Terdzo-WI-028



Property "author" has been marked for restricted use.


Property "contributors" has been marked for restricted use.
Property "contributors" has been marked for restricted use.








Terdzo-WI-028.pdf
Click the picture above to view the Shechen manuscript.

གྲྭ་མངོན་གཏེར་བྱོན་ཛཾ་དམར་སྒྲུབ་ཐབས་དང་ཆུ་སྦྱིན་གཏོར་ཆོག་རྒྱུན་ཁྱེར་སྦྱིན་སྲེག་བཅས་

grwa mngon gter byon dzaM dmar sgrub thabs dang chu sbyin gtor chog rgyun khyer sbyin sreg bcas

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
revealed by  གྲྭ་པ་མངོན་ཤེས་ (Drapa Ngönshe)
in cycle  གྲྭ་མངོན་ཛཾ་དམར་ (Grwa mngon dzaM dmar)
Volume 50 (ཝི) / Pages 435-453 / Folios 1a1 to 10a6

[edit]

༄༅། །གྲྭ་མངོན་གཏེར་བྱོན་ཛཾ་དམར་སྒྲུབ་ཐབས་དང་ཆུ་སྦྱིན་གཏོར་ཆོག་རྒྱུན་ཁྱེར་སྦྱིན་སྲེག་བཅས་བཞུགས་སོ། ། འཕགས་པ་ཛཾ་བྷ་ལ་དམར་པོའི་སྒྲུབ་ཐབས་འདོད་དགུའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །རྒྱལ་ཀུན་གསུང་གི་སྒྱུ་འཕྲུལ་ཡེ་ཤེས་གར། །རབ་དམར་སྒེག་འཛུམ་ཆགས་པའི་ལང་ཚོ་ཡིས། ཁམས་གསུམ་དབང་མཛད་མགོན་དེར་ཕྱག་བྱས་ནས། །དེ་ཉིད་སྒྲུབ་པའི་ཕྲིན་ལས་བརྗོད་བདེར་བྲི། །འཕགས་པ་ཛཾ་བྷ་ལ་དམར་པོ་སྒྲུབ་ཅིང་མཆོད་པར་འདོད་པས་ཐུན་མོང་དང་ཁྱད་པར་གྱིས་སྒྲུབ་རྫས། ཕྱི་ནང་གི་མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་མཐའ་དག་ཚང་བར་བྱས་ལ། མཆོད་གཏོར་བྱིན་བརླབ་ནི། རཾ་ཡཾ་ཁཾ། མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཉེར་སྤྱོད་འདོད་ཡོན་རྣམ་ལྔ་སྨན་རཀ་དང་། །བཟའ་བཅའི་གཏོར་མ་འཛད་མེད་འདོད་དགུའི་གཏེར། །ཡེ་ཤེས་བདུད་རྩིས་ནམ་མཁའ་གང་བར་གྱུར། །ཨོཾ་ཨརྒྷཾ་ནས། ཤབྡའི་བར་དང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་བྱིན་གྱིས་བརླབ། སྐྱབས་སེམས་ནི། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་ཛཾ་བྷ་ལའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །བླ་མ་མཆོག་དང་སྐྱབས་གསུམ་ཛཾ་བྷ་ལར། །གུས་པས་སྐྱབས་མཆི་འགྲོ་བའི་དབུལ་ཕོངས་ཀྱི། །གདུང་བ་བསལ་ཕྱིར་མགོན་ཁྱོད་བསྙེན་པར་བགྱི། །ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། ལྷ་བསྐྱེད་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། བརྟན་གཡོ་སྣང་གྲགས་འཁོར་འདས་ཆོས་རྣམས་ཀུན། །ཀ་དག་བདེ་ཆེན་སྟོང་ཉིད་གྱུར་པའི་ངང་། །པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །མ་ལས་ཉི་དཀྱིལ་ནོར་སྐྱུག་གནོད་སྦྱིན་ཟུང་། །བསྣོལ་མར་བརྩེགས་སྟེང་རང་རིག་ཡི་གེ་ཛཾ། །དམར་པོར་གྱུར་ལས་འོད་འཕྲོས་འཕགས་པ་མཆོད། །འགྲོ་བའི་དབུལ་བསལ་ཚུར་འདུས་ཛཾ་ལ་ཐིམ། །དེ་ཉིད་ཡོངས་གྱུར་མགོན་པོ་ཛཾ་བྷ་ལ། །རབ་དམར་སྒེག་ཅིང་ཆགས་པའི་ཉམས་ལྡན་སྐུ། །ཞལ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། ཁྲོ་འཛུམ་རྗེས་སུ་ཆགས་པའི་ལང་ཚོ་ཅན། །སྣ་ཚོགས་དར་གྱི་སྟོད་གཡོགས་སྨད་དཀྲིས་གསོལ། །རིན་ཆེན་དབུ་རྒྱན་དོ་ཤལ་སེ་མོ་དོ། །ཀླུ་རིགས་སྦྲུལ་གྱི་གདུ་བུ་མགུལ་རྒྱན་སོགས། །མཛེས་ཞིང་བརྗིད་ཆགས་རྒྱན་ཕྲེང་དུ་མས་སྤྲས། །དང་པོའི་ཕྱག་གཉིས་དབང་གི་རྒྱལ་པོ་དང་། །ནོར་བུས་གང་བའི་ཐོད་པ་སྟེང་འོག་འཛིན། །གཉིས་པས་འགུགས་བྱེད་ལྕགས་ཀྱུ་ཞགས་པ་འཛིན། །ཐ་མ་གཉིས་ཀྱིས་ནོར་སྐྱུག་ནེའུ་ལེ་བཙིར། །ཞབས་བཞི་གྱད་ཀྱི་དོར་སྟབས་གནོད་སྦྱིན་མནན། །ཛཾ་ལའི་ཐུགས་ཀར་ཧྲཱིཿལས་སྦས་པའི་ཡུམ། །ཀུ་རུ་ཀུལླེ་ཉི་གཞོན་འཆར་ཀའི་མདོག །ཞལ་གཅིག་ཕྱག་བཞི་མཛེས་ཤིང་ཡིད་འོང་གཟུགས། །དང་པོ་གཉིས་ཀྱིས་འདོད་པའི་མདའ་གཞུ་འགེངས། །གཉིས་པ་ལྕགས་ཀྱུས་འགུགས་ཤིང་ཞགས་པས་འཆིང་། །ཞབས་གཉིས་གཡོན་བརྐྱང་གར་གྱི་འགྱུར་བག་ཅན། ཁམས་གསུམ་དབང་སྡུད་ཆགས་པའི་ཉམས་སུ་འབར། །རང་གི་སྤྱི་མགྲིན་སྙིང་ཁར་ཨོཾ་དང་ཨཱཿ ཧཱུྃ་ཡིག་མཚན་ལས་འོད་ཟེར་དཔག་མེད་འཕྲོས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ཧྲཱིཿ མགོན་པོ་ཐུགས་རྗེའི་སྤྱན་ལྡན་རྒྱལ་བ་ཀུན། །འགྲོ་ལ་རྗེས་སུ་ཆགས་པའི་སྒྱུ་འཕྲུལ་གར། །གནོད་སྦྱིན་གཏེར་གྱི་བདག་པོར་རྣམ་རོལ་པ། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། ཞེས་སྤྱན་དྲངས་ལ་བཞུགས་སུ་གསོལ། མཆོད་པ་ནི། དྭངས་བསིལ་ཆུ་གཏེར་རྣམ་བཀྲའི་ཆུ་སྐྱེས་ཚལ། །ལྷ་ཡི་སྤོས་སྤྲིན་སྣང་གསལ་ཕྲེང་བར་སྤེལ། །དྲི་བཟང་ཆུ་ཀླུང་ཞལ་ཟས་ལྷུན་པོར་སྤུངས། །སྙན་འཇེབས་རོལ་མོའི་སྒྲ་འཁྲོལ་འདོད་ཡོན་ལྔ། །འཆི་མེད་བདུད་རྩི་རཀྟ་རུ་དྷཱི་རཾ། །པད་ཅན་ཆགས་པས་ཡིད་འགུལ་བདེ་བ་སྐྱེད། །ཟག་མེད་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁྱོན། །དོག་པོར་བྱས་ནས་མཆོད་དོ་དགྱེས་པར་མཛོད། །ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། པཉྩ་ཀཱ་མ་གུ་ཎ་ཨ་མྲྀཏ་རཀྟ་ཀརྨ་མུ་དྲ་པཱུ་ཛ་ཧོཿ གཏོར་མ་འབུལ་བ་ནི། ཛཾ་ལའི་སྨྲ་བྱེད་རྡོ་རྗེ་རྩེ་གསུམ་པའི། འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། མཁའ་ལྟར་ཁྱོན་ཡངས་ཡིད་འོང་ཟངས་གཞོང་དུ། །ཤ་ལྔ་བདུད་རྩི་སྣ་ལྔ་འབྲས་ཆན་དང་། ཁུར་བ་ཤིང་ཏོག་བུ་རམ་སྦྲང་རྩིའི་བཅུད། །སྣ་ཚོགས་ཤ་དང་མྱོས་བྱེད་བཅོས་པའི་ཆང་། །ཡིད་འོང་བཟའ་བཅའ་བཏུང་མྱང་ལྡག་པའི་ཚོགས། །མ་དག་སྦྱངས་ཤིང་བདུད་རྩིར་རབ་སྦར་ནས། །རྨུགས་འཛིན་གཏེར་གྱི་བདག་པོའི་ཞལ་དུ་འབུལ། །རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་གྱིས་ཕུལ་བས། ཛཾ་ལ་མཉེས་པས་གནས་གསུམ་ནོར་སྐྱུག་ལས། །འདོད་དགུའི་ཆར་ཕབ་བདག་ལ་བསྩལ་བར་གྱུར། །བསྟོད་པ་ནི། རྒྱལ་བ་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཡས༔ གཡོན་གཉིས་ནོར་བུས་གང་བའི་ཐོད་པ་དང༔ འཆིང་བྱེད་ཞགས་པས་ཁམས་གསུམ་འཆིང་བར་བྱེད༔ ཐ་མ་གཉིས་ཀྱིས་ནོར་སྐྱུག་བཙིར་ཞིང་འབེབ༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་རིགས་སྦྲུལ་ཆུན་ལྷ་ཡི་ན་བཟས་སྤྲས༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ ཅེས་བསྟོད། བཟླས་པ་ནི། ཐུགས་ཀའི་ཧྲཱིཿལས་ཀུ་རུ་ཀུལླེ་མ། །ལྕགས་ཀྱུ་ཞགས་པ་འཛིན་པ་དཔག་མེད་སྤྲོས། །འཇིག་རྟེན་ཁམས་ཀྱི་ནོར་རྫས་གང་འདོད་ཀུན། །ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས་བྱས་ལ། །རང་གི་ཁྱིམ་དྲངས་ཡོངས་སུ་གང་བར་གྱུར། །ཛཾ་ལའི་ཞལ་དང་ནེའུ་ལེ་གནོད་སྦྱིན་གྱིས། །སྣ་ཚོགས་རིན་ཆེན་འདོད་དགུའི་ལོངས་སྤྱོད་གཏེར། །འཛད་མེད་སྐྱུགས་པས་ཡོངས་སུ་གང་བར་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ། ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པ་བྱ་བ་ནི། ཐུགས་ཀའི་ལྷ་མོ་ཀུ་རུ་ཀུལླེ་ལས། །ལས་ཀྱི་མཁའ་འགྲོ་ཞལ་གཅིག་ཕྱག་གཉིས་མ། །ལྕགས་ཀྱུ་ཞགས་པ་འཛིན་པ་དཔག་མེད་སྤྲོས། །ཆེ་བཙན་འགྲོ་ཀུན་སྙིང་ནས་ལྕགས་ཀྱུས་བཟུང་། །ཞགས་པས་བཅིངས་ནས་རང་མདུན་དབང་མེད་བཀུག །དེ་ཉིད་བདག་ལ་དད་མོས་ཐལ་སྦྱར་ནས། །གུས་ཤིང་འདུད་པའི་ཚུལ་གྱིས་གནས་པར་གྱུར། །ལས་ཀྱི་ལྷ་མོས་བསྒྲུབ་བྱའི་སྤྱི་བོ་ནས། །སྙིང་གར་ཞུགས་པས་དབང་བསྡུས་སེམས་རྒྱུད་བསྐུལ། །ཡིད་ཆགས་མྱོས་པས་བརྒྱལ་ཏེ་རང་མདུན་འཁོད། །སླར་ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས། །འོད་འཕྲོས་བསྒྲུབ་བྱར་ཕོག་པས་ཆེར་མྱོས་ཏེ། །རང་དབང་མེད་པར་བདག་ལ་ཆགས་པར་བསམ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་པ་ཅི་ནུས་སུ་བྱས་ལ། ཐུན་མཚམས་སུ་ཆུ་སྦྱིན་བྱ་བ་སོགས་ཟུར་དུ་གསལ་བས་ཤེས་སོ། །ཚོགས་མཆོད་ནི། བཟའ་བཏུང་གི་ཡོ་བྱད་ཅི་འབྱོར་བཤམས་ལ། རཾ་ཡཾ་ཁཾ། མ་དག་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཟག་མེད་འདོད་ཡོན་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། ཚོགས་ཡུལ་སྤྱན་འདྲེན་པ་ནི། འདོད་དགུའི་མཆོག་སྩོལ་རྨུགས་འཛིན་གཏེར་གྱི་བདག །འགྲོ་བའི་དབུལ་ཕོངས་སེལ་མཛད་འཁོར་དང་བཅས། །ཡེ་ཤེས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །དགྱེས་ཤིང་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཚོགས་ཕུད་ནི། འདོད་ཡོན་ཟག་མེད་ཡེ་ཤེས་བདུད་རྩིའི་གཏེར། །རབ་འབྱམས་ནམ་མཁའ་གང་བར་རབ་སྤྲུལ་ཏེ། །སྐྱབས་གནས་མཆོད་འོས་སྤྱི་དང་ཁྱད་པར་དུ། །ནོར་བདག་ཛཾ་ལ་འཁོར་དང་བཅས་ལ་འབུལ། །རྩ་སྔགས་ལ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ཕུལ་བས་དགྱེས་པར་བསམ། བདག་ཉིད་ལྷར་གྱུར་མགྲིན་པར་ཛཾ་བྷ་ལ། །གསལ་བས་ཚོགས་རྫས་ལོངས་སུ་སྤྱད་པར་གྱུར། །ཅེས་པའི་དོན་བསམ་ཞིང་རོལ། ལྷག་མ་བདུད་རྩིར་སྤེལ་ལ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵཱ་ཡ་སྭཱ་ཧཱ། ཞེས་འབྱུང་པོ་རྣམས་ལ་ཕྱིར་སྦྱིན། ཐུན་བསྡུ་བ་ནི། མཆོད་བསྟོད་དང་ནོངས་བཤགས་བྱས་ལ། ཡེ་ཤེས་ལྷ་ཉིད་སྒྲུབ་པའི་རྟེན་ལ་ཐིམ། །དམ་ཚིག་འོད་ཞུ་ཐུགས་སྲོག་དྭངས་མར་བསྡུ། །དེ་ཡང་མི་དམིགས་སྤྲོས་ཀུན་ཞི་བའི་ངང་། ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་བཛྲ་མུཿ ཞེས་པས་ཐུན་བསྡུས་ལ། བསྔོ་སྨོན་ནི། འདིར་འབད་བསོད་ནམས་ཉིན་བྱེད་ལྟར་འབར་བས། །འགྲོ་བའི་དབུལ་ཕོངས་རྒུད་པའི་མུན་བསལ་ནས། །འཛད་མེད་འདོད་དགུའི་སྣང་བས་ཚིམ་བྱེད་པའི། །དགེ་ལེགས་ནོར་སྦྱིན་ཁྱོད་དང་མཉམ་པར་ཤོག །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད། གཞན་ཡང་བང་མཛོད་ཀྱི་གྭའུ་ཐོད་སྒྲུབ་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་ལོངས་སྤྱོད་སྤེལ་ཞིང་། གཞན་དབང་དུ་བྱེད་པའི་ཚུལ་ལ་སོགས་པ་རྣམས་རྩ་བའི་ཡི་གེའི་དོན་བརྒྱུད་ལྡན་དམ་པའི་ཕྱག་བཞེས་ཚད་མར་གྱུར་པའི་མན་ངག་ལ་གོམས་འདྲིས་སུ་བྱའོ། །འཕགས་པ་ཛཾ་བྷ་ལ་དམར་པོའི་སྒྲུབ་ཐབས་གཏེར་གཞུང་གི་དགོངས་པ་འཁྲུགས་བསྡེབས་དང་། ཁ་སྐོང་དུ་འོས་པ་རྣམས་བརྗོད་བདེའི་ཚིགས་བཅད་དུ་བགྱིས་པ་འདོད་དགུའི་གཏེར་མཛོད་ཅེས་བྱ་བ་འདི་ནི། ཆོས་མཛད་བློ་བཟང་མཁྱེན་བརྩེའི་གསུང་གིས་ནན་ཏན་དུ་བསྐུལ་བའི་ངོར་དགེ་བསྙེན་རྣལ་འབྱོར་སྤྱོད་པ་འགྱུར་མེད་རྡོ་རྗེས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཆོས་དཔལ་ལོ། །དགེའོ།། །། ༄༅། །ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་འབུལ་བའི་ཆོ་ག་བསམ་འཕེལ་ནོར་བུ་བཞུགས། །གང་ཞིག་དྲན་པས་དབུལ་བའི་གདུང་བ་ཀུན། །མཐར་བྱས་འདོད་དགུའི་ཆར་ཆེན་འབེབ་མཛད་པའི། །ནོར་སྦྱིན་རྒྱ་མཚོའི་མངའ་བདག་དེར་བཏུད་ནས། །ཟག་མེད་བདུད་རྩིའི་མཆོད་ཡོན་འདི་ན་སྦྲེང་། །འདིར་ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་བྱ་བར་འདོད་ན་སྟེགས་གཙང་མར་ཆུ་སྦྱིན་དང་གཏོར་སྣོད་ཀྱི་ཟངས་གཞོང་སོ་སོར་བཤམས་པའི་དང་པོར་སྐུ་གཟུགས་དང་། གཉིས་པར་གཏོར་མ། ཉེ་ལོགས་སུ་ཆུ་བུམ་སོགས་དགོས་ཆ་རྣམས་ཚོགས་པར་བྱས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པདྨ་ཉི་ཟླའི་དབུས། །གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །ཛཾ་ཡིག་དམར་པོ་མཆོག་ཏུ་འབར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་དབུལ་བ་བསལ། །ཚུར་འདུས་ཡོངས་གྱུར་ནོར་བདག་ཛཾ་བྷ་ལ། །དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་པའི་སྐུ། །ཀླུ་རིགས་ལྔ་དང་རིན་ཆེན་རྒྱན་གྱིས་སྤྲས། །གཡས་པའི་ཕྱག་གཉིས་རིན་ཆེན་ལྕགས་ཀྱུ་འཛིན། །གཡོན་གཉིས་ནོར་བུའི་ཐོད་པ་ཞགས་པ་བསྣམས། །མཐའ་གཉིས་ནོར་སྐྱུག་ནེའུ་ལེ་རེ་རེ་འཛིན། །བ་སྤུའི་གསེབ་ནས་རིན་ཆེན་ཆར་པ་འབེབ། །གཟི་བརྗིད་རབ་རྒྱས་འོད་ཟེར་ཕུང་པོར་འབར། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཛཾ་ལའི་ཐུགས་ཀར་སླར་ཡང་རཾ་དམར་པོ། །མེ་ཡི་སྙིང་པོ་འོད་ཟེར་འབར་བས་མཚན། །རཾ། ལན་གསུམ་བརྗོད། སྙིང་གའི་རཾ་ལས་སྲེག་བྱེད་མེ་འབར་བའི། །མེ་ལྕེས་བསྐམས་ཤིང་རབ་ཏུ་གདུངས་བར་གྱུར། །ཆུ་རྒྱུན་དལ་བུར་སྦྲེང་ཞིང་། ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུ་བོའི་རྒྱུན། །བསིལ་ཞིང་རྙོག་མེད་ཡིད་འོང་འདི་ཕུལ་བས། །སྐོམ་པའི་ཚ་གདུང་མ་ལུས་ཀུན་ཞི་ནས། །བདེ་དགའ་རྒྱ་མཚོས་ཁྱོད་ཉིད་འཚོ་གྱུར་ཅིག །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ། ཞེས་ཉེར་གཅིག་གིས་དབུལ། ཆུ་སྦྱིན་ཕུལ་པས་མཉེས་ཤིང་ཚིམས་གྱུར་ནས། །ཛཾ་ལའི་ཞལ་དང་ཕྱག་གི་ནེ་འུ་ལེ། །ཞབས་འོག་གནོད་སྦྱིན་གཉིས་ཀྱི་ཞལ་སྒོ་ནས། །འདོད་དགུའི་རིན་ཆེན་འཛད་མེད་གཏེར་ཆེན་པོ། །ཆར་ལྟར་ཕབ་ནས་བདག་ལ་བསྩལ་བར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཆུ་ཐིགས་གཅིག་རང་གི་ལྕེ་ཐོག་ཏུ་མྱོང་ངོ་། །དེ་ནས་གཏོར་མ་འབུལ་བ་ནི། བསང་སྦྱང་། ཨོཾ་ཨཱཿཧཱུྃ། གཏོར་མ་ཁ་དོག་དྲི་རོ་བཅུད་ལྡན་པའི། །འདོད་ཡོན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་གྱིས་ཕུལ་ལ། སླར་ཡང་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཧྲཱི༔ བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ༔ ཞེས་པ་ཙམ་མམ། རྒྱས་པར་གཞུང་གི་བསྟོད་པ་ཡོངས་རྫོགས་བྱ། དེ་ནས། མགོན་ཁྱོད་བརྩེ་བས་བདག་ལ་རྗེས་དགོངས་ཏེ། །ཚེ་དང་ནོར་དང་མཐུ་དཔལ་ལོངས་སྤྱོད་སོགས། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། བཛྲ་མུཿས་སྙིང་གར་བསྟིམ། གཏོར་མ་དང་ཆུ་སྦྱིན་གྱི་ཆུ་རྣམས་རང་གིས་ལོངས་སྤྱད་པར་བྱའོ། །ཞེས་པ་བཤེས་གཉེན་གྲྭ་སྟོན་ཆེན་པོའི་གཏེར་ལས་བྱུང་བའི་ཛཾ་དམར་གྱི་ཆུ་སྦྱིན་འབུལ་བའི་ཚུལ་ལ་དེང་སང་ཕྱག་ལེན་མི་མཐུན་པ་མང་ཞིག་འདུག་ཀྱང་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་། ཁྱབ་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་ཕྱག་ལེན་འཁྲུལ་པ་མེད་པའི་དོན་རྣམས་ཡིད་བརྟན་དུ་བཟུང་ནས་འཇུག་པ་བདེ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་འདི་ནི། རྣམ་པར་དགེ་བའི་ཐུགས་གསལ་ཞིང་ཟབ་མོའི་རྣལ་འབྱོར་སྤྱོད་པའི་ཆོས་མཛད་བློ་བཟང་མཁྱེན་བརྩེའི་གསུང་ངོར་འགྱུར་མེད་རྡོ་རྗེས་ཡི་གེར་བཏབ་པ་ཛ་ཡནྟུ།། །། ༄༅། །ཛཾ་དམར་གྲྭ་པའི་གཏེར་མའི་རྒྱུན་ཁྱེར་དངོས་གྲུབ་ཆར་འབེབ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། འདིར་གྲྭ་པ་མངོན་ཤེས་ཅན་ལུགས་ཀྱི་ཛཾ་དམར་བསྒོམ་པར་འདོད་པས། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆི་འོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས༴ དམ་པའི་ཆོས་རྣམས་ལ་སྐྱབས༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས༴ ཞེས་སོགས་སྐྱབས་འགྲོ་ཅི་འགྲུབ་དང་། སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར་བདག་གིས་ཛཾ་བྷ་ལ་བསྒྲུབ་པར་བགྱི་འོ། །ཞེས་སེམས་བསྐྱེད་ལན་གསུམ་བརྗོད། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ་མ་ལས་ཉི་མ་པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཛཾ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་བ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ༔ གཡོན་སྔོ་བ༔ རྩ་ཞལ་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ བར་པ་ན་ལྕགས་ཀྱུ༔ གཡོན་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུག་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་པ༔ དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མ་ལྕགས་ཀྱུ༔ གཡོན་འོག་མ་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿདམར་མོ་ལས་འོད་འཕྲོས་པས༔ ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས༔ ཁང་པར་མི་ཤོང་བ་ཙམ་སྤུངས་ཏེ་བྱིན༔ ཛཾ་བྷ་ལའི་ཞལ་དང༔ ནེའུ་ལེའི་ཞལ་དང༔ གནོད་སྦྱིན་ནོར་སྐྱུག་གཉིས་པོའི་ཞལ་རྣམས་ནས་གསེར་གཡུ་མུ་ཏིག་བྱེ་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས་བདག་གི་ཁང་པ་ཁེངས་པར་གྱུར༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་ཅི་མང་བཟླའོ། །མཐར་མི་དམིགས་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ། །ཆུ་སྦྱིན་ནི། མདུན་དུ་ཟངས་གཞོང་གི་ནང་དུ་བྲིས་འབུར་གྱི་རྟེན་ཡོད་ན་དེ་ཉིད་ལྷར་བསམ། རྟེན་མེད་ན་ལྷ་བསྐྱེད་ལ། དེའི་ཐུགས་ཀར་རཾ་དམར་པོ་ལས་མེ་འབར་ཏེ། ཞལ་ནས་མེ་ལྕེ་ལྷབ་ཀྱིས་བྱུང་བས་ཛཾ་བྷ་ལ་དེ་སྐོམ་པས་གདུང་བར་བསམ་ལ། ཨོཾ་ཛཾ་བྷ་ལ་སོགས་སྔགས་གོང་ལྟར་བརྒྱའམ་ཉེར་གཅིག་ཙམ་བརྗོད་ཅིང་ཆུ་གཙང་ཕུལ་བས་སྐོམ་པ་ཞི་ནས་མཉེས་ཏེ། ཞལ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུག་པ་དང་། ནེའུ་ལེ་གཉིས་ཀྱང་ཕྱག་གིས་བཙིར་བས་ནོར་བུ་སྐྱུགས། ཞབས་འོག་གི་ནོར་བདག་གཉིས་ལ་ཞབས་ཀྱིས་ཆེར་མནན་པས་ཀྱང་ནོར་བུ་སྐྱུག་ཅིང་། དེ་ལྟ་བུའི་ནོར་བུས་ཁྱིམ་གང་བར་བསམ་ལ་མཐར། ཛཾ་བྷ་ལའི་ཞལ་དང་ནེའུ་ལེ་གཉིས་པོ་ནོར་བདག་གཉིས་ལ་རང་གི་ལག་པས་རེག་པས་དངོས་གྲུབ་བདུད་རྩི་དམར་པོའི་རྣམ་པ་དེ་ཉིད་ལྕེ་ལ་མྱོང་བར་བསམ་སྟེ། ཨོཾ་ཨཱཿཧཱུྃ་ཞེས་ཆུ་ལ་རེག་ཅིང་འཐུངས་པའི་ལྷག་ཀྱང་རང་གིས་ལོངས་སྤྱད་པར་བྱའོ། །གཏོར་བསྔོ་བྱེད་ན། ཟངས་གཞོང་དུ་གཏོར་མ་རིན་པོ་ཆེ་འབར་བ་དམར་པོ་ལ་ཤ་ཆང་། སྦྲང་བུར་ཟས་སྣ་འབྲུ་སྣས་བརྒྱན་པའམ། མ་འབྱོར་ན་རང་གང་ཟ་བའི་ཁ་ཟས་དེ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར། མདུན་དུ་ཛཾ་བྷ་ལ་འཁོར་བཅས་བྱོན་པར་བསམ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད་པས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་ཞིང་གནས་གསུམ་ནས་རིན་པོ་ཆེ་འཛག་པར་བསམ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུག་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས༔ གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད༔ རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན༔ ཐ་མ་གཉིས་ནི་ནེའུ་ལེ་བཙིར་ཞིང་འབེབ༔ རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས༔ མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ༔ ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད༔ དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཅེས་བསྟོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་བརྗོད། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། བསྔོ་སྨོན་བཀྲ་ཤིས་བྱའོ། །འདི་ཡང་ངག་དབང་དཔལ་བཟང་གི་རྒྱུན་ཁྱེར་དུ་གཏེར་གཞུང་ལས་དགེ་སློང་པད་ཕྲིན་གྱིས་བཏུས་སོ།། །། ༄༅། །ཛཾ་བྷ་ལ་དམར་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་སྣང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རིགས་བརྒྱའི་ཁྱབ་བདག་བླ་མ་དང་། །རྒྱལ་ཀུན་གསུང་ལས་རྣམ་སྤྲུལ་པ། །པད་རཱག་མདངས་འཛིན་ཛཾ་བྷ་ལར། །བཏུད་ནས་དེ་ཡི་སྦྱིན་སྲེག་བྲི། །འདི་ལ་རྒྱས་པ་དང་དབང་གི་སྦྱིན་སྲེག་གཉིས་ལས། དང་པོ་རྒྱས་པའི་སྦྱིན་སྲེག་ནི། ཟླ་བའི་དཀར་ཕྱོགས་སམ་ཉི་ཕྱེད་ཀྱི་དུས་ནགས་ཚལ་སོགས་ཤིས་པའི་གནས་སུ་མཎྜལ་བ་བྱུང་དང་དྲི་བཟང་གིས་ཆག་ཆག་བཏབ་པར་རྡུལ་ཚོན་གྱིས་དཀྱིལ་འཁོར་རིན་པོ་ཆེའི་དབྱིབས་ཅན་བྲི། དེའི་ཁར་སྲོག་ཆགས་མེད་པའི་འོ་མ་ཅན་གྱི་ཤིང་སྐམ་པོས་གྲུ་བཞིར་བརྩིག །རང་གི་གཡས་ངོས་སུ་སྟེགས་ཀྱི་ཁར་ཁ་ཟས་བཟང་རྒུས་བརྒྱན་པའི་གཏོར་མ་དང་མཆོད་པ། ཁྱད་པར་མེ་སྲོག་འཛིན་པའི་རྫས་འོ་མ་ཅན་གྱི་ཡམ་ཤིང་དང་ཞུན་མར། བསྲེག་རྫས་ནི་རྩ་བར། ནས་དང༔ གྲོ་དང༔ འབྲས་དང༔ རིན་པོ་ཆེ་དང༔ ཤ་མར་བུ་རམ་ལ་སོགས་པ་ཟས་སྣ་དང༔ གོས་ཆེན་ལ་སོགས་གོས་སྣ་དང༔ ཞེས་པ་ལྟར་བསགས་ལ་བཤམས་ཤིང་། དགང་གཟར་བླུག་ལ་སོགས་པ་དགོས་ཆ་རྣམས་ཚོགས་པར་བྱས་ལ་སྤྲོ་ཞིང་དགའ་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་བཟང་པོའི་སྟབས་ཀྱིས་སྟན་ལ་འདུག་སྟེ། བདག་བསྐྱེད་ནི། ཡི་དམ་གང་ཡང་རུང་བའི་བསྐྱེད་བཟླས་བྱ་བའམ། ཡང་ན་དབང་གི་སྦྱིན་སྲེག་གི་སྐབས་རྩ་བར། ཏིང་ངེ་འཛིན་ནི་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད༔ ཅེས་པ་ལྟར་བདག་བསྐྱེད་ཛཾ་དམར་དུ་བསྒོམ་ན། སྒྲུབ་ཐབས་འདོད་རྒུའི་གཏེར་མཛོད་ལྟར་མཆོད་གཏོར་བྱིན་བརླབ་ནས་བཟླས་པའི་བར་དཀྱུས་བཞིན་དུ་བྱ་ཞིང་། ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པ་ནི་མ་བྱས་ཀྱང་ཆོག །དེ་ནས་བསྲེག་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་ལས་མཆོད་རྫས་བསྲེག་རྫས་ཚོགས། །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་ཁམས་ཀུན་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། རིན་པོ་ཆེ་ལས་བྱུང་བའི་མེས་ཏིང་ལོ་སྦར་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་བརྗོད་ཅིང་མར་ཁུས་ཀྱང་གསོ། ཐབ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་རྒྱས་པའི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་སེར་པོ་འཕྲོ་བའི་དབུས། །ཞེས་པའི་མཇུག་ཏུ། པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་བླངས་ལ། རྫས་རྣམས་བསྲེགས་པའི་བདུད་རྩི་དྭངས་མའི་འོད། །ཞལ་དུ་དྲངས་པས་མཉེས་ཤིང་ཚིམས་གྱུར་ནས། །ཛཾ་ལའི་ཞལ་དང་ཕྱག་གི་ནེ་འུ་ལེ། །ཞབས་འོག་གནོད་སྦྱིན་ཀུན་གྱི་ཞལ་སྒོ་ནས། །འདོད་དགུའི་རིན་ཆེན་འཛད་མེད་གཏེར་ཆེན་པོ། །ཆར་ལྟར་ཕབ་ནས་བདག་ལ་བསྩལ་བར་གྱུར། །ཅེས་གསལ་བཏབ་ནས། སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཛྭ་ལ་རཾ་རཏྣ་སིདྡྷི་ཧཱུྃ༔ ཞེས་པས་རྫས་རྣམས་ཐབ་ཏུ་རིམ་པར་ཕུལ་ཞིང་། བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ནོར་དང་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ། །ཞེས་འདོད་དོན་ཀྱང་གསོལ། སྤྲོ་ན་ཚོགས་མཆོད་སྒྲུབ་ཐབས་ནས་བླངས་ཏེ་ཚོགས་ཕུད་ཀྱང་ཐབ་ཏུ་འབུལ། ལྷག་མ་ཕྱིར་དོར། མཆོད་བསྟོད་ནོངས་བཤགས་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་དང་ཤིས་བརྗོད་རྒྱས་བསྡུས་ཅི་རིགས་པ་བྱ། ཐལ་བ་མཛོད་དུ་སྦའོ།། ༈ །།གཉིས་པ་དབང་གི་སྦྱིན་སྲེག་ནི། ཟླ་བ་མར་ངོའམ་ཉི་མ་ཕྱི་དྲོའི་དུས། ཆུ་བོ་འདུས་པའི་མདོ་ལ་སོགས་པའི་གནས་སུ་མཎྜལ་ཟླ་གམ་བྲིས་པའི་ཁར་ཙན་དན་ནམ་མཛོ་མོ་ཤིང་ལ་སོགས་པས་ཟླ་གམ་དུ་བརྩིག །སྤྱི་མཆོད་གཏོར་མ་རྣམས་སྔར་ལྟར་ལས། ཁྱད་པར་དམར་ལ་དྲི་ཞིམ་པའི་ཡམ་ཤིང་། འབྲི་མོག་གིས་བསྒྱུར་བའི་མར་ཁུ། བསྲེག་རྫས་རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ། མེ་ཏོག་གླང་སྣ་དམར་པོ་དང་ཁུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམས་བསགས་ལ། ཆགས་ཤིང་དུང་བའི་བསམ་པ་དང་ལྡན་པས་བྱང་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་འདུག་སྟེ། སྒྲུབ་ཐབས་ལྟར་ཛཾ་དམར་གྱི་བདག་བསྐྱེད་བཟླས་པའི་བར་བྱ་ཞིང་། འདིར་ཐུན་མོང་མ་ཡིན་པ་དབང་སྡུད་ཀྱི་བཟླས་པའང་བྱེད། ཁྱད་པར་གསང་བའི་ལྷ་མོ་ཀུ་རུ་ཀུལླེའི་ཐུགས་ཀ་ནས་སྤྲོས་པའི་ལས་ཀྱི་ལྷ་མོས་བསྒྲུབ་བྱ་གང་ཡིན་ལྕགས་ཀྱུ་དང་ཞགས་པས་དྲངས་པའི་དམིགས་གནད་དེ་ཉིད་ཀྱིས་བསྒྲུབ་བྱ་ལིངྒ་ལ་ཡང་ཡང་བསྟིམ་མོ། །དེ་ནས་བསྲེག་རྫས་རྣམས་བྱིན་རླབས་སྔར་ལྟར་བྱ། རང་འདོད་པའི་ལག་ནས་བྱུང་བའི་མེ། ཨོཾ་ཨགྣི་ཛྭ་ལ་རཾ་གྱིས་སྦར། ཐབ་བསང་སྦྱང་། མི་དམིགས་སྟོང་པའི་ངང་ལས་རང་ཉིད་ཀྱི། །མདུན་དུ་དབང་གི་ཐབ་ཁུང་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་དམར་པོ་འཕྲོ་བའི་དབུས། །པཾ་ལས་པདྨ་ཨ་ལས་ཟླ་བ་དང་། །ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ནས་བླངས་རྗེས། རྫས་རྣམས་བསྲེགས་པའི་བདུད་རྩི་དྭངས་མའི་འོད། །ཞལ་དུ་དྲངས་པས་མཉེས་ཤིང་ཚིམས་གྱུར་ནས། །དེ་ཡི་ཐུགས་ནས་ལས་ཀྱི་ལྷ་མོ་དམར། །ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་མེད་འཐོན། །ཆེ་བཙན་འགྲོ་རྣམས་མེ་ལྷའི་མདུན་དུ་བཀུག །དེ་དག་གུས་པས་ཐལ་སྦྱར་གནས་པ་ལ། །ལས་ཀྱི་ལྷ་མོ་བསྒྲུབ་བྱའི་སྤྱི་བོ་ནས། །སྙིང་གར་ཞུགས་པས་དབང་འདུས་སེམས་རྒྱུད་བསྐུལ། །ཡིད་ཆགས་མྱོས་པས་བརྒྱལ་ཐབས་གནས་པར་གྱུར། །སླར་ཡང་རྫས་ཕུལ་མེ་ཉིད་ཆེར་འབར་ཤིང་། ཁྱད་པར་ལྷ་ཡི་ཐུགས་ཀའི་འོད་དམར་པོས། །རེག་པས་བསྒྲུབ་བྱ་ཆགས་པའི་མེས་གདུངས་ཏེ། །རང་དབང་མེད་པར་བདག་ལ་ཆགས་པར་གྱུར། །ཅེས་པའི་དོན་བསམ་བཞིན་དུ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་པས་རྫས་རྣམས་ཐབ་ཏུ་རིམ་པར་ཕུལ་ཞིང་། བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ཆེ་བཙན་འགྲོ་ཀུན་དབང་དུ་སྡུད་པར་མཛོད། །ཅེས་འདོད་དོན་ཡང་གསོལ། ཚོགས་མཆོད་བྱ། མཆོད་ཅིང་བཟོད་པར་གསོལ་ནས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། ཐལ་བ་རིའི་རྩེ་ནས་འཕྱར་བའམ། ཡང་ན་ཆུ་ལ་སྦྱང་ངོ་། །རྒྱས་པ་དང་དབང་གཉིས་ཀ་ལ་བསྲེག་རྫས་རྣམས་སོ་སོར་འབུལ་བར་མི་ནུས་ན། ཡམ་ཤིང་དང་མར་ཁུ་ལིངྒ་གསུམ་མ་གཏོགས་པའི་རྫས་རྣམས་ཕྱེ་མའམ་རིལ་བུ་གང་བདེར་བྱས་ལ་ཕུལ་ཀྱང་འགལ་བ་མེད་དོ། །ཚུལ་འདི་ཟིང་པོ་རིག་སྔགས་འཆང་བའི་ངོར། །གྲྭ་སྟོན་ཆེན་པོའི་གཏེར་གཞུང་དགོངས་དོན་བསྒྲིགས། །བླ་མའི་དྲིན་ལས་དྷརྨ་ཤྲཱིས་བསྡེབས། །འགྲོ་ཀུན་དབུལ་བའི་གདུང་བ་སེལ་བར་ཤོག། །།

RTZ-Tsagli-Dzongsar-WI-05-grwa mngon dzam dmar-01.jpeg
RTZ-Tsagli-Dzongsar-WI-05-grwa mngon dzam dmar-02.jpeg
RTZ-Tsagli-Dzongsar-WI-05-grwa mngon dzam dmar-03.jpeg
RTZ-Mandala-Dzongsar-06-516-grwa mngon dzam dmar.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).