Terdzo-TSI-010

From Rinchen Terdzö

དབང་སྐུར་གྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ལས། གཏེར་གསར་ཕྱག་རྡོར་གཏུམ་པོའི་དབང་དང་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པ་

dbang skur gyi cho ga pad+ma rA ga'i phreng ba las/_gter gsar phyag rdor gtum po'i dbang dang byab khrus gdon 'grol gyi rim pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  ཆོས་རྗེ་གླིང་པ་ (Chöje Lingpa)
in cycle  གཏུམ་པོ་སེང་སྒྲོག་ (Gtum po seng sgrog)
Volume 47 (ཙི) / Pages 153-168 / Folios 1a1 to 8b3

[edit]

༄༅། །དབང་སྐུར་གྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ལས། གཏེར་གསར་ཕྱག་རྡོར་གཏུམ་པོའི་དབང་དང་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པ་བཞུགས་སོ། ། མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །གསང་བའི་བདག་པོ་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སེལ་བར་མཛད་དུ་གསོལ། །དུར་ཁྲོད་མེ་རི་འབར་བ་རུ། །གཏུམ་པོ་དངོས་ཀྱིས་རྗེས་བཟུང་ཞིང་། །རྡོ་རྗེ་འཛིན་པའི་ཕྲིན་ལས་བདག །པདྨ་འབྱུང་གནས་གསོལ་བ་འདེབས། །བར་ཆད་སེལ་བར་མཛད་དུ་གསོལ། །ལས་ཀྱི་རྡོ་རྗེ་ཧེ་རུ་ཀ །ཐུགས་སྤྲུལ་རས་ཆུང་ཁྱུང་གི་བདག །གསང་བ་གྲུབ་པ་སྤྲུལ་པའི་སྐུ །འཛམ་གླིང་རྡོ་རྗེར་གསོལ་བའདེབས། །བར་ཆད་སེལ་བར་མཛད་དུ་གསོལ། །རང་ཉིད་གསང་བདག་ཆེན་པོའི་སྐུ །ཤེལ་གོང་ནང་གི་ལྷ་སྐུ་བཞིན། །སྣང་ལ་རང་བཞིན་མེད་བསྒོམས་པས། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ལུས་གདོན་མཐར་བར་བྱིན་གྱིས་རློབས། །ངག་ཏུ་དྲག་སྔགས་བརྗོད་པའི་གདངས། །གསལ་དག་སྙན་པར་བཟླས་པ་ཡིས། །ངག་ལ་གསུང་གི་བྱིན་གྱིས་རློབས། །ནུས་པ་ཐོན་པར་བྱིན་གྱིས་རློབས། །ངག་གདོན་སངས་པར་བྱིན་གྱིས་རློབས། །ཡིད་ཀྱིས་ཏིང་འཛིན་གསལ་བ་དང་། །སྤྲོ་བསྡུ་ཁ་བསྒྱུར་སྣ་ཚོགས་ལ། །ཟབ་མོ་སྣང་བའི་ཏིང་འཛིན་གྱིས། །ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས། །ཡིད་གདོན་དག་པར་བྱིན་གྱིས་རློབས། །ཀ་དག་དྲི་མེད་རྟོགས་གྲོལ་ཤོག །གསང་བདག་ཡེ་ཤེས་སྐུ་ཉིད་ལ། །ཉི་མ་དང་ནི་འོད་ཟེར་བཞིན། །ཡེ་ཤེས་གཟའ་མཆོག་དཀར་པོའི་སྐུ །དུག་དང་བྲལ་བ་ཤེལ་དཀར་བཞིན། །ཕྱག་རྡོར་ཐུགས་ཀར་གསལ་བ་དེས། །འཇིག་རྟེན་གཟའ་ཡི་དུག་ནད་དང་། །འཁུ་ཟློག་བར་ཆད་ཞི་བར་ཤོག །དུག་གི་ནུས་པ་ཕྱིར་དབྱུང་ཤོག །གདོན་གྱི་བར་ཆད་བཟློག་པར་ཤོག །དུག་གདོན་གནོད་པ་ཀུན་བྲལ་ནས། །རྡོ་རྗེ་འཛིན་པ་མྱུར་འགྲུབ་ཤོག །ཅེས་གཏེར་གསར་གསང་བདག་གི་གསོལ་འདེབས་འདི་བཞིན་ཆོས་རྗེ་གླིང་པས་བྲིས། སྐྱབས་འགྲོ་སེམས་བསྐྱེད་ནི། དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་ཀུན། །འགྱུར་མེད་གསང་བདག་ཐུགས་ཀྱི་ལྷར། །ཡོངས་སུ་འདུས་ལ་སྐྱབས་སུ་མཆི། །སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད། ལན་གསུམ། སྔོན་འགྲོ་གཏོར་མ་འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ལན་གསུམ་བྱིན་གྱིས་བརླབ། ལན་ཆགས་གནོད་བྱེད་བགེགས་གདོན་རྣམས། །གླུད་རྫས་གཏོར་མ་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་དེངས། །གལ་ཏེ་བཀའ་ལ་འདའ་བྱེད་ན། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །བཛྲ་པཱ་ཎི་ཨུཙྪཱ་ཊ་ཡ་ཕཊཿ བགེགས་བསྐྲད། བཛྲ་ཛྭ་ལ་རཀྵ་ཧཱུྃ། སྲུང་འཁོར་བསྒོམ། མཆོད་རྫས་རྣམས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་དང་ཐོད་པའི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། སརྦ་པཉྩ་མ་ཧཱ་རཀྟ་བ་ལིཾ་ཏ་པཱུ་ཛ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བདག་མདུན་འཇུག་པ་གཅིག་པས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། མ་སྐྱེས་གདོད་མའི་ཀློང་ལས་སྐད་ཅིག་གིས། །འགག་མེད་འཆར་སྒོ་མཁའ་ལ་སྤྲིན་བཞིན་དུ། །རྒྱུ་ཡི་རིག་པ་མཐིང་ནག་ཧཱུྃ་དུ་ཤར། །དེ་ལས་སྣོད་བཅུད་དཀྱིལ་འཁོར་མ་ལུས་རྫོགས། །ཕྱི་ནང་མེད་པ་སྟོང་གསལ་མེ་འོད་ཀློང་། །པདྨ་ཉི་དབྱིངས་ཧཱུྃ་ཉིད་ཡོངས་གྱུར་ལས། །བདག་མདུན་དབྱེར་མེད་རྡོ་རྗེ་གཏུམ་པོ་བསྒོམ། །མཐིང་ནག་ཁྲོ་ཆས་སེང་གེའི་སླག་པ་གསོལ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གདེང་། །ཕྱག་གཡོན་སྡིགས་མཛུབ་ཁྱུང་དམར་ཁྲ་ཐབས་འགྱེད། །མེ་དཔུང་ཀློང་ནས་ཧཱུྃ་གི་སྒྲ་གདངས་ལྡིར། །མེ་ཡི་ཚྭ་ཚྭ་ཁྲོ་བཅུ་ཁྲོ་ཆུང་འགྱེད། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནག །དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་དྲངས། །སྤྱན་འདྲེན་པ་ནི། ཧཱུྃ། ཆོས་ཉིད་ནམ་མཁའི་དཀྱིལ་འཁོར་ནས། །བདེར་གཤེགས་རྒྱལ་བའི་ཐུགས་ཀྱི་སྲས། །ཕྱག་ན་རྡོ་རྗེ་གསང་བའི་བདག །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིས་བུམ་པ་གང་བས་དབང་བསྐུར། སྐུ་གང་དྲི་མ་ཐམས་ཅད་དག །ཆུ་ལྷག་གྱེན་དུ་འཁྱིལ་བ་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་ནི། ཧཱུྃ། གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་མཆོད་སྤྲིན་འཐིབ། །གཟུགས་སྒྲ་དྲི་རོ་འདོད་ཡོན་ལྔ། །གསང་བ་མཆོག་གི་ཨ་མྲྀཏ། །རྨད་དུ་བྱུང་བའི་གཏོར་མ་དང་། ཁམས་གསུམ་འཁོར་བ་བསྒྲལ་པའི་ཁྲག །ཆོས་དབྱིངས་དག་པའི་དཀྱིལ་འཁོར་དུ། །སྣང་སྲིད་ཐམས་ཅད་མཆོད་པར་སྦྱར། །ཨ་ལ་ལ་སྟེ་མཆོད་པ་བཞེས། །བཛྲ་པུཥྤེ་སོགས་དང་། མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས། །ཐུགས་རྗེའི་དབྱིངས་ལས་སྤྲུལ་པའི་སྐུ་མཆོག་ནི། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་འཛིན། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། བཟླས་པ་བྱ་བ་ནི། བདག་མདུན་གྱི་ཐུགས་སྲོག་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱི་སྤྲོ་བསྡུས་དོན་གཉིས་བྱས་པར་མོས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་སིཾ་ཧ་གཎྜྷེ་དྷརྨ་དྷཱ་ཏུ་ཧཱུྃ་ཕཊཿདང་། ཤམ་བུ། ཏྲིག་ཁྲོཾ་ག་རུ་ཌཿཧཾ་ས་ཧེ་ཙ་ལེ་ཙ་ལེ་ཧཱུྃ་བཏགས་པ་ཅི་ནུས་བཟླས། ལས་བུམ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པས་སློབ་མ་རྣམས་ཁྲུས་བྱ། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད། མཎྜལ་ཕུལ་ཏེ་གནས་པ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་བྱིན་རླབས་དབང་བསྐུར་ཟབ་མོ་གསན་སྙམ་པ་མཛོད། དེ་ལ་འདིར་ཕྱག་ན་རྡོ་རྗེའི་ཆོས་སྐོར་རྣམ་གྲངས་རིགས་མི་འདྲ་བ་དུ་མ་ཞིག་མཆིས་པ་རྣམས་ཀྱི་ནང་ནས་འདིར། དུར་ཁྲོད་ཆེན་པོ་མེ་རི་འབར་བར་གསང་བདག་དངོས་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བསྩལ་ཅིང་། སློབ་དཔོན་དེ་ཉིད་ཀྱིས་ཡི་དམ་འདིའི་སྒོ་ནས་བལ་པོའི་གྱང་ནག །མལ་གྲོ་གཟི་ཆེན། བསམ་ཡས་ཨཱརྻ་པཱ་ལོའི་ཀླུ་སོགས་བཏུལ་ཅིང་། སྙིགས་མ་རྩོད་ལྡན་གྱི་མཐའ་མར་གཟའ་ཀླུ་སྡེ་བརྒྱད་ཀྱི་གཉེན་པོར་དགོངས་ཏེ་ཟབ་མོའི་གཏེར་ཁ་དུ་མར་ཆོས་བཀའ་རྒྱས་བསྡུས་མི་འདྲ་བ་དུ་མ་ཞིག་སྦས་པར་མཛད་པ་ལས། རྡོ་རྗེ་གཏུམ་པོ་དང་སེང་སྒྲོག་སྦྲགས་མའི་ཆོས་སྐོར་འདི་གཏེར་སྟོན་ཆོས་རྗེ་གླིང་པས་སྤུ་བོ་མཎྜལ་ཐང་གི་གཟའ་གདོང་དམར་ནག་གི་སྐུ་རྒྱབ་ནས་སྤྱན་དྲངས་པ་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་ཡིན། དེ་ལྟ་བུའི་ཆོས་བཀའ་ལས་བྱུང་བའི་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བར་བྱེད་པ་ལ་སློབ་དཔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམས་པ་གྱིས་ལ། དེའི་སྤྱན་སྔར་དབང་བསྐུར་ཞུ་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཀྱཻ། བླ་མ་གསང་བདག་རྡོ་རྗེ་འཛིན། །དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །སྒོ་གསུམ་སྨིན་པར་མཛད་དུ་གསོལ། །ལན་གསུམ། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྐྱབས་ཡུལ་རྣམས་ཀྱིས་བསྐོར་ནས་བཞུགས་ཡོད་པའི་མོས་པ་གྱིས་ལ་རྒྱུན་བཤགས་འདི་ཡི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གི་བར་དུ་ལན་གསུམ་བྱ། དངོས་གཞི་དབང་གི་སླད་དུ་དམིགས་པ་འདི་བཞིན་གྱིས། སློབ་མ་རྣམས། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་གཏུམ་པོ་མཐིང་ནག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་བཅས་པའི་རྩེར་ཁྱུང་དམར་ཁྲ་ཐབས་སུ་འགྱེད་པ། སྐུ་སྟོད་སེང་གེའི་སླག་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། མེ་ཕུང་འབར་བའི་ཀློང་ན་ཞབས་གཉིས་གྱད་ཀྱི་འདོར་ཐབས་ཀྱིས་བཞེངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་སྤྱན་དྲངས། སློབ་མ་དམ་ཚིག་སེམས་དཔར་གསལ་བ་ལ་དབྱེར་མེད་དུ་ཐིམས་པའི་མོས་པ་གྱིས། ཌཱ་དྲིལ་ཁྲོལ། རྩ་སྔགས་ཀྱི་མཇུག་ཏུ་ཛྙཱ་ན་ཨཱ་བེ་ཤ་ཡ་བཏགས་པ་མང་དུ་བརྗོད་པས་བྱིན་རླབས་ཕབ་བོ། །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ཅིང་སུ་པྲ་ཏིཥྛ་བརྗོད་པས་བརྟན་པར་བྱའོ། །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། བཀྲ་ཤིས་རྣམ་རྒྱལ་བུམ་པས་དབང་བསྐུར་བས། །ཡེ་ཤེས་རྣམ་པ་བཅུ་ལ་དབང་བྱེད་ཅིང་། །ལོག་འདྲེན་གདུག་པའི་ཚོགས་ལས་རབ་རྒྱལ་ནས། །རྣམ་པ་ཀུན་མཁྱེན་མཆོག་གི་དབང་ཐོབ་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། བུམ་ཆུ་སྤྱི་བོར་བླུག །དེ་ལྟར་སྐུ་བུམ་པས་དབང་བསྐུར་པས་ལུས་ཀྱི་སྟེང་ན་ཡོད་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཕྱག་ན་རྡོ་རྗེའི་སྐུའི་བྱིན་རླབས་ཞུགས། ལུས་ནུས་པ་དང་ལྡན། སྤྲུལ་སྐུ་འགྲུབ་པའི་སྐལ་ལྡན་དུ་བྱས་པའི་མོས་པ་མཛོད། ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་། ཧཱུྃ། རྣམ་དག་ཡེ་ཤེས་མཆོག་གི་བདུད་རྩི་འདི། །འཐུངས་པས་ཡིད་ལ་ཁྱབ་ཅིང་ངག་གྲོལ་ཏེ། །གསུང་དབྱངས་ཡན་ལག་དྲུག་ཅུ་རབ་ལྡན་པའི། །ཐུགས་རྗེ་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་བྱིན། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱེ་སྟེ་ཁྱེད་རང་རྣམས་ཀྱི་ཁ་ནས་ཞུགས། སྙིང་གའི་ས་བོན་མཐར་སྔགས་ཕྲེང་འཁོར་བའི་མོས་པ་གྱིས་ལ་བཟླས་པའི་རྗེས་ཟློས་ལན་གསུམ་དང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །གྱིས་ཀྱང་རྗེས་ཟློས་དང་། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་དང་མེ་ཏོག་འཐོར། དེས་བདུད་རྩི་བཟླས་ལུང་གི་དབང་ཐོབ་པས་ངག་གི་སྟེང་ན་ཞེས་གོང་བཞིན་ལས། ངག་དང་། ལོངས་སྐུ་ཞེས་བསྒྱུར། རྡོ་རྗེ་སྙིང་ཁར་བཞག་ལ། ཧཱུྃ། དྲི་མེད་ཟླ་གསང་ཙིཏྟའི་དཀྱིལ་འཁོར་དུ། །ལག་ན་རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས། །སྐྱེ་མེད་ངང་ལས་འགག་མེད་ཚུལ་བསྟན་ནས། །མཁྱེན་བརྩེའི་ཡེ་ཤེས་རྒྱས་པའི་དབང་ཐོབ་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་ཡིད་ཀྱི་སྟེང་ན་སོགས། ཡིད་དང་། ཆོས་སྐུ་ཞེས་སྒྱུར། དཔལ་གཏོར་ཐོགས་ལ། ཧཱུྃ། ཕྱི་ལྟར་དམ་རྫས་རྨད་བྱུང་བ་ལིཾ་ཏ། །ནང་དུ་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་བཞུགས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་བ་ཡིས། །མི་ཕྱེད་རྡོ་རྗེ་གསུམ་དུ་འགྲུབ་གྱུར་ཅིག །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། གནས་གསུམ་དུ་བཞག་ཅིང་སླར་ཡང་སྤྱི་བོར་བཞག་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། གསང་བའི་བདག་པོ་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་འཁོར་དང་བཅས་པས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཐམས་ཅད་རྒྱས་པར་མཛད་དུ་གསོལ། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྩོལ་བར་མཛད་དུ་གསོལ། ཅེས་བརྗོད། གཏོར་མའི་ལྷ་ཚོགས་ཀྱིས་དེང་ནས་གཟུང་སྟེ་བྱང་ཆུབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཞིང་། མཐུན་རྐྱེན་དངོས་གྲུབ་ཐམས་ཅད་སྩོལ་བ་ཡིན་ནོ། །ཞེས་པའི་གནང་བ་བཟང་པོ་དང་བཅས་ཏེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། བྱས་ལ་གཏོར་ཟན་དང་བདུད་རྩི་བསྲེས་པ་ཅུང་ཟད་དངོས་གྲུབ་ཏུ་སྦྱིན། དེ་རིང་ནས་གཟུང་སྟེ་ཇི་སྲིད་ཀྱི་བར་དུ་གསང་བའི་བདག་པོའི་དམ་ཚིག་གི་གནས་ལ་ཉེ་བར་གནས་པའི་འདུན་པ་དང་ལྡན་པར་མོས་ལ་འདི་ཡི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །བླ་མ་དང་ལྷ་ལ་བཀའ་དྲིན་གཏང་རག་གི་ཚུལ་དུ་མཎྜལ་གཅིག་འབུལ་བར་ཞུ། བྱས་ལ་མཎྜལ། དེས་ཕྱག་ན་རྡོ་རྗེའི་བྱིན་རླབས་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བསྔོ་སྨོན་བྱ་ཞིང་སློབ་མ་གྲོལ། མཆོད་བསྟོད་བསྡུས་པ་བྱ། ཡིག་བརྒྱ་བཟླ་ཞིང་། མ་འབྱོར་པ་དང་སོགས་ཤླཽཀ་གཉིས་ཀྱིས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ཤིས་བརྗོད་སོགས་སྤྱི་བཞིན་དུ་བྱའོ།། །། ༄༅། །འདི་ལ་བརྟེན་པའི་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པ་བྱ་བར་འདོད་ན། སྟེགས་ཀྱི་ཁར་མེ་ཏོག་གི་ཚོམ་བུ་གཅིག་བཀོད། དེའི་ཁར་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་རྒྱུན་འབབ་ཀྱི་ཆུ་དང་བཟང་དྲུག་སྦྱར་བས་བཀང་། དེའི་སྟེང་དུ་ཐོད་པའམ་དུང་ཆོས་ཀྱི་སྣོད་དུ་གཞུང་ལས་ནུས་ལྡན་གྱི་དྲི་ཆུ་སོགས་བཤད་ཀྱང་ཆུ་གཙང་ལ་ཆོས་སྨན་སྦྱར་བས་རུང་། ཁ་དར་ནག་གིས་བཀབ། གཟུངས་ཐག་རྡོ་རྗེ་བཏགས། མདུན་དུ་སྨན་རཀ་གཏོར་གསུམ་ཉེར་སྤྱོད་ལྔ་སོགས་བཤམ། ཁྲུས་ལྡེར། ངར་གླུད། ཏིང་ལོ། ཆངས་བུ། གཏོར་མ། རྨ་བྱའི་སྒྲོ་ཕོན་དང་ལྕུག་མ་སོགས་བྱབ་རྫས། ཁྲུས་གདན་དཀར་ནག་སོགས་བཤམ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་སྤོས་ཐུན་མེ་ཏོག་གི་སྣོད་སོགས་འདུ་བྱ། སྔོན་འགྲོ་སྐྱབས་སེམས་ནས་གཟུང་སྟེ་དངོས་གཞི་བཟླས་པའི་བར་སྒྲུབ་ཐབས་ཀྱི་ནང་བཞིན་དུ་བྱ་ཞིང་། བཟླས་པའི་སྐབས་སུ་ཁྱད་པར། བུམ་པའི་ནང་དུ་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་གསལ་བའི་ཐུགས་སྲོག །བདག་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། སྐུའི་ཆ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ། གཏུམ་པོའི་སྔགས་དང་བྱ་བྱུང་གི་ཤམ་བུར། ཨེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་སྭཱ་ཧཱ། བཏགས་པ་མང་དུ་བཟླ་ཞིང་མཐར་དུང་ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ་བས། ལྷ་ཚོགས་རྣམས་འོད་དུ་ཞུ། རྡོ་རྗེ་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་མེད་དུ་གྱུར་པར་མོས། ཁྲུས་གདན་ནག་པོའི་ཁར་བསྒྲུབ་བྱ་གནས་པ་ལ་བུམ་པའི་ཆུས་འཁྲུད་ཅིང་། ཧཱུྃ། དཀོན་མཆོག་བདེན་པའི་ཐུགས་རྗེ་དང་། །རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་མཐུ། །རྟེན་འབྲེལ་རྫས་ཀྱི་སྦྱོར་བ་དང་། །རྣམ་དག་ལྷ་ཡི་ཆུ་རྒྱུན་དང་། །རྨད་བྱུང་ཡེ་ཤེས་བདུད་རྩི་འདིས། །ལས་དང་ཉོན་མོངས་བག་ཆགས་དང་། །ནད་གདོན་སྡིག་སྒྲིབ་མ་ལུས་འཁྲུ། །ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །དབང་ཕྱུག་ཆེན་པོས་བཅིངས་པ་འཁྲུ། །མོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །ཨུ་མ་དེ་ཝཱིས་བཅིངས་པ་འཁྲུ། །དགྲ་སྲོག་འཁོར་ལོས་གཅོད་པའི་ཕྱིར། །གཤིན་རྗེ་ཡབ་ཡུམ་བཅིངས་པ་འཁྲུ། །མ་ཚོགས་དགྲ་ལ་དབབ་པའི་ཕྱིར། །སྲིད་པའི་རྒྱལ་མོས་བཅིངས་པ༴ གསང་སྔགས་བསྟན་པ་སྲུང་མཛད་མ། །སྔགས་སྲུང་ཆེན་མོས་བཅིངས་པ༴ དགྲ་ལ་བདུད་དམག་དབབ་མཛད་པའི། །དགྲ་ལྷས་བཅིངས་པ་ཐམས་ཅད་འཁྲུ། །དགྲ་སྙིང་ཟས་སུ་ཟ་མཛད་པའི། །རཀྴ་གློག་ཕྲེང་བཅིངས་པ༴ དགྲ་ཁྲག་སྐོམ་དུ་འཐུང་མཛད་པའི། །སྦལ་མགོ་ཁྲག་མིག་བཅིངས་པ༴ དགྲ་སྙིང་ཟས་སུ་རོལ་མཛད་པའི། །ཡཀྴ་མེ་དབལ་བཅིངས་པ༴ བསྟན་པའི་བར་ཆད་སྒྲོལ་མཛད་པའི། །མ་ཧཱ་ཀཱ་ལས་བཅིངས་པ༴ དམ་ལས་འདས་པ་བསྒྲལ་བའི་ཕྱིར། །རུ་དྲས་བཅིངས་པ་ཐམས་ཅད་འཁྲུ། །དགྲ་སྡང་ཁྲམ་ལ་དབབ་མཛད་པའི། །དམུ་ཡིས་བཅིངས་པ་ཐམས་ཅད་འཁྲུ། །ལོག་ལྟ་བར་ཆད་འདུལ་མཛད་པའི། །གུ་ལང་ནག་པོས་བཅིངས་པ༴ བར་ཆད་འགོང་པོ་འདུལ་མཛད་པའི། །ལྷ་རབས་ཤམ་པོས་བཅིངས་པ༴ མངོན་ཤེས་གཏན་ལ་དབབ་མཛད་པའི། །ཐོག་གི་བུ་ཡུག་བཅིངས་པ༴ ཟས་ནོར་དངོས་གྲུབ་སྟེར་མཛད་པའི། །ཐེའུ་རང་རྣམས་ཀྱིས་བཅིངས་པ༴ དགྲ་ལ་གྲི་ཐབ་གཏོང་མཛད་པའི། །བཙན་རྒོད་རྣམས་ཀྱིས་བཅིངས་པ༴ དགྲ་ལ་ཕུང་བརྡལ་གཏོང་བྱེད་པའི། །བི་ནཱ་ཡ་ཀས་བཅིངས་པ༴ དགྲ་ལ་ཕུང་གསུམ་གཏོང་བྱེད་པའི། །ཡམ་ཤུད་དམར་པོས་བཅིངས་པ༴ དགྲ་བོ་ཐུན་གྱིས་གསོད་མཛད་མ། །མགྱོགས་བྱེད་ནག་མོས་བཅིངས་པ༴ དགྲ་ལ་ཀླུ་ནད་གཏོང་བའི་ཕྱིར། །ཀླུ་བདུད་མགོ་དགུས་བཅིངས་པ༴ དགྲ་ལ་མཛེ་ནད་གཏོང་བའི་ཕྱིར། །ཡཀྴ་ནག་མོས་བཅིངས་པ༴ དེ་ལ་སོགས་ཏེ་ལྷ་སྲིན་གྱིས། །གཏད་ཁྲམ་མནན་གཟེར་ཐམས་ཅད་འཁྲུ། །ཕྱི་ཁྲུས་དུང་ལས་དཀར་བ་དང་། །ནང་ཁྲུས་མཆོང་ལས་དམར་གྱུར་ཅིག །བྱད་སྟེམས་ཉེས་ཚོགས་བྱང་གྱུར་ཅིག །ཅེས་པའི་མཐར་གཏུམ་པོའི་སྔགས་དང་ཁྱུང་སྔགས་དག་བྱེད་ཀྱི་སྔགས་བཟླ་བཞིན་པས་བཀྲུ་ཞིང་འཐུང་། རྨ་བྱའི་མདོངས་སྒྲོ་སོགས་བྱབ་རྫས་ཀྱིས་བྱབ་ཚུལ་བྱ་ཞིང་ནད་གདོན་རྣམས་ཁྲུས་ཆུ་དང་ངར་གླུད་ལ་ཐིམ་པར་བསམ། ཧཱུྃ། བདུད་རྩི་ཅན་གྱི་ཤིང་བུ་འདི། །བལ་བུ་བུ་ཡི་ཚུལ་དུ་བྱས། །དཔེ་འུ་ཤིང་གི་མ་ཚན་ཏེ། །མ་ཡི་རང་བཞིན་དག་ཏུ་བྱས། །མ་བུ་བསྡེབས་པའི་ལྕུགས་མ་ལ། །མདངས་ལྡན་རྨ་བྱའི་སྒྲོ་ཡིས་བརྒྱན། །གྲིབ་དང་ནད་གདོན་རིག་སྔགས་བྱད། །ཕ་རོལ་རྦོད་གཏོང་དྲག་པོ་དང་། །གཏད་སེལ་རླུང་གི་སྦྱོར་ངན་དང་། །ཕྲ་མེན་ཆོ་འཕྲུལ་ངན་པ་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས། །ཉེས་སྐྱོན་ལོག་པའི་སྦྱོར་བ་རྣམས། །མེ་ལོང་ཕྱིས་བཞིན་བྱང་གྱུར་ཅིག །སྟེང་ཕྱོགས་ལྷ་ཡིས་བཅིངས་པ་བྱབ། །ཤར་ཕྱོགས་དྲི་ཟས་བཅིངས་པ་བྱབ། །ཤར་ལྷོ་མེ་ལྷས་བཅིངས་པ་བྱབ། །ལྷོ་ཕྱོགས་གཤིན་རྗེས་བཅིངས་པ༴ ལྷོ་ནུབ་སྲིན་པོས་བཅིངས་པ༴ ནུབ་ཕྱོགས་ཆུ་ལྷས་བཅིངས་པ༴ ནུབ་བྱང་རླུང་ལྷས་བཅིངས་པ༴ བྱང་ཕྱོགས་གནོད་སྦྱིན་བཅིངས་པ༴ བྱང་ཤར་དབང་ལྡན་བཅིངས་པ༴ འོག་ཕྱོགས་ས་བདག་ཀླུ་ཡིས་བཅིངས་པ་བྱབ། །བྱབས་པས་ཐམས་ཅད་བྱང་གྱུར་ཅིག །གདོན་བགེགས་ལོག་འདྲེན་འབྱུང་པོ་རྣམས། །དོན་ལ་སྨྲ་བསམ་བརྗོད་མེད་ཡིན། །རང་སེམས་འཕོ་འགྱུར་བྲལ་བ་འདི། །འཁོར་འདས་གཉིས་མེད་ཆོས་ཀྱི་སྐུ །ཆོས་ཉིད་རང་ཚོ་ཟིན་གྱུར་ཅིག །གོང་གི་སྔགས་བརྗོད། གླུད་དང་ཆངས་བུ་གཏོར་མ་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པའམ་བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། བདེན་སྟོབས་སྤྱི་བཞིན་དུ་བརྗོད་པའི་མཐར། བསྒྲུབ་བྱ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་འདོད་ཡོན་གླུད་གཏོར་དག་གིས་ཚིམས་པར་གྱིས་ལ་གནོད་འཚེ་གདུག་པའི་བསམ་སྦྱོར་སྤོངས་ལ་རང་རང་གི་གནས་སུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་བདག་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་ཁྲོ་ཚོགས་རྣམས་ཀྱིས་ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །ཞེས་བརྗོད་ཁྲུས་ཆུ་གླུད་གཏོར་རྣམས་རྒྱང་རིང་པོར་དོར། གུ་གུལ་གྱིས་བདུག །ཕྱག་རྡོར་དང་ཁྱུང་གི་ཤམ་བུ་དྲག་སྔགས་ཡོངས་རྫོགས་སམ་བསྡུ་ན། སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་དྲོངས། ནཱ་ག་རཱ་ཛ་ཐུམས་རིལ་ཛཿ མཱ་ར་ཡ་བམ་རིལ། མཱ་ར་ཡ་རྦད། ཅེས་བཟླ། གདན་ནག་པོ་དོར། དཀར་པོའི་སྟེང་དུ་འཁོད་པ་ལ་རྫས་ཡོངས་རྫོགས་སམ། གུ་གུལ། གླ་རྩི། ཤུ་དག་ནག་པོ་གསུམ་གྱིས་ཐིག་ལེ་གནས་གསུམ་དུ་བྱ་ཞིང་། དཔྲལ་བར་བྱ་ཁྱུང་ནག་པོ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཡེ་ཤེས་སེམས་དཔའ་འམ་ཕྱག་ན་རྡོ་རྗེ་རྣམས་གསལ་བས་ནད་གདོན་ཐམས་ཅད་བསྲུང་བར་གྱུར་པར་མོས་ལ་རྩ་སྔགས་ཀྱི་ཤམ་བུར། ཁྲོཾ་ཧྲཱིཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་བསྲུང་། ཤིས་བརྗོད་ཅི་རིགས་བྱ། རྗེས་ཆོག་སོགས་གོང་བཞིན་དུ་བྱ་བ་ཡིན་ནོ། །དབང་བསྐུར་གྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ལས་གཏེར་གསར་ཕྱག་རྡོར་གཏུམ་པོའི་དབང་དང་བྱབ་ཁྲུས་གདོན་འགྲོལ་གྱི་རིམ་པའོ། །ཞེས་པ་འདིའང་ཉེར་མཁོའི་ཆེད་དུ་གཏེར་ཆེན་ཆོས་རྗེ་གླིང་པས་མཛད་པ་ལས་ཁོང་དུ་ཕྱུང་པ་དགེ་ལེགས་འཕེལ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).