Terdzo-TSHI-011



Property "Author" has a restricted application area and cannot be used as annotation property by a user. 








རྩ་གསུམ་ཐུགས་སྒྲུབ་དབང་ཆེན་འདུས་པ་ལས༔ བཀྲ་ཤིས་གཏེར་གྱི་སྒྲུབ་པ་འདོད་དགུའི་བང་མཛོད་

rtsa gsum thugs sgrub dbang chen 'dus pa las:_bkra shis gter gyi sgrub pa 'dod dgu'i bang mdzod

by  ཐུགས་མཆོག་རྡོ་རྗེ་ (Tukchok Dorje)
revealed by  ཐུགས་མཆོག་རྡོ་རྗེ་ (Tukchok Dorje)
in cycle  རྩ་གསུམ་དབང་ཆེན་འདུས་པ་ (Rtsa gsum dbang chen 'dus pa)
Volume 48 (ཚི) / Pages 141-157 / Folios 1a1 to 9a4

[edit]

ྈ རྩ་གསུམ་ཐུགས་སྒྲུབ་དབང་ཆེན་འདུས་པ་ལས༔ བཀྲ་ཤིས་གཏེར་གྱི་སྒྲུབ་པ་འདོད་དགུའི་བང་མཛོད་བཞུགས་སོ༔ ྈྈྈྈྈྈྈྈྈ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་སྐུ་ལ་འདུད༔ ཨེ་མ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྣོད་བཅུད་རྒུད་པའི་དཔལ་བསྐྱེད་ཕྱིར༔ བཀྲ་ཤིས་གཏེར་གྱི་སྒྲུབ་པ་བསྟན༔ སེམས་བསྐྱེད་ཤེས་རབ་ལྡན་པ་ཡིས༔ ཚུལ་བཞིན་ཉམས་སུ་བླང་གྱུར་ན༔ སྣོད་ཀྱི་དཔལ་སྐྱེད་ཕྱྭ་གཡང་འཁྱིལ༔ བཅུད་ཀྱི་སྐྱེ་འགྲོ་བདེ་སྐྱིད་ལྡན༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ བསོད་ནམས་ཡོན་ཏན་དཔག་ཏུ་མེད༔ དེ་ཕྱིར་ཕྱི་རབས་རྗེས་འཇུག་རྣམས༔ འདི་ལ་བརྩོན་འགྲུས་ནན་ཏན་སྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་ཚེ་བསྐལ་པ་ཡར་ལྡན་ལ༔ གླིང་བཞི་བརྟེན་པའི་རྒྱ་མཚོ་ཆེ༔ གཡས་འཁོར་ས་གཞི་འབྲེལ་ཐག་ཉེ༔ མཚོ་རླངས་ས་གཞིའི་བཅུད་འཕེལ་བས༔ ཆར་ཆུ་དུས་འབེབ་ལོ་ཕྱུགས་ལེགས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་མི་ཡི་འཇིག་རྟེན་གསུམ༔ བསོད་ནམས་གཅིག་ལ་གཅིག་བརྟེན་ནས༔ མི་གུད་ལྷ་ཀླུ་གཉིས་ཀྱང་གུད༔ དེ་ཕྱིར་འགྲོ་བ་མི་ཡི་ལུས༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་རྟེན༔ ཕུན་ཚོགས་ལྷ་ལས་ཆེས་ལྷག་པ༔ རང་བཞིན་ངང་གིས་ཉོན་མོངས་ཆུང༔ རང་གསལ་འོད་ཀྱིས་ཕྱོགས་ཀུན་གསལ༔ བདེ་དགའ་ཏིང་འཛིན་བཅུད་ཀྱིས་འཚོ༔ སྲིད་པ་གསུམ་པོ་ཀུན་ཀྱང་བདེ༔ དེ་ནས་མི་བློ་བདུད་ཀྱིས་བསྐྱོད༔ ངར་འཛིན་རྣམ་རྟོག་ཆགས་སྡང་གིས༔ བསོད་ནམས་ལོངས་སྤྱོད་རིམ་པར་གུད༔ འོད་མདངས་ཉམས་ཤིང་ཉི་ཟླ་སྣང༔ སྤྱི་མཐུན་ལས་ཀྱི་སྒྲིབ་པ་ལས༔ སྲུབས་ཤིང་བསྐྱོད་པའི་འཁྲུལ་འཁོར་གྱིས༔ རྒྱ་མཚོ་གཡོན་དུ་འཁོར་ཞིང་བྲི༔ མཚོ་རླངས་ས་གཞི་ཐག་འགྱངས་པས༔ འབྱུང་བའི་བཅུད་རྣམས་མར་མར་ཐིམ༔ བཅུད་འཛིན་ལྷ་ཀླུ་ནུས་སྟོབས་ཉམས༔ རྩོད་ལྡན་སྙིགས་མའི་ཡང་མཐའ་ལ༔ སྐྱེ་འགྲོ་དུག་ལྔ་རྩལ་ཧྲགས་པས༔ ཆགས་སྡང་འཐབ་རྩོད་སྡུག་བསྔལ་མེ་ལྟར་འབར༔ དགེ་བཅུའི་ཆོས་བོར་མི་དགེ་རླུང་ལྟར་འཚུབས༔ བཟང་སྤྱོད་ཀུན་བོར་ལོག་སྤྱོད་སྣ་དགུ་དར༔ སྐྱོབ་པའི་ལྷ་ཉམས་བདུད་འགོང་ཁ་དར་བས༔ དུས་ངན་མཐའ་མའི་ཁ་ཟས་དུ་བ་རྔུབ༔ སྟེང་གི་ལྷ་ཁྲོས་འོག་གི་ཀླུ་རྣམས་བརྒྱལ༔ བར་གྱི་གཉན་འཆི་མཛེ་ནད་སྣ་དགུ་དར༔ བོད་ཁམས་ལྷ་མནོལ་དགྲ་དང་གཤེད་དུ་བབས༔ སྐྱོབ་པའི་ལྷ་སྲུང་བྱེ་བྲག་བྱད་མཐུ་ཟུག༔ ཤེས་རབ་རྩ་འགགས་ཉོན་མོངས་ལས་རླུང་རྒྱས༔ དབུ་མ་འགགས་པས་རང་རིག་གསལ་མདངས་ནུབ༔ བསོད་ནམས་མར་འགྲིབ་སྲིད་པ་ཐམས་ཅད་འཁྲུགས༔ དུས་ཀྱི་ཆར་ཆད་དུས་མིན་ཆུ་ལྷོག་རྡོལ༔ ལོ་ཉེས་མུ་གེ་ནད་མཚོན་བཏུད་མར་འབྱུང༔ མཐའ་ནོར་དབུས་སླེབས་དཀོར་བདག་འདྲེ་རྒོད་འཚུབས༔ བྱིན་ལྡན་རྟེན་ཉམས་ལྟ་ལོག་ཆོས་ལོག་དར༔ ལྷ་སྲུང་གྱེས་ཤིང་རི་རབ་ནང་དུ་གཟིགས༔ མ་མོ་མཁའ་འགྲོའི་བཀའ་ཆད་དུར་ས་འཚུབས༔ མཐའ་མི་དབུས་ལྷགས་དབུས་མི་མཐའ་ལ་འཁྱམས༔ བདུད་རིགས་བསྟན་དར་འཛམ་གླིང་དམྱལ་ཐག་གཅོད༔ དེ་ཚེ་སེམས་བསྐྱེད་ནུས་ལྡན་སྐྱེས་བུ་ཡིས༔ སྟོང་ཉིད་སྙིང་རྗེའི་ཐུགས་རྗེ་ཆེར་སྐྱེད་ལ༔ ཡིད་བཞིན་ནོར་བུའི་གཏེར་སྒྲུབ་ཉམས་སུ་ལོངས༔ ལས་ཅན་འགྲོ་བ་ཐབས་ཀྱིས་དགེ་ལ་སྐུལ༔ འབྱོར་ཚོགས་དང་བསྟུན་རྟེན་འབྲེལ་མཐའ་རུ་དབྱུང༔ བློ་སྟོབས་རྩོལ་བ་སྐྱེད་ཅིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་ཕྱིའི་རྟེན་འབྲེལ་སྣོད་ཀྱི་དྭངས་མ་རཏྣ་ས་ཚོན་དར་སྣ་འབྲུ་སྨན་སོགས་གཙང་ཞིང་དག་པ༔ ནང་གི་རྟེན་འབྲེལ་བཅུད་ཀྱི་དྭངས་མ་རྣལ་འབྱོར་པ་རྩ་རླུང་དར་བ༔ གསང་བའི་རྟེན་འབྲེལ་རང་བྱུང་གི་དྭངས་མ་རིག་པ་བྱང་ཆུབ་ཀྱི་སེམས་བརྟན་ཅིང་རོལ་རྩལ་འཕྲོ་འདུ་ཅིར་ཡང་བསྒྱུར་ནུས་པ༔ བར་གྱི་མཚམས་སྦྱོར་གཟའ་སྐར་དར་ཞིང་སྦྱོར་བ་ལེགས་པ༔ དེ་མ་ཐག་པའི་རྐྱེན་སྦྱིན་བདག་དང་འཁོར་རྣམས་ཀྱང་དད་གུས་དང་ལྡན་པས་མི་མཐུན་པ་མེད་པ༔ དབུ་བཙུགས་ནས་མཐར་མ་འཁྱོལ་བར་བྱ་བ་གཞན་གྱིས་བར་མ་ཆོད་པར་ལག་ལེན་གཙང་མ་རྣམ་པར་དག་པའི་དགོངས་པ་དང་ལྡན་པས་བརྩམས་པའི་བྱ་བ་དོན་ཡོད་པར་བྱའོ༔ ཚུལ་དེ་ལྟ་བུའི་སྒོ་ནས་གཞན་དོན་གྱི་ཕྲིན་ལས་ཟབ་མོ་བཀྲ་ཤིས་གཏེར་གྱི་སྒྲུབ་པར་འཇུག་པ་ལ་གསུམ༔ སྔོན་འགྲོ་རྟེན་འབྲེལ་གྱི་རྫས་གསག་པ༔ དངོས་གཞི་སྒྲུབ་ཅིང་ནུས་པ་བསྐྱེད་པ༔ རྗེས་གང་ལ་གང་འདུལ་དུ་ལས་ལ་སྦྱོར་བའོ༔ དང་པོ་བཀྲ་ཤིས་དགེ་བའི་ཡར་ཚེས་བཟང་པོ་ལ༔ སྣོད་རྣམ་པར་དག་པ་རྫ་བུམ་གས་ཆག་དྲ་དྲི་མེད་པ་སྙིམ་པ་བཅོ་བརྒྱད་ནས་ཕུལ་གང་ཤོང་བའི་བར་གྱི་ཆེ་ཆུང་ཅི་རིགས་པ་ལ༔ སྲུང་བཞི་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་མཛེས་པ༔ ཞབས་འོག་ཏུ་གཡུང་དྲུང༔ ཁ་ཆོད་ལ་རྒྱ་གྲམ་དང་རིགས་ལྔའི་ས་བོན་གྱིས་མཚན་པ༔ དེའི་ནང་བཅུད་ཀྱི་གཞི་རྟེན་འཁོར་འདས་ཀྱི་སྲོག་འཛིན་པར་བྱེད་པ་བྱང་ཆུབ་མཆོག་གི་ཤིང་ལ་རི་རབ་ཀྱི་གཟུགས་བཟོས་པའི་རྩེ་མོར་རིགས་ལྔའི་ས་བོན་དང༔ ལོགས་བཞིར་འབྱུང་བའི་ནུས་སྟོབས་བསྐྱེད་པའི་སྔགས་དང་འདོད་གསོལ༔ རྩ་བར་འབྱུང་ལྔའི་ཡིག་འབྲུ༔ སའི་བཅུད་སྤེལ་ཕྱིར་རྒྱ་བལ་བོད་ཡུལ་གྱི་གནས་ཆེན་དུ་མའི་ས་སྣ་དང་གསེར༔ ཆུའི་བཅུད་སྤེལ་ཕྱིར་མ་ཕམ་སོགས་བཀྲ་ཤིས་གཡུ་མཚོ་གཏན་འཁྱིལ་བརྒྱ་རྩའི་ཆུ་སྣ་དང་རྒྱ་མཚོའི་ལྦུ་བ༔ མེའི་རྩལ་བསྐྱེད་ཕྱིར་གནས་ཆེན་དུ་མའི་ཡར་ཤིང་གང་མང་འབྲས་བུ་ཅན་མྱ་ངན་མེད་པ༔ རླུང་གི་སྟོབས་བསྐྱེད་ཕྱིར་གཙང་མའི་དར་སྣ་ལྔ༔ མིའི་ཚེ་སྤེལ་ཕྱིར་གཡུ་དང་མུ་ཏིག༔ ཟས་ཀྱི་བཅུད་སྤེལ་ཕྱིར་དཀར་གསུམ་མངར་གསུམ༔ དགོས་འདོད་ཕུན་སུམ་ཚོགས་ཕྱིར་རིན་པོ་ཆེ་སྣ་ལྔ༔ རྟ་ནོར་སྒོ་ཕྱུགས་སྤེལ་ཕྱིར་བཀྲ་ཤིས་དཔལ་འཕེལ་བའི་ཕྱུགས་ལྷས་མང་པོའི་གོང་གསུམ་གྱི་ས་སྣ༔ ཡུལ་ཕྱོགས་བཀྲ་ཤིས་དགེ་ལེགས་རྒྱས་ཕྱིར་བཀྲ་ཤིས་པའི་གནས་ཆེན་བརྒྱད་ཀྱི་སྙིང་ས༔ ཡུལ་ལྷའི་གཟི་བྱིན་བསྐྱེད་ཕྱིར་བོད་སྐྱོབ་པའི་གངས་བརྒྱད་ཀྱི་ས་རྡོ༔ ལྷ་སྲིན་འཕོ་སྐྱས་བྱེད་པ་རྟེན་ལ་གནས་ཕྱིར་ཕ་ཝཾ་ལོང་བུ༔ ཡུལ་ཕྱོགས་བྱིན་དང་ལྡན་ཕྱིར་བོད་ཀྱི་རྡོ་རྗེ་གདན་གསུམ་གྱི་ས་སྣ་དང་རྟེན་གཙོའི་ཕྱག་ནས་མ་ཉམས་པ༔ ལྷ་ཀླུ་ཉམས་ཤིང་གུད་པ་གསོ་ཕྱིར་ཀླུ་སྨན་སྣ་ཚོགས༔ འཇིག་རྟེན་གྱི་ཁམས་སུ་མཚོན་ཁ་ཞི་ཕྱིར་རྒྱ་ཁབ་གང་མང༔ ནད་ཡམས་ཞི་ཕྱིར་སྨན་སྣ་ལྔ༔ ཙནྡན་དཀར་དམར༔ ཤུ་དག་དཀར་པོ༔ ཀནྡྷ་ཀ་རི༔ དབང་ལག་གོ༔ མུ་གེ་ཞི་ཕྱིར་འབྲུ་སྣ་ལྔ༔ ནས་འབྲས་གྲོ་སྲན་མ་ཏིལ་ལོ༔ སངས་རྒྱས་ཀྱི་བསྟན་པ་རྒྱས་ཕྱིར་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ༔ དགེ་འདུན་རྣམས་ཚུལ་ཁྲིམས་རྣམ་པར་དག་ཕྱིར་དྲི་ལྔ༔ ཛཱ་ཏི༔ ག་པུར༔ ལི་ཤི༔ སྤང་སྤོས༔ ཨ་ག་རུ་དཀར་པོ་འོ༔ བླ་མེད་ཀྱི་སྒྲུབ་སྡེ་རྒྱས་ཕྱིར་དཀྱིལ་འཁོར་མང་པོའི་རྡུལ་ཚོན༔ ཡེ་ཤེས་ཀྱི་རང་འོད་གསལ་ཕྱིར་མན་ཤེལ༔ གདུག་པ་ཅན་ཟིལ་གྱིས་གནོན་ཕྱིར་རི་ཆེན་བཞིའི་ས་སྣ༔ འཁོར་འདས་ཐམས་ཅད་གཅིག་ཏུ་རྫོགས་ཤིང་ཞིང་ཁམས་ལྔས་བྱིན་གྱིས་བརླབ་ཕྱིར་སྲོག་ཤིང་གི་རྩེ་མོར་བདུད་རྩི་ཨ་མྲྀ་ཏ་དང་རིང་བསྲེལ༔ རྒྱལ་བའི་བསྟན་པ་འགྱུར་མེད་དུ་བརྟན་ཕྱིར་བསྟན་པ་བུ་གཅིག་གི་རྒྱུད་སྙིང༔ དེ་རྣམས་ནི་བཀྲ་ཤིས་དཔལ་འཕེལ་གྱི་རྫས་སྤྱི་ཙམ་དུ་བསྟན་གྱི༔ གཞན་ཡང་དགེ་འདུན་གྱི་སྡེ་དང༔ རྒྱལ་པོའི་མངའ་ཐང་སྤེལ་བ༔ སྐྱེ་བོའི་འདུ་ཚོགས་སྤེལ་བ༔ མི་རྒྱུད་ཆོས་རྒྱུད་སྤེལ་བ༔ ཚེ་ནོར་སྙན་གྲགས་སྤེལ་བ༔ ཡུལ་འཛིན་ཁང་གསར་རྩིག་པ༔ རྟེན་བཞེངས་དགྲ་བླ་བསྟོད་པ༔ ལྷ་ཀླུའི་འཁོན་སེལ་བ༔ ནད་ཡམས་མཛེ་འཕྲོ་གཅོད་པ༔ དུས་འཁྲུགས་མཚོན་ཁ་རྙིལ་བ༔ བྱད་ཁ་བསྡམ་པ༔ རྦོད་གཏོང་བསྒྱུར་བ༔ གཤིན་སྒབ་གཅད་པ༔ སྲི་ཀག་སྒྲོལ་བ༔ ཕས་ཀྱི་ལོག་ཤེས་བསྒྱུར་བ་སོགས་རང་རང་གི་རྫས་སྔགས་ཙཀྲའི་བསྒྱུར་ཁ་སྤྱི་མཐུན་དུ་བྱ་བའམ༔ རྒྱས་པར་སྤྲོ་ན་ཡོན་ཏན་འདུས་པའི་གཏེར་སྒྲུབ་ལྟར་གང་ལ་གང་དགོས་སུ་སྤྱད་དོ༔ དེ་ལྟར་རྫས་རྣམས་ཕྱོགས་ནས་བསྡུ་བ་དང༔ གསོག་པའི་གྲོགས་རྣམས་དམ་ཉམས་ཚུལ་འཆལ་དམེ་ཡུགས་མཛེ་མནོལ་རབས་ཆད་མགར་བཤན་སོགས་རིགས་ངན་དབང་པོ་སྐྱོན་ཅན་མ་ཡིན་པ༔ རིགས་བཟང་ལ་སྐྱེ་མཆེད་དྭངས་པ་འབྱོར་ལྡན་དད་གདུང་བརྩེ་སེམས་ཅན་གྱིས་བྱ༔ དེ་བཞིན་དུ་ས་རྡོ་ཆུ་ཤིང་རྣམས་ཀྱང་རྒྱལ་རིགས་གངས་རི་རྩེ་མ་ཉམས་པ༔ རྗེ་རིགས་བྲག་རིའམ་རི་རྩེ་རྒྱལ༔ བྲམ་ཟེ་བྲག་དཀར་བྱ་རྒོད་ཚོགས་འདྲ་དང༔ མེ་ཏོག་སྐྱིད་པའི་སྤང་ལྗོངས༔ དམངས་རིགས་རི་བཙུན་མོ་འདྲ་བ་ལ༔ ནོར་བུའམ་བུ་པང་སྤྲ་སང་གི་མཚན་མ་འདྲ་བ༔ གདོལ་པ་བྲག་ནག་རི་ནག་སོག་པོ་ཁྲོས་པ་དང་མདའ་མདུང་རལ་གྲི་གཤིབས་འདྲ་རྣམས་ཀྱི་མཐོ་ས་རི་ཀླུང་ཐམས་ཅད་མཐོང་བའི་རྩེ་ནས་ལེན་ཐུབ་ན་རབ༔ མིན་ཀྱང་རྒྱལ་རྗེ་བྲམ་ཟེ་གསུམ་གྱི་རིའི་དམའ་བ་ནས་མི་བླང་ངོ༔ དེ་ནས་རྫས་རྣམས་བཀྲམ་པ་ལ་ཁྲུས་གསོལ༔ བྱིན་རླབས་ཀྱི་སྔགས་བཟླས༔ དྲི་ངའི་ཟས་སྤྱོད་གཏན་སྤངས་ནས་ཁ་རླངས་མ་ཤོར་བ་བྱས་ལ༔ བུམ་པའི་ནང་དུ་རྫས་རྣམས་སྟེང་འོག་མ་འཆོལ་བར་གོ་མཚམས་མེད་པར་བསིགས་ལ་གཏམས་པའི་དབུས་སུ་སྲོག་ཤིང་རྒྱབ་མདུན་མ་ལོག་པར་བཙུགས༔ ཁ་འཕོ་འཆུག་མེད་པར་བསྡམ༔ དེ་ལྟ་བུའི་བུམ་པ་མང་ཉུང་འབྱོར་ཚོགས་དང་བསྟུན་ཏེ་བཤམ་པ་ནི༔ མདུན་དུ་གཙང་ལྡན་བཀྲ་ཤིས་པའི་ས་སྣ་ལ་སྟེགས་བུ་དཀར་འཇམ་ཡིད་དུ་འོང་བ་འདོམ་གང་སོགས་རྒྱ་ཁྱོན་ཇི་ལྟར་རིགས་པ་ལ༔ ས་གཞི་དག་གཙང་གི་ཁྲུས་ཆབ་དང༔ མེ་ཏོག་འཐོར་ནས་བཀྲ་ཤིས་པའི་གནས་སུ་གཟུང༔ ཐིག་ཆེན་བཅུ་དྲུག་གདབ་ཅིང་ས་གཞི་བྱིན་གྱིས་བརླབ༔ རྡུལ་ཚོན་ནམ་འབྲས་དཀར་གྱིས་དབུས་ཟླུམ་བསྐོར་གྱི་མཐར་འདབ་བཞི་འདབ་ལྔ་འདབ་བརྒྱད་བཅུ་གཉིས་ཉེར་བརྒྱད་ཀྱི་ཁོར་ཡུག་ནོར་འཛིན་པ་ཏྲས་བསྐོར་བའི༔ གྲྭ་བཞིར་འབྱུང་བཞིའི་རང་གཟུགས༔ ཕྱོགས་བཞིར་བུམ་པ་བཞི་རྣམས་བྲི༔ དེའི་དབུས་སུ་བུམ་པ་ཆེ་བ་གཅིག༔ པད་འདབ་རྣམས་སུ་བུམ་པ་དང་གཏོར་མ་ལ་རང་རང་གི་སྐུ་འབག་དང་འཕན་བཙུགས་པ་བཀོད༔ དབུས་ཀྱི་བུམ་པའི་སྟེང་དུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་རྒྱུན་འབབ་ཀྱི་ཆུ་དང་ཉེར་ལྔའི་རྫས་ཀྱིས་གཏམས་པ་ཁ་རྒྱན་མགུལ་ཆིངས་ཅན་བཀོད༔ ཕྱོགས་མཐའི་ཁོར་ཡུག་ཏུ་ནེའུ་གསེང་གི་ར་བ་ལ་ལྗོན་པའི་ཤིང་རྩི་མེ་ཏོག་སྣ་ཚོགས་སྤྲིན་བལ་ལྡ་ལྡི་སྤོག་སྔོན་རྨུ་ཐག་སོགས་པས་སྦྲེལ་ཏེ་མདའ་དར་ལྔ་སོགས་བཀོད༔ གཞན་ཡང་རྩ་བ་གསུམ་གྱི་གཏོར་མཆོད་སོགས་བག་དྲོ་བྱིན་ཆགས་སུ་མཛེས་པར་བཀྲམ༔ དེ་དག་ནི་སྔོན་འགྲོའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་གསུམ༔ བདག་ཉིད་ཀྱི་ནུས་པ་གསོ་བ༔ མདུན་བསྐྱེད་བྱིན་གྱིས་བརླབ་པ༔ ཟུང་འཇུག་ཏུ་ཛཔ྄་བཟླ་བ་ལས༔ དང་པོ་ནི༔ རྩ་བ་གསུམ་གང་རུང་གི་ཕྲིན་ལས་གཞུང་བསྲང་ཞིང་བགེགས་བསྐྲད༔ ཐུན་གཏོར༔ སྔགས་ཀྱིས་གཟིར༔ འབྱུང་བ་མི་འཁྲུགས་པའི་མཚམས་ཕུར་གདབ༔ ཐོ་བརྩིག༔ སྲུང་འཁོར་བསྒོམ༔ བུམ་འཛིན་གྱི་རིག་མར་ཁྲུས་བསྩལ་ལ་རྫས་དུད་ཀྱིས་བདུག༔ ཙཀྲ་དང་རྒྱན་གྱི་ཡི་གེའི་རྒྱས་བཏབ༔ བདག་ཉིད་ནུས་པ་དང་ལྡན་པར་བྱ་ཕྱིར་ཛཔ྄་བཟླས་ཀྱི་ཁ་གསོ༔ རྩ་གསུམ་དམ་ཅན་རྒྱ་མཚོ་ཚོགས་གཏོར་གྱིས་མཉེས་པར་བྱའོ༔ གཉིས་པ་མདུན་སྐྱེད་བྱིན་རླབ་ནི༔ མདུན་གྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པའི་ངང་ལས༔ བྷྲཱུྃ་ལས་ཆད་པའི་དབང་ཆེན་ཀློང་ལྔ་བརྩེགས་པའི་སྟེང་དུ༔ ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་མཐའ་དང་མུ་མེད་པ་ཕྱི་ནང་ཟང་ཐལ་འཇའ་ཟེར་འོད་ཕུང་གིས་ཁྱབ་ཅིང་བརྡལ་བའི་དབུས་སུ༔ རི་རབ་བང་རིམ་གསུམ་པའི་ཁར་བྷྲཱུྃ་ཡིག་བབས་པ་འོད་དུ་ཞུ་བ་ལས༔ ས་ཡི་ལྷ་མོ་བརྟན་མ་གསེར་མདོག་ནོར་བུ་དང་གཏེར་བུམ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔ གླང་ཆེན་ས་ལ་རབ་བརྟན་གྱི་ཁྲིར་བཞུགས་པ་ལ་ས་བདག་བྱེ་བས་བསྐོར་བ༔ ཤར་དུ་ཤིང་གི་ལྷ་མོ་ལྗང་མོ་དཔག་བསམ་གྱི་ལྗོན་ཤིང་འཛིན་པ༔ ལྷོར་མེའི་ལྷ་མོ་དམར་མོ་སྣང་གསལ་གྱི་སྒྲོན་མེ་འཛིན་པ༔ ནུབ་ཏུ་ལྕགས་ཀྱི་ལྷ་མོ་དཀར་མོ་ལྕགས་ཀྱི་སྒྲོམ་བུ་འཛིན་པ༔ བྱང་དུ་ཆུའི་ལྷ་མོ་སྔོན་མོ་ཆུའི་བུམ་པ་འཛིན་པ༔ ཀུན་ཀྱང་གཙོ་མོའི་ཆས་ལ་རང་རང་གི་འཁོར་ཚོགས་དུ་མས་བསྐོར་བ༔ དེའི་ཕྱི་རིམ་རོལ་མཚོའི་ཀློང་དུ་ཀླུ་ཆེན་པོ་བརྒྱད་རིགས་ཀྱི་ཀླུ་འཁོར་འབུམ་སྡེས་བསྐོར་བ༔ གསེར་རི་དང་རིན་པོ་ཆེའི་བ་གམ་རྣམས་ལ་གནོད་སྦྱིན་ནོར་སྐྱོང་བསམ་གྱིས་མི་ཁྱབ་པ་རང་རང་གི་བསམ་གཏན་ལ་གནས་པ༔ ཁོར་ཡུག་ཏུ་གླིང་བཞི་ཀུན་ལ་ཁྱབ་པའི་བརྟན་མ་བཅུ་གཉིས༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད༔ སྣང་ཞིང་སྲིད་པའི་ལྷ་སྲིན་དྲེགས་པ་མཐུ་བོ་ཆེ་ཐམས་ཅད་རང་རང་གི་དཔའ་བརྗིད་མཛེས་པའི་རྒྱན་དང་ལྡན་ཅིང༔ འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་གསལ༔ དབུས་ཀྱི་གཙོ་མོ་གསེར་གྱི་བུམ་པ་ཅན་གྱི་སྤྱི་བོའི་ནམ་མཁའ་ལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་འོད་དང་འོད་ཟེར་དཔག་མེད་འཁྱིལ་བའི་ཀློང་དུ༔ རྒྱལ་བ་རིགས་ལྔ་དུས་གསུམ་གྱི་བདེ་གཤེགས་རྒྱ་མཚོ་ཏིལ་གོང་ཕྱུར་བ་ལྟ་བུར་མེར་མེར་ཤིག་ཤིག་གཡོ་བ༔ ཐུགས་རྗེའི་འོད་ཟེར་ཁྱབ་ཅིང་བརྡལ་བས་སྣང་སྲིད་ཐམས་ཅད་འོད་གསལ་སྒྱུ་འཕྲུལ་གྱི་རོལ་པ་ཆེན་པོར་འབྱམས་ཀླས་པར་དམིགས་ལ༔ སྤྱན་འདྲེན་མཆོད་བསྟོད་ཕྲིན་ལས་བཅོལ་བ་སོགས་རྒྱས་བསྡུས་གང་འོས་བྱའོ༔ གསུམ་པ་ཟུང་འཇུག་ཛཔ྄་བཟླ་བ་ནི༔ ཡེ་ཤེས་ཀྱི་བདུད་རྩི་དབབ་པས་སྣོད་བཅུད་ཀྱི་དུག་གཞིལ་བ་དང༔ ཐུགས་རྗེའི་སྟོབས་བསྐྱེད་པས་རྟེན་གྱི་ནུས་པ་སྤར་བ་གཉིས་ལས༔ དང་པོ་ནི༔ བདག་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་སྟེང་ཕྱོགས་འོག་མིན་གྱི་ཞིང་ཁམས་ལྔ་ནས་རྒྱལ་བ་རྒྱ་མཚོའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ ཐུགས་སྲོག་སྙིང་པོ་བདེ་ཆེན་གྱི་རང་འོད་རྒྱས་པའི་ཤུགས་ལས༔ ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས་ཡེ་ཤེས་ལྔའི་བདུད་རྩིའི་ཟེར་དཔག་མེད་འཕྲོས་པས༔ འབྱུང་བའི་ལྷ་ཀླུ་བརྟན་མ་དགེ་བསྙེན་མཐུ་བོ་ཆེ་ཡུལ་ལྷ་གཞི་བདག་རྣམས་ཀྱི་ཉམས་གྲིབ་འཐིབས་པ་ཐམས་ཅད་གཤལ་གྱིས་དག་ནས་གཟི་བྱིན་འབར༔ དེ་རྣམས་ཀྱི་འོད་ཟེར་དང་ཡེ་ཤེས་ཀྱི་འོད་ཟེར་གཉིས་སུ་མེད་པ་སྣང་སྲིད་སྣོད་བཅུད་ཀུན་ཏུ་འཕྲོས་པས༔ སྣོད་ཀྱི་འབྱུང་བ་འཁྲུགས་པའི་དུག་གཞིལ་ཏེ་རང་སར་དག་ཅིང་སོར་ཆུད་པས༔ བཅུད་ཀྱི་འབྱུང་ལྔས་བསྡུས་པའི་སྐྱེ་འགྲོ་ཐམས་ཅད་རྩལ་མདངས་སྟོབས་དཔལ་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་དམིགས་ལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཛྙཱ་ན་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ ཅེས་སྤྱིར་དམིགས་ཏེ་བཟླ༔ བྱེ་བྲག་ཏུ་སོ་སོར་དམིགས་ལ༔ དབུས་ཕྱོགས་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་ཟླ་ཞུན་བདུད་རྩིའི་ཆར་རྒྱུན་གྱིས་སྣོད་བཅུད་ཀྱི་འབྱུང་བ་ནམ་མཁའི་དུག་གཞིལ༔ གཏི་མུག་གི་ཉམས་གྲིབ་སྦྱངས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་དེའི་གཟུངས་བཟླ༔ ཤར་ཕྱོགས་མི་བསྐྱོད་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་བཻ་ཌཱུར་བདུད་རྩིའི་ཆར་རྒྱུན་གྱིས་སྣོད་བཅུད་ཀྱི་འབྱུང་བ་ཆུའི་དུག་གཞིལ༔ ཞེ་སྡང་གི་ཉམས་གྲིབ་སྦྱངས༔ མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་དེའི་གཟུངས་བཟླ༔ ལྷོ་ཕྱོགས་མགོན་པོ་འོད་མི་འཁྲུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གསེར་ཞུན་བདུད་རྩིའི་ཆར་རྒྱུན་གྱིས་སྣོད་བཅུད་ཀྱི་འབྱུང་བ་སའི་དུག་གཞིལ༔ ང་རྒྱལ་གྱི་ཉམས་གྲིབ་དག༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་དེའི་གཟུངས་བཟླ༔ ནུབ་ཕྱོགས་སྣང་མཐའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་པད་རཱག་བདུད་རྩིའི་ཆུ་རྒྱུན་གྱིས་སྣོད་བཅུད་ཀྱི་འབྱུང་བ་མེའི་དུག་གཞིལ༔ འདོད་ཆགས་ཀྱི་སྒྲིབ་པ་དག༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པར་དམིགས་ལ་དེའི་གཟུངས་བཟླ༔ བྱང་ཕྱོགས་སྨན་བླའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་མརྒད་བདུད་རྩིའི་ཆར་རྒྱུན་གྱིས་སྣོད་བཅུད་ཀྱི་འབྱུང་བ་རླུང་གི་དུག་གཞིལ༔ ཕྲག་དོག་གི་སྒྲིབ་པ་སྦྱངས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པར་དམིགས་ལ་དེའི་གཟུངས་བཟླ༔ གཞན་ཡང་རྣམ་འཇོམས་སྨེ་བརྩེགས་རྩ་བ་གསུམ་གྱི་སྙིང་པོ་དབྱངས་གསལ་སོགས་ཀྱང་འོད་ཟེར་འཕྲོ་འདུའི་དགོངས་པ་མི་གཡེལ་བའི་ངང་ནས་བཟླ༔ མདོར་ན་སྣང་སྲིད་སྣོད་བཅུད་འོད་གསལ་དག་པ་རབ་འབྱམས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཁོར་འདས་ཀྱི་མཚན་མ་ཐམས་ཅད་རང་སར་དག་སྟེ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐིག་ལེ་ཆེན་པོར་འབྱམས་བརྡལ་བའི་ངང་ལས༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ཀྱི་སྙིང་པོ་གསལ་དག་རྡོ་རྗེའི་དབྱངས་སུ་སྒྲོག་པར་བྱའོ༔ ལྷ་དང་གཉིས་སུ་མེད་པའི་བདུད་རྩིའི་ཆུ་ནན་གྱིས་ཉི་ཤར་ལ་རྟེན་ཁྲུས་ཚར་རེ་དང༔ འབྱུང་ཁྲུས་རྒྱས་པ་རེ་ཡང་བྱའོ༔ གཉིས་པ་ཐུགས་རྗེའི་སྟོབས་བསྐྱེད་པས་རྟེན་གྱི་ནུས་པ་སྤར་བ་ནི༔ བདག་ཉིད་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གནས་པའི་ངང་མདངས་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ འོག་མིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་རབ་འབྱམས་ནས་བདེ་གཤེགས་ཞི་ཁྲོ་རྒྱ་མཚོའི་ཚོགས་མ་ལུས་པ་སྤྱན་དྲངས་ཏེ་བདག་དང་གཉིས་སུ་མེད་པའི་གཟི་བྱིན་བསྐྱེད༔ དེའི་ཤུགས་ལས་སྣོད་བཅུད་འབྱུང་ལྔས་བསྡུས་པའི་སྐྱེ་འགྲོ་ལྷ་ཀླུ་མི་སོགས་དྲེགས་པ་མཐུ་བོ་ཆེ་ཐམས་ཅད་ཀྱང་གདོད་ནས་བདེ་གཤེགས་སྙིང་པོས་འོ་མ་ལ་མར་བཞིན་ཡེ་ཁྱབ་ཏུ་གནས་པ་ཐབས་ཀྱི་སྲུབས་ཤིང་སྐྱོད་པས་སྙིང་པོའི་མར་འབྱུང་བ་ལྟར༔ བདག་ཉིད་རྒྱལ་བའི་ཕྲིན་ལས་ཀྱི་སྤྱོད་པ་ལ་དོར་བས་གདོད་མའི་དེ་ཉིད་མངོན་དུ་བྱེད་པ་སྟེ༔ བདག་གི་གནས་ལྔར་ཞིང་ཁམས་རིགས་ལྔ་རྫོགས་པར་གསལ་བའི་ཐུགས་རྗེའི་འོད་ཀྱིས་སྣོད་ཀྱི་ཞིང་ཐམས་ཅད་ཡེ་ཤེས་འོད་ལྔ་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་གྱུར༔ བཅུད་ཀྱི་སྐྱེ་འགྲོ་སྤྱི་དང་བརྟན་མ་འབྱུང་བཞིའི་ལྷ་མོ་སོགས༔ ཀླུ་མཐུ་བོ་ཆེ་ཐམས་ཅད་ཀྱི་གནས་ལྔར་ཡེ་ཤེས་ལྔའི་ས་བོན་འབྱུང་བ་བཅུད་ཀྱི་དྭངས་མའི་ཐིག་ལེར་གསལ་བ་དང་འོད་ཟེར་དྲྭ་བ་རིས་སུ་ཁྱབ་པས༔ ཐུགས་རྗེའི་གཟི་བྱིན་ཆེར་བསྐྱེད་ནས་མ་དག་པའི་འཛིན་པ་ཐམས་ཅད་སྦྱངས༔ ཡེ་ཤེས་ལྔའི་འོད་དང་ལུས་དབྱེར་མེད་དུ་གྱུར་པས་རྒྱལ་བའི་མཐུ་བྱིན་རྫུ་འཕྲུལ་གྱི་སྟོབས་དང་ནུས་པ་ཆེར་འབར༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཆེས་གསལ་བར་བྱས༔ དགེ་བའི་བློ་དང་བསོད་ནམས་ཀྱི་དཔལ་ཤུགས་ལ་བསྐྱེད་དེ༔ སྣོད་བཅུད་ཐམས་ཅད་ཀྱི་འབྱུང་བ་རྩུབ་འཁྲུག་མི་མཐུན་པ་ཐམས་ཅད་རང་བཞིན་གྱིས་དག༔ གསལ་སྟོང་བདེ་བ་ཆེན་པོ་གསལ་འགྲིབ་དང་བྲལ་བའི་ངང་ནས༔ ཕྱིར་མི་ལྡོག་པ་སངས་རྒྱས་རྩེ་མོའི་གཟུངས་དང༔ སྲིད་པ་གསུམ་གྱི་སྟོབས་བསྐྱེད་པ་བརྟན་མའི་རིགས་པ་ཀུ་རུ་ཀུ་རུ་དང༔ མ་མ་ཀྱེད་ཀྱེད་ཀྱི་སྔགས་བཟླ༔ སྐབས་སུ་ཀླུ་བརྒྱད་དང༔ གནོད་སྦྱིན་བརྒྱད༔ སྣང་བརྒྱད་ཀྱི་སྔགས་སོགས་ཀྱང་རང་རང་གི་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་བཅས་ཏེ་བཟླ༔ མཇུག་ཏུ་ནུས་པ་བརྟན་ཕྱིར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་ཤེས་གསལ་རྫོགས་ཀྱི་ངང་ནས་རྟེན་འབྲེལ་སྙིང་པོ་ཁྲི་འབུམ་སོགས་ཅི་འགྲུབ་བཟླ༔ བདེ་གཤེགས་སྟོང་གི་བཀྲ་ཤིས་གསོལ༔ ཐུན་མཚམས་སུ་མཆོད་བསྟོད་དང༔ གཡང་བླན་ཚེ་ནོར་གྱི་གཟུངས་རྒྱུན་སྒྲོག༔ ཕྱོགས་གཏོར་དང་ཆབ་གཏོར་བསྔོ༔ རིགས་དྲུག་སྤྱི་སྐོང་དང༔ ལྟ་བའི་ཀློང་བཤགས་བྱ༔ སྲིད་པའི་ལྷ་སྲིན་ལ་བསང་བརྔན་དང་ཐ་ཚིག་བསྒྲག༔ གང་འདོད་ཀྱི་ཕྲིན་ལས་གསོལ༔ མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་གཏོར་དང་མེ་མཆོད་སྐོང་བསྐུལ་སོགས་ཅི་འགྲུབ་བྱའོ༔ དེ་ནི་དངོས་གཞི་སྒྲུབ་པའི་རིམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དེ་ལྟར་སྒྲུབ་པའི་གཏེར་བུམ་དེ༔ སྤྱིར་ནི་ཡུལ་དབུས་ས་ཡི་སྙིང༔ བྱེ་བྲག་དགེ་འདུན་སྡེ་སྤེལ་ན༔ ཆོས་ཁྲིའི་རྒྱབ་ཡོལ་རྟེན་གྱི་དབུས༔ རྒྱལ་པོའི་མངའ་ཐང་སྤེལ་བ་ལ༔ བང་མཛོད་དབུས་དང་ལྷ་མཁར་དཀྱིལ༔ གནས་ཆེན་ཡུལ་གྲུ་སོ་སོའི་དབུས༔ སྐྱེ་བོའི་འདུ་ཚོགས་སྤེལ་བ་ལ༔ རྒྱལ་སྒོའི་ཐེམ་དང་རྩིག་པའི་ཟུར༔ འཁོར་ས་འདུན་མར་ཚོགས་པའི་ས༔ མི་རྒྱུད་སྤེལ་ན་ཆུ་ཆེན་མགོ༔ ཆོས་རྒྱུད་སྤེལ་ན་རྒྱབ་རིའི་དཔལ༔ ཚེ་ནོར་སྤེལ་ན་གཏན་ཆགས་གངས༔ གཡུ་མཚོ་གཏན་འཁྱིལ་འཕེན་བཟང་རི༔ སྙན་གྲགས་སྤེལ་ན་རི་གསུམ་རྩེ༔ ཁང་གསར་འདེབས་ན་བརྩིག་པའི་རྨེང༔ རྟེན་བཞེངས་གནོད་སྦྱིན་བང་མཛོད་དང༔ དགྲ་བླ་གསོ་བ་ལྷ་ཚུགས་དཀྱིལ༔ ལྷ་ཀླུའི་མཁོན་སེལ་རི་མཐོའི་རྩེ༔ རང་རང་གནས་པའི་རྟེན་གྱི་དབུས༔ ནད་ཡམས་གཅོད་ན་ཡུལ་གྱི་དབུས༔ ལུང་གསུམ་མདོ་དང་དོག་མོའི་འཕྲང༔ མཛེ་འཕྲོ་གཅོད་ན་གནོད་པའི་ས༔ བསྒྲུབ་བྱའི་མགོ་ཐོག་མདུན་གྱི་ཕྱོགས༔ དུས་འཁྲུག་གཞིལ་ན་དེ་ཕྱོགས་ཀྱི༔ མགུར་ལྷ་བརྟན་མ་དགེ་བསྙེན་ནོ༔ བྱད་ཁ་སྡོམ་ན་རང་ཉིད་ཀྱི༔ ཆོས་སྐྱོང་སྲུང་མའི་རྟེན་གྱི་ཞབས༔ ཕྱོགས་མཚམས་ཁང་པའི་གྱང་རྩིག་ཟུར༔ རྦོད་གཏོང་བསྒྱུར་ན་དེ་ཡི་ཕྱོགས༔ གཤིན་སྒབ་བཅད་པ་དུར་གྱི་གོང༔ སྲི་ཀག་སྒྲོལ་བ་འབྱུང་བའི་ཕྱོགས༔ ལོག་ཤེས་བསྒྱུར་བ་རྒྱབ་རི་དང༔ ཉེ་སྐོར་བཏུང་བའི་ཆུ་ལ་སོགས༔ རང་རང་རྟེན་འབྲེལ་བཅའ་ཀ་རྣམས༔ མ་ནོར་སྔགས་དམིགས་ཏིང་འཛིན་བསྒྱུར༔ ཆོས་ཀུན་རྟེན་འབྲེལ་རྒྱུས་བསྐྱེད་ཕྱིར༔ མ་ནོར་ཚུལ་བཞིན་བརྩམས་པ་ན༔ རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ རང་བྱུང་སེམས་ཀྱི་ཆོ་འཕྲུལ་ཏེ༔ ཆོས་ཉིད་འདུས་མ་བྱས་པའི་ངང༔ རྟེན་འབྲེལ་ས་མཚམས་གང་ཕྱེ་བ༔ དོན་དམ་བདེན་པ་མི་ཤིགས་པས༔ ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ མཆོག་ཐུན་དངོས་གྲུབ་དཔག་ཡས་ཐོབ༔ དེ་ཕྱིར་མ་འོངས་བསྐལ་པའི་མཐར༔ པདྨའི་བུ་རྒྱུད་དམ་ལྡན་གྱིས༔ ཐབས་ཤེས་རྟེན་འབྲེལ་ཟུང་འཛོམས་པས༔ གདུལ་བྱའི་མོས་པ་སོ་སོར་བསྐང༔ ཀུན་ལ་ཕན་བདེའི་ཉི་འོད་བརྡལ༔ ཆེ་ཚད་ཁལ་ནས་ཆུང་བའི་ཚད༔ ཕུལ་གང་ཤོང་བའི་བུམ་པ་འམ༔ གྭའུ་སྒྲོམ་བུ་ཅི་རིགས་པར༔ རང་རང་རྟེན་འབྲེལ་རྫས་དང་སྔགས༔ གཅིག་ཏུ་ཚོགས་ཤིང་ལག་ལེན་གཙང༔ འབྱུང་བས་མི་འཇིག་རྒྱ་ཡིས་བསྡམ༔ ཚུལ་བཞིན་སྒྲུབ་ལ་ཐུགས་རྗེ་དང༔ སྨོན་ལམ་རྣམ་པར་དག་པ་ཡིས༔ གང་འདུལ་རྟེན་འབྲེལ་སོ་སོར་བསྒྱུར༔ ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་དང༔ ཆོས་ཉིད་རྣམ་དག་དགོངས་པའི་མཐུས༔ རིས་བྲལ་མཁའ་ཁྱབ་གདུལ་བྱ་ལ༔ འབད་རྩོལ་མེད་པར་དགེ་ལེགས་རྒྱུན༔ ནམ་མཁའ་མཛོད་ཀྱི་སྒོ་འཕར་འབྱེད༔ བསོད་ནམས་ཡོན་ཏན་དཔག་ཏུ་མེད༔ དེ་ཕྱིར་ཡང་གསང་མན་ངག་གནད༔ འབྱུང་བ་སྲོག་འཛིན་རྒྱུད་ནས་བསྡུས༔ མ་འོངས་དོན་དུ་པདྨས་བསྡེབས༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་བསྟིམ༔ མི་ཟད་ཟབ་མོའི་གཏེར་དུ་སྦོས༔ ལས་ཅན་བུ་ལ་སྨོན་ལམ་ཐོབས༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མ་གཏད་རྒྱ༔ བདག་འདྲ་ཐུགས་མཆོག་རྡོ་རྗེ་རྩལ་གྱིས་འཕྱིང་བར་བང་སོ་དམར་པོ་ནས་སྤྱན་དྲངས་པའོ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).