་བཟླས་བརྗོད་ཡན་ལག་བཞི་ཚང་བའི་སྒོ་ནས་བཟླས་པ་བྱ་དགོས་པས་དེའི་ཚུལ་ནི། རང་གི་སྙིང་གར་ཟླ་གདན་གྱི་སྟེང་དུ་ཨ་ཡིག་གི་མཐར་སྔགས་ཕྲེང་བཀོད་པའི་སྔགས་ལས་རང་སྒྲ་གྲགས་པར་མོས་པ་ནི་སྒྲ་དང་། རང་སེམས་ཟླ་བ་ཨ་ཡིག་ལྷ་སྐུ་སྔགས་ཕྲེང་དང་བཅས་པའི་རྣམ་པར་ཤར་བར་མོས་པ་ནི་སེམས་དང་། དེ་རང་གི་ཐུགས་ཀ་ལ་དམིགས་པ་ནི་བདག་གི་གཞི་དང་། མདུན་གྱི་བླ་མ་ཐུབ་པའི་དབང་པོ་སོགས་དང་། སེམས་ཅན་གཞན་རྣམས་ཀྱང་ལྷར་གསལ་བའི་ཐུགས་ཀར་དམིགས་པ་ནི་གཞན་གྱི་གཞི་ལ་དམིགས་པ་སྟེ། དེ་ལྟར་རེས་མོས་ཀྱི་ཚུལ་དུ་བཟླས་པ་བྱ་བ་ནི་བཟླས་བརྗོད་ཡན་ལག་བཞི་བྱ་ཚུལ་དང་། གཟུགས་གང་སྣང་ཐུབ་དབང་གི་སྐུ་དང་། སྒྲ་གང་གྲགས་མུ་ནི་སོགས་ཀྱི་སྔགས་ཀྱི་སྒྲ་དང་། སེམས་ལ་དྲན་རྟོག་ཐམས་ཅད་ལྷའི་ཐུགས་ཀྱི་མོས་པ་བཟུང་ནས་སྔགས་བཟླ་བ་འཁྱེར་སོ་གསུམ་སྟེ། དེ་གང་རིགས་ཀྱི་མོས་པ་དང་བཅས་མུ་ནིའི་སྔགས་ཅི་མང་བཟླ་འོ། །དེ་ལྟར་མུ་ནི་བཟླས་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། རྒྱུད་ཀྱི་དབང་དུ་བྱས་ཚེ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས། མུ་ནི་ལན་གཅིག་བརྗོད་པས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཁྲིའི་སྡིག་པ་འདག་པར་འགྱུར་གསུངས་པའི་བསྐལ་པ་ནི་བར་བསྐལ་ལ་བྱ་བས་དེ་ལ་ལོ་དུང་ཕྱུར་མང་པོ་ཡོད་དོ། །དེ་འདྲའི་བསྐལ་པ་བྱེ་ཆེན་ཁྲི་ཚོ་བརྒྱད་དུ་བྱས་པའི་སྡིག་པ་ཡོད་ཀྱང་དེ་ཐམས་ཅད་དག་གསུངས་པ་ཡིན་ལ། མདོའི་དབང་དུ་བྱས་ཚེ་མདོ་ཤེས་རབ་སྣ་ཚོགས་ལས། ཡུམ་སྲས་བཅུ་བདུན་གྱི་གཞུང་བཤད་པ་ལས་སྲས་བཅུ་གཅིག་གི་ནང་ཚན་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བ་ནི་མུ་ནི་ཡིན་པས། དེ་ཇི་ལྟར་གསུངས་ན་བཅོམ་ལྡན་འདས་ལ་འཁོར་བྱང་སེམས་དང་ཉན་རང་མང་པོས་བསྐོར་ཏེ་བཞུགས་པའི་ཚེ་སྤྱན་རས་གཟིགས་བཞེངས་ནས། བཅོམ་ལྡན་འདས་ལ་སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་མྱུར་དུ་བྱང་ཞིང་མྱུར་དུ་བྱང་ཆུབ་འཐོབ་པའི་གདམས་པ་ཁྱད་པར་ཅན་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བ་བཀའ་བསྩལ་དུ་གསོལ། ཞེས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ངས་བཤད་དོ་གསུངས་ནས། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གདམས་པ་འདི་ལ་བརྟེན་ནས་སྔོན་བྱོན་དུ་མ་སངས་རྒྱས་པ་ཡིན། ཁྱོད་ཀྱང་གདམས་པ་འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ལ། འདི་ལ་བརྟེན་ནས་ཁྱོད་མ་འོངས་པ་ན་སངས་རྒྱས་འོད་ཟེར་ཀུན་ཏུ་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་སངས་རྒྱ་བར་འགྱུར་རོ་ཞེས་མ་འོངས་ལུང་བསྟན་དང་བཅས་པ་གསུངས། སྔགས་དེའི་དོན་ནི་ཏདྱ་ཐཱ་འདི་ལྟ་སྟེ། དེ་ཡང་སངས་རྒྱས་ཀྱིས་ཤེར་ཕྱིན་ཡི་གེ་ཉུང་ངུ་འདི་ལྟ་བུ་ཡིན་གསུངས་པའི་དོན་ཡིན་པས་ད་ལྟ་ངག་ཏུ་མ་བརྗོད་ཀྱང་ཆོག །ཨོཾ་ནི་གསང་བ་གསུམ་གྱི་མཚོན་དོན་ཡིན་པས་ངག་ཏུ་བརྗོད་ན་བསོད་ནམས་ཆེན་པོ་འཐོབ་བོ། །མུ་ནི་ཐུབ་པ། ཡང་མུ་ནི་ནི་དེ་ལྟར། མ་ཧཱ་ཆེན་པོ། མུ་ན་ཡེ་ཐུབ་པས། སྭཱ་ཧཱ་ནི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཚུགས། ཞེས་པའི་དོན་ཡིན་པས་ཕན་ཡོན་དེ་ལྟ་བུ་ལ་བསམས་ནས་ཉིན་པར་འགྲེང་འཆགས་ཉལ་འདུག་གང་དུ་ཅི་འགྲུབ་བཟླ། མཚན་མོ་ཉལ་རན་པའི་ཚེ་ཅི་འགྲུབ་བཟླས་ནས། དགེ་བ་འདི་ཡིས་སོགས་ཀྱི་སྨོན་ལམ་དང་། ཁྱད་པར་གསེར་གྱི་འོད་འབར་ཞེས་སོགས་ཀྱི་ཚིག་དོན་དྲན་བཞིན་སྨོན་ལམ་སྙིང་ཐག་པ་ནས་གདབ་ན་དགོས་པ་ཆེན་པོ་ཡོད་དེ་རྒྱུ་མཚན་ཇི་ལྟར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་དམ་ཆོས་པདྨ་དཀར་པོ་ལས། གང་དག་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་འགྱུར་བ་དེ་དག་ལས་བདག་གིས་ཐ་ན་སེམས་ཅན་འགའ་ཙམ་ཞིག་སྤངས་ཏེ་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པར་ལུང་སྟོན་པར་མ་བགྱིས་ན་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་འགྱུར་བ་ནས་བདག་འཚང་མི་རྒྱ་བའི་བར་དུ་གྱུར་ཅིག་ཅེས་དབུ་སྙུང་བཞེས་པ་ལྟ་བུ་མཛད། དེའི་དོན་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་རང་ལ་གདུལ་བྱ་རྣམས་ཀྱིས་ངེད་ཚོ་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོ་ཡིན་སྙམ་པ་དང་། སངས་རྒྱས་དེ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་སྙམས་ནས་གུས་པར་བྱེད་པའི་མི་དུ་ཙམ་ཡོད་ཀྱང་དེ་ཐམས་ཅད་ཀྱི་ནང་ནས་གཅིག་ཀྱང་མི་ལུས་པར་ཐམས་ཅད་ཀྱིས་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་བ་ལུང་བསྟན་མཛད་པ་ཡིན་གྱི། དེ་ལྟར་མི་མཛད་པར་སེམས་ཅན་འགའ་རེ་ཞིག་ཀྱང་སྤངས་ནས་ལུང་བསྟན་པར་མ་མཛད་ན་སངས་རྒྱས་ཁོང་རང་གིས་སངས་རྒྱས་གཞན་ཐམས་ཅད་བསླུས་པ་ཡིན་པས་ཁོང་རང་ཡང་འཚང་མི་རྒྱ་བར་གྱུར་ཅིག་ཅེས་གསུངས་པ་ཡིན་པས་དེ་ཕན་ལ་དབུ་སྙུང་བཞེས་པའམ་འགགས་ཆེན་མཛད་རྒྱུ་མེད་ལ། དེ་ལྟར་ཐེག་པ་གསུམ་ནི་ཐེག་ཆེན་དང་། ཉན་རང་གི་ཐེག་པ་གཉིས། དེའི་ཕྱིར་མི་ལྡོག་པའི་ས་ནི་ཉན་རང་གི་དགྲ་བཅོམ་པ་གཉིས། ཐེག་ཆེན་གྱི་ས་བརྒྱད་པ་ཡན་ཆད་ཡིན། དེ་ཇི་ལྟར་ལུང་སྟོན་ན་སྟོན་པའི་འདུ་ཤེས་དང་གུས་པ་སྙིང་ཐག་པ་ནས་ཆེན་པོར་བསྐྱེད་ན་ཚེ་འདིའི་མཐར་འཆི་ཁར་ས་བརྒྱད་པ་ཡན་འཐོབ་པར་ལུང་སྟོན། འབྲིང་ཙམ་བསྐྱེད་ན་བར་དོར་རང་རྒྱལ་དགྲ་བཅོམ་ཐོབ་པ་དང་། ཆུང་ངུ་ཙམ་བསྐྱེད་ན་ཕྱི་མར་ཉན་ཐོས་དགྲ་བཅོམ་ཐོབ་པར་ལུང་སྟོན་པ་ཡིན་ལ། དེའི་ཕྱིར་ཐོག་མར་གསེར་གྱི་འོད་འབར་འདྲེན་མཆོག་ཅེས་ཚིག་རྐང་གཅིག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ཡིད་ལ་དྲན་ནས། ཁྱོད་ནི་བདག་གི་སྟོན་པ་ཞེས་པས་སྟོན་པའི་འདུ་ཤེས་བསྐྱེད། དེ་ཕྱིར་ཁྱོད་ལ་གུས་པས་ཞེས་པ་གུས་པའི་སེམས་བསྐྱེད་པ་ནི་སྔར་གྱི་མདོའི་ཚིག་རྩ་བསྟན་པ་ཡིན་ལ། བདག་གིས་དེའི་ཚིག་དོན་ལྟར་གསོལ་བ་འདེབས་པར་བྱེད་པས་སངས་རྒྱས་ཁྱེད་ཀྱིས་སྔོན་གྱི་དམ་བཅའ་སྟེ་དབུ་སྙུང་བཞེས་པ་དེ་མ་བསྙེལ་བའམ་མ་བརྗེད་པར་ངེད་ཅག་གདུལ་བྱ་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཅེས་ཐུགས་རྒྱུད་བསྐུལ་བ་ཡིན་པས་འདི་གནད་དོན་ཤིན་ཏུ་ཆེ་བས་ལན་འགར་བརྗོད། ཚིག་ལྷག་མ་རྣམས་གོ་སླ་འོ། །དེ་ལྟར་སྨོན་ལམ་བཏབ་རྗེས་ཕྱག་གསུམ་བཙལ་ནས་ཉལ་ཚེ་སྔས་མགོ་ལ་བླ་མ་ཐུབ་དབང་བཞུགས་ཡོད་སྙམ་ནས་དྲན་ན་རྨི་ལྟས་ངན་པ་དང་འདྲེ་གདོན་སོགས་ཀྱི་གནོད་པས་མི་ཚུགས་པར་མདོ་རྒྱལ་མཚན་དམ་པ་ནས་གསུངས། དེ་ལྟར་དྲན་བཞིན་གཉིད་དུ་སོང་ན་རྨི་ལམ་གྱི་སྐབས་སོགས་དགེ་སྦྱོར་གྱི་ངོ་བོར་འགྱུར་བའི་དགོས་པ་དུ་མ་ཡོད་དོ། །དེ་ནས་ཕྱིར་ཉིན་སད་པའི་ཚེ་བླ་མ་ཐུབ་དབང་དྲན་ནས་ཡར་ལངས་ཏེ་ཕྱག་གསུམ་བཙལ། སླར་སྔར་ཉིན་ལྟར་སྐྱབས་འགྲོ་སེམས་བསྐྱེད་ནས་ཉལ་ཚེའི་མཇུག་གི་བར་བྱ། སངས་རྒྱས་དེ་ལ་ཇ་མཆོད་ཀྱང་ཕུལ། དེ་ལྟར་འཆི་བ་ལ་ཉེ་བའི་བར་ཉིན་བཞིན་རང་གི་ཆོས་སྐལ་མ་ཆད་པར་བྱས་ནས་ཉམས་སུ་བླངས་ན་མཐར་འཆི་ཚེ་དགོས་པ་ཆེན་པོ་ཡོད་དེ། མདོ་ཏིང་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུན་བསྒོམས་པས། །ཉིན་མཚན་དུ་ནི་འཇིག་རྟེན་མགོན་པོ་མཐོང་། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །འཆི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཤིང་། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོངས་མི་འགྱུར། །ཞེས་གསུངས་པ་ལྟར་ད་ལྟ་ནས་སངས་རྒྱས་ཡང་ཡང་དུ་མདུན་དུ་བསྒོམ་ན་རིམ་བཞིན་འཇིག་རྟེན་མགོན་པོ་སྟེ་སངས་རྒྱས་དེ་ཡིད་ངོར་མཐོང་བར་འགྱུར་ལ། ནམ་ཞིག་ན་འཆི་ཁར་རང་ན་ཞིང་མི་བདེ་བར་འཆི་བ་ལ་ཐུག་པའི་ཚེ་སངས་རྒྱས་ཡིད་ལ་དྲན་པ་མི་ཉམས་ཤིང་སངས་རྒྱས་རྗེས་སུ་དྲན་ནས་འཆི་ཁའི་གནད་གཅོད་དམ་སྡུག་བསྔལ་གྱི་ཚོར་བས་ཡིད་འཕྲོག་པར་མི་འགྱུར་རོ་གསུངས་པ་ཡིན་པས། དེའི་ཚེ་སངས་རྒྱས་དྲན་ནས་ཐུབ་ཆོག་འདོན་པ་སོགས་ཀྱིས་གསོལ་བ་བཏབ་ཚེ་རྣལ་འབྱོར་པ་རབ་ཡིན་ན་ང་ལ་འཆི་ལྟས་ཡོང་བར་འདུག་སྙམ་པ་དང་མཉམ་དུ། མདུན་གྱི་ཐུབ་དབང་གི་སྐུ་ཇེ་ཆུང་དུ་སོང་སྟེ་མཐེའུ་ཆུང་གི་རྩེ་སོར་ཙམ་དུ་གྱུར་ནས་རང་གི་སྤྱི་བོ་ནས་བྱོན། སྙིང་དབུས་ཀྱི་རང་སེམས་ལ་ཐིམ་ནས་རང་སེམས་དང་ཐུབ་དབང་གི་ཐུགས་བསྲེས་པའི་ངང་ནས་ཚེ་འཕོས་ན་དག་པའི་ཞིང་བགྲོད་པར་ཐེ་ཚོམ་མེད། ཡང་རྣལ་འབྱོར་པ་དེ་ལས་ཞན་པ་ཞིག་གིས་གོང་ལྟར་གསོལ་བ་བཏབ་ནས་སྤྱན་དྲངས་ཏེ་རང་གི་སྙིང་དབུས་ཀྱི་སེམས་ལ་ཐིམ་པའི་མོས་པ་བྱ་མ་ནུས་ཀྱང་། མདུན་དུ་བཞུགས་པ་དེ་དྲན་བཞིན་གསོལ་བ་བཏབ་ནས་ཤི་འཕོས་ན་ངན་སོང་དུ་མི་འགྲོ་བར་བདེ་རྟེན་འཐོབ་པ་ངེས་ཅན་ཡིན་པས། དེས་ན་གསོལ་བ་བཏབ་ན་འཆི་ཁར་སངས་རྒྱས་དྲན་ཐུབ་པའི་ལོ་རྒྱུས་མངོན་སུམ་ཚད་མས་གྲུབ་པ་མང་པོ་ཡོད་དོ། །དེ་ལྟར་གོང་གི་ཆོ་གའི་རྣམ་བཤད་ཞིབ་ཏུ་བྱས་ན་ཧ་ཅང་མང་བས་མ་སྤྲོས་སོ། །གོང་དུ་མདོ་ལས། ཕྱིར་མི་ལྡོག་པ་འཐོབ་ཚུལ་གསུངས་པ་ལ་མཁས་པ་འགའ་ཞིག་གིས་དེ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མི་དགོས་སམ་སྙམ་དུ་དགོངས་ན། དེ་དགོས་མོད་དེ། སྟོན་པའི་འདུ་ཤེས་བསྐྱེད་དེ་སྙིང་ནས་གུས་པས་སྡིག་སྒྲིབ་མང་པོ་དག་ནས་ཕྱི་མར་སྟོང་ཉིད་མངོན་སུམ་དུ་མྱུར་དུ་རྟོགས་ཏེ་རིམ་བཞིན་ཐར་པ་འཐོབ་པར་འགྱུར་བ་ཡིན་ནོ། །ཡང་མུ་ནིའི་ཕན་ཡོན་རྒྱུད་དང་མདོ་ནས་གསུངས་པ་དང་། སྟོན་པའི་འདུ་ཤེས་བཞག་ནས་གུས་པའི་སེམས་སྐྱེད་ཚུལ་སོགས་དམ་ཆོས་པད་དཀར་ལས་གསུངས་པ། མཁར་རྡོ་བཟོད་པ་རྒྱ་མཚོས་བདེ་ལམ་ཟིན་བྲིས་སུ་དྲངས་ཏེ་ཚད་མར་མཛད་འདུག་པ་ལ་ཡིད་མི་ཆེས་པ་སུ་ཞིག་ཡོད། གལ་ཏེ་ཡིད་མ་ཆེས་ན་དམ་ཆོས་པད་དཀར་དང་། མདོ་རྒྱུད་དེ་རྣམས་ལ་ལྟོས་ཤིག །དེས་ཀྱང་ཡིད་ཆེས་པར་མ་གྱུར་ན་གང་ཟག་དེའི་སེམས་རྒྱུད་ལ་བདུད་ཞུགས་ངེས་ཡིན་འདུག་པས་ཕྱི་མར་ངན་སོང་དུ་སྐྱེ་ཕྱིར་བསམ་པ་ལོག་ལྟ་དེ་འདྲའི་དབང་དུ་མི་གཏོང་བར། ཡིད་ཆེས་དང་ངེས་ཤེས་བསྐྱེད་ནས་རང་གི་ཆོས་སྐལ་དེ་ཙམ་མ་ཤིའི་བར་དུ་མ་བསྒྲུབ་ན་ཁྱི་ལ་སྐྱེས་པ་དང་ཁྱད་མེད་པས་མཐོ་དམན་རྒན་གཞོན་ཀུན་གྱིས་སེམས་ལ་ཞོག་ལ། ཚིག་ཉུང་ཞིང་གནད་ཟབ་པ་འདི་ལ་ཉམས་ལེན་སྙིང་པོར་བྱེད་པ་གལ་ཆེ་བས་ཚེ་འདིའི་བྱ་བྱེད་ཁོ་ན་ལ་གཙོ་བོར་མ་མཛད་ཅེས་མཐེ་བོང་གེལ་ནས་ནན་གྱིས་བསྐུལ་བ་ཡིན་པས་འབད་འཚལ། ཅེས་བླ་མ་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་ཚུལ་གྱི་མན་ངག་གི་ཆོ་ག་གསེར་ཞུན་སྙིང་པོ་ཉམས་སུ་ལེན་ཚུལ་གྱི་དམིགས་རིམ་དང་། མུ་ནི་དང་སྨོན་ལམ་གྱི་ཕན་ཡོན་སོགས་ཐོས་ན་ཀུན་ལ་ཕན་ཆེ་བར་འདུག་པས། གོང་སྨྲོས་ཀྱིི་དོན་ཚང་བ་ཞིག་བྲི་དགོས་ཞེས་མང་དགེ་དབོན་ཨེ་མཆི་ངག་དབང་བསྟན་དར་གྱིས་ནན་གྱིས་བསྐུལ་བ་དང་། གཞན་ཡང་དོན་གཉེར་ཅན་རྣམས་ལ་ཕན་དུ་རེ་བའི་བསམ་པས་ཀུན་ནས་བསླངས་ནས་གདམས་ངག་ཐར་པར་འདྲེན་པའི་ལྕགས་ཀྱུ་རྣོན་པོ་ཞེས་བྱ་བ་འདི་ཡང་ཆོས་བརྩེགས་ལྷུན་པོའི་རི་སུལ་གྱི་རྒོད་ཚང་རི་ཁྲོད་ནས་དགེ་བཞི་པ་ཤྲེ་ཡའི་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་གནས་དུ་མ་ལ་སྦྱངས་པའི་དགེ་ཚུལ་ཤྲཱི་ཡ་དྷརྨ་ཀཱིརྟིའོ། །སརྦ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).