Terdzo-TI-011



Property "Author" has a restricted application area and cannot be used as annotation property by a user. 








བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་པའི་བསྟན་སྲུང་ཤ་ཟ་ཁ་མོ་ཆེའི་ལོ་རྒྱུས་དང་ལྷ་སྲས་དམ་འཛིན་རྒྱལ་པོ་ལ་ཞལ་གདམས་རིན་པོ་ཆེ་ནན་ཆགས་སུ་གསུངས་པ་

bla ma dgongs pa 'dus pa nor bu pad+ma'i phreng ba las:_tshe sgrub rgyal ba 'dus pa'i bstan srung sha za kha mo che'i lo rgyus dang lha sras dam 'dzin rgyal po la zhal gdams rin po che nan chags su gsungs pa

by  ཞིག་པོ་གླིང་པ་ (Zhikpo Lingpa)
revealed by  ཞིག་པོ་གླིང་པ་ (Zhikpo Lingpa)
in cycle  ཚེ་སྒྲུབ་རྒྱལ་བ་འདུས་པ་ (Tshe sgrub rgyal ba 'dus pa)
parent cycle  བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ (Bla ma dgongs pa 'dus pa nor bu pad+ma'i phreng ba)
Volume 39 (ཏི) / Pages 197-232 / Folios 1a1 to 18b6

[edit]

༁ྃ༔ བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་པའི་བསྟན་སྲུང་ཤ་ཟ་ཁ་མོ་ཆེའི་ལོ་རྒྱུས་དང་ལྷ་སྲས་དམ་འཛིན་རྒྱལ་པོ་ལ་ཞལ་གདམས་རིན་པོ་ཆེ་ནན་ཆགས་སུ་གསུངས་པ་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ རྩ་གསུམ་རྒྱལ་བ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ དེ་ཡང་དཔལ་བསམ་ཡས་མཆིམས་ཕུ་དགེའུར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མངའ་བདག་ཡབ་སྲས་དང༔ འདུས་པའི་མཆེད་ལྕམ་ཐམས་ཅད་ལ་དགོངས་འདུས་གསེར་ཆོས་དང༔ རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་གི་གདམས་པ་རྣམས་རྫོགས་པར་གྲུབ་པའི་ཚེ༔ དེ་ནས་སློབ་དཔོན་ཆེན་པོའི་ལུང་བྱང་བཀའ་རྒྱའི་གདམས་པ་གསུངས་པ་དང༔ ཡེ་ཤེས་མཚོ་རྒྱལ་དཀྱིལ་འཁོར་གཉན་པོའི་འགྲམ་ནས་ལང་སྟེ་སློབ་དཔོན་ཆེན་པོ་ལ་བདུད་རྩིའི་ཞལ་སྐྱེམས་དྲངས༔ ཉིད་ཀྱི་མགུལ་རྒྱན་རིན་པོ་ཆེ་སྟོང་གི་ཕྲ་ཅན༔ གསེར་གྱི་སྤར་བཀབ་བཀྲོལ་ནས༔ མཎྜལ་གྱི་ཚོམ་བུར་བཀོད་ནས་ཕུལ་ཞིང་གུས་པས་ལྷ་ཕྱག་འཚལ་ནས་ཐལ་སྦྱར་པུས་བཙུག་གིས་ཞུས་པ༔ ཨེ་མ་ཧོ༔ ལྷ་དང་མི་དང་ལྷ་མ་ཡིན་ཐམས་ཅད་ཀྱི་གཙུག་གནས་མཆོད་རྟེན་སྐྱབས་གནས་དམ་པར་གྱུར་པའི་གུ་རུ་རིན་པོ་ཆེ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་ཕྱུང་ཞིང་ཉིད་ཀྱིས་གཡར་དམ་དུ་མཛད་པའི་དགོངས་འདུས་རིན་པོ་ཆེའི་བང་མཛོད་དམ་པ་དང༔རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་མངའ་བདག་ཡབ་སྲས་དང༔ བདག་ཅག་འདུས་པའི་མཆེད་ལྕམ་ཐམས་ཅད་ལ་བཀའ་བསྩལ་ནས་སྨིན་གྲོལ་ཟབ་མོའི་སྒོར་བཅུག་ནས༔ ཡང་མ་འོངས་པའི་དུས་ཕྱི་མ་ལ་བབ་པའི་ཚེའང༔ རང་རང་དངོས་སམ་བརྒྱུད་པ་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་སྐྱེ་བ་བརྒྱུད་པའི་བར་ཚིགས་ཀྱིས༔ དུས་སྐབས་སུ་ཆོས་འདི་དག་དང་མཇལ་ཞིང་ལོངས་སྤྱོད་དེ་གདུལ་བྱ་ལ་ཕན་པར་འགྱུར༔ ཅེས་སོགས་ཀྱི་ཞལ་ད་བཀའ་ནན་དང་བཅས་པས༔ སྤྱིར་དགོས་བྱེ་བྲག་དང་བཅས་པ་ལ༔ རང་རང་བཀའི་ལུང་བྱང་ཐེམ་བྱང་བཀའ་རྒྱ་དང་བཅས་པ་གནང་བ་བཀའ་དྲིན་ཆེ༔ ཡིད་ཀྱང་ཆེས༔ ཡང་ལ་ལར་སྔོན་གྱི་ལས་ཀྱི་དབང་སྟོབས་ཆེ་བ་དང༔ འཕྲལ་གྱི་རྐྱེན་ཤུགས་དྲགས་པས་བརྩོན་འགྲུས་ཀྱི་དཔའ་ཤུགས་བསྐྱེད་ལ་སྨོན་ལམ་རྒྱ་ཆེན་ཐོབས་གསུངས་ནས༔ མ་འོངས་སྙིགས་མའི་དུས་དེར་ཡང༔ ད་ལྟའི་ལུང་བྱང་དུ་ཡིན་ནམ་གསུངས་པའི་རྟེན་འབྲེལ་མ་འགྲིག་ན་འཕྲལ་རྐྱེན་ཤུགས་དྲགས་པའི་དབང་གིས་ཆོས་བདག་དང་གང་ཟག་འཛོལ་བའམ༔ ལྷ་སྲས་ཀྱིས་རྟེན་འབྲེལ་འཆུག་ན་ཅི་ལྟར་བགྱི༔ དེའི་ཚེ་བྱེད་སྤྱོད་འདུན་སྟབས་རབ་འབྲིང་ཐ་མ་ཇི་ལྟར་བགྱིད༔ དེ་རྣམས་གང་ཡང་མ་འགྲུབ་ན༔ དུས་ཀྱི་མཐའ་མ་ཅི་ལྟར་འོང་ལ་སོགས་པའི་མ་འོངས་ཀྱི་སྤྱི་ཚིགས་ལུང་བྱང་བཀའ་བསྩལ་དུ་གསོལ༔ ཁོ་མོས་གཅིག་དཀར་ཆག་ཟིན་བྲིས་སུ་གདབ་འཚལ༔ ཞེས་ཞུས་པས༔ ཀུན་མཁྱེན་མ་ཧཱ་གུ་རུས་གསུངས་པ༔ ཨའུ་མཚོ་རྒྱལ་མ་ལ་སོགས་པའི་མཆེད་ལྕམ་རྣམས་ཉོན་ཅིག༔ དུས་སྐབས་ཀྱི་ཞུས་པ་ལེགས་སོ༔ ཇི་ལྟར་ཞུས་པའི་ལན་བརྗོད་པར་བྱ་སྟེ༔ མི་བརྗེད་པའི་གཟུངས་ཀྱིས་ཟུངས་དཀར་ཆག་ཟིན་བྲིས་ལ་ཐོབས་ཤིག༔ དེའི་བཀའ་ནན་ཐག་རྒྱས་བཏབ་ཀྱི་ཚུལ་དུ་སྟོན་པས༔ འཆོལ་ཞིང་གཡེལ་ལ་མ་ཤོར་བར་གྱིས་ཤིག༔ སྔོན་གྱི་ལས་ནི་ནམ་ཟླ་དྲོས་པའི་ས་གཞི་ལ་ལོ་འབྲས་རྩྭ་སྡུམ་ལ་སོགས་སྐྱེ་བ་དང་འདྲ་སྟེ༔ རང་ཤུགས་ཀྱིས་འབྱུང་ལ༔ འཕྲལ་རྐྱེན་དར་དྲགས་པས་ནི་གློ་བུར་སད་སེར་གྱིས་འཇོམས་པ་དང་འདྲ་བར་མ་འོངས་པའི་དུས་སུ་ཡང༔ ལས་ཀྱི་དབང་གིས་ཐམས་ཅད་འཇོམས་པར་འགྱུར་ཡང༔ འཕྲལ་རྐྱེན་དབང་གིས་ལུང་བྱང་ལྟར་མ་འགྲིགས་ན་སྨོན་ལམ་མཐུ་བཙན་པས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨོན་ལམ་ཐོབས་དང༔ དགོངས་འདུས་རིན་པོ་ཆེའི་གསེར་ཆོས་དང༔ རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་དང་འཕྲད་དེ་རང་རང་གིས་ཉམས་སུ་ལེན་ཅིང༔ གདུལ་བྱ་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་འགྲུབ་པར་འགྱུར་རོ༔ ཁྱད་པར་དུ་ལྷ་སྲས་གཟུངས་མ་དང་བཅས་པ་རྣམས་ཀྱི་རྟེན་འབྲེལ་ཐམས་ཅད་འཕྲལ་གྱིས་འཆུག་པའམ༔ གལ་ཏེ་ལ་ལ་ཙམ་ཞིག་རྐྱེན་དབང་དུ་གྱུར་པས་དེ་དག་གིས་རྟེན་འབྲེལ་ཉམས་པ་རྣམས་བསྐང་ཞིང་གསོ་བར་བྱེད་པའི་སེམས་འདུན་དྭངས་དུ་ལེན་པ་སུ་ཡོད་ལོངས་ལ་སྨོན་ལམ་ཐོབས་ཤིག༔ ཅེས་གསུངས་པ་དང༔ རིག་འཛིན་ཧཱུྃ་ཀཱ་རའི་སྲས་མོ་འབུམ་ལྕམ་གྱི་གཅུང་མོ༔ དུར་ཁྲོད་ཀྱི་ཤ་ཟ་ཁ་མོ་ཆེ་ཞེས་བྱ་བ༔ ད་ལྟའི་སྲས་མོ་དཔལ་མོ་འཛོམ་པ་སྐྱིད་དུ་སྐྱེས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་དུ་མཐོང་ཞིང་ཕྲིན་ལས་ཀྱི་མངའ་བདག་དྲག་པོ་མངོན་སྤྱོད་ཀྱི་ལས་སྒྲུབ་པར་བྱེད་པ༔ གཅེན་མོ་འབུམ་ལྕམ་གྱི་སླད་ཀྱི་རྗེས་འབྲང་ལངས་ཏེ༔ གུས་པས་ཕྱག་འཚལ་ཏེ་དུས་སྐབས་དེའི་ཚེ༔ ལྷ་སྲས་ཡབ་ཡུམ་གྱི་དྲུང་དུ་འཁོད་དེ༔ ཆོས་ཀྱི་སྲིད་སྐྱོང་བསྟན་པའི་བ་དན་ཕྱར༔ བར་ཆད་བྱེད་པའི་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་བར་ཆད་བྱེད་པའི་འབྱུང་པོ་ཐམས་ཅད་འདུལ་བའི་གཉེན་པོར་གྱུར་ནས་བརྒྱུད་འཛིན་གྱི་ཁྱེའུ་ཐབས་ཤེས་རྩ་བ་མཆོག་དང་བཅས་པ་སྤེལ་བའི་མ་མ་དང༔ འབྱོར་པ་ལོངས་སྤྱོད་སྤེལ་བ་ལ་སོགས་པ་ཐུན་མོང་གི་ལས་སུ་གྱུར་པ་འགྲུབ་པ་དང༔ ཁྱེའུ་དེ་དག་འབྱུང་བ་རྣམས་ཀྱི་སྲུང་མ་ཚེ་སྲོག་གི་བར་ཆད་ཟློག་པར་བྱེད་པའི་སྨོན་ལམ་དུ་གྱུར་པ་བདག་གིས་འདེབས་པར་འཚལ་ན༔ ནུས་པའི་སྟོབས་སྨིན་ཅིང་སྨོན་ལམ་བཏབ་པ་ལྟར་འགྲུབ་པར་གྱུར་ཅིག་དེ་ལྟར་ན་བདག་གིས་འཚལ་བར་བགྱིད་དོ༔ ཞེས་ཞུས་པས༔ ཀུན་མཁྱེན་མ་ཧཱ་གུ་རུ་དགྱེས་པའི་ཚུལ་གྱིས་ཉིད་ཀྱི་ཐུགས་མཛོད་གསེར་ཁུག་ནས༔ ཀླུའི་རྒྱལ་པོས་ཕུལ་བའི་ནོར་བུ་རིན་པོ་ཆེ་སྟག་ཤཱ་དྷེ་བ་ཅོ་གའི་སྒོ་ང་ཙམ་གཅིག་ཡོད་པ་བཏོན་ཏེ་དཔལ་མོ་འཛོམ་པ་སྐྱིད་ལ་གནང་ནས་གསུངས་པ༔ ཁྱོད་མ་འོངས་པའི་དུས་ན་པདྨ་དབང་ཆེན་གྱི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ༔ ཆོས་བྱེད་སྒྲུབ་པ་པོའི་སྐུ་ཚེ་བསྲིང་བ༔ དཀྱིལ་འཁོར་གཉན་པོའི་ཕྲིན་ལས་སྒྲུབ་པ༔ དམ་ཉམས་ལོག་འདྲེན་བདུད་དང་བར་ཆད་ཐམས་ཅད་འདུལ་ཞིང༔ སྐྱེ་བོ་སྡིག་ཆེན་གྱི་སྲོག་དབུགས་ཕྲོག་པ༔ ཕྲིན་ལས་དྲག་པོ་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་པའི་སྲུང་མ་དུར་ཁྲོད་ཀྱི་ཤ་ཟ་ཁ་མོ་ཆེ་ཞེས་བྱ་བ་ཡིན་ཞིང༔ དེང་སང་ཡང་རིག་འཛིན་ཆེན་པོའི་སྲས་མོར་སྣང་ཞིང་འབུམ་ལྕམ་གྱི་རྗེས་འབྲང་བྱེད་ཅིང་དགོངས་འདུས་གསེར་ཆོས་རིན་པོ་ཆེ་དང༔ རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་འདི་ཉིད་ཀྱི་བསྟན་པ་སྲུང་བར་བྱེད་ཅིང་མ་འོངས་པའི་དུས་སུ་ཡང༔ དགོངས་འདུས་དང་རྒྱལ་བ་འདུས་པའི་ཆོས་ཀྱི་བསྟན་པ་བསྲུང་ཞིང་ཕྲིན་ལས་བསྒྲུབ་པར་འགྱུར་བས༔ དེའི་དུས་ཀྱི་ཁ་བཏང་དང་བར་ཆད་བཟློག་ཅིང་བདུད་ཚོགས་ཀུན་འདུལ་བར་འགྱུར་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་བ་གསུམ་གྱི་དྲུང་དུ་སྨོན་ལམ་ཐོབས་མཛོད་ཅིག༔ འདུས་ཤིང་ཚོགས་པའི་མཆེད་ལྕམ་རྣམས་ཀྱིས་སྨོན་ལམ་གྱི་མཐུན་འགྱུར་གྱི་སྡོངས་གྲོགས་མཛོད་ཅིག༔ ཅེས་བཀའ་བསྩལ་པ་དང༔ དུས་དེ་ཉིད་དུ་རྩལ་ཕྱུང་དཔའ་ཤུགས་བསྐྱེད་དེ༔ དགོངས་འདུས་རིན་པོ་ཆེ་དང་རྒྱལ་བ་འདུས་པ་ཆོས་ཀྱི་བསྟན་པ་སྲུང་བ་དང༔ རིག་འཛིན་སྒྲུབ་པ་པོ་རྣམས་ཀྱི་གྲོགས་བྱེད་པ༔ སྐྱེ་བོ་སྡིག་ཆེན་མ་རུངས་པ་རྣམས་ཀྱི་སྲོག་གཅོད་པ་དང༔ ཁྱད་པར་དུ་ལྷ་སྲས་རྒྱལ་པོ་སྐྱེ་བ་བརྒྱུད་ནས་དགོངས་འདུས་གསེར་ཆོས་ལ་སྤྱོད་པའི་དགེ་སྦྱོང་སངས་རྒྱས་རྡོ་རྗེ་དང༔ དེ་ནས་ཚེ་འཕོས་ཏེ་གར་གྱི་དབང་ཕྱུག་རྩལ་ཞེས་བསྐལ་པ་རྩུབ་འགྱུར་གྱི་མཐའ་བཞི་བཅུའི་ཡང་མཐར་འབྱུང་སྟེ༔ ཁྱུང་ཚང་བྲག་ནས་རྒྱལ་བ་འདུས་པའི་ཆོས་སྐོར་རྣམས་གཏེར་ནས་སྤྱན་དྲངས་ཏེ༔ སྤེལ་བར་བྱེད་པའི་ཚེ་སྲོག་ལ་བར་ཆད་བྱེད་ཅིང༔ བསྟན་པ་འཇོམས་པར་བྱེད་པའི་བདུད་དང་འབྱུང་པོ་ཐམས་ཅད་འདུལ་ཞིང་ཚར་གཅོད་པ་ཤེས་རབ་ཀྱི་གཟུངས་མ་གང་དང་གང་འཛོམ་པ་རྣམས་ཀྱི་ཞལ་ཚབ་བྱེད་པ༔ ལྷ་སྲས་ཀྱི་བརྒྱུད་འཛིན་ཐབས་ཤེས་ཀྱི་ཁྱེའུ་ཕོ་མོ་གཉིས་དང༔ རྩ་བ་སྐུ་གསུང་ཐུགས་ཀྱི་སྲས་གསུམ་དང༔ མཆོག་གི་རྣལ་འབྱོར་པ་རྣམས་ཀྱི་སྐུ་སྲུང་བགྱིད་ཅིང་དེ་དག་གི་བར་ཆད་བསལ་བ་དེ་དག་རྣམས་ཀྱི་མ་མའི་རྟེན་འབྲེལ་མ་འགྲིག་པར་བརྟེན་ནས་སྲས་རྣམས་མ་བྱུང་ཡང༔ མ་མ་རྣམས་ཀྱི་ཞལ་ཚབ་ཏུ་གྱུར་ནས་གང་མ་བྱུང་བའི་མ་མ་བགྱིས་ནས་སྲས་སྤེལ་ཞིང་བརྒྱུད་པ་དགུ་ཕྲུགས་ཀྱི་བར་དུ་ཟམ་མ་ཆད་པའི་སྲུང་མ་བགྱིད་པ༔ ལྷ་སྲས་ཀྱི་ལུས་ངག་ཡིད་གསུམ་ལ་བར་ཆད་བྱེད་པའི་བདུད་དང་འབྱུང་པོ་སྨོན་ལམ་མ་དག་པ་རྣམས་ཀྱི་གཉེན་པོར་གྱུར་ནས་ཐབས་ཀྱིས་འདུལ་བ་དང༔ དམ་ཆོས་དགོངས་པ་འདུས་པ་དང༔ རྒྱལ་བ་འདུས་པ་ཉམས་སུ་ལེན་པར་བྱེད་པའི་ལས་ཅན་སྐྱེས་བུ་རྩ་བའི་བུ་བཅོ་ལྔ༔ ཆོས་བདག་ཉེར་གཅིག༔ ལས་ཅན་གྱི་སྐྱེས་བུ་ཕྱི་ནང་གསང་གསུམ་གྱི་ལུང་བསྟན་ནས་འབྱུང་བའི་ཆོས་བདག་བརྒྱ་རྩ་བརྒྱད་དང༔ གཞན་ཡང་སྨོན་ལམ་དག་པའི་རྣལ་འབྱོར་ཕོ་མོ་དགོངས་འདུས་དང༔ རྒྱལ་བ་འདུས་པ་ལ་སྤྱོད་པའི་ཆོས་བདག་རྣམས་ཀྱི་སྲུང་མ་བགྱིད་ཅིང་མཐུན་རྐྱེན་སྒྲུབ་པ༔ བར་ཆད་སེལ་བར་བྱེད་པ་དཔལ་དང་འབྱོར་པ་སྤེལ་ཞིང་ལོངས་སྤྱོད་སྙན་གྲགས་སྒྲོག་པ་དང༔ ཕྱི་ནང་གི་བར་ཆད་བསལ་བ་ལ་སོགས་ཏེ༔ མདོར་ན་ལྷ་སྲས་ཀྱི་བསྟན་པ་སྲུང༔ དགོངས་འདུས་དང་རྒྱལ་བ་འདུས་པའི་གཏེར་བདག་ཆོས་བྱེད་སྒྲུབ་པོའི་གྲོགས༔ བདུད་དང་འབྱུང་པོའི་ཁ་གནོན༔ སྐྱེ་བོ་སྡིག་སྤྱོད་རྣམས་ཀྱི་དབུགས་ལེན༔ དམ་ཉམས་ལོག་པར་ལྟ་བ་རྣམས་ཀྱི་སྲོག་གཅོད་བྱེད་པར་གྱུར་ཅིག་ལ་སོགས་པའི་སྨོན་ལམ་བཏབ་ནས་སླར་རིན་པོ་ཆེ་སྟག་ཤ་དྷེ་ཝ་དང༔ མོ་རང་གི་ཆས་རྒྱན་རྣམས་སློབ་དཔོན་གྱི་ཕྱག་ཏུ་བཞག་ནས༔ མ་འོངས་པའི་དུས་ན་ལྷ་སྲས་ཀྱི་སྐྱེ་བ་ནས་སྐྱེ་བའི་བར་དུ་སྨོན་ལམ་གྱི་དབང་གིས་བདག་ཀྱང་གཅེན་མོ་འབུམ་ལྕམ་ལྷ་སྲས་ཀྱི་གཟུངས་མ་བགྱིད་དུས་སུ༔ སླད་ཀྱིས་རྗེས་འབྲང་ཚང་ཟླའི་ཚུལ་དུ་སྐྱེ་བའམ༔ ལྷ་སྲས་ཀྱི་སྒྲོལ་ཡུམ་དུ་གྱུར་པ་དགོངས་པ་གཏད་ཅིང་དེ་དུས་བདག་རང་གི་ནོར་སྐལ་དུ་གནང་དུ་གསོལ༔ ཅེས་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་བཏབ་ནས་དེ་ཉིད་དུ་སྲས་མོ་འཛོམ་པ་སྐྱིད་ཚེའི་དུས་བྱས༔ རོ་ལ་འཇའ་འོད་སྣ་ལྔའི་ཀ་བ་ཟུག༔ ཡེ་ཤེས་དང་ལས་ལས་གྲུབ་པའི་མ་མོ་མཁའ་འགྲོ་མ་རྣམས་ཀྱིས་བསུས་པའི་ལྟས་དཔག་ཏུ་མེད་པ་བྱུང་ངོ༔ དེ་ནས་སློབ་དཔོན་གྱིས་དཔལ་མོ་འཛོམ་པ་སྐྱིད་ལུང་བསྟན་པའི་མདོ་ཏིག་དང༔ རིན་པོ་ཆེ་སྟག་ཤ་དྷེ་ཝ་མཆོད་ཐབས་གསོལ་བ་བཏབ་ལུགས་དང་བཅས་པ་ཤར་ཕྱོགས་ཀྱི་བས་མཐར་སྐྱེ་བའི་དུས་ལ་དགོངས་ནས་འཆིངས་ཀྱི་གད་པ་སྐྱ་བོའི་ནུབ་བྱང་གི་མཚམས་སུ་བདུད་རྗེ་རོང་ལྷ་ནག་པོ་གནས་པའི་སར༔ སྒྲུབ་གནས་གསང་སྒྲུབ་རླུང་སྒྲོམ་འབར་བའི་དཀྱིལ་འཁོར་གྱི་སྟེགས་བུའི་ཁོང་སེང་དུ་རྒྱ་རིམ་པ་གསུམ་གྱིས་བཏབ་པ་མ་འོངས་པའི་དུས་སུ་ལྷ་སྲས་ཀྱིས་བཏོན་ཅིང་མོ་རང་དང་འཕྲད་པར་སྨོན་ལམ་བཏབ་བོ༔ དེ་ནས་སླར་གསུངས་པ༔ ལྷ་སྲས་ཀྱི་འདུན་སྤྱོད་ཐབས་ད་ལྟའི་ལས་དབང་གིས་རྟེན་འབྲེལ་ལ་བར་ཆད་མ་ཞུགས་ན༔ རང་གནས་ཀྱི་འཆིངས་ཀྱི་གད་པ་སྐྱ་བོར་ཕོ་བྲང་བཏབ་ཅིང་དགོངས་འདུས་ཀྱི་བསྟན་པ་དགུ་ཕྲུགས་སུ་སྤེལ་བར་འགྱུར་རོ༔ དེ་ལྟར་སྲས་ཡུམ་ལས་འབྲེལ་བུ་སློབ་ཡོན་བདག་གིས་ལུང་བསྟན་པ་བཞིན་རྟེན་འབྲེལ་འགྲིག་པར་མ་གྱུར་ཀྱང༔ ཚེའི་དུས་བྱས་ནས་མ་འོངས་བསྐལ་པ་རྩུབ་འགྱུར་གྱི་ཡང་མཐར་རྒྱལ་བ་འདུས་པའི་ཟབ་ཆོས་འདི་དང་འཕྲད་པའི་ཚེ་ཁོ་བོས་བསླབ་པའི་སྤྱོད་ཚུལ་འདི་རྣམས་ལ་རྟོག་སྒོམ་གཞིབ༔ དེ་ཡང་ཕྱིའི་ཚུལ་ལུགས་ཆོས་རྒྱལ་ཆེན་པོའི་བཀའ་ཁྲིམས་དང་ལྡན་པར་སྤྱོད་ཅིག༔ ནང་གི་སྤྱོད་ལུགས་གསང་སྔགས་བླ་མེད་དང་མཐུན་པར་སྤྱོད་ཅིག༔ གསང་བའི་སྤྱོད་ཚུལ་རིག་པ་འཛིན་པའི་ཕོ་བྲང་གི་རྣམ་ཐར་ལྟར་སྤྱོད་ལ༔ རང་འདོད་ཀྱི་འཁྲི་བ་བཅད་དེ༔ གཞན་དང་མཐུན་པའི་ཐབས་ཀྱི་སྤྱོད་པས་འགྲོ་བ་སྐྱོངས་ཤིག༔ དེ་ལྟར་མ་འགྲུབ་ན༔ འབྲིང་གི་འདུན་སྤྱོད་སྲས་མོ་འཛོམ་པ་སྐྱིད་ཀྱི་སྨོན་ལམ་བཏབ་པ་ལྟར་སྤྱོད་ཅིག༔ དེ་ཡང་ཕྱིའི་ཚུལ་ལུགས་འཇིག་རྟེན་པ་དང་ཐབས་ཀྱིས་བསྟུན་པའི་མཐུན་འཇུག་བསྟུན་ལ་རིམ་གྱིས་ཆོས་ལ་འབོད་ཅིག༔ ནང་གིས་ཚུལ་ལུགས་གསང་སྔགས་སྤྱི་དང་མཐུན་པའི་ངང་ནས་བསྐྱེད་རྫོགས་ཀྱི་བསྟན་པ་སྐྱོངས་ཤིག༔ གསང་བའི་ཚུལ་ལུགས་དགོངས་འདུས་གསེར་ཆོས་དང་རྒྱལ་བ་འདུས་པ་ཁྱད་པར་འཕགས་པ་སྤྱི་བྱེ་བྲག་གི་སྒྲུབ་པ་ནན་ཏན་དུ་བྱས་ཏེ༔ འགྲོ་བ་རྣམས་ཐབས་ཀྱིས་སྐྱོངས་ཤིག༔ དེ་ལྟར་རབ་འབྲིང་གང་ཡང་གྲུབ་པར་མ་གྱུར་ན་ནི༔ ལྷ་སྲས་དབང་བསྒྱུར་རྫས་སྒྲུབ་ཀྱི་སྦྱོར་བ་ལ་བརྟེན་ནས་འཇིག་རྟེན་གྱི་འཁྲུལ་ཞེན་བཙན་ཐབས་སུ་བཅད་དེ་གསང་སྔགས་སྤྱོད་ཐབས་ཀྱི་རྫུ་འཕྲུལ་དང་ལྡན་པར་བྱའོ༔ དེ་ཡང་ཕྱིའི་སྤྱོད་ཚུལ་འཁྲུལ་ཞིག་སྨྱོ་སྤྱོད་ཀྱི་ཚུལ་དུ་སྤྱོད་པས་དམུ་རྒོད་ཀྱི་གདུལ་བྱ་ཐོག་བབས་སུ་བཏུལ༔ ནང་གི་སྤྱོད་ཚུལ་དཀྱིལ་འཁོར་གསུམ་ལྡན་གྱི་ངང་ནས་འཁོར་འདས་སྤྱི་སྙོམས་ཀྱི་སྤྱོད་པ་སྤྱད་དེ༔ ཐམས་ཅད་གཉིས་མེད་ཁྱབ་བརྡལ་གྱི་འགྲོ་དོན་སྤྱད༔ གསང་བའི་སྤྱོད་ལུགས་ཀ་དག་ཡེ་ཀློང་གི་ངང་ནས་བཟང་ངན་དགྲ་གཉེན་ལ་སོགས་གང་ལའང་སྤང་བླང་ཆགས་སྡང་མེད་པར་ཤུགས་འབྱུང་འགག་མེད་ཀྱི་སྤྱོད་པ་སྤྱོད་དེ༔ སྣང་སེམས་ཁྱབ་བརྡལ་དུ་གཏོང་བས་གདུལ་བྱ་བཟང་ངན་གང་ལའང་འདི་རིམ་མེད་པར་ལ་འཕྲད་ལ་རུ་སྐྱོངས༔ ལུང་འཕྲད་ལུང་དུ་སྐྱོངས༔ འགྲོ་དོན་བྱེད་པའི་གནས་ཀྱང་རབ་ར་ས་དང་བསམ་ཡས༔ འབྲིང་འགྲོ་དོན་གྱི་འཕེལ་སྐྱེད་གང་ཆེ༔ ཐ་མ་དུར་ཁྲོད་མཁའ་འགྲོ་མ་རྒྱུ་བ་ལྟར་གཏད་མེད་བྱུང་རྒྱལ་གྱི་གནས་བརྟེན་པར་བྱའོ༔ ཆ་ལུགས་རྣམས་ཀྱང་རབ་རྒྱལ་པོའི་རྣམ་པར་རོལ་པའི་ཆ་ལུགས་ལོངས་སྤྱོད་རྫོགས་པའི་རྒྱན་དང༔ ཆོས་སྐུ་འཇོལ་བེར་ཅན༔ བར་སྔགས་འཆང་རལ་པ་དཀར་པོའི་ཆ་ལུགས༔ ཐ་མ་དགེ་སྦྱོང་ངམ༔ གང་བྱུང་གི་སྟབས་དང་བསྟུན་པར་བྱའོ༔ དེ་ལྟར་རབ་འབྲིང་ཐ་མའི་ཆ་ལུགས་རྣམ་ཐར་མཛད་པ་ཕྲིན་ལས་རྣམས་ལུང་བྱང་ནས་བསྟན་ཅིང༔ བཀའ་རྒྱ་དང་བཅས་པ་ནན་ཏན་དུ་བསྔགས་པ་ལྟར་གང་ཡང་མ་གྲུབ་པ་ལ་ཉེས་པའི་རྣམ་གྲངས་མང་དུ་འབྱུང་བ་ནི༔ ལྷ་སྲས་གཟུངས་མ་འཁོར་སློབ་ལ་སོགས་པ་རྣམས་ཀྱི་རྟེན་འབྲེལ་ཡ་མ་ཟུང་ཤུགས་བཙན་ཆེ་ནས༔ མི་འདོད་པའི་བར་ཆད་ལོག་དགུ་སྣ་ཚོགས་འབྱུང་ཞིང་སྡོད་ནས་འགྲོ་བར་སེམས༔ འགྲོ་ནས་སྡོད་པར་སེམས་པ་འབྱུང༔ གདུལ་བྱ་སློབ་མ་དང༔ དགོངས་འདུས་དང་རྒྱལ་བ་འདུས་པ་ཉམས་སུ་ལེན་པར་སེམས་པའི་སྟོབས་སྐྱེས་པ་རྣམས་ལ་ཡང༔ དཔེར་ན་རྫིང་རྙོག་མ་ཅན་གྱི་ཆུ་ཡུར་བ་ལ་དྲངས་ཀྱང་རྙོགས་མ་ཅན་བབ་པ་དང་མཚུངས་པར་བླ་མ་བར་ཆོད་ལོག་འདྲེན་བདུད་དབང་དུ་སོང་བའི་སྟོབས་ཀྱིས་སློབ་མ་རྣམས་ཀྱང་ཉམས་ལེན་མི་འཕེལ་བར་ལེ་ལོ་རྣམ་གཡེང༔ བདུད་དབང་དུ་འགྲོ༔ ཐེ་ཚོམ་དང་སོམ་ཉི་ཟ༔ དེས་ཆོས་དང་གང་ཟག་དཔོན་སློབ་ཀྱི་བར་དུ་བདུད་ཞུགས་ནས་དམ་ཚིག་ཉམས་པའི་རྒྱུ་རྐྱེན་མང་པོ་འབྱུང་ངོ༔ དེས་རང་གཞན་འགྲོ་བ་ཡོང་ལ་གནོད་དོ༔ གཞན་ཡང་འཁོར་དམ་ལོག་དང་ཚུལ་ཤོར་མང་པོ་འབྱུང་ངོ༔ ལོངས་སྤྱོད་དབུལ་ཞིང་ཡོངས་ཀྱིས་བརྙས་པར་བྱེད༔ རང་གི་མཐུ་དང་རྩལ་འཆོར༔ ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ་ཡང་བཀྲ་མི་ཤིས་པའི་ལྟས་མཁའ་འགྲོ་འཁྲུགས་པའི་དབང་དུ་འབྱུང་ངོ༔ རང་ཉིད་ཁམས་འཁྲུགས་ནས་དགེ་སྦྱོར་གྱི་སྐྱེད་འཕེལ་ཆད༔ འཇིག་རྟེན་ལོག་སྤྱོད་མཁན་གྱི་དབང་དུ་འགྱུར་རོ༔ ལྷ་སྲས་མ་འོངས་པའི་དུས་དམ་ཆོས་དགོངས་འདུས་རིན་པོ་ཆེའི་གསེར་ཆོས་དང༔ རྒྱལ་བ་འདུས་པའི་ཟབ་ཆོས་ཟབ་གཏེར་རང་ཉིད་ནོར་ལ་སྤྱོད་པའི་ཚེ༔ ལྟ་བ་ལ་ཕྱོགས་རིས་མ་བྱེད༔ སྒོམ་པ་ལ་ཐུན་དུ་མ་གཅད༔ སྤྱོད་པ་ལ་ཚུལ་མིན་ཡ་མ་ཟུང་དུ་མ་སྐྱོངས༔ འབྲས་བུ་ལ་གདིང་སྙབ་མ་བྱེད༔ དམ་ཚིག་ལ་ངོས་ལྐོག་མ་བྱེད༔ གདུལ་བྱ་ལ་ཉེ་རིང་མ་བྱེད༔ ཆོས་ཟོང་དུ་མ་ཚོངས༔ ཕྱག་རྒྱ་ཚུལ་མིན་ཅན་མ་བསྟེན༔ གལ་ཆེན་ཡལ་བར་མ་དོར༔ གལ་ཆུང་དོན་དུ་མ་གཉེར༔ མདུན་གྲོས་སད་ལ་མ་བསྐྱུར༔ ཟས་ནོར་ལོངས་སྤྱོད་ལ་མངོན་ཞེན་མ་ཆེ༔ ཉམས་ལེན་ཟབ་མོའི་ཆོས་ལ་བརྩོན་འགྲུས་སྐྱེད་ཅིག༔ ཀྱེ་ལྷ་སྲས་ཁྱོད་ཀྱིས༔ ལྟ་སྒོམ་སྤྱོད་པས་རྐང་ཚུགས་ནས༔ དགོངས་འདུས་དང་རྒྱལ་བ་འདུས་པའི་ཟབ་ཆོས་ལ་སྤྱོད་པའི་སྐལ་ལྡན་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་སྙིང་པོ་ལེན་ནས་དག་པའི་ཞིང་དུ་འགྲོ་བ་ཡིན་ནོ༔ གནས་སྐབས་ཀྱི་རྟེན་འབྲེལ་ཡོངས་སུ་རྫོགས་པར་མ་གྱུར་ཀྱང་གང་འགྲུབ་ལ་འབད་ཅིང༔ ཁྱད་པར་བསྐྱེད་རྫོགས་ཉམས་ལེན་རྒྱུ་འབྲས་དང་བཅས་པ་ལ་རྐང་ཚུགས་པའི་ངང་ནས་རང་གི་ཚེ་འཕེལ་བའི་བརྒྱུད་པའི་རྐང་ཚུགས་ཆོས་སྤྱོད་ལ་སྨིན་གྲོལ་གྱི་བཅུད་ལེན་དང༔ རྐྱེན་ཕྱི་ནང་གི་བར་ཆད་ཟློག་པར་བྱེད་པའི་ཐབས་དང་རྟེན་འབྲེལ་རྣམས་སྤྱོད་པ་གཟབ་ཅིང༔ གཏན་ལ་ཕེབ་པར་བྱེད་པ་གལ་ཆེའོ༔ དེ་དག་གིས་མཐུན་རྐྱེན་ལུང་བྱང་རྣམས་དང་མཐུན་པའི་ཕྱག་རྒྱ་གཡེམས་ལ་མ་ཤོར་ཞིང༔ ཁྱད་པར་མངོན་སྤྱོད་ཕྲིན་ལས་ཀྱི་ཕྱག་རྒྱ་མངོན་སྤྱོད་སྲུང་མ་གནད་ནས་བསྐུལ་ཞིང་ཕྲིན་ལས་སྐུལ་བར་བྱེད་པ་གལ་ཆེའོ༔ དེ་ལྟར་ཕྱི་ནང་གསང་བ་རབ་འབྲིང་ཐ་མ་ལ་སོགས་པའི་འདུན་ཐབས་བྱེད་སྤྱོད་ལུང་བྱང་དང་མཐུན་པར་སྤྱོད་ཅིག༔ ཁྱད་པར་དུ་བཀའ་རྒྱའི་ཐེམ་ལ་བཏབ་ན་གསང་བའི་ཡང་རྒྱས་བཏབ་ལ་གནས་པར་མཛོད་ཅིག་ཅེས་བཀའི་ནན་ཐག་དང་བཅས་པ་མཛོད༔ ས་མ་ཡཱ༔ ཁ་ཐཱམ༔ ཨེ་མ་གསོན་མཛོད་ལྷ་སྲས་རྗེ༔ སྔོན་གྱི་ལས་དག་སྟོབས་ཆེ་ཡང༔ འཕྲལ་རྐྱེན་འཇུག་པ་དར་དྲགས་ཤིང༔ འགྲོ་བའི་བསོད་ནམས་དམན་པའི་མཐུས༔ རྟེན་འབྲེལ་ཐམས་ཅད་འཛོམ་པ་དཀའ༔ ད་ལྟའི་སྡིག་བློན་བསམ་ངན་དང༔ བདུད་ཀྱི་ཆོ་འཕྲུལ་སྨོན་ལམ་མཐུས༔ མ་འོངས་དུས་ཀྱི་སྙིགས་མ་རུ༔ ལེགས་པའི་རྟེན་འབྲེལ་འགྲིགས་པ་དཀའ༔ མ་དག་ལས་སྨོན་རྣམ་སྨིན་གྱིས༔ ཕོ་ཡི་སྙིང་ལ་རྒྱལ་འགོང་ཞུགས༔ མོ་ཡི་སྙིང་ལ་སྲིན་མོ་ཞུགས༔ ཆོས་བཞིན་མི་སྤྱོད་ལོག་མིན་སྤྱོད༔ དུས་དེར་བདག་འདྲ་པདྨ་ཡི༔ ཟབ་དོན་ཆོས་ཀྱི་སྙིང་པོ་རྣམས༔ དར་ཡང་སྨིན་ཅིང་གྲོལ་བ་ཉུང༔ བླ་མེད་ཆོས་བཞིན་སྤྱོད་པ་ཡི༔ སྐྱེས་མཆོག་ཐར་ཐོར་བྱོན་གྱུར་ཀྱང༔ འགྲོ་དོན་ཕྱོགས་མེད་སྐྱོང་བ་ཉུང༔ མཚན་ལྡན་མཁའ་འགྲོ་རེ་རེ་ཙམ༔ སྨོན་ལམ་དབང་གིས་བྱུང་སྲིད་ཀྱང༔ བདུད་དབང་སྐྱེ་བོའི་བག་ལ་ཞ༔ མཚན་ལྡན་ཕྱག་རྒྱ་ལོན་པར་དཀའ༔ ཟབ་གཏེར་ལ་ལ་སྦས་མོད་ཀྱང༔ འཆལ་ཞིང་འཕོ་འཆུག་སྣ་ཚོགས་འབྱུང༔ དེ་སོགས་འཕྲལ་རྐྱེན་རྒོད་པའི་ཕྱིར༔ ལྷ་སྲས་ལ་སོགས་ཕྱི་རབས་རྣམས༔ རང་སྣང་ཐུལ་ལ་སྣང་སེམས་སྲེས༔ བདུད་ཀྱི་ཆོ་འཕྲུལ་ཟློག་པའི་ཐབས༔ གཉེན་པོར་སྟོབས་དང་ལྡན་པར་མཛོད༔ ཡེངས་མེད་ཆོས་ལ་བརྩོན་འགྲུས་སྐྱེད༔ འཇིག་རྟེན་ཆོས་ཕྱིར་མ་འབྲང་གཟོབ༔ གསང་སྔགས་སྨིན་གྲོལ་ཆ་རྐྱེན་དུ༔ མཚན་ལྡན་ཕྱག་རྒྱ་བསྟེན་ན་ཡང༔ བདུད་ཀྱིས་བསླུས་པ་མང་འབྱུང་བས༔ ཕལ་ཆེར་ཏིང་འཛིན་ཕྱག་རྒྱ་བསྟེན༔ བྱང་ཆུབ་སྒྲུབ་པའི་ལམ་གྱི་ཆས༔ བཟའ་བཏུང་འཚོ་བ་དཀོན་སྲིད་པས༔ དཀའ་ཐུབ་བདུད་རྩིའི་བཅུད་ལེན་བརྟེན༔ གནས་ནི་ནགས་ཁྲོད་དབེན་ས་བརྟེན༔ འགྲོ་དོན་ཐུགས་རྗེའི་དཔྱང་ཐག་སྲིང༔ རྣམ་གཡེང་བོར་ལ་སྒྲུབ་ལ་བརྩོན༔ མི་ཚེ་མི་རྟག་ཡུད་ཙམ་ལ༔ རིག་གནས་ཟང་ཟིང་སྤྲོས་པ་སྐྱུར༔ བློ་ཐག་ཆོད་ལ་རང་ཚུགས་ཟུངས༔ གཞན་དབང་གང་ཡང་སྡུག་བསྔལ་རྒྱུ༔ རང་དབང་ཐོབ་ན་བྱ་བ་འགྲུབ༔ དེ་ཕྱིར་རང་དབང་རང་གིས་ཟུངས༔ གྲོས་ཕུག་ཡང་རྩེ་བླ་མེད་ཆོས༔ ཕུར་ཚུགས་ཉམས་སུ་ལེན་པ་ཡིན༔ དེ་དོན་སེམས་ཀྱི་གུང་དུ་ཆོངས༔ ཞེས་གདམས་ཤིང་བཀའ་ནན་དུ་མཛད་དོ༔ ཞེས་པ་འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་བཞིན་ད་ལྟའི་ལྷ་སྲས་དང༔ མ་འོངས་གསུང་སྲས་ཀྱི་དོན་དུ་ལུང་བྱང་ཞལ་གདམས་བཀའ་རྒྱ་ནན་ཐག་དང་བཅས་པ་གནང་བའི་རིམ་པ་ལས༔ བསྟན་སྲུང་ཤ་ཟ་ཁ་མོ་ཆེའི་ལོ་རྒྱུས་མ་འོངས་ཡིད་ཆེས་པར་བྱ་བའི་ཕྱིར༔ བདག་འདྲ་མཚོ་རྒྱལ་གྱིས་བྲེ་གུ་དགེ་འུར་བཀོད་པའོ༔ ཕྱི་རབས་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ། །༁ྃ༔ བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་པའི་བསྟན་སྲུང་ཤ་ཟ་ཁ་མོའི་སྒྲུབ་ཐབས་བཞུགས་སོ༔ ༁ྃ༔ ྈྈྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ༔ རྩ་གསུམ་རྒྱལ་བ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད༔ བླ་མ་དགོངས་པ་འདུས་པ་དང༔ ཟབ་ཆོས་རྒྱལ་བ་འདུས་པ་ལ༔ བསྟན་པ་གཉན་པོ་བསྲུང་བ་དང༔ མ་འོངས་ལྷ་སྲས་རྒྱལ་པོ་ཡི༔ སྐྱེ་མཐར་གཏེར་ལ་སྤྱོད་པའི་དུས༔ བར་ཆད་དགྲ་བགེགས་བསྒྲལ་བའི་ཕྱིར༔ སྨོན་ལམ་མཚམས་སྦྱོར་ཇི་བཞིན་དུ༔ བསྟན་སྲུང་ཤ་ཟ་ཁ་མོ་ཆེའི༔ ཡང་གསང་སྒྲུབ་ཐབས་སྙིང་པོ་འདིས༔ གདུག་པ་སྒྲོལ་བའི་མཚོན་ཆར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཉིད་ཉམས་སུ་བླང་བའི་རིམ་པ་ནི༔ སྒྲུབ་པ་པོ་རྩ་བ་གསུམ་གྱི་བསྙེན་སྒྲུབ་ཐེམས་པའི་གང་ཟག་གིས༔ སྒྲུབ་པའི་གནས་བྲག་ནག་མཚོན་ཆ་གཟིང་བ་ལྟ་བུ་གྲུ་གསུམ་ཆུ་སྒྲ་འུར་ཆོམ་དུ་ཡོད་པའམ༔ ཤིང་ཚེར་མ་ཅན་གྱིས་བསྐོར་ཞིང་བྲག་ཕུག་ཁ་ཤར་དུ་བལྟས་པའམ༔ དེ་ལྟར་མ་འགྲུབ་ན༔ གནས་དབེན་པར་དུར་ཁྲོད་ཀྱི་ས་ལ་དཀྱིལ་འཁོར་ས་སྟེགས་འོག་ཧོམ་ཁུང་དུ་ཡོད་པ་རྟིང་ཟབ་པ༔ མུ་ཁྱུད་གསུམ་ཐོག་ཏུ་ཡོད་པ༔ དེའི་སྟེང་དུ་གྲུ་བཞི་པ་རྒྱ་ཁྱོན་ཅི་རིགས་པ་རོ་སོལ་གྲི་ཁྲག་གིས་བྱུག༔ སྟེགས་བུའི་མདུན་དུ་ཧོམ་ཁུང་ནང་དུ་ལིངྒ་རྫོང་བའི་སྒོ་ཡོད་པ༔ དཀྱིལ་འཁོར་གྲུ་གསུམ་དབུས་སུ་བྷྱོ་དུད་ཁ༔ དེའི་མཐའ་སྐོར་དུ་མུ་ཁྱུད་ཟླུམ་པོར་བཀོད་པའི་ནང་དུ་ཁྲག་མཚོ༔ དེའི་ཕྱི་རོལ་དུ་དུར་ཁྲོད་མེ་རིས་བསྐོར་བ་བྲིས་པའི་དབུས་སུ༔ སྙུག་མ་བྱུང་རྒྱལ་ཚིགས་གསུམ་པ་མི་ལག་མ་འགྲིམས་པས་ཡུ་བ་བྱས་པའི་གྲི་ལྕགས་ལས་གྲུབ་པའི་ལྕགས་ཀྱུ་རྩེ་མོ་རྡོ་རྗེ་ཕྱེད་པས་མཚན་པ་དང༔ ཞབས་སུ་ཡང་རྡོ་རྗེ་རྭ་གསུམ་པ་གདེང་བ་མཚོན་ཆ་ལྟར་རྣོ་བར་བྱས་པའི་སྨྱུག་སྦུབས་ཀྱི་ནང་དུ་ཨ་མྲྀཏ་དང༔ མཚལ༔ རཀྟ༔ སིནྡྷུ་ར་རྣམས་གྲོ་བའམ་དར་ནག་ལ་ཤ་ཟ་ཁ་མོ་ཆེའི་འབོད་རྦད་གསད་གསུམ་གྱི་སྔགས་རྣམས་བྲིས་ལ་དར་ཚོན་སྣ་ལྔས་དྲིལ་ཏེ༔ འབོད་སྔགས་ལྕགས་ཀྱུའི་ཡུ་བའི་སྨྱུག་སྦུབས་ཀྱི་ཚིགས་པ་གོང་མའི་ནང་དུ་བཅུག༔ རྦད་པ་ཚིགས་སྦུབས་དབུས་སུ་གསད་པ་མཇུག་ཏུ་བཅུག་པ་ལ་མཚལ་གྱིས་དམར་པོར་བྱུག་ཅིང་སྤྲ་རྩི་བཟང་པོ་བཏང༔ དེའི་མགུལ་དུ་དུར་ཁྲོད་ཀྱི་རས་སམ༔ དར་ནག་ལ་ཟངས་དང་རཀྟ་སིནྡྷུ་ར་ཨ་མྲྀཏ་རྣམས་ཀྱིས་བྱུག་ཅིང༔ དེའི་སྟེང་དུ་སྐུ་བྲི་བ་ནི་ཤ་ཟ་ཁ་མོ་ཆེ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཞལ་ནས་ཁྲག་གི་ཆར་རྒྱུན་འབེབས་ཤིང་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཟིགས་པ༔ ཕྱག་གཡས་ལྕགས་ཀྱུ་དང༔ གཡོན་དགྲ་སྙིང་ཞལ་དུ་གསོལ་ཞིང་དུག་སྦྲུལ་ནག་པོའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ༔ གཅེར་བུ་གཟི་མདངས་དང་ལྡན་པ༔ དེའི་འཁོར་དུ་གདོང་ཅན་བཞི་བསྐུལ་བ་དང་མཐུན་པར་བྲིས་ལ་ཚོན་བཟང་པོ་བཏང༔ རྩ་སྔགས་སོགས་བྲིས༔ དར་ནག་གི་ཅོད་པན་རིན་པོ་ཆེ་སྣ་ལྔ༔ གཟི་མཆོང༔ མུ་ཏིག་ལ་སོགས་པ་རིན་པོ་ཆེའི་རིགས་དང་སྨན་རྣམས་ཐུམ་པོ་བྱས་ནས་བཏགས་ཏེ༔ དེ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞག༔ དེའི་དབུས་སུ་བྷནྡྷའམ་ལྕགས་སྣོད་དུ་གྲོ་སྲན་མ་ཏིལ་རྣམས་ཀྱི་ཕྱེ་མ་ལ་གཏོར་མ་ར་ཤ་དང་ར་ཁྲག་གིས་བརྒྱན་པ་གྲུ་གང་པ་འཁོར་བཞི་དང་བཅས་པ་དཔེའུ་ཆུང་ལྟར་བཤམ༔ གཞན་ཡང་མདའ་དར་དང་འཕན་གདུགས་གོ་མཚོན་རྐང་གླིང་ལ་སོགས་རོལ་མོའི་བྱེ་བྲག་སོགས་སྤྱན་གཟིགས་འཛོམ་པར་བསགས༔ དེ་ནས་ཕུང་ཤུལ་གྱི་ས་དང༔ དུར་ཁྲོད་ཀྱི་ས་ནག་ལ་བྲུབ་ཁུང་དཔངས་མཐོ་གང་པ་བང་རིམ་གསུམ་དང་བཅས་པ༔ ཐ་མ་སྐྱེར་པའི་རྩང་དམར་སྲིན་མོ་འགྲོས་སུ་བསྐོར་བ༔ རོ་གཡམ་གྲུ་གསུམ་པ་རྡོ་རྗེ་རྒྱ་གྲམ་གྱི་ཁ་གཅོད་ཡོད་པའི་ནང་དུ་དུག་ཤོག་ལ་དགྲ་བོ་གང་ཡིན་གྱི་ལིངྒ་ལྕགས་སྒྲོག་གིས་བསྡམས་པ༔ དུག་སྦྲུལ་གྱི་སྤྱི་བོ་ནས་གསང་གནས་ཡན་ཆད་ལ་ཁ་གཏད་དེ་ཟ་བ༔ དེའི་དཔྲལ་བར་རུས༔ ཁ་ལ་བདུད་མོ་ང་ལོངས༔ སྙིང་གར་ནྲྀ༔ ལྟེ་བར་ཙ༔ འདོམས་སུ་ཚ༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿབཞི༔ དེའི་མཐར་སྔགས་མགོ་ཕྱིར་བསྟན་ལ༔ ཤ་ཟ་ཁ་མོ་ཆེས་དགྲ་བོའི་སྙིང་ཏྲི་མྱོག༔ དགྲ་བོ་ཝཱཀ་ཀ་ནྲྀ་ཁུག་ཛ༔ བཱིག་ནན་ཏ་ཀྲྀད་ཏ་ཐུམ་ཏེ༔ སྤུར་བྲུབ་བྷི་ཤ་ཙཀྲ་ཛྭ་ལ་མཎྜལ་ཧ་ཧ་ལ་དྷི་ལ་ཧཱུྃ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ དགྲ་བོ་མཱ་ར་ཡ་ནན༔ ཞེས་པས་མཐར་བསྐོར༔ དུ་ཛ་ཁྲོམ་གྱིས་བསྐོར༔ ལིངྒ་འབྲུབ་ཁུང་དུ་བཅུག་ལ་དཀྱིལ་འཁོར་མདུན་དུ་བཤམ༔ ཐོད་པ་མཚན་ངན་ནང་དུ་ཐུན་རྫས་ནི་དུར་ཁྲོད་ཀྱི་རྡོ་ནག༔ ཡུངས་དཀར༔ ཡུངས་ནག༔ ཀེ་ཚེ༔ ཤང་ཚེ༔ ནས་ནག༔ བྲའོ༔ ལྕགས་ཕྱེ༔ ཟངས་ཕྱེ༔ སོ་དོག༔ དེ་རྣམས་དུག་ཁྲག་གིས་བསྣོལ་ལ་ཐུན་རྫས་སུ་བཤམ༔ དེ་ནས་སྒྲུབ་པ་པོ་པདྨ་འབྱུང་གནས་བསམ་པའི་བསྐྱེད་རིམ་དང༔ ང་རྒྱལ་ལྡན་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས༔ རང་བཞིན་གནས་དང༔ བྱང་ཤར་འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་མེ་རླུང་འཁྱིལ་བའི་ཕོ་བྲང་ནས་ཤ་ཟ་ཁ་མོ་ཆེ་འཁོར་ལས་མཁན་མ་མོ་བྱེ་བས་བསྐོར་བ་དང་བཅས་པ་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་སྒྲུབ་པ་པོ་ཡི་བཀའ་ཉན་ཅིང་བསྟན་པའི་དགྲ་བགེགས་བསྒྲལ་བར་རྔམས་པའི་ཚུལ་དུ་བྱ་ཁྱུང་ཐད་ལ་ལྷགས་པ་བཞིན་རང་གི་མདུན་དུ་བྱུང་བར་བསམ་ཞིང༔ ཤ་ཆེན་དང་གསུར་ཆེན་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་བྷྱོ༔ རྒྱ་མཚོ་ཆེན་པོའི་ཕ་རོལ་ནས༔ འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་དེར༔ རཀྟའི་ཁྲག་ལྦུ་འཁྲིག་པ་ལ༔ ཞིང་ཆེན་ལྷུ་དུམ་རྩིག་མ་ལོང༔ ཀིང་རུས་གྲམ་རོལ་འཁྲོལ་བའི་དབུས༔ བསྟན་སྲུང་མ་མོ་ལས་མཁན་མ༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཅི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་མཆོད་སྦྱིན་གནས་འདི་རུ༔ ཡུད་ཙམ་གཅིག་ལ་གཤེགས་ནས་ཀྱང༔ དགྱེས་པའི་གདན་ལ་བཞུགས་སུ་་གསོལ༔ བྷྱོ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ་མ་མོ་ཧྲིང་ཧྲིང་ཛཿཛ༔ ཞེས་འབོད་སྔགས་གང་འགྲུབ་བཟླ༔ ཡང༔ བྷྱོ་ཤ་ཟ་མ་མོ་ཙིཏྟ་ཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་མདུན་གྱི་སྐུ་རྟེན་ལ་གཉིས་སུ་མེད་པར་ཐིམ་པར་བསམལ༔ བྷྱོ་ཤ་ཟ་ཌཱ་ཀི་ཁ་མོ་ཆེ་མ་མོ་ས་པ་རི་བཱ་ར་མ་ཧཱ་བྷ་ལིནྟ་མ་ཧཱ་མཱཾ་ས་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་གྷ་ན་ཙཀྲ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ཅིང༔ ཧཱུྃ་བྷྱོ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང༔ གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ༔ ཞེས་སོགས་རྒྱུན་གྱི་ཕྲིན་ལས་ཀྱི་སྐབས་ལྟར་ཚང་བར་བྱ་ཞིང༔ རང་ཉིད་སློབ་དཔོན་པདྨའི་ང་རྒྱལ་དང་ལྡན་པས་མདུན་དུ་ཤ་ཟ་ཁ་མོ་ཆེ་འཁོར་ལས་མཁན་དང་བཅས་པ་ཐམས་ཅད་ཀྱིས་དམ་ཉམས་དགྲ་བོ་སྐད་ཅིག་ཉིད་ལ་སྒྲོལ་བའི་དམག་ལ་ཆས་ཏེ་ཁྲོ་ཞིང་གཏུམ་པས་དགྲ་བོའི་ཡུལ་དམག་གིས་བཀང་སྟེ་ཕྱག་ན་མཚོན་ཆ་སྣ་ཚོགས་པས་དགྲ་བོའི་བླ་ཚེ་དེད་དེ་བྱིའུ་ཁྲས་བཟུང་བ་བཞིན་བཀུགས་ནས་ལིངྒ་དང་གཉིས་སུ་མེད་པར་བསྟིམས་པར་བསམ༔ ལས་ལ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ སངས་རྒྱས་བསྟན་སྲུང་མཐུ་མོ་ཆེ༔ ཤ་ཟ་ཌཱ་ཀི་ལས་མཁན་མ༔ ནག་མོ་རལ་གཅིག་སྲོག་ལ་རྔམས༔ ཞེས་སོགས་བྱེ་བྲག་ཏུ་བསྐུལ་ཞིང་ཁྲོ་གཏུམ་དང་བཅས་པས་གནད་ནས་བསྐུལ་ཞིང་འབོད་རྦད་གསད་གསུམ་གཅིག་ཏུ་དྲིལ་བའི་སྙིང་པོ་འདི་ཞག་ཉི་ཤུ་རྩ་གཅིག་སྨྲ་བ་བཅད་དེ༔ གནམ་ལྕགས་ཀྱི་ཐོག་ལྟར་བཟླས་པས་དགྲ་བོ་སྒྲོལ་ཞིང་ཕྲིན་ལས་མྱུར་དུ་འགྲུབ་པར་འགྱུར་རོ༔ བྷྱོ༔ ཤ་ཟ་ཌཱ་ཀི་ཁ་མོ་ཆེ་མ་མོ་ཧཱུྃ་ཧཱུྃ་ཛཿཛཿདགྲ་བོའི་སྲོག་ལ་རྦད༔ དབུགས་ལ་རྦད༔ ཤ་ལ་རྦད༔ ཁྲག་ལ་རྦད༔ རུས་པ་ལ་རྦད༔ དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད༔ ཤ་ཟ་ཌཱ་ཀི་ཁ་མོ་ཆེས་དགྲ་བོ་སོད༔ སྲོག་ལ་པྲི་སོད༔ སྙིང་ལ་བམ༔ ཡ་ཡ་བྷྱོ་བྷྱོ་སོད་སོད༔ བྷ་བྷི་རི་མོ་སོད༔ གྷ་ནི་སོད༔ དགྲ་བོའི་ཙིཏྟ་རྦད༔ དགྲ་བོའི་ཙིཏྟ་རྦུད༔ མཱ་ར་ཡ་སོད༔ ཅེས་བཟླས་ཤིང་ཐུན་ལ་སྔགས་བཏབ་ལ༔ ལིངྒ་དགྲ་བོ་དངོས་སུ་བསམ་ལ་ཐུན་གྱིས་བྲབ་ཅིང་བྲུབ་ཁུང་ལྕགས་ཀྱི་ཁང་པར་གསལ་བའི་ནང་དུ་བརྫང༔ དགྲ་བོའི་ལུས་ངག་ཡིད་གསུམ་བསད་བཅད་གཏུབ་ཅིང་ལྷ་སྲིན་སྡེ་བརྒྱད་ཀྱིས་ཕྱེ་མར་རྡུལ་ཕྲན་བཞིན་དུ་བཏང་བར་བསམ་མོ༔ དེ་ལྟར་གནད་ནས་བསྐུལ་བས་དངོས་སམ༔ ཉམས་སམ༔ རྨི་ལམ་དུ་སྒོ་བརྡུང་བ༔ ཐོག་ཚག་པ༔ མེ་སྟག་འཕྲོ་བ༔ བུད་མེད་སྐད་ཀྱིས་ཀུས་སྒྲ་འདེབས་པ་དང༔ དགྲ་བོའི་གློ་སྙིང་ཁྱེར་ནས་འོང༔ ར་དང་རི་དྭགས་བསད་པ་ལ་སོགས་ཀྱི་བསད་རྟགས་ཆོ་འཕྲུལ་མ་ངེས་པར་འབྱུང་ཞིང་གདུག་རྩུབ་ཆོ་འཕྲུལ་ཅི་བྱུང་ཡང༔ རང་ཉིད་སློབ་དཔོན་པདྨའི་ང་རྒྱལ་དང་ལྡན་པར་བྱས་ལ་རྒྱུན་གཏོར་དུས་བཞིར་གཏང༔ དགྲ་བོ་ལ་རྟགས་བྱུང་ན་ལིངྒ་སྐྱེར་པའི་མེར་བསྲེགས་ཏེ་ཐལ་བ་རླུང་ལ་བསྐུར༔ སྒྲུབ་གཏོར་རྟེན་རྫས་རྒྱུན་དུ་འཛུགས་ཤིང་ལས་གཏོར་བསྐུལ་བ་དང་བཅས་ཏེ་དགྲ་ཕྱོགས་སུ་འཕང་བར་བྱའོ༔ ཨེ་མ་སྔོན་གྱི་དམ་ཚིག་གཉན་པོ་ལ་གནས་ཤིང༔ བརྩེ་གདུང་གདུང་སེམས་མ་ལྟར་བགྱིས་པ་ཡི༔ ཤ་ཟ་ཌཱ་ཀིའི་སྒྲུབ་ཐབས་ཟབ་མོ་འདི༔ ཨོ་རྒྱན་ང་ཡིས་བསྟན་པའི་བཙས་སུ་བཞག༔ ཟབ་ཆོས་དགོངས་འདུས་གསེར་ཆོས་དམ་པ་དང༔ རྒྱལ་བ་འདུས་པ་མཁའ་འགྲོའི་སྙིང་ཁྲག་གི༔ བསྟན་པ་བསྲུང་ཕྱིར་རིན་ཆེན་གཏེར་དུ་སྦས༔ ཨོ་རྒྱན་གསུང་སྲས་ཉིད་དང་འཕྲད་པར་ཤོག༔ ཅེས་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན༔ བདག་འདྲ་མཚོ་རྒྱལ་གྱིས་མཆིམས་ཕུ་བྲེ་གུ་དགེ་འུར་ཡི་གེར་བཀོད་པའོ༔ ཕྱི་རབས་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ལོག་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱིས་པའོ། །༁ྃ༔ བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་པའི་བསྟན་སྲུང་ཤ་ཟ་ཁ་མོ་ཆེའི་དབང་བསྐུར་རིག་གཏད་བཞུགས་སོ༔ ༁ྃ༔ ྈྈྈྈྈྈ རྩ་གསུམ་རྒྱལ་བ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱལ་བ་འདུས་པའི་བསྟན་སྲུང་ཤ་ཟ་ཁ་མོ་ཆེའི་དབང་ཆོག་རྗེས་གནང་བྱེད་ཚུལ་བསྟན་པར་བྱ་སྟེ༔ དེ་ཡང་དུས་ཚེས་གྲངས་གཟའ་སྐར་དྲག་པོ་དར་བའི་ཉི་ཤུ་དགུའམ༔ བཅུ་བཞི་ལ་གནས་དབེན་པར་གྲི་ཁྲག་གིས་ཆག་ཆག་གདབ༔ དེའི་སྟེང་དུ་འབྲུ་ནག་གམ༔ ཚོན་གྱིས་ཨེ་གྲུ་གསུམ་དབུས་སུ་བྷྱོ་དུད་ཁ༔ དེའི་མཐའ་སྐོར་དུ་མུ་ཁྱུད་ཟླུམ་པོར་བཀོད་པའི་ནང་དུ་ཁྲག་མཚོ༔ དེའི་ཕྱི་རོལ་དུ་དུར་ཁྲོད༔ མཐའ་སྐོར་དུ་མེ་རིས་བརྒྱན་པ་བྲི༔ དེའི་སྟེང་དུ་བྷནྡྷའམ་ལྕགས་ཀྱི་སྣོད་དུ༔ གཏོར་མ་གཞུང་བཞིན་བཤམས་པའི་རྩེར༔ འདི་ཉིད་ཀྱི་སྐུ་རྟེན་ཙཀ་ལི་དང་དར་ནག་གི་གུར་ཕུབ༔ དེའི་མཐའ་སྐོར་དུ་ལྕགས་ཀྱུ་གྲི་སྙིང་བཀོད༔ ཕྱི་ནང་གསང་གསུམ་གྱི་མཆོད་པ༔ རཀྟའི་ཡོན་ཆབ༔ ཚོགས་ཀྱི་འཁོར་ལོ༔ སྤྱན་གཟིགས་ལ་སོགས་རྒྱས་པར་བཤམས༔ གཞན་ཡང་བླ་མ་ཡི་དམ་གྱི་གཏོར་མ་སོགས་རྒྱན་ཅན་བརྗིད་ལྡན་བཤམས་ལ༔ བླ་མའི་ལས་བྱང་གིས་གཞུང་བསྲང༔ བཟླས་པ་ཅི་འགྲུབ་བྱའོ༔ དེ་ནས་རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་མདུན་དུ༔ དུར་ཁྲོད་རཀྟ་མེ་རླུང་འཁྲུགས་པའི་དབུས་སུ༔ བྷྱོ་ཡོངས་སུ་གྱུར་པ་ལས༔ ཤ་ཟ་ཁ་མོ་ཆེ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཞལ་ནས་ཁྲག་གི་ཆར་རྒྱུན་འབེབས་ཤིང་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་ཞལ་དུ་གསོལ་བ༔ དུག་སྦྲུལ་ནག་པོའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ༔ གཅེར་བུ་གཟི་མདངས་དང་ལྡན་པར་བསྐྱེད༔ དེའི་འཁོར་དུ་གདོང་ཅན་བཞི༔ འཁོར་མ་མོ་བྱེ་བ་ས་ཡ་དང་བཅས་པ་བཞུགས་པར་བསམ་ལ༔ རྒྱུན་གྱི་ཕྲིན་ལས་གཞུང་བསྲང༔ སྤྱན་འདྲེན་མཆོད་བསྟོད་ལས་བཅོལ་འགྲུབ་པའི་རྗེས་སུ༔ བྷྱོ་ཤ་ཟ་ཌཱ་ཀི་མ་མོ་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཞེས་བཟླས་པས་ཤ་ཟ་ཁ་མོ་འཁོར་དང་བཅས་པའི་ཐུགས་ལ་ཕོག༔ ཕྲིན་ལས་ཀྱི་རྒྱུད་བསྐུལ༔ ཕྲིན་ལས་རྣམ་བཞི་གང་འདོད་ཀྱི་ལས་འགྲུབ་པར་བསམ་ལ་དམིགས་པ་རྩེ་གཅིག་ཏུ་གཏད༔ དེ་ནས་སློབ་མ་རྣམས་ཁྲུས་བྱས་ཏེ་གདན་ལ་འཁོད་དེ་བགེགས་བསྐྲད༔ གུ་གུལ་གྱིས་བདུག་ལ༔ མཚོན་ཆའི་ཡོན་ཕུལ་འདི་སྐད་གསོལ་བ་གདབ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ སློབ་དཔོན་པདྨ་དགོངས་སུ་གསོལ༔ གདུག་པའི་དགྲ་བགེགས་བསྒྲལ་བ་དང༔ གསང་སྔགས་དཀྱིལ་འཁོར་བསྲུང་བའི་ཕྱིར༔ བསྟན་སྲུང་ཤ་ཟ་ཌཱ་ཀི་ཡི༔ དབང་བསྐུར་རིག་གཏད་བསྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་གདབ་ལ༔ བླ་མས༔ ཧཱུྃ༔ སྐལ་ལྡན་བུ་ཁྱོད་ཚུར་ཉོན་ཅིག༔ བཀའ་སྲུང་ཤ་ཟ་ཌཱ་ཀི་ཡི༔ དབང་བསྐུར་རིག་གཏད་ཁྱོད་ལ་སྦྱིན༔ རྒྱུན་དུ་མཆོད་གཏོར་བྱ་བར་གཅེས༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ འགྲོགས་ནས་བསྲུང་ཞིང་སྐྱོབ་པ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར༔ དམ་ཚིག་མ་འདའ་ཡུན་དུ་སྲུངས༔ ཞེས་བརྗོད༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་སུ་བསམ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་ལུས་ལ་ཕོག༔ ལུས་འོད་ཀྱི་གོང་བུར་གྱུར༔ སློབ་མ་སྐད་ཅིག་གིས་ཤ་ཟ་ཌཱ་ཀི་མངོན་རྟོགས་བཞིན་དུ་བསྐྱེད་ལ༔ གནས་གསུམ་ནས་འོད་ཟེར་འཕྲོས༔ བྱང་ཤར་འཇིག་རྟེན་མཁའ་འགྲོའི་གནས་ནས་ཤ་ཟ་མཁའ་འགྲོ་འཁོར་དང་བཅས་པ་སྤྱན་དྲངས་ལ༔ གཉིས་སུ་མེད་པར་བསྟིམས་ལ་རོལ་མོའི་སྒྲ་བསྒྲག༔ རྩ་སྔགས་ལན་བདུན་བརྗོད༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱས་ལ༔ དེ་ནས་གཏོར་མ་སློབ་མའི་སྤྱི་བོར་བཞག་སྟེ༔ ཤ་ཟ་ཌཱ་ཀི་འཁོར་དང་བཅས་པ་ཆུ་ལ་ཆུ་བཞག་པ་ལྟ་བུར་སློབ་མར་ཐིམ་པར་བསམ་ལ༔ ཧཱུྃ༔ སྔོན་ཚེ་པདྨ་དབང་གི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མ་མོ་ཡལ་གམ་ཅན༔ བསྟན་པ་བསྲུང་ཕྱིར་དམ་ཚིག་ཀུན་གྱི་བདག༔ སྐལ་ལྡན་བུ་འདིས་བྱང་ཆུབ་མ་ཐོབ་བར༔ སྲུང་སྐྱོབ་མཛད་ཕྱིར་ཕྲིན་ལས་རྣམ་བཞི་ཡི༔ དབང་སྐུར་དམ་ཚིག་དོན་ལ་གནས་པར་མཛོད༔ ཅེས་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང༔ བཀའ་བསྒོ་དམ་བཞག་རྒྱས་པར་བྱ༔ དེ་ནས་ལྕགས་ཀྱུ་སློབ་མའི་ལག་པ་གཡས་སུ་གཏད་ལ༔ ཧཱུྃ༔ བསྟན་པ་བསྲུང་ཕྱིར་གདུག་པའི་མཚོན་ཆ་འདི༔ དམ་ཉམས་ཞིང་བཅུའི་སྲོག་དབུགས་འདྲེན་ཅིང་སྒྲོལ༔ མ་མོ་མཁའ་འགྲོའི་ཕོ་ཉ་སྐར་ལྟར་འཁྲུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་འདི་སྦྱིན་པས༔ གདུག་པའི་ཞིང་བཅུ་སྒྲོལ་བའི་དབང་ཐོབ་ཤོག༔ ཨཾ་གྷུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གྲི་སྙིང་གཏད་ལ༔ ཧཱུྃ༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཙིཏྟ་འདི༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་མནན༔ ལས་བཞིའི་ཕྲིན་ལས་གང་འདོད་དབང་བསྐུར་འདི༔ དེ་རིང་སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན༔ ཕྲིན་ལས་རྣམ་བཞི་གང་འདོད་འགྲུབ་པར་ཤོག༔ ཤ་ཏྲཱུཾ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་ལག་ཏུ་གཏད་དེ༔ ཧཱུྃ༔ མཁའ་འགྲོའི་སྲོག་ཡིག་བྷྱོ་ཡི་རྣམ་པར་གསལ༔ དྲག་སྔགས་འབྲུག་སྟོང་ལྡིར་བའི་སྔགས་སྒྲ་ཡིས༔ ཁམས་གསུམ་དགྲ་འདྲེ་ལོག་རྟོག་མ་ལུས་པ༔ དྲག་སྔགས་སྒྲ་ཡིས་སྒྲོལ་བའི་རིག་པ་སྦྱིན༔ ཞེས་དྲག་སྔགས་ཀྱི་བཟླས་ལུང་བྱ༔ དེ་ནས་མདུན་བསྐྱེད་དེ་འདྲ་མང་པོ་སྤྲུལ་ནས་སློབ་མའི་སྙིང་གར་བསྟིམ༔ ཆོས་ཉིད་ཡེ་ཤེས་ཡེ་ནས་རྣམ་པར་དག༔ རིག་སྟོང་དབྱེར་མེད་ཀུན་བཟང་ཆོས་སྐུའི་རྩལ༔ འཇིག་རྟེན་འཁོར་འདས་ཐམས་ཅད་རོལ་པའི་རྒྱན༔ གཅིག་དང་དབྱེར་མེད་སོ་སོ་ཐ་དད་མིན༔ ཆོས་ཉིད་དོན་རྟོགས་བདེ་སྟོང་དབྱེར་མེད་ཤོག༔ ཅེས་བརྗོད་ལ་རྩ་སྔགས་ཤམ་དུ༔ དྷརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད༔ དེ་ནས་གཏོར་མ་སློབ་བུའི་དཔུང་པ་གཡས་སུ་བཟུང་ལ་བདུད་རྩི་དང་རཀྟས་བྲན་ལ༔ བྱེ་བྲག་ཏུ་བསྐུལ་བའི་བསྟོད་བསྐུལ་བརྗོད་ཅིང་རོལ་མོ་དང་བཅས་ཏེ་དགྲ་ཕྱོགས་སམ༔ བྱང་ཤར་དུ་བསྐྱལ་ལོ༔ རྗེས་སུ་ལུས་སྲུང་གཤེགས་གསོལ༔ རྗེས་སྤྱོད་རྣམས་སྤྱི་དང་མཐུན་པར་འཕྲུལ་ཤེས་པར་བྱའོ༔ ཨེ་མ་བདག་འདྲ་པདྨའི་ཐུགས་ཀྱི་བཅུད༔ ཡང་ཟབ་རྩ་གསུམ་རྒྱལ་བ་འདུས་པ་ཡི༔ བཀའ་ཡི་སྲུང་མ་ཤ་ཟ་ཁ་མོ་ཆེའི༔ དབང་བསྐུར་རིག་གཏད་རྗེས་གནང་ཟབ་མོ་འདི༔ མ་འོངས་དམ་འཛིན་ལྷ་སྲས་སྐྱེ་མཐའ་དང༔ འཕྲད་ནས་ཡང་ཟབ་བསྟན་པའི་བཙས་སུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཞེས་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་བྲེ་གུ་དགེ་འུར་བཀོད་པའོ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་བགྱེས་པའོ། །༁ྃ༔ བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་རྒྱུན་གྱི་ཕྲིན་ལས་བཞུགས་སོ། །༁ྃ༔ ྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ རྩ་གསུམ་རྒྱལ་བ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེའི་སྐོང་བའི་རིམ་པ་བདག་འདྲ་པདྨས་ལོགས་སུ་བཀོད་པའོ༔ ཐོག་མར་གྲོ་སྲན་ཏིལ་ནས་ཀྱི་ཕྱེ་མ་ལ༔ གཏོར་མ་ར་ཤ་ར་ཁྲག་གིས་བརྒྱན་པ་དཔེའུ་ཆུང་ལྟར་བཤམས་ལ༔ ཨ་མྲྀཏས་བསང་སྦྱང་ལ་སོགས་སྤྱི་དང་མཐུན་པར་བྱས་ལ་གཏོར་མ་བསྟན་པའི་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ལ༔ མ་ཧཱ་རཀྟ་སུ་ར་ཀེཾ་བྷ་སུ་ཏ་ཧཱུྃ་ཧྲཱིཿཐཱ༔ ཞེས་ལན་གསུམ་བརྗོད༔ རང་ཉིད་སྐད་ཅིག་གིས་པདྨ་འབྱུང་གནས་སུ་བསམ་པའི་ཐུགས་སྲོག་ཧྲཱིཿལས་འོད་འཕྲོས་རང་བཞིན་གྱི་གནས་དང་བྱང་ཤར་འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་ནས་ཤ་ཟ་ཁ་མོ་ཆེ་འཁོར་ལས་མཁན་དང་བཅས་པ༔ བྱ་ཁྱུང་ཐང་ན་ལྷགས་པ་བཞིན་ལྷགས་ཏེ༔ སྐད་ཅིག་གིས་མདུན་དུ་གང་བཅོལ་བའི་ལས་སྒྲུབ་པར་བསམ་ལ༔ ཧཱུྃ་བྷྱོ༔ རྒྱ་མཚོ་ཆེན་པོའི་ཕ་རོལ་ནས༔ འཇིག་རྟེན་མཁའ་འགྲོའི་དུར་ཁྲོད་དེར༔ རཀྟའི་ཁྲག་ལྦུ་འཁྲིགས་པ་ལས༔ ཞིང་ཆེན་ལྷུ་དུམ་རྩིག་མ་ལོང༔ ཀིང་རུས་གྲམ་ཁྲོད་འཁྲོལ་བའི་དབུས༔ ཅེ་སྤྱང་ངར་སྐད་ཀྱུ་རུ་རུ༔ འདྲེ་སྲིན་ཧ་ཧའི་སྒྲ་སྒྲོག་པའི༔ འཇིགས་ཤིང་ཡ་ངའི་ཕོ་བྲང་ནས༔ བསྟན་སྲུང་མ་མོ་ལས་མཁན་མོ༔ ཤ་ཟ་ཌཱ་ཀི་འཁོར་དང་བཅས༔ རིག་འཛིན་པདྨའི་བཀའ་བཞིན་དུ༔ ད་ལྟ་རྣལ་འབྱོར་བདག་བསྒྲུབ་ཀྱིས༔ དོ་ནུབ་གནས་མཆོག་འདི་ཉིད་དུ༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ བྷྱོ་ཤ་ཟ་ཌཱ་ཀི་མ་མོ་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ས་མ་ཡ་པདྨ་རུ་དྲ་ཏིཥྛ་ལྷན༔ བྷྱོ་ཤ་ཟ་ཌཱ་ཀི་མ་མོ་ས་པ་རི་བཱ་ར་བྷ་ལིནྟ་ཁཱ་ཧི༔ ནྲྀ་ཏྲི་མ་ཧཱ་རཀྟ་སུ་ར་ཀིཾ་ནི་རི་ཏི་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་འབུལ༔ ཧཱུྃ་བྷྱོ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང༔ གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ༔ རྣལ་འབྱོར་སྒྲུབ་པ་པོ་ཡི་དགྲ་བླ་མོ༔ ཤ་ཟ་ཌཱ་ཀི་བདུད་མོ་ཁ་མོ་ཆེ༔ ཁྱོད་སྔོན་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དཔལ་གྱི་བསམ་ཡས་ཆིམས་ཕུའི་དགེ་གོང་དུ༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཡང་ཟབ་བཀའ་ཡི་ཆོས་སྲུང་གཉེར་བྱང་གཏད༔ ནམ་ཞིག་ལས་ལྡན་བསྟན་པ་སྤེལ་བའི་ཚེ༔ བཤད་སྒྲུབ་བསྟན་པ་མཐའ་རུ་རྒྱས་བྱེད་ཅིང༔ དམ་ལྡན་རྣལ་འབྱོར་བུ་བཞིན་བསྐྱང་དགོས་པའི༔ བཀའ་བསྒོས་དམ་ཚིག་རྡོ་རྗེ་སྤྱི་བོར་བཞག༔ ཅི་ལྟར་རྒྱལ་བའི་བཀའ་ལས་མ་འདའ་བར༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་ལ་འཚེ་ཞིང་སྐྱེ་འགྲོའི་བདེ་བ་བཅོམ༔ སྔགས་འཆང་དམ་ཅན་བརྙས་སུ་བྱེད་པ་དང༔ བླ་མ་དམ་པའི་སྐུ་སྲོག་ལ་བསྡོས་ཤིང༔ རྣལ་འབྱོར་བདག་ལ་གནོད་པ་བྱེད་པ་ཡི༔ དམ་ཉམས་ལས་ངན་བསྟན་པའི་རུ་དྲ་རྣམས༔ ཕོ་རྒྱུད་མི་རབས་གཏན་ནས་བརླག་པ་དང༔ མོ་རྒྱུད་འཁྲུ་བ་མངལ་ནས་བསྐམ་པར་མཛོད༔ ཟས་ནོར་ལོངས་སྤྱོད་དཔལ་དང་གྲགས་པ་དང༔ ཀླུང་རྟ་དབང་ཐང་ཚེ་སྲོག་མངའ་ཐང་རྣམས༔ ལས་ཀྱི་རླུང་དམར་ནག་པོས་གཏོར་བར་མཛོད༔ ཡུལ་ཞིང་ཁང་པ་འབངས་འཁོར་བཅས་པ་རྣམས༔ རྒྱ་གྲམ་ཤིགས་ལ་ཐལ་བའི་རྡུལ་དུ་རློགས༔ དམ་ཉམས་དགྲ་བོ་འཁོར་དང་བཅས་པ་རྣམས༔ མྱ་ངན་མུན་པ་ནག་པོའི་སྨག་ཏུ་ཆུགས༔ འོ་དོད་ཅང་ཅང་སྨྲེ་སྔགས་འདོན་དུ་ཆུགས༔ བཙན་གྱི་བྱད་ཐག་དམར་པོའི་ཐག་པས་སྡོམས༔ དམ་ཉམས་འཁོར་བཅས་མྱུར་དུ་ཕུང་དུ་ཆུགས༔ མིང་ཙམ་མེད་པར་ཐལ་བ་རྡུལ་དུ་རློགས༔ བསྟན་སྲུང་མ་མོ་ཤ་ཟ་ཁ་མོ་ཆེ༔ རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར༔ བསྟན་པ་བསྲུང་ཕྱིར་ལས་འདི་འགྲུབ་པར་མཛོད༔ གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཞི་བ་དང༔ ཚེ་དཔལ་མངའ་ཐང་ལོངས་སྤྱོད་རྒྱས་པ་དང༔ མི་དང་མི་མིན་བར་ཆད་ཞི་བར་མཛོད༔ བཤད་སྒྲུབ་བསྟན་པ་དུས་འདིར་རྒྱས་པར་མཛོད༔ དབང་སྡུད་ལྷ་མི་དུས་འདིར་འདུ་བར་མཛོད༔ ཅེས་པས་གཏོར་མ་རྩ་སྔགས་བཏགས་ལ་འབུལ༔ གཏོར་མ་བྱང་ཤར་ཤར་ཕྱོགས་གཏང༔ ཡི་དམ་ལྷའི་སྔགས་ཀྱིས་རང་སྲུང༔ རྗེས་སྤྱོད་སྤྱི་དང་མཐུན་པར་བྱ༔ དེ་ལྟར་བཀའ་ཡི་སྲུང་མའི་ཕྲིན་ལས་བསྐུལ་བྱང༔ བདག་འདྲ་པདྨས་བྲེ་གུ་དགེ་འུར་བཀོད་པའོ༔ བྱེ་བྲག་ཏུ་བསྐུལ་བ་ནི་གཞན་དུ་ཤེས་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའོ། །༁ྃ༔ བླ་མ་དགོངས་པ་འདུས་པ་ནོར་བུ་པདྨའི་ཕྲེང་བ་ལས༔ ཚེ་སྒྲུབ་རྒྱལ་བ་འདུས་བའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེ་བྱེ་བྲག་ཏུ་བསྐུལ་བ་བཞུགས་པའི་དབུའོ༔ ༁ྃ༔ ྈྈྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ རྩ་གསུམ་རྒྱལ་བ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེ་ལ་བསྐུལ་བ་ནི༔ གཏོར་མ་རྒྱུན་གྱི་ཕྲིན་ལས་བཞིན་བཞེངས་ལ༔ ཤ་ཁྲག་གི་རྒྱ་མཚོར་དམིགས་ཏེ་གཏོར་སྔགས་ཀྱིས་མཆོད༔ རྒྱུན་གྱི་ཕྲིན་ལས་ཀྱི་ལས་གཞུང་བསྲངས་ལ་བྱེ་བྲག་ཏུ་བསྐུལ་བ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ༔ སངས་རྒྱས་བསྟན་སྲུང་མཐུ་མོ་ཆེ༔ ཤ་ཟ་ཌཱ་ཀི་ལས་མཁན་མ༔ ནག་མོ་རབ་འཇིགས་སྲོག་ལ་རྔམས༔ གཏིང་ནས་ཁྲོས་ཤིང་ཆས་ཙམ་ན༔ སྟོང་གསུམ་ཀུན་ཀྱང་ཤིགས་སེ་ཤིག༔ གནམ་ས་ཀུན་ཀྱང་འུ་རུ་རུ༔ རི་རབ་ཀུན་ཀྱང་འགུལ་ཞིང་ལྡེག༔ རྒྱ་མཚོ་ཀུན་ཀྱང་འཁྲུག་ཅིང་འཁྱོམས༔ ཉི་ཟླ་གཟའ་སྐར་ཆར་དུ་འབེབ༔ རིགས་དྲུག་སེམས་ཅན་ཉི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་རྒྱུག་ཅིང་མཆོང༔ མཁའ་ལ་འབྲུག་སྒྲ་ཏི་རི་རི༔ བར་སྣང་གློག་དམར་ཀེམས་སེ་ཀེམ༔ རླུང་ནག་འཚུབས་མ་ཀྱི་ལི་ལི༔ ཁྲག་གི་སེར་བ་ཤ་ར་ར༔ བསྐལ་པའི་མེ་འབར་ལྷགས་སེ་ལྷག༔ མཚོན་ཆའི་དུག་རླངས་སྤུངས་སེ་སྤུང༔ འདྲེ་འདུད་ཞུད་དུད་ཆིངས་སེ་ཆིང༔ འདྲེ་མོའི་དམག་ཚོགས་ཉེ་རེ་རེ༔ ངུ་འབོད་གཡབ་མོ་ལིངས་སེ་ལིང༔ འདྲེ་བྱ་འུག་པ་ཏངས་སེ་ཏང༔ བདུད་བྱ་ཕོ་རོག་འགྱིང་ཞིང་རྒྱུག༔ བསྐུལ་ལོ་བདུད་མོ་ནག་མོ་ཆེ༔ རྦད་དོ་འདྲེ་མོའི་དམག་ཚོགས་རྣམས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ ཤ་ཟ་ནག་མོ་དགྲ་ལ་ཆོས༔ བདུད་ཀྱི་ལྕམ་གཅིག་དགྲ་ལ་ཆོས༔ རུ་དྲའི་ལྕམ་གཅིག་དགྲ་ལ༴ སྲོག་བདུད་ནག་མོ་དགྲ༴ ལས་མཁན་ནག་མོ་དགྲ༴ མོན་མོ་ནག་མོ་དགྲ༴ འདྲེ་མོ་འབུམ་ཕྲག་དགྲ༴ ཤ་ཟ་འབུམ་ཕྲག་དགྲ༴ ཀླུ་མོ་འབུམ་ཕྲག་དགྲ༴ བཙན་མོ་འབུམ་ཕྲག་དགྲ༴ ཅེ་སྤྱང་འབུམ་ཕྲག་དགྲ༴ ཕུང་སྲི་རྔ་མོང་དགྲ༴ དུག་སྦྲུལ་འབུམ་ཕྲག་དགྲ་ལ་ཆོས༔ དགྲ་བོ་མི་ཕོ་རྟ་མགྱོགས་ཀྱི༔ དཔུང་པ་ཆོགས་ལ་རྒྱུས་པ་ཆིངས༔ གོ་ཆ་ཤུས་ལ་མཚོན་ཆ་ཕྲོགས༔ མི་རྟ་ཕྱེས་ལ་ནང་ཚང་དཀྲུགས༔ དམག་དཔོན་སོད་ལ་དམག་མི་གཏོར༔ དགྲ་བོ་མི་རྟ་ཆམ་ལ་ཕོབས༔ དགྲ་བོ་རྒན་པའི་རིགས་རྒྱུད་རྣམས༔ སྡོང་རྒན་སཏྭ་རེས་བརྒྱབ་བཞིན་ཆོད༔ དགྲ་བོ་དར་ལ་བབ་པ་རྣམས༔ ལྕུག་ཕྲན་ཟོར་བས་བརྔས་བཞིན་ཐོངས༔ དགྲ་བོའི་ཆུང་རྒྱུད་མ་ལུས་པ༔ མེ་ཏོག་སད་ཀྱིས་ཁྱེར་བཞིན་གཏོར༔ དགྲ་བོ་མོ་རིགས་མངལ་རྒྱུད་རྣམས༔ རླན་གཤེར་མེད་པའི་རྩྭ་བཞིན་སྐོམས༔ དགྲ་བོའི་བླ་རི་རྨིངས་ནས་ཤིགས༔ དགྲ་བོའི་བླ་མཚོ་གཏིང་ནས་སྐོམས༔ དགྲ་བོའི་བླ་ཤིང་རྐང་ནས་ཆོགས༔ དགྲ་བོའི་སྒོ་ནོར་ཕྱགས་མས་ཐོབས༔ དགྲ་བོའི་ཡུལ་མཁར་རྨིངས་ནས་སྒྱེལ༔ གཏོར་མ་འདི་དང་དགྲ་བོ་གཉིས༔ མཉམ་དུ་བཞེས་ལ་མེད་པར་མཛོད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཁྱོད་ལ་བཀའ་བསྒོས་དམ་བསྒྲགས་བཞིན༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ དཀོན་མཆོག་གསུམ་ལ་བརྙས་བྱེད་པ༔ རིག་འཛིན་སྒྲུབ་པའི་ཐུགས་དཀྲུགས་པའི༔ བསྒྲལ་བའི་ཞིང་དུ་གྱུར་པ་འདི༔ བསད་ཅིང་མནན་པའི་དུས་ལ་བབ༔ རེམ་ཞིག་ཌཱ་ཀི་མཐུ་རྩལ་ཅན༔ མ་མོའི་དམག་ཚོགས་དགྲ་ལ་བྷྱོ༔ ནད་ཀྱི་ན་བུན་ཐིབས་སེ་ཐིབ༔ ཡམས་ཀྱི་རླངས་པ་ཕྱུ་རུ་རུ༔ ཁྲག་གི་སེར་བ་ཧྲི་ལི་ལི༔ དུག་གི་ཁུ་འཕང་ཤ་ར་ར༔ མཚོན་གྱི་ཆར་པ་སི་ལི་ལི༔ འདྲེ་མོའི་དམག་ཚོགས་ཉེ་རེ་རེ༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ དགྲ་ལ་ནད་མཚོན་ཆར་པ་ཕོབ༔ དམག་ཚོགས་དགྲ་ལ་ཆས་ཙམ་ན༔ བཙན་པོའི་གོ་གྱོན་མཚོན་རྣོན་ཐོགས༔ གོ་ཆ་སྡོམས་ལ་མཚོན་ཆ་རྡོར༔ མགྱོགས་པར་ཞོན་ལ་རིངས་པར་རྒྱུགས༔ འཇིགས་པའི་མཚོན་ཆ་ཟིངས་སེ་ཟིང༔ མགྱོགས་པའི་རྟ་རྒྱུག་སྲིངས་སེ་སྲིང༔ རལ་གྲི་འཁོར་ལོ་གློག་ལྟར་གཡུགས༔ མདའ་རྡོའི་ཟོར་འཕེན་སེར་ལྟར་ཕོབ༔ ངན་སྔགས་འབྲུག་སྒྲ་འུ་རུ་རུ༔ ཐུན་གྱི་གློག་དམར་ཁྱུགས་སེ་ཁྱུག༔ ཟོར་གྱི་མདའ་འཕེན་ཆེམས་སེ་ཆེམ༔ ཟོར་མདའ་དགྲ་བགེགས་སྙིང་ལ་རྒྱོབ༔ ས་མ་ཡ་ཡི་ལས་མཛོད་ཅིག༔ བྷྱོ༔ ལས་ངན་དམ་ཉམས་དགྲ་བོ་འདིས༔ བདེ་བར་གཤེགས་པའི་བསྟན་པ་བཤིགས༔ ཐེག་ཆེན་ཆོས་ལ་བསྐུར་བ་བཏབ༔ དགེ་འདུན་འདུས་པའི་དཀོར་རྣམས་ཕྲོག༔ དགེ་བཅུ་རྒྱབ་བོར་མི་དགེ་སྤྱད༔ དམ་ཅན་སྲུང་མ་ཡོངས་ལ་བསྡོས༔ སྔགས་འཆང་ཡོངས་ལ་དགྲ་རུ་གཙེས༔ སྒྲུབ་པ་པོ་ལ་ལྷ་མེད་ཟེར༔ སངས་རྒྱས་ཆོས་ལ་བདེན་མེད་ཟེར༔ ཆོས་སྐྱོང་སྲུང་མར་མཐུ་མེད་ཟེར༔ བདག་གིས་མ་ཉེས་ཁོ་ཡིས་ཉེས༔ ཆགས་པ་མེད་ཀྱང་བུ་ལོན་བདས༔ བྱས་པ་མེད་ཀྱང་སྲོག་ལ་རྒོལ༔ ཞིང་བཅུ་ཚང་བའི་སྡིག་པོ་ཆེ༔ སྡིག་ཆེན་མྱུར་དུ་མ་བསྒྲལ་ན༔ དཀོན་མཆོག་གསུམ་གྱི་བསྟན་པ་འཇིག༔ རང་གིས་ཁས་བླངས་དམ་ལས་འགལ༔ རིག་འཛིན་པདྨའི་བཀའ་ཡང་བཅག༔ དེ་བས་དམ་ལ་མ་གཡེལ་བར༔ དེ་བས་སྲུང་མ་མཐུ་མ་ཆུང༔ དེ་བས་མ་མོ་རྩལ་མ་ཞན༔ དུས་ལ་བབ་བོ་དམ་ཅན་མ༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ བྷྱོ༔ ནག་མོ་རབ་འཇིགས་ཕོ་ཉ་མོ༔ སྟོང་གསུམ་མ་མོ་འཇིགས་བྱེད་མ༔ དགྲ་བོའི་སྟེང་དུ་ད་རྒྱུགས་ལ༔ རིངས་པར་ཁུག་ལ་སྲོག་དང་ཕྲོལ༔ ལྕགས་ཀྱུས་དགྲ་བོའི་སྙིང་རྩ་དྲོངས༔ སྙིང་ཁྲག་ནག་མོའི་ཞལ་དུ་སྟོབས༔ གཡས་ན་ནག་མོ་ཝ་ཡི་གདོང༔ རྒྱུ་ཞགས་དམར་པོ་ལག་ན་འཕེན༔ གདོན་ཆེན་བཅོ་ལྔའི་དམག་སྣ་འདྲེན༔ དགྲ་བོའི་ཆུང་རྒྱུད་མ་ལུས་པ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ གཡོན་ན་ནག་མོ་སྤྱང་ཀིའི་གདོང༔ ལག་ན་མེ་ཡི་ཞགས་པ་བསྣམས༔ སྟོང་ཕྲག་བརྒྱད་ཅུའི་དམག་སྣ་འདྲེན༔ དགྲ་བོའི་ཆེ་རྒྱུད་མ་ལུས་པ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ མདུན་ན་ནག་མོ་དྲེད་མོང་གདོང༔ ལག་ན་མཚོན་གྱི་གྲུ་གུ་ཁྱེར༔ གཤིན་རྗེའི་དམག་ཚོགས་དམག་སྣ་འདྲེན༔ དགྲ་བོ་དར་ལ་བབ་པ་རྣམས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ རྒྱབ་ན་ནག་མོ་ཅེ་སྤྱང་གདོང༔ ལག་ན་ཕུང་སྲི་རྔ་མོང་བསྣམས༔ མ་མོའི་དམག་ཚོགས་དམག་སྣ་འདྲེན༔ དགྲ་བོའི་འཁོར་གཡོག་མ་ལུས་པ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཤ་ཟ་ཌཱ་ཀི་ཁ་མོ་ཆེ༔ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ༔ ནག་མོ་འབུམ་སྡེའི་དམག་ཚོགས་རྣམས༔ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ༔ དགྲ་བོ་འཁོར་དང་བཅས་པ་ཡི༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་གཏན་ཕུར་ནག་པོ་ཕུད༔ ཚེ་ཡི་འདུ་བྱེད་སྟུང་ལ་ཤོག༔ སེམས་ཀྱི་མར་མེ་སོད་ལ་ཤོག༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྲོལ༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ ལས་ཀྱི་གཤིན་རྗེའི་ཁ་རུ་ཐོབས༔ ཕོ་རྒྱུད་རྣམས་ཀྱིས་ཤ་ལ་རོལ༔ མོ་རྒྱུད་རྣམས་ཀྱིས་ཁྲག་ལ་ཐུངས༔ དུར་བྱ་གཅན་ཟན་མ་ལུས་པས༔ ནང་རོལ་དོན་སྙིང་ཟས་སུ་ཟོ༔ ཁ་ནས་ཁྲག་ཆེན་སྐྱུག་ཏུ་ཆུགས༔ ནང་དབུགས་ཕྱི་རུ་ཤོར་དུ་ཆུགས༔ ཕུང་པོ་ས་ལ་བསྒྱེལ་དུ་ཆུགས༔ འོ་དོད་གནམ་དུ་འབོད་དུ་ཆུགས༔ ཡན་ལག་བྲང་ཆེན་བརྡུང་དུ་ཆུགས༔ ཕོ་རྒྱུད་མོ་རྒྱུད་རྩད་ནས་ཆོད༔ དགྲ་ཡུལ་མཁར་ཁྱིམ་སྟོངས་སུ་ཆུགས༔ སྒོ་ནོར་དཔལ་འབྱོར་ཕྱགས་མས་ཐོབས༔ ཤ་ཁྲག་རུས་གསུམ་མ་ལུས་པ༔ ཆེམ་ཆེམ་རོལ་ཅིག་ཁ་རཾ་ཁཱ་ཧི༔ ས་མ་ཡ་ཡི་དུས་ལ་བབ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ་ཤ་ཟ་ཌཱ་ཀི་དགྲ་བོའི་སྲོག་ལ་མཱ་ར་ཡ་བྷྱོ་བྷྱོ༔ ཅེས་བསྐུལ་བར་བྱའོ༔ དགྲ་ཕྱོགས་སུ་གཏོར་མ་འཕང༔ དེ་ལྟར་རྒྱལ་བ་འདུས་པའི་བཀའ་སྲུང་ཤ་ཟ་ཁ་མོ་ཆེ་བྱེ་བྲག་ཏུ་བསྐུལ་བའི་ལས་མཐའ༔ བདག་འདྲ་མཁར་ཆེན་བཟས་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་བྲེ་གུ་དགེ་འུར་བཀོད་པའོ༔ ཕྱི་རབས་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་སོ།། །།

RTZ-Tsagli-THA-07-zhig gling sha za kha mo che-01.jpg
RTZ-Tsagli-THA-07-zhig gling sha za kha mo che-02.jpg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).