Terdzo-TA-045



Property "author" has been marked for restricted use.








Terdzo-TA-045.pdf
Click the picture above to view the Shechen manuscript.

གུ་རུའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་གསལ་བྱེད་ཟིན་བྲིས་དོན་གསལ་ཉི་མ་

gu ru'i sgrub thabs yid bzhin nor bu bsam pa lhun grub ma'i gsal byed zin bris don gsal nyi ma

by  ཨོ་རྒྱན་ངག་དབང་ཡེ་ཤེས་ (Orgyen Ngawang Yeshe)
revealed by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
in cycle  དགོངས་གཏེར་བསམ་པ་ལྷུན་གྲུབ་ (Dgongs gter bsam pa lhun grub)
Volume 9 (ཏ) / Pages 701-794 / Folios 1a1 to 47b5

Last Text in Volume

Tibetan Text

༄༅། །གུ་རུའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་གསལ་བྱེད་ཟིན་བྲིས་དོན་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི། ཕྱོགས་དུས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །སྤྱི་གཟུགས་སྐྱབས་གསུམ་ངོ་བོ་བཀའ་དྲིན་ཅན། །དྲན་མཆོག་མགོན་པོ་ཚེ་དབང་ནོར་བུའི་ཞབས། །བྱང་ཆུབ་བར་གྱི་གཙུག་ཏོར་རྒྱན་དུ་མཆོད། །མཆོག་ཁྱེད་པད་འབྱུང་དངོས་དང་མི་གཉིས་ཀྱང་། །གདུལ་བྱའི་མོས་ངོར་སྒྲིབ་བྲལ་དགོངས་པའི་མཚོར། །བྱིན་རླབས་ཟླ་གཟུགས་གསལ་བའི་ཡིད་བཞིན་གཏེར། །རྨད་བྱུང་ཟབ་ལམ་གདམས་མཆོག་འགྲོ་བའི་དཔལ། །གང་འདིར་ཟབ་བརླིང་དཔག་དཀའི་དོན། །མ་ནོར་གོ་སླ་དགོངས་འགྲེལ་ཚུལ། །རགས་རིམ་དམ་པའི་གསུང་གི་བཅུད། །ཟིན་ཐོ་ཅུང་ཟད་འདིར་བཀོད་བྱ། །འདིར་གུ་རུའི་གསོལ་འདེབས་ཀྱི་སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་ཟབ་ལམ་ངོ་མཚར་རྨད་དུ་བྱུང་བ་འདི་འཆད་པ་ལ་སྤྱི་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྔོན་འགྲོ་བསྟན་པ་དང་། རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་དངོས་བཤད་པ་དང་། གདམས་པའི་རྒྱུ་མཚན་ཆེ་བརྗོད་སྨོན་ལམ་དང་བཅས་པའོ། །དང་པོ་ལ་གསུམ། མཆོད་པར་བརྗོད་པ་དང་། རྩ་བའི་གཞུང་དང་བཅས་པའི་མན་ངག་བཤད་པར་དམ་བཅའ་བ། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའོ། །དང་པོ་གཉིས་གོ་སླ། གསུམ་པ་ནི། དེ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན༔ ཞེས་སོགས་ཤློ་ཀ་གཅིག་གི་དོན་བཤད་པ་ལ། ཟབ་མོའི་ལམ་སྒྲུབ་པ་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་དགོས་པས། འཆད་པ་པོ་སློབ་དཔོན་ནི་བྱིན་རླབས་བརྒྱུད་པར་ལྡན་པ་སྟོན་པ་ཕུན་ཚོགས་དང་། ཉན་པ་པོ་སློབ་མ་དམ་ཚིག་དང་དད་གུས་ལྡན་ན་འཁོར་ཕུན་ཚོགས་ཏེ། དེ་ལྟར་སྣོད་བཅུད་མཚན་ཉིད་དང་ལྡན་པ་འཛོམ་ན་དུས་ཕུན་ཚོགས་ཡིན་པས་ཆོས་ཕུན་སུམ་ཚོགས་པ་ཤུགས་ལས་འགྲུབ། གནས་ནི་ཡིད་དུ་འོང་ཞིང་སྣོད་མིན་དང་ཉེར་འཚེ་མེད་པའི་དབེན་གནས་སུ་བློ་སྦྱོང་ཕྱག་རྒྱ་བཞིའམ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཞེས་བྱ་བས་ཁོག་ཕུབ་སྟེ། འདི་ལྟར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་འཇིག་པའི་ཆོས་ཅན་མི་རྟག་པར་ལྟ་བ་དང་། འཁོར་བའི་བདེ་འབྱོར་སོགས་གནས་སྐབས་ཐམས་ཅད་ནི་ཟག་པ་དང་བཅས་པ་སྟེ། སྡུག་བསྔལ་དུ་ཤེས་པར་བྱས་ཏེ་འཁོར་བ་ལས་ཡིད་དབྱུང་། ཆོས་ཐམས་ཅད་ནི་བདག་མེད་པ་དང་། ཞི་བ་མྱ་ངན་ལས་འདས་པ་ཉེ་བར་ཞི་བའི་ཐར་པ་དོན་གཉེར་གྱི་བློས་ཀུན་ནས་བསླངས་ཏེ་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་དྲན་པས་རྒྱུད་བསྐུལ། ལས་འབྲས་བསླུ་མེད་དང་འཁོར་བའི་ཉེས་དམིགས་བསམས་ཏེ་འཁོར་བ་ལ་བློ་ལྡོག །ཐར་པའི་ཕན་ཡོན་དང་དཀོན་མཆོག་གི་ཡོན་ཏན་དྲན་པས་སྤྲོ་བ་དང་དད་པ་བསྐྱེད་དེ་སྐྱབས་འགྲོ་སེམས་བསྐྱེད། ཕྱག་མཆོད། བཤགས་སྡོམ། གསུང་རབ་བཀླག་པ། སཱཙྪ་འདེབས་པ། སྲོག་བསླུ། སྦྱིན་གཏོང་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་གསག་པ་དང་། སྡིག་པ་སྦྱོང་བའི་ཐབས་ལ་འབད་རྩོལ་སྔོན་དུ་འགྲོ་བས་རང་རྒྱུད་དག་པར་བྱས་ལ་གསང་བ་ཟབ་མོའི་སྣོད་དུ་རུང་བར་བྱ་བའི་ཕྱིར། འདི་ཉིད་ཀྱི་རྩ་བའི་དབང་ཐོབ་ན་མཆོག །དེ་མིན་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བཞི་རྫོགས་པར་ཐོབ་པའམ། གུ་རུ་གསང་བ་འདུས་པ་ལྟ་བུའི་དབང་གིས་སྨིན་པར་བྱ་བ་རྣམས་སོ། །སྤྱི་དོན་གཉིས་པ་སྒྲུབ་ཐབས་དངོས་བཤད་པ་ལ་སྤྱི་སྒྲུབ་དང་། ཡན་ལག་གཉིས་ཀྱི། དང་པོ་ནི། དེ་ནས་དངོས་གཞི་རྩ་བའི་སྒྲུབ་པ་ལ༔ ཞེས་སོགས་ཤློ་ཀ་བརྒྱད་ཀྱིས་བསྟན་པའི་རྩ་བའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས་སུ་སྒྲུབ་པ་ལ་སྡོམ་ནི། ཚོགས་ཞིང་གསལ་བཏབ་སྐྱབས་སེམས་དང་། །ཡན་ལག་བཅུ་ཕུལ་ཡེ་ཚོགས་གསག །སྲུང་འཁོར་དྲུག་བསྒོམ་སྔོན་འགྲོའི་སྡོམ། །ཞེས་ས་བཅད་དྲུག་གི་དང་པོ་ཚོགས་ཞིང་གསལ་གདབ་པ་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་ནས། རང་གི་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་གུ་རུ་པདྨ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་ཏེ་བཞུགས་པར་བསམས་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ཁྱེད་ཤེས་ཀྱི་དད་པས་རེ་ལྟོས་ལིང་བསྐྱུར་གྱིས་ངག་ཏུ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་སོགས་ཅི་མང་བྱ། གསུམ་པ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཕ་དང་མའི་རང་བཞིན་དྲིན་ཅན་འདི་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་ལོངས་སྤྱོད་ཅིང་རྟག་ཏུ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། མ་རྣམས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ནམ་ཡོང་ན་སྙམ་དུ་སྨོན་པ་སེམས་བསྐྱེད། མ་རྣམས་བྱང་ཆུབ་ཐོབ་ཕྱིར་བདག་གི་སྒོ་གསུམ་དགེ་བ་ལ་བཀོལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་གུ་རུའི་སྒྲུབ་པ་ཉམས་སུ་ལེན་པར་བྱའོ་སྙམ་པས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་སྙིང་ཐག་པས་བྱ་སྟེ་འཇུག་པ་སེམས་བསྐྱེད་དང་བདེ་སྡུག་གི་གཏོང་ལེན་ཡང་ཅི་ནུས་བྱའོ། །བཞི་པ་ཡན་ལག་བཅུ་འབུལ་བ་ནི། རང་བཞིན་གནས་ནས་བླ་མ་ཡི་དམ་སྐྱབས་གནས་མཆོད་ཡུལ་ཐམས་ཅད་སྤྱན་དྲངས་པར་མོས་པ་སོགས་ཚིག་གི་དོན་དྲན་པས། ན་མོ། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །འཁོར་འདས་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་ཡང་ཡང་བྱ་སྟེ། སྤྱན་འདྲེན་བཞུགས་གསོལ་ཡན་ལག་བདུན་མཐར་སྨོན་ལམ་སྟེ་ཡན་ལག་བཅུ་པ་འབུལ་བ་ཚོགས་གསོག་གི་མཆོག་ཡིན་ལ། སྤྲོ་ན་སྐུ་གསུམ་གྱི་མཎྜལ་ཡང་འབུལ་ལོ། །མཐར་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་བསྔོ་བ་བྱ། ཞར་བྱུང་དུ་རྡོར་སེམས་ཡིག་བརྒྱའི་སྒོམ་བཟླས་བྱ་སྟེ། རྡོ་རྗེ་སེམས་དཔའ་རང་གི་སྤྱི་གཙུག་ཏུ་བསྒོམས་ནས་སྟོབས་བཞི་ཚང་བས་བཤགས་པའི་ཚུལ་དུ་བཟླ་བ་བྱ་རྒྱུད། སྙིང་ག་ལ་སོགས་པར་བསྒོམ་པ་སྤྱོད་རྒྱུད། རང་ལུས་རྡོར་སེམས་སུ་བསྒོམ་པ་རྣལ་འབྱོར། སྣང་གྲགས་ལྷ་སྔགས་སུ་གསལ་བའི་ངང་ནས་བཟླ་བ་བླ་མེད་ཀྱི་ཚུལ་བཞི་པོ་གང་ལྟར་བསྒོམ་ཡང་ཆོག་གསུང་ངོ་། །ལྔ་པ་ཡེ་ཤེས་ཀྱི་ཚོགས་གསག་པ་ནི། ཚོགས་ཞིང་རང་ལ་བསྟིམས་རྗེས། ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཡང་དག་པའི་དོན་གྱི་གནས་ལུགས་བསྒོམ་པ་ཡིན། དེ་ཡང་ཕྱི་གཟུང་བའི་ཡུལ་གྱི་སྣང་བ་བེམ་པོ་རྣམས་དང་སེམས་ཅན་སོགས་ལ་འདི་ནི་འདིའོ་ཞེས་ནང་འཛིན་པའི་སེམས་རྣམ་རྟོག་གིས་སྣང་བ་གང་ལ་ཡང་བཟང་ངན་སོགས་ཀྱི་རྩིས་གདབ་མེད་པར་ཤེས་པ་ཁོང་གློད་ཅིང་དོན་དེ་ཡང་ཡང་བསྐྱར་བ་རྩ་བ་དང་། ཕྲ་མོའི་རྟོག་དཔྱོད་ཀྱི་རྣམ་རྟོག་ཐམས་ཅད་ནི་ཡན་ལག་སྟེ་མདོར་ན་ཕྲ་རགས་ཀྱི་རྣམ་རྟོག་གང་ཤར་ཐམས་ཅད་ལ་ང་བདག་ཏུ་འཛིན་པ་མེད་པར་སྟོང་པ་ཉིད་དུ་སྦྱོང་བ་སྟེ། སྣང་ཡུལ་དང་འཛིན་སེམས་གང་ལ་ཡང་དེར་འཛིན་མ་ཞུགས་པ་དེ་ཀ་སྦྱོང་བའི་དོན་ཡིན་པས་གང་ཤར་ལ་རྟོག་དཔྱོད་ཀྱི་བློ་དང་བྲལ་བའི་ངང་ལ་མཉམ་པར་གཞག་གོ །དྲུག་པ་སྲུང་འཁོར་བསྒོམ་པ་ནི། རྣམ་གྲངས་དྲུག་སྟེ། རང་ཉིད་གང་དུ་ཡོད་པའི་གནས་དེའི་འོག་གཞི་རྡོ་རྗེ་རྩེ་དགུ་རྒྱ་གྲམ་དུ་ཡོད་པའི་རྭ་རྩེ་རྣམས་གྱེན་དུ་ལངས་ཤིང་། སྟེང་ནས་རྡོ་རྗེའི་གུར་རྒྱ་གྲམ་གྱི་རྭ་རྩེ་རྣམས་ཐུར་དུ་འཕྱང་བ། ཕྱོགས་མཚམས་ཐམས་ཅད་དུ་བསྣོལ་ཏེ་དྲྭ་མིག་ལྟ་བུའི་བར་གསེང་རྣམས་སུ་ཟློག་པའི་ལས་མཛད་པའི་ཁྲོ་བོ་མང་པོ་ཞལ་ཕྱིར་གཟིགས་ཤིང་། སྲུང་བའི་ལས་མཛད་པའི་ཁྲོ་བོ་མང་པོ་ཞལ་ནང་གཟིགས་སུ་ཡོད་པར་བསམས་ཏེ་སྐུའི་སྲུང་འཁོར། དེའི་ཕྱི་རོལ་དུ་རྡོ་རྗེ་རལ་གྲི་གྲི་གུག་དགྲ་སཏྭ་ཁ་ཊྭཱཾ་ཕུར་བུ་མདའ་མདུང་སོགས་མཚོན་ཆའི་གུར་རྩེ་མོ་ཕྱིར་གཟིངས་པའི་ཕྱི་ནས་མེ་རི་མེ་དཔུང་གཅུས་ཐབས་སུ་འུར་འུར་འབར་བའི་རྩེ་དང་། ཁྲོ་བོ་རྣམས་ཀྱི་ཞལ་ནས་ཀྱང་ཧཱུྃ་དང་ཕཊ་གྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་གྱི་སྔགས་ཀྱི་སྒྲར་བསྒོམ་པ་གསུང་གི་སྲུང་འཁོར། རྡོ་རྗེའི་གུར་ཁང་དེ་རྐྱེན་གང་གིས་ཀྱང་བཤིག་པར་མི་ནུས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཕར་ཐམས་ཅད་དུ་ཐོགས་པ་མེད་པ། ཚུར་གང་གིས་ཀྱང་མི་ཚུགས་པས་མ་ཕམ་པའི་དོན་བསམས་ཏེ་ཐུགས་ཀྱི་སྲུང་འཁོར། གུར་ཁང་གི་ནང་དུ་ཡང་འོད་ལྔའི་ཐིག་ལེ་ཐིག་ཕྲན་ནམ། རིན་པོ་ཆེའི་གཞལ་ཡས་ཁང་ངམ། པདྨའི་གུར་ཁང་གང་མོས་ཤིག་བསྒོམ་པ་ཡོན་ཏན་གྱི་སྲུང་འཁོར། དེ་ཐམས་ཅད་ཀྱི་ཕྱི་རོལ་དུ་བསྐལ་པའི་མེ་དཔུང་གི་གུར། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་རེག་གཅོད་ཀྱི་གུར། དེའི་ཕྱི་རོལ་དུ་ཆུའི་གུར་ཏེ་འབྱུང་བའི་རང་བཞིན་ཕྲིན་ལས་ཀྱི་སྲུང་འཁོར། དེ་ལྟར་སེམས་སྣང་དུ་བསྒོམ་པའི་སྲུང་འཁོར་རྣམས་དང་། གནོད་བྱེད་ཀྱི་དགྲ་གདོན་སོགས་དོན་དམ་གྱི་གཤིས་སུ་གང་ཡང་མ་གྲུབ་ལ་ཀུན་རྫོབ་ཏུ་སྣང་བ་དེ་ཡང་མ་འགག་པའི་ངོ་བོ་ཡེ་ཤེས་ཀྱི་རང་སྣང་ཡོད་མེད་རྟག་ཆད་དང་བྲལ་བ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ལ་མཉམ་པར་བཞག་སྟེ་དོན་དམ་པ་ཡེ་ཤེས་ཀྱི་སྲུང་འཁོར་རོ། །སྒྲུབ་པ་དངོས་ལ་སྡོམ་ནི། །རྟེན་བསྐྱེད་སྤྱན་འདྲེན་དབང་རྒྱས་བཏབ། །ཕྱག་མཆོད་བསྟོད་པ་གསོལ་འདེབས་དང་། །དབང་ལེན་འཛབ་བཟླས་རྗེས་སྡུད་དང་། །རྫོགས་རིམ་བཅུ་གཅིག་དངོས་གཞིའི་སྡོམ། །ཞེས་ས་བཅད་བཅུ་གཅིག་གི་དང་པོ་གསོལ་འདེབས་ཀྱི་རྟེན་བསྐྱེད་པ་ལ། སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རང་ལུས་འདི་ཡི་དམ་གདན་གསུམ་ཚང་བའི་དོན་དྲན་པར་བྱས་ཏེ། གདན་ཞེས་པ་སྒྱུ་མའི་ལུས་ཀྱི་རྟེན་ལ་ཀུན་གཞི་བདེ་བར་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་བརྟེན་པའི་ཚུལ་དུ་གནས་པས་ན་གདན་ཞེས་བྱ། གསུམ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདན། རིག་མ་དང་ལྷ་མོའི་གདན། ཁྲོ་བོ་དང་ཁྲོ་མོའི་གདན་ཞེས་པ། བདག་གི་གཟུགས་སོགས་ཕུང་པོ་ལྔ་ནི་སངས་རྒྱས་ལྔ། མིག་གི་རྣམ་ཤེས་སོགས་ཚོགས་བརྒྱད་སེམས་དཔའ་བརྒྱད་དེ་སངས་རྒྱས་བྱང་སེམས་ཀྱི་གདན། ས་སོགས་འབྱུང་བ་ལྔ་ནི་ཡུམ་ལྔ། གཟུགས་སོགས་ཡུལ་བརྒྱད་སེམས་མ་བརྒྱད་དེ་རིག་མ་དང་ལྷ་མོའི་གདན། ཚིགས་ཆེན་བཅུ་ནི་ཁྲོ་བོ་བཅུ། ཡུལ་བཅུ་ནི་ཁྲོ་མོ་བཅུ་སྟེ་ཁྲོ་བོ་ཁྲོ་མོའི་གདན་ནོ། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་གདོད་ནས་གནས་པའི་མོས་པ་ཙམ་ལས་སྐུ་མདོག་ཕྱག་མཚན་དང་བཅས་པའི་ལྷར་བསྒོམ་མི་དགོས་གསུངས། དེ་ལྟར་མོས་པའི་སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁའ་གང་མོས་སུ་བདུད་རྩིའི་རྒྱ་མཚོ་སྔོ་ཞིང་དྭངས་པ་རྒྱ་ཁྱོན་གཏིང་མཐའ་འབྱམས་ཀླས་པའི་ཀློང་ནས་ཐོན་པའི་པདྨའི་སྡོང་པོ་འདབ་མ་འབུམ་དང་ལྡན་པ། ཡལ་ག་དང་ལོ་འབྲས་ཕུན་སུམ་ཚོགས་ཤིང་གེ་སར་མངོན་པར་མཐོ་བའི་སྟེང་དུ་ཉི་མ། དེའི་སྟེང་དུ་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་ཡིད་ཙམ་ཁྲོས་པའི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་ཤིང་གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པའི་གྲུ་མོ་ན་ཁ་ཊྭཱཾ་ག་རྩེ་གསུམ་བརྟེན་པ། དབུ་ལ་ཤེའུའི་སྙན་ཞུ་པད་འདབ་ཅན་རྩེ་མོར་རྡོ་རྗེ་རྩེ་ལྔ་དང་རྨ་བྱའི་མདོངས་རྒོད་ཀྱི་ཐེལ་ཆུང་གིས་བརྒྱན་ཅིང་། མེ་ལོང་དང་གསེར་གྱི་ཉི་ཟླ་དར་གྱི་ཅོད་པན་གྱིས་སྤྲས་པ་གསོལ་ཞིང་། སྐུ་ལ་མདོ་དང་མཐུན་པའི་ཆ་ལུགས་ཆོས་གོས་དམར་པོ་གསེར་གྱི་རི་མོ་ཅན་དང་། སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཁ་མཐིང་ག་དང་གསང་གོས། འཁོར་ལོས་སྒྱུར་རྒྱལ་གྱི་ཆ་ལུགས་ཟབ་ཆེན་གྱི་བེར་སྨུག་གསེར་གྱི་ཧ་རིས་ཅན་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་ཆ་ཤས་རེ་རེར་ཡང་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས་ཤིང་མི་ངོམས་པའི་མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ཉི་མ་འབུམ་དང་མཚུངས་ཤིང་། མཐོང་ཐོས་དྲན་པ་ཙམ་གྱིས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་ནུས་པ་ཞིག་ཏུ་བྱིན་ཐིབས་སེ་བཞུགས་པར་གསལ་གདབ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། གུ་རུའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསྒོམས་པའི་ཧཱུྃ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས། ཐུགས་རྗེའི་དྭངས་མ་གུ་རུ་པདྨ་འབྱུང་གནས་སྤྱན་དྲངས། གཞན་ཡང་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གུ་རུ་པདྨའི་རྣམ་པར་བྱོན་པར་བསམ་ཞིང་། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་ཚིག་བདུན་གསོལ་འདེབས་ཅི་རིགས་པ་བརྗོད་ཅིང་སྤྱན་དྲངས། དམ་ཚིག་པ་ལ་ཐིམ་པས་དམ་ཡེ་དབྱེར་མེད་རོ་མཉམ་དུ་བཞུགས་པར་བསམ། གསུམ་པ་དབང་བསྐུར་རྒྱས་གདབ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་རང་བཞིན་གྱི་གནས་ནས་དབང་གི་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་གུ་རུའི་སྐུ་ལ་བུམ་ཆུས་ཁྲུས་གསོལ་ཞིང་དབང་བསྐུར་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བར་མོས་ནས། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཞེས་སོགས་ཕྱག་དངོས་སུ་གྲུབ་ནའང་བྱ། ལྔ་པ་མཆོད་པ་ནི། མཆོད་ཡོན་མེ་ཏོག་སོགས་ཕྱིའི་མཆོད་པ་དང་། གཟུགས་སྒྲ་སོགས་འདོད་ཡོན་ལྔ། རང་ལུས་བདུད་རྩིར་སྤེལ་བའི་ནང་མཆོད། ལྷ་མིའི་བུ་མོ་མཚན་ལྡན་མང་པོ་གཟུང་མར་དབུལ་བ་གསང་མཆོད། མཆོད་ཡུལ་མཆོད་མཁན་མཆོད་རྫས་སོགས་འཁོར་གསུམ་ཡང་དག་ཏུ་ལྟ་བ་དེ་ཁོ་ན་ཉིད་དང་། ཕྲིན་ལས་སྒྲུབ་པའི་མཆོད་པ་སོགས་རྒྱ་ཆེར་སྤྲོ་བའམ། བསྡུ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཅེས་དམིགས་པ་རྒྱ་ཆེར་སྤེལ་ཏེ་འབུལ། དྲུག་པ་བསྟོད་པ་ནི། སྐྱེ་འགག་འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་བསྒྲལ་སླད་དུ༔ ཕྲིན་ལས་རྣམ་བཞིས་ཡིད་བཞིན་རེ་བ་སྐོང༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་དང་སྤྲོ་ན། བསྟོད་ཚིག་ཅི་ཤེས་བྱ། བདུན་པ་གསོལ་བ་འདེབས་པ་ནི། གསོལ་འདེབས་ཞེས་པ་གུ་རུའི་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་ཡིད་ཀྱིས་གདུང་བ་དྲག་པོའི་སྒོ་ནས་ངག་གི་སྒྲ་ལྷང་ལྷང་དབྱངས་སྙན་པའི་ཚིག་གུ་རུའི་སྙན་དུ་གསོལ་བས་གུ་རུའི་ཐུགས་རྗེ་བསྐུལ་བ་སྟེ་འདོད་དོན་ཐུགས་ལ་གསལ་འདེབས་པ་ལྟར་གྱུར་ནས་བདག་ལ་ཐུགས་རྗེས་བརྩེ་བས་དགོངས་ཏེ་བྱིན་གྱིས་བརླབས་པར་བསམ་ཞིང་། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཞེས་སོགས་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས། སྐུ་ནི་ལྷ་ནུབ་སོགས། དུས་ངན་སྙིགས་མའི་སོགས། ལྔ་བརྒྱའི་ཐ་མ་སོགས། ཤློ་ཀ་ལྔ་པོ་ཅི་མང་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་པ་དང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་གསོལ་འདེབས་བརྒྱ་རྩ་སོགས་ཅི་མང་བྱ་སྟེ་ཐུན་མོང་གི་ཚུལ་དུ་གསོལ་བ་འདེབས་པ་ཡིན་ལ། ཁྱེད་ཤེས་ཀྱི་དད་པས་རེ་ལྟོས་ལིང་བསྐྱུར་གྱི་མོས་གདུང་དྲག་པོའི་སྒོ་ནས་གུ་རུའི་ཐུགས་ཀར་རིག་པ་མ་ཡེངས་པར་གཏད་དེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་འཛབ་ཀྱི་ཚུལ་དུ་གསོལ་འདེབས་ཕུར་ཚུགས་སུ་བྱེད་པ་ནི་ཐུན་མོང་མ་ཡིན་པའི་གསོལ་འདེབས་ཏེ་བརྒྱ་སྟོང་ཅི་འགྲུབ་བྱའོ། །བརྒྱད་པ་དབང་བླང་བ་ནི། གུ་རུའི་གནས་བཞི་རུ་འབྲུ་གསུམ་དཀར་དམར་མཐིང་ག་ཧྲཱིཿལྗང་གུ་སྟེ་ཡིག་འབྲུ་བཞི་གསལ་གདབ། ཨོཾ་ལས་འོད་ཟེར་དཀར་པོ་མང་དུ་འཕྲོས་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་སྦྱངས། བུམ་དབང་ཐོབ། ལུས་སྐུ་རྡོ་རྗེ་སྤྲུལ་སྐུར་སྨིན། ཨཱཿལས་འོད་ཟེར་དམར་པོ་བྱུང་རང་གི་ལྕེ་སྟེང་དུ་ཞུགས་པས་ངག་སྒྲིབ་སྦྱངས། གསང་དབང་ཐོབ། གསུང་རྡོ་རྗེ་ལོངས་སྐུར་སྨིན། ཧཱུྃ་ལས་འོད་ཟེར་སྔོན་པོ་རང་གི་སྙིང་གར་ཞུགས་པས་ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་སྐུར་སྨིན། ཧྲཱིཿལས་འོད་ཟེར་ལྗང་གུ་འཕྲོས། རང་གི་ལྟེ་བར་ཞུགས་པས་བག་ཆགས་ཀྱི་སྒྲིབ་པ་སྦྱངས། བཞི་པ་ཚིག་དབང་ཐོབ། ཟུང་འཇུག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུར་སྨིན་པར་བྱས་པའི་ངེས་ཤེས་བསྐྱེད། སླར་ཡང་མོས་གུས་ཀྱི་གདུང་ཤུགས་བསྐྱེད་པས། གུ་རུ་རང་གི་སྤྱི་གཙུག་ཏུ་བྱོན་པ་རང་འོད་ཀྱི་ཡུམ་དང་རོལ་པས་ཟག་མེད་བདེ་བ་ཆེས་ཆེར་གཡོས་པའི་སྦྱོར་མཚམས་ནས་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྒྱུན་ལྷུག་པར་བབས་པ་རང་གི་ཚངས་བུག་ནས་ཞུགས། མགྲིན་པ་ཡན་ཆད་ཀྱི་རྩ་འཁོར་ཐམས་ཅད་བདུད་རྩི་བདེ་བའི་རང་བཞིན་ཅན་གྱིས་གང་བས་ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྤྲུལ་སྐུར་སྨིན། སྙིང་ག་ཡན་ཆད་གང་བས་ངག་སྒྲིབ་སྦྱངས། གསང་དབང་ལོངས་སྐུར་སྨིན། ལྟེ་བ་ཡན་ཆད་གང་བས་ཡིད་སྒྲིབ་སྦྱངས། ཤེར་དབང་ཆོས་སྐུར་སྨིན། ལུས་ཀྱི་ཆ་ཐམས་ཅད་གང་བས་བག་ཆགས་ཀྱི་དྲི་མ་སྦྱངས། དབང་བཞི་པ་ངོ་བོ་ཉིད་སྐུར་སྨིན་པ་གོང་བཞིན་བསམ། མཐར་གུ་རུ་ཡབ་ཡུམ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་ངེས་ཤེས་བསྐྱེད་ཅིང་། དོན་ལ་རང་གི་རིག་པའི་ངོ་བོ་འདི་ཀ་བླ་མའི་ཐུགས་ཀྱི་ངོ་བོ་ཡེ་ཤེས་ཉིད་ཡིན་ལ། ཡིན་ལུགས་ངེས་ཤེས་བསྐྱེད་བཞིན་པའི་གསལ་རིག་རྗེན་པ། བླ་མ་དང་རང་སེམས་དབྱེར་མེད་རོ་གཅིག་པའི་ངེས་ཤེས་ཨར་ལ་གཏད་དེ་ཧྲིག་གེ་རྗེན་ནེ་ཤིགས་སེ་བཞག །དགུ་པ་འཛབ་བཟླ་བ་ནི། རང་ཉིད་གུ་རུ་པདྨའི་སྐུར་གསལ་བའི་ཐུགས་ཀའི་ནང་དུ་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲའི་ཐུགས་ཀར་ཡང་པད་ཟླ་ལ་རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག །ཕྱོགས་བཞིའི་རྭ་དབུས་མ་ཕྱོགས་མདོག་ལ། མཚམས་བཞིའི་རྭ་ཐམས་ཅད་མཐིང་ག །དེའི་ལྟེ་བར་ཧཱུྃ་ཨཱཿཨཱོཾ་གསུམ་བརྩེགས་མའི་ཧཱུྃ་གི་མཐར་གཡས་སྐོར་དུ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་སྔགས་ཕྲེང་གསེར་གྱི་མདོག་ཅན་གྱིས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་མཆོད་བྱིན་རླབས་དངོས་གྲུབ་རྣམས་ཚུར་བསྡུས། ཡང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བསལ་ཏེ་བདེ་ཆེན་ལ་བཀོད། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཏིང་ངེ་འཛིན་སེམས་དཔའ་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་བཛྲ་གུ་རུ་བཟླའོ། །དེ་ཡང་སེམས་དཔའ་སུམ་བརྩེགས་ཀྱི་དམིགས་པ་དང་། རྡོ་རྗེ་བཞི་ཡི་དགོངས་པ་གཟེར་དུ་བཏབ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་གུ་རུ་པདྨའི་སྐུའི་རོལ་པ་སྐུ་རྡོ་རྗེར་བལྟ། སྒྲ་ལ་སྣང་བ་ཐམས་ཅད་ནི་གུ་རུའི་གསུང་རྡོ་རྗེ་བཛྲ་གུ་རུའི་རང་སྒྲར་བསྒོམ། སེམས་ཀྱི་རྣམ་རྟོག་འགྱུ་དྲན་བཟང་ངན་ཅི་ཤར་ཡང་སྔོན་བསུ་རྗེས་དཔྱོད་ཀྱི་བཟོ་མེད་པ་ཐུགས་རྡོ་རྗེ། སྐུ་གསུང་ཐུགས་ཀྱི་སྣང་བ་ཐམས་ཅད་དབྱེར་མེད་པ་ཟུང་འཇུག་ཡེ་ཤེས་རྡོ་རྗེ་སྟེ། རྡོ་རྗེ་བཞི་ཡི་དགོངས་པའི་གཟེར་མ་བཅོས་སོ་མའི་ངང་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་མཚོན་པ་དང་དག་པའི་གཞོམ་མེད་རྡོ་རྗེའི་རང་སྒྲ །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བྱིན་རླབས་རྨད་དུ་བྱུང་བ་ཡིན་ལ། བཟླས་པའི་སྐྱོན་ཧ་ཅང་མྱུར་བ། ཧ་ཅང་དལ་བ། སྒྲ་ཆེས་པ། ཆུང་དྲགས་པ། གཏམ་ཚིག་དང་འདྲེས་པ། སེམས་གཡེངས་ཤིང་སྔགས་ཆད་ལྷག་ཏུ་སོང་བ་མ་ཡིན་པའི་སྒོ་ནས་བཟླ་ཞིང་། བཅུ་པ་རྗེས་སྡུད་ནི། ཐུན་གྱི་མཐར་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་རྣམས་ལ་ཐིམ། དེ་ཡང་ཕྱི་ནས་རིམ་པ་བཞིན་རང་ཉིད་ལ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། རྡོ་རྗེ་སྔགས་ཕྲེང་ཨོཾ་ཨཱཿདང་བཅས་པ་ཧཱུྃ་ལ། དེ་ཞབས་ཀྱུ་ནས་ཡར་ཐིག་ལེ་ནཱ་དའི་བར་དུ་ཐིམ། ནཱ་ད་མི་དམིགས་པའི་ངང་ལ་བཞག །སླར་སྐད་ཅིག་དྲན་རྫོགས་སུ་གུ་རུའི་སྐུར་ཝལ་གྱིས་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གདབ་བོ། །བཅུ་གཅིག་པ་རྫོགས་རིམ་བསྒོམ་པ་ནི། ཟབ་མོ་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་ཞེས་གྲགས་པ་མདོ་སྔགས་ཀྱི་བཞེད་གཞུང་དུ་མར་ཡོད་ལ། འདིར་ནི་རྡོ་རྗེ་ཐེག་པའི་གཞུང་ལུགས་མཐར་ཐུག་རྒྱུད་སྡེ་བླ་ན་མེད་པའི་དགོངས་པ་དབང་བཞི་པའི་ཡེ་ཤེས་ཉིད་དེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཡི་གེ་འབྲུ་བཞིའི་དོན་རྟག་ཆད། ཡོད་མེད། ཕྱི་ནང་། སྐྱེ་འགག་སོགས་གཉིས་སྣང་གི་མཐའ་དང་བྲལ་བའི་དབུ་མ། རྐྱེན་གཞན་ལ་མི་ལྟོས་པར་བླ་མའི་བྱིན་རླབས་ཁོ་ནས་རྟོགས་པར་འགྱུར་བ་ནི་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཞེས་བྱ། དེའི་དོན་སྔ་མའི་སྣང་བ་མི་བསམ། ཕྱི་མའི་སྣང་བ་ལ་མི་མནོ། ད་ལྟའི་སྣང་བ་ལ་དཔྱད་བཟོ་མེད་པའི་དྲན་རིག་སོ་མའམ་སྐད་ཅིག་མ་ཡིད་ཆེས་ལ་འདི་འདྲ་ཞེས་བརྗོད་དུ་མེད་པའི་ཉམས་ཧ་རེ་རྗེན་ནེ་བ་འདི་ཡི་དམ་མམ་སྙིང་དང་སྲོག་ལྟ་བུ་ཆོས་ཐམས་ཅད་ཀྱི་གནད་དོན་ཡིན་ཏེ། དྲན་རིག་འདི་ལས་ལོགས་སུ་ཡི་དམ་ཞེས་ཡན་པ་ཞིག་བཙལ་དུ་མེད་ཅིང་། འཁོར་འདས་བདེ་སྡུག་ཐམས་ཅད་ཀྱི་གཞིའམ་རྩ་བ་འདི་ཡིན་པས་ཐ་མལ་འཁྲུལ་འབྱམས་སུ་མི་བཏང་བར་མ་ཡེངས་པར་དྲན་པ་གནས་ལུགས་རྗེན་པ་ལ་ཡི་དམ་གཅེས་པའི་མཆོག་ཏུ་བཟུང་སྟེ་ནན་ཏན་སྙིང་པོར་བསྒྲུབ་པ་ལ་འབད་པ་གལ་ཆེ་བར་གསུངས་པས། བླ་མ་ལ་མོས་གུས་དང་མ་བྲལ་བའི་སྒོ་ནས་མ་ཡེངས་དྲན་པ་རང་རིག་གི་རང་ཞལ་བལྟ་བ་ལ་འབད་དེ་བསྒོམ་པར་བྱའོ། །དེ་དག་གི་སྐབས་སུ་གོལ་ཤོར་སོགས་ཀྱི་མཐའ་སྤང་བ་དང་། ཞི་ལྷག་སོགས་ཉམས་རྟོགས་ཀྱི་སྤུ་རིས་ཕྱེ་ཞིང་ངོ་སྤྲོད་སོགས་ཁྲིད་རིམ་གཞུང་གཞན་ནས་སྦྱོར་ཞིང་ཉམས་མྱོང་དང་བསྟུན་པར་གསུངས་སོ། །དེ་ལྟར་མཉམ་གཞག་དང་བསྐྱེད་རྫོགས་ཀྱི་རིམ་པ་བསྒོམ་པ་ལ་འབད་ཅིང་། རྗེས་ཐོབ་ཏུ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་རང་རྒྱུད་ལ་བརྟགས་ཏེ། སྡིག་པ་མི་དགེ་བ་ཕྲ་མོས་ཀྱང་མ་གོས་པ་དང་། དགེ་བ་ཕྲ་མོ་ནས་གསག་པ་དང་དུས་ཐམས་ཅད་དུ་བླ་མའི་མོས་གུས་ཡིད་དང་མ་བྲལ་བས་གསོལ་འདེབས་བྱ་ཞིང་། འགྲོ་དུས་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམས་ཏེ་བསྐོར་བའི་ཚུལ་དུ་འགྲོ །སྡོད་དུས་སྤྱི་བོའམ་སྙིང་གར་བསྒོམ། བཟའ་བཏུང་བྱེད་ཚེ་རང་ལྷར་གསལ་བའི་སྤྱི་མགྲིན་སྙིང་ག་དང་ལྟེ་བར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གསལ་བས་ཟས་ཚོགས་མཆོད་དུ་ཕུལ། གཉིད་ལོག་དུས་གུ་རུ་སྤྱི་བོ་ནས་མར་བྱོན་རང་གི་སྙིང་འོད་ཀྱི་གོང་བུའི་ནང་དུ་བཞུགས་པར་བསྒོམ། ནམ་སད་དུས་གསལ་འདེབས་བྱེད། ལངས་པའི་ཚེ་གུ་རུ་སྙིང་ནང་ནས་དབུ་མའི་ལམ་བརྒྱུད་དེ་སྤྱི་བོའི་ནམ་མཁར་བཞུགས་པར་བསམ། ནམ་ཞིག་འཆི་བའི་དུས་སུ་གུ་རུ་སྤྱི་བོར་བཞུགས་པའི་ཐུགས་ཀར་འདུན་པ་རྩེ་གཅིག་པས་གསོལ་འདེབས་ཀྱི་འཕོ་བ་ཁྱད་པར་ཅན་དུ་འགྱུར། ཚེ་སྒྲུབ་སོགས་ལས་གང་ལའང་བཟླས་པ་བཛྲ་གུ་རུ་ལ་དངོས་གྲུབ་གང་འདོད་འདུན་པ་བསྒྱུར་བས་ཐོགས་མེད་དུ་འགྲུབ་པར་གསུངས་སོ། །རྗེས་ཀྱི་ཐུན་མཚམས་ཐམས་ཅད་དུ་ཡང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བས་རྒྱས་བཏབ་ཅིང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བར་བྱའོ། །དེ་ལྟར་ཉམས་སུ་བླང་ན་སྒྲིབ་པ་ཐམས་ཅད་བྱང་ཞིང་ཚོགས་གཉིས་རྫོགས། ས་ལམ་ཐམས་ཅད་མཐར་ཕྱིན་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་མ་ཧཱ་གུ་རུའི་གོ་འཕང་ཐོབ་ངེས་པའི་ལམ་ཟབ་མོ་མོས་གུས་བླ་མའི་སྒྲུབ་པ་གསོལ་འདེབས་ལམ་ཁྱེར་བསམ་པ་ལྷུན་གྲུབ་མ་ཡིད་བཞིན་ནོར་བུ་ལྟ་བུའི་རྩ་བའི་སྒྲུབ་ཐབས་གསལ་བར་བཤད་ཟིན་ཏོ། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་མཁན་པོ་ཡི། །གདམས་བཅུད་བླ་མའི་རྣལ་འབྱོར་མན་ངག་མཆོག །མོས་གུས་གསོལ་འདེབས་ལམ་གྱིས་དབང་བཞིའི་དོན། །མངོན་གྱུར་ཡེ་ཤེས་བླ་མའི་ས་ཐོབ་ཤོག །རྒྱུད་ལུང་མན་ངག་བཅུད་དྲིལ་རིན་ཆེན་ཁམས། བྱིན་རླབས་འོད་བརྒྱ་འབར་བ་སྤྱི་སྒྲུབ་ཀྱི། །ཉིན་བྱེད་སྔོན་བསགས་བསོད་ནམས་ལྷ་ལམ་དུ། །དད་བརྩོན་ལས་སྨོན་རྟ་བདུན་གྱིས་དྲངས་པ། །འདི་ཀོ་སྔོན་སྨོན་དགེ་འབྲས་ཅུང་ཟད་དང་། །མ་ཧཱ་གུ་རུའི་རྣམ་རོལ་ཡོངས་འཛིན་གྱི། །ཐུགས་རྗེའི་དྲིན་ལས་རྙེད་པའི་ལམ་བཟང་སྟེ། །བསྟན་འགྲོ་ཡོངས་ལ་ཕན་བདེའི་རྒྱུར་གྱུར་ཅིག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ༈ །ན་མོ་གུ་རུ། དོན་གཉིས་པ་བྱེ་བྲག་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་བཤད་པ་ལ། སྒྲུབ་ཐབས་རེ་རེ་ལ་ས་བཅད་རྣམ་པ་དྲུག་དྲུག་གིས་བསྟན་པའི་སྡོམ་ནི། རྟེན་བསྐྱེད་གསོལ་བཏབ་དབང་བཞི་བླང་། །བདག་བསྲེ་རྗེས་སྡུད་རྫོགས་རིམ་མོ། །ཞེས་དེ་ལྟར་ས་བཅད་དྲུག་གི་རྟེན་བསྐྱེད། གསོལ་འདེབས། དབང་ལེན་པ་གསུམ་མདུན་བསྐྱེད་ཀྱི་ཆ་དང་། བདག་བསྲེ་རྗེས་སྡུད་གཉིས་བདག་བསྐྱེད་ཀྱི་ཆ། རྫོགས་རིམ་ནི་ཐུན་མོང་པའོ། །དང་པོ་གསོལ་འདེབས་ཀྱི་རྟེན་མདུན་བསྐྱེད་གསལ་འདེབས་པ་ལ་ནང་གསེས་ཀྱི་རྟེན་བསྐྱེད། སྤྱན་འདྲེན། བཞུགས་གསོལ། དབང་བསྐུར། མཆོད་བསྟོད་དང་ལྔ་ལས་དང་པོ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་སྲུང་བའི་འཁོར་ལོ་རྣམ་པ་དྲུག་ལྡན་སྔར་བཞིན་བསྒོམས་པའི་ནང་། རང་གི་མདུན་གྱི་ནམ་མཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བ་དང་ཉི་མ་རཀྴ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། རང་གི་རྩ་བའི་བླ་མ་དང་དབྱེར་མེད་པ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་གུ་རུ་པདྨ་ལ་རྣམ་པ་ཆེ་མཆོག་པདྨ་དྲག་པོ་གཏུམ་དྲག་མེའི་ཕྲེང་བ་ཅན་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་ནག་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་ཧཱུྃ་ཕཊ་རཾ་གྱི་ཚྭ་ཚྭ་འཕྲོ་བ་ཕྱར་ཞིང་། གཡོན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་དང་ལྡན་པ་སྡིགས་མཛུབ་ཀྱི་རྩེ་ནས་འགྱེད་པའམ་སྨད་ཀྱི་ཆ་ནས་བཟུང་སྟེ་འགྱེད་ཐབས་སུ་བརྒྱན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་ཟངས་ཡག་ཏུ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་། དབུ་སྐྲ་ཁམ་སེར་གྱེན་དུ་གཟེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ། སྦྲུལ་གྱི་ཆུན་པོ། ཞིང་གླང་གི་སྟོད་གཡོགས་དང་རྐེད་དཀྲིས། སྟག་ཤམ། རུས་རྒྱན། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད། ཁྱད་པར་སྡིག་པའི་གོ་ཁྲབ་དང་། གསང་བའི་ཐད་ནས་སྡིག་པ་ཁ་ཐུར་བསྟན་འཕྱང་བས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་སུ་བཞུགས་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་ཐོད་འཛིན་པ་ཁྲོ་མོའི་ཆས་རྫོགས་པས་འཁྱུད་པ་ཡེ་ཤེས་མེ་དཔུང་གི་ཀློང་ན་བཞུགས་པར་བསྒོམ། ཡང་ན་ཞལ་གསུམ་ཕྱག་དྲུག་གམ། དབུ་དགུ་ཕྱག་བཅོ་བརྒྱད་པ་སོགས་སྒྲུབ་ཐབས་གཞན་ནས་འབྱུང་བ་གང་མོས་བསྒོམ་གསུངས་སོ། །དེ་ལྟ་བུའི་འཁོར་དུ་དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་སྟག་ལྤགས་ཀྱི་བེར་གསོལ་བ། ཕྱག་གཉིས་བེ་ཅོན་དང་དབྱུག་ཐོ་བསྣམས་པ། ཡུམ་ཟ་བྱེད་ནག་མོ་གཡས་འཁོར་ལོ་བསྐོར་ཞིང་གཡོན་ཚོན་གྱི་དྲུ་གུ་བསྣམས་པས་ཡབ་ལ་འཁྱུད་པ། ལྷོར་བདུད་ནག་རྐོས་རྗེ་དྲང་དཀར་ཕྱག་གཉིས་ཁྲམ་ཤིང་དང་དགྲ་སཏྭ། ཡུམ་བདུད་མོ་རི་ཏི་མཐིང་ནག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ། ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་དང་སེར་བ་བསྣམས་པ། ཡུམ་ཁྲག་མིག་མ་དམར་ནག་ཁྲག་གི་ཕུར་པ་དང་ཁྲག་ཕོར་སྟོབ་པ། བྱང་དུ་གནོད་སྦྱིན་ཡཀྴ་མེ་དབལ་དམར་ནག་རལ་གྲི་དང་རིན་པོ་ཆེ། ཡུམ་མོན་མོ་ནག་མོ་མི་སྲུན་མ་ལྗང་ནག་རལ་གྲི་དང་ལྕགས་ཀྱི་སྤྱང་མོ། ཤར་ལྷོར་གཟའ་བདུད་སྤུ་གྲི་འབར་བདུད་ཁ་མདའ་གཞུ་དང་སྦྲུལ་ཞགས། ཡུམ་གནམ་སྨན་ཐོག་གི་བུ་ཡུག་མ་དམར་མོ་ཐོག་མདའ་དང་རུས་སྦལ། ལྷོ་ནུབ་ཏུ་ཀླུ་བ་དུད་ནག་པོ་སྐུ་མདོག་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན། ཡུམ་ཀླུ་མོ་ལྕམ་གཅིག་མ་དམར་མོ་ནད་རྐྱལ་དང་དུག་གི་སྤུ་གྲི །ནུབ་བྱང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་རླུང་ཞགས་དང་ལྕགས་ཀྱུ། ཡུམ་ཨུ་མ་དེ་ཝཱི་དམར་མོ་སྲིད་གསུམ་གསལ་བའི་མེ་ལོང་དང་གཏེར་གྱི་སྒྲོམ་བུ་བསྣམས་པ། བྱང་ཤར་དུ་ཁྲག་འཐུང་མ་ཧཱ་ཀཱ་ལ་མཐིང་ནག་ཟངས་གྲི་དང་ལྕགས་ཀྱི་པར་བུ། ཡུམ་དུང་སྐྱོང་མ་ནག་མོ། གནམ་ལྕགས་ཀྱི་རལ་གྲི་དང་ནེའུ་ལེའི་རྐྱལ་པ་སྟེ། ཡུམ་ཐམས་ཅད་ཡབ་ལ་འཁྱུད་ཅིང་ཕན་ཚུན་འཁྲིལ་བ། དེ་ཐམས་ཅད་ཞིང་ལྤགས་གོས་ཀྱི་སྟོད་གཡོགས་དང་། མི་མགོའི་འཕྱང་འཕྲུལ་སོགས་མི་སྡུག་པའི་ཆས་དུ་མས་བརྒྱན་ཅིང་ཤིན་ཏུ་ཁྲོ་ཞིང་གཏུམ་ལ་འཇིགས་པའི་ཆས་ཅན་ནོ། །དེ་དག་གི་མཐའ་སྐོར་དུ་ཕྱི་ནང་གསང་བ་ཡང་གསང་སོགས་སྡེ་བརྒྱད་ཀྱི་མིང་དང་རྣམ་གྲངས་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་སྔགས་བདག་སྡེ་དཔོན་སུམ་ཅུ། མགོན་པོ་བདུན་ཅུ་རྩ་ལྔ་སོགས་སྡེ་བརྒྱད་སྡེ་རིགས་གྲངས་མེད་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམས་ལ། གཉིས་པ་སྤྱན་འདྲེན་པ་ནི། སྔར་བཞིན་ཚིག་བདུན་གསོལ་འདེབས་ཅི་ནུས་ཀྱིས་གསོལ་བ་བཏབ་པས། གུ་རུ་རྩ་བ་གསུམ་གྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱང་པདྨ་དྲག་པོ་རྩལ་གྱི་རྣམ་པར་བྱོན་ནས་མདུན་བསྐྱེད་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །གསུམ་པ་ནི། དམ་ཡེ་དབྱེར་མེད་དུ་བཞུགས་པར་གསོལ་བ་གདབ། བཞི་པ་ནི། སྔར་བཞིན་དབང་གི་ལྷ་སྤྱན་དྲངས། དེ་དག་གིས་དབང་བསྐུར། རིགས་བདག་འོད་དཔག་མེད་ཀྱི་རྒྱས་གདབ་བོ། །ལྔ་པ་ནི། ཕྱི་ནང་གསང་མཆོད་ཅི་ནུས་ཀྱིས་མཆོད། བསྟོད་པ་ཅི་ཤེས་ཀྱིས་བསྟོད་ལ། གཉིས་པ་གསོལ་བ་གདབ་པ་ནི། ཧོར་སོག་འཇིགས་པའི་དམག་གིས་མཐའ་སྐོར་ནས༔ སོགས་ཀྱིས་གསོལ་འདེབས་བརྒྱ་སྟོང་ཅི་འགྲུབ་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་འདེབས་ཕུར་ཚུགས་ཀྱང་ཅི་ནུས་བྱ་ཞིང་། དེ་དག་གི་སྐབས་སུ་དམིགས་པ་ནི། རང་གི་དད་པའི་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་གུ་རུ་པདྨ་དྲག་པོའི་ཐུགས་ཀ་ནས་འོད་ཟེར་དང་ཁྲོ་ཆུང་མང་པོ་འཕྲོས། འཁོར་གྱི་སྡེ་བརྒྱད་དྲེགས་པ་ཅན་རྣམས་ལ་ཕོག །དེ་རྣམས་ཀྱི་སྔོན་གྱི་གཡར་དམ་དྲན་ནས་སྤྲུལ་པ་ཡང་སྤྲུལ་དཔག་མེད་དང་། མེ་རླུང་དང་མཚོན་ཆ་མང་པོ་སྤྲོ་ཞིང་བཀྱེས་ནས། སྤྱིར་བསྟན་འགྲོ་ཡོངས་ལ་གནོད་ཅིང་འཚེ་བའི་མཐའ་དམག་སོགས་བསམ་སྦྱོར་ངན་པ་འཆང་བའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག །བྱེ་བྲག་ཏུ་རྒྱལ་འགོང་དམ་སྲི་འབྱུང་པོའི་བར་ཆད་ཀྱི་འཚེ་བ་ཐམས་ཅད་ཚར་བཅད། སྤྲུལ་པ་རྣམས་ཚུར་འདུས། རྡོ་རྗེའི་གུར་དང་མེ་དཔུང་ཁྲོ་བོ་དང་དྲེགས་པའི་གུར་ཁང་རབ་ཏུ་སྲ་ཞིང་བརྟན་པའི་ཕྱི་རོལ་ཏུ་འོག་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་དང་། སྟེང་ནས་མེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རྩེ་མོ་གཉིས་རྣོ་མྱུར་ཤུགས་དྲག་བསྣོལ་མར་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བའི་བར་དུ་དགྲ་བགེགས་བྱད་མ་དམ་སྲི་འགོང་པོ་ལྷག་མར་གྱུར་པ་ཐམས་ཅད་ཀྱང་བཀུག་ནས་དུམ་བུར་ཐོར་ཐོར་བཏང་བས་རྗེས་མེད་དུ་སོང་བར་བསམས་ལ་མི་དམིགས་པའི་རྒྱས་གདབ། གསུམ་པ་དབང་བླང་བ་ནི། རང་གིས་གསོལ་བ་བཏབ་པས་གུ་རུ་དྲག་པོའི་སྐུ་ཡི་དཔྲལ་བ་ནས་འོད་ཟེར་འཕྲོས་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས་ནས་དཔྲལ་བར་ཐིམ། སླར་ཡང་དཔྲལ་བ་ནས་རང་འདྲའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་རང་གི་དཔྲལ་བར་ཐིམ། ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྤྲུལ་སྐུར་སྨིན། ཐུགས་ཀའི་ནང་དུ་ཐུགས་སྲོག་ཧཱུྃ་དམར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་ཆད། མགྲིན་པ་ནས་བརྒྱུད་དེ་ལྗགས་སྟེང་དུ་གནས་པ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་མཐུ་དང་བྱིན་རླབས་བསྡུས། ལྗགས་སྟེང་གི་ས་བོན་སྔགས་བཅས་ལ་ཐིམ་པ་ཚུར་བྱུང་རང་གི་ལྕེ་ལ་ཐིམ། ངག་སྒྲིབ་སྦྱངས། གསང་དབང་ཐོབ། ལོངས་སྐུར་སྨིན། ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་རྒྱ་སྲན་ཙམ་པ་དམར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཐིག་ལེ་ལ་ཐིམ། ཐིག་ལེ་ཚུར་འདུས་རང་གི་སྙིང་གར་ཐིམ། ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཆོས་སྐུར་སྨིན། གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་རོ་མཉམ་རང་བབ་ཏུ་བཞག་པས་བག་ཆགས་ཀྱི་སྒྲིབ་པ་སྦྱངས། དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །བཞི་པ་རང་དང་བསྲེ་བ་ལ། བསྲེ་བ། བཟླས་པ། ལས་སྦྱོར་དང་གསུམ་ལས་དང་པོ་ནི། སླར་ཡང་མདུན་བསྐྱེད་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་གུ་རུ་ཡབ་ཡུམ་བདེ་བ་ཆེན་པོས་འོད་ཀྱི་གོང་བུར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་ཉིད་གུ་རུ་དྲག་པོའི་སྐུར་ལམ་གྱིས་བསྐྱེད་པའི་སྤྱི་བོར་འཇམ་དཔལ་གཤིན་རྗེའི་གཤེད་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ། མགྲིན་པར་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ། ཐུགས་ཀར་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ། ལྟེ་བར་ཁྲོས་མ་མཐིང་ནག་གྲི་ཐོད་ཁ་ཊྭཱཾ། གསང་བར་ཡཀྴ་མེ་དབལ་མཐིང་ནག་ཐོ་བ་དང་མེ་ཞགས་འཛིན་པ་རྣམས་བསྐྱེད་ལ། གཉིས་པ་བཟླས་པ་ནི། རང་གི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་མཆོད་རྟེན་གྱི་བུམ་ནང་དུ་པད་ཉི་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དམར་པོ་ལ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོས་བསྐོར་བ་ལས་འོད་འཕྲོས། རྩ་བ་གསུམ་གྱི་ལྷ་ལ་དགྱེས་མཆོད་ཕུལ། དྲེགས་པ་ཐམས་ཅད་ཀྱི་གདུག་སེམས་བཅོམ་ནས་སྲོག་གི་སྙིང་པོ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་རྣམ་པར་བསྡུས་ཏེ་ཐུགས་སྲོག་ཧཱུྃ་གི་གདན་དུ་གནས་པར་བསམ། ཕྱི་རོལ་གྱི་གསེར་དང་མེའི་འཁོར་ལོ་རྩེ་བསྣོལ་གྱི་བར་དུ་དགྲ་བགེགས་ཐམས་ཅད་ཐལ་བ་ཙམ་དུ་བརླག །སྣོད་བཅུད་ཀྱི་དྭངས་མ་དང་། རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་ཐུགས་རྗེའི་ནུས་སྟོབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་སྤྱན་དྲངས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་བསམས་ལ་ཡིད་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཟླ། གསུམ་པ་ལས་སྦྱོར་ཞི་རྒྱས་དབང་དྲག་སོགས་གང་འདོད་ཀྱི་ཁ་བསྒྱུར་མདེ་ཐུང་གཞུང་གཞན་ནས་འབྱུང་བ་ལྟར་སྦྱར་རོ། །ལྔ་པ་ཐུན་མཐར་རྗེས་སྡུད་ནི། ཐུན་འཇོག་པ་ན་རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་སྲུང་འཁོར་ལ་བསྡུ། དེ་འཁོར་རྣམས་ལ། དེ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་དུ་ཇེ་ཕྲ་ཇེ་ཕྲར་འཇའ་ལྟར་ཡལ་ནས་བསམ་བརྗོད་མེད་པར་མཉམ་གཞག་བྱ། སླར་ཡང་སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གདབ། དྲུག་པ་རྫོགས་རིམ་བསྒོམ་པ་ནི། སྤྱིར་ཕྱི་རོལ་དུ་བདེ་བ་དང་སྡུག་བསྔལ་སོགས་ཀྱི་འབྲས་བུ་ཐམས་ཅད། ནང་གི་རྣམ་རྟོག་དུག་ལྔའི་བྱེད་ལས་ཀྱི་རྒྱུ་ལས་འབྱུང་བ་ཡིན་པས། དེའི་གཉེན་པོར་བསྐྱེད་རྫོགས་ཀྱི་གདམས་པ་བསྟན་ལ། འདིར་དམིགས་སུ་གསལ་བ་ཕྱི་རོལ་དུ་དམག་འཁྲུགས་ལ་སོགས་པ་རྣམས། ནང་གི་ཀུན་རྟོག་ཞེ་སྡང་རང་གར་ཡན་པའི་མདངས་ཡིན་པས་དེའི་གཉེན་པོར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ལམ་ཁྱེར་སྒྱུ་ལུས་ཉམས་སུ་བླང་བའོ། །དེ་ལ་དང་པོ་བྱམས་པ་ནི། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕ་དང་མའི་འདུ་ཤེས་བཞག་སྟེ། ཚེ་རབས་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཤ་སྟག་ཏུ་བསྒོམ་པ་ལས་གནོད་པར་འགྲོ་བ་རྨི་ལམ་དུ་ཡང་མི་བྱ་བའི་འདུ་ཤེས་སྦྱང་། སྙིང་རྗེ་ནི། ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་འདོད་ནི་བདེ་བ་ཁོ་ན་འདོད་ཀྱང་། བདེ་བའི་རྒྱུ་དཀར་པོའི་དགེ་བ་མ་བསྒྲུབས་པས་མྱང་རྒྱུ་སྡུག་བསྔལ་ལས་མེད་པ་སྙིང་རེ་རྗེ། དེ་ཡང་རིགས་དྲུག་གི་གནས་ན་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་སྒྲུབ། ལ་ལ་ནི་འབྲས་བུ་ལ་ལོངས་སྤྱོད་ཅིང་རྟག་ཏུ་སྡུག་བསྔལ་བ་སྙིང་རེ་རྗེ། སེམས་ཅན་སྡུག་བསྔལ་བ་འདི་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྙིང་ཐག་པས་ཀམ་ཀམ་བསྐམ་པ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱའོ། །སྡུག་བསྔལ་དང་བྲལ་བར་བྱའོ། །སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་དང་། བདེ་སྡུག་གི་གཏོང་ལེན་ལ་བསླབ་པར་བྱ་སྟེ། རང་གི་ཚེ་རབས་ཐོག་མེད་ནས་བསགས་པའི་རྒྱུ་དགེ་བའི་རྩ་བ། འབྲས་བུ་བདེ་སྐྱིད་ཀྱི་དངོས་པོ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་པས་དབུགས་ཕྱིར་འགྲོ་བ་ན་རང་གི་སྣ་བུག་གཡས་ནས་བདེ་བ་དང་དགེ་ཚོགས་འོད་གྱི་ཐིག་ལེ་ཟླ་བ་ལྟ་བུ་ཞིག་ཕར་འཕྲོས། སེམས་ཅན་ཐམས་ཅད་ལ་ཁྱབ་པས་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་བསམ། དབུགས་ནང་དུ་འཇུག་པ་ན། སེམས་ཅན་གྱི་རྒྱུ་སྡིག་སྒྲིབ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་ཧྲིལ་འདུས་ནས་རང་ལ་ཐིམ་པར་བསམ། སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་བདག་གིས་སྐད་ཅིག་ཉིད་ལ་བྱང་ཞིང་དག་པར་བྱའོ་སྙམ་དུ་བསམ་ཞིང་མི་དམིགས་པར་མཉམ་པར་གཞག །དེ་ལྟར་ཡང་ཡང་དུ་འབད་དེ་བསྒོམ་མོ། །གཉིས་པ་སྒྱུ་མ་ལྟ་བུའི་ལམ་ཁྱེར་སྒོམ་པ་ལ་གཉིས། མ་དག་པའི་སྒྱུ་ལུས་ཀྱི་སྣང་སྲིད་བདེན་ཞེན་མེད་པར་གཏན་ལ་དབབ་པ་དང་། དག་པའི་སྒྱུ་ལུས་ལ་བརྟེན་ནས་ལྷ་ཁྲིད་ཉམས་སུ་ལེན་པའོ། །དང་པོ་ནི། འདི་ལྟར་ཕྱི་སྣང་བའི་དངོས་པོ་ས་རྡོ་རི་བྲག་ཁང་ཁྱིམ་ལ་སོགས་པ་དང་། མི་སོགས་སྲོག་ཆགས་ཕོ་མོ་སྟེ་ནང་སེམས་ཅན་གྱི་རིགས་འདི་དང་འདི་ཞེས་མིང་དང་ཐ་སྙད་དུ་བཏགས་པ་འདི་དག་སེམས་འཁྲུལ་པའི་ངོ་ན་སྣང་ནི་སྣང་། དོན་དམ་པའི་གནས་ལུགས་ཀྱི་ཐོག་ན་བདེན་པར་གྲུབ་པ་གཅིག་ཀྱང་མེད་དེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་ཀུན་རྫོབ་རྡུལ་ཕྲ་རབ་འདུས་པ་ལས་བྱུང་ཞིང་། མཐར་མེ་ཆུ་སོགས་ཀྱིས་དངོས་མེད་དུ་འཇིག་པའི་ཆོས་ཅན་ཏེ་འཁྲུལ་ངོ་ན་སྣང་བ་ལས་བདེན་པར་མ་གྲུབ། སྣང་ཞིང་སྲིད་པ་བཅུད་ཀྱི་སེམས་ཅན་དུ་གྱུར་པ་ཐམས་ཅད་ཀྱང་འཁྲུལ་པའི་ལས་དབང་གིས་ལུས་གྲུབ་ཅིང་ཆགས་སྡང་ཨ་འཐས་ཀྱིས་འཁྲུལ་པའི་ངོ་ན་བདེ་བ་དང་སྡུག་བསྔལ་མཐོ་དམན་སོགས་ཇི་ལྟར་སྣང་ཡང་ཡུད་ཙམ་གྱིས་འཕོ་ཞིང་འགྱུར་བའི་ཆོས་ཅན་རྨི་ལམ་ལྟ་བུ་བདེན་པར་མ་གྲུབ་ལ། རང་ཉིད་ཀྱི་བདེ་སྡུག་བཟང་ངན་བར་མའི་བྱ་བྱེད་དང་རྣམ་རྟོག་སོགས་ཀྱང་ཡུད་ཙམ་གྱིས་འགྱུར་ཞིང་མི་རྟག་པས་བདེན་གྲུབ་ཏུ་མེད་པ་སྒྱུ་མ་ལྟ་བུ། དགའ་བཤེས་གཉེན་གྲོགས་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཀྱང་མི་རྟག་པའམ་མི་བདེན་པ་རྨི་ལམ་དང་སྒྱུ་མ་ལྟ་བུ། ཡུལ་ཡིད་དུ་མི་འོང་བ་ཕ་རོལ་གྱི་དགྲ་གདོན་སོགས་ཉོན་མོངས་པ་ཞེ་སྡང་སྐྱེ་བའི་ཡུལ་རྐྱེན་ཐམས་ཅད་ཀྱང་མི་བདེན་པ་འཁྲུལ་ངོ་ཙམ་དུ་ཤེས་པར་བྱས་ལ། རང་གཞན་བདེ་སྡུག་ཆགས་སྡང་གི་སྣང་བ་ཐམས་ཅད་གཤིས་ལ་བདེན་གྲུབ་ཏུ་འདུག་གམ་མི་འདུག་བརྟགས་ལ། བདེན་གྲུབ་མ་རྙེད་པའི་ཚེ་ཤེས་པ་ཁོང་ལྷོད་ནས་མི་རྟོག་པའི་ངང་ལ་གཞག །དོན་ལ་ཕྱི་སྣང་བའི་དངོས་པོ་སྣོད་བཅུད་གཉིས་སུ་འཛིན་པའི་འཁྲུལ་སྣང་བསྐྱེད་པའི་རྐྱེན་སྣང་ཐམས་ཅད་ཀྱི་ངོ་བོའམ་གཉིས་འཛིན་ལ་བརྟགས་ཤིང་དཔྱད་དེ་བདེན་འཛིན་ཨ་འཐས་ཀྱི་དབང་དུ་མི་བཏང་བར་ཞེན་པ་བཅད་དེ་འལ་མ་འོལ་དུ་ལམ་ཁྱེར་བྱ་བ་སྟེ་ཞེ་སྡང་གི་གཉེན་པོའོ། །གཉིས་པ་དག་པའི་སྒྱུ་ལུས་ནི། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡི་དམ་གྱི་ལྷར་བསྒོམས་པ་བཞིན་དུ། ཕྱི་རོལ་ཞེ་སྡང་སྐྱེ་བའི་ཡུལ་དགྲ་གདོན་ལ་སོགས་པ་ཐམས་ཅད་ཀྱང་ཡི་དམ་གྱི་ལྷར་བསྒོམ་པར་བྱ་ཞིང་། མདོར་ན་སྣོད་ཀྱི་འཇིག་རྟེན་བེམ་པོའི་དངོས་སྣང་ཐམས་ཅད་ཀྱང་ཡི་དམ་ལྷའི་གཞལ་ཡས་ཁང་དུ་བལྟ། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཡི་དམ་གྱི་ལྷའི་རང་བཞིན། སྒྲར་སྣང་བ་ཐམས་ཅད་ཀྱང་ཡི་དམ་ལྷའི་སྔགས་ཀྱི་སྒྲར་མོས་པས། གཟུང་ཡུལ་བཟང་ངན་དུ་མ་སོང་བར། འཛིན་སེམས་ཀྱིས་ལྷ་དང་གཞལ་ཡས་ཁང་དུ་ལྟ་བ་དང་མ་བྲལ་བས་སྡང་ཞེན་མེད་པ་མཉམ་པ་ཉིད་ཀྱི་དྲན་རིག་ལས་མ་གཡོས་པར་བྱ་བ་སྟེ། དོན་ལ་སྣོད་བཅུད་ཀྱིས་བསྡུས་པའི་གཟུང་ཡུལ་དུ་གྱུར་པ་ཐམས་ཅད་ལ་ཞེན་པ་དང་འཛིན་པ་མ་ཞུགས་པ་ཞིག་གི་ལམ་ཁྱེར་ཤེས་པར་བྱ་དགོས་པའི་དོན་ཏོ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། སྒྱུ་ལུས་གཉིས་གང་འཐད་པ་བསྒོམ་པས་ཆོག་སྟེ་རང་གི་བློ་དང་བསྟུན་ནས་ཉམས་སུ་བླང་བར་བྱའོ། །རྫོགས་རིམ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་དང་། དག་མ་དག་གི་སྒྱུ་ལུས་བསྒོམ་པའི་རྣམ་གཞག་དང་ཁྲིད་ཚུལ་རྒྱས་པ་ལ་སྤྲོ་ན་གཞུང་གཞན་ནས་འབྱུང་བ་ལས་ཤེས་པར་བྱའོ། །བྱེ་བྲག་གི་མན་ངག་བཅུ་གསུམ་གྱི་དང་པོར། མ་ཧཱ་གུ་རུ་དྲག་པོའི་སྒྲུབ་པ་ལ་བསྟེན་ནས་ཕྱི་ལྟར་བསྟན་པ་འཇིག་ཅིང་ནང་ལུས་སྲོག་ཏིང་ངེ་འཛིན་ལ་བར་དུ་གཅོད་པའི་དགྲ་བགེགས་དམག་དཔུང་དང་འདྲ་བ་ཟློག་ཅིང་ཞི་བར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དང་པོའོ། ༈ །བྱེ་བྲག་གི་མན་ངག་གཉིས་པ་གུ་རུ་སྨན་བླར་སྒྲུབ་པ་ནི། ས་བཅད་རྣམས་སྔར་དང་འདྲ་ཞིང་། དང་པོ་མདུན་བསྐྱེད་གསལ་འདེབས་པ་ནི། སྲུང་བའི་འཁོར་ལོའི་དབུས། རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་མངོན་པར་མཐོ་བའི་སྟེང་དུ་ཉི་མ་དང་ཟླ་བའི་གདན། དེའི་སྟེང་དུ་ངོ་བོ་གུ་རུ་པདྨ་འབྱུང་གནས་ལ་རྣམ་པ་སངས་རྒྱས་སྨན་གྱི་བླ་སྐུ་མདོག་སྔོན་པོ་བཻ་ཌཱུརྻའི་ལྷུན་པོ་དྭངས་པ་ལ་ཉི་མ་ཤར་བ་ལྟ་བུ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རིགས་ལྔ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་ན་བཻཌཱུརྻའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལ་ཆོས་གོས་གསུམ་གསོལ་བ། སངས་རྒྱས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། གཙུག་ཏོར་ལྟར་མི་མངོན་ཞིང་མཛོད་སྤུ་གཡས་སུ་འཁྱིལ་བ་སོགས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། འོད་ཕུང་གི་ཀློང་ན་བཞུགས་པ། པད་འདབ་བརྒྱད་ལ་ཤར་ནས་རིམ་པར་སྨན་བླ་སྔོན་པོ་མཆོག་སྦྱིན་ཨ་རུ་ར། ལྷོ་རུ་མངོན་མཁྱེན་རྒྱལ་པོ་དང་། ནུབ་ཏུ་ཆོས་གྲགས་རྒྱ་མཚོའི་དབྱངས་གཉིས་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན། བྱང་དུ་མྱ་ངན་མེད་དམར་པོ་མཉམ་གཞག །ཤར་ལྷོར་གསེར་བཟང་དྲི་མེད་དཀར་སེར། ལྷོ་ནུབ་རིན་ཆེན་ཟླ་བ་དམར་སེར། ནུབ་བྱང་དུ་མཚན་ལེགས་དཔལ་སེར་པོ། གསུམ་ཀ་གཡས་མཆོག་སྦྱིན། བྱང་ཤར་དུ་ཤཱཀྱ་ཐུབ་པ་གཡས་ས་གནོན། ཐམས་ཅད་གཡོན་མཉམ་གཞག་གིས་ལྷུང་བཟེད་བསྣམས་པ། ཆོས་གོས་གསུམ་གསོལ་ཞིང་མཚན་དཔེ་རྫོགས་པ་ཞབས་རྡོར་སྐྱིལ། གཞན་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་དང་། བདུད་རྩི་སྨན་གྱི་ལྷ་མོ། རིག་འཛིན་གྲུབ་ཐོབ་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བར་གསལ་གདབ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་གུ་རུ་སྨན་བླ་མཆེད་བརྒྱད་ཀྱི་རྣམ་པར་སྤྱན་དྲངས་ནས་མདུན་བསྐྱེད་ལ་ཐིམ་པར་བསམ་ཞིང་ཚིག་བདུན་གསོལ་འདེབས་བྱ། ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་བརྟན་པར་བཞུགས་པར་གསོལ་བ་གདབ། དབང་གི་ལྷ་སྤྱན་དྲངས་དབང་བསྐུར་ཁྲུས་གསོལ་མི་བསྐྱོད་པས་དབུར་བརྒྱན། སྣང་སྲིད་ཐམས་ཅད་ལྷའི་བདུད་རྩིའི་རང་བཞིན་གྱི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པར་དམིགས་ཏེ་འབུལ། ཐུགས་རྗེ་ཀུན་ལ་སྙོམས་མཛད་བཅོམ་ལྡན་འདས། །སོགས་ཀྱིས་བསྟོད་ལ། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ སོགས་ཅི་མང་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་སོགས་ཕུར་ཚུགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་སྨན་བླ་མཆེད་བརྒྱད་དང་བཅས་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ནང་དུ་པད་ཟླ་ལ་ཨོཾ་ཡིག་དཀར་པོ་ཆ་ལྔ་པ་ཞིག་བསྒོམ། ཐུགས་ཀའི་ཨཱོཾ་ཡིག་དང་། མཛོད་སྤུ་དང་། ཕྱག་གི་ལྷུང་བཟེད་ལས་བདུད་རྩི་དཀར་པོ་འོད་ཟེར་སེར་པོ་སྒྲ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང། གཞིའམ་རྩ་བ་འདོད་ཆགས་ཀྱིས་བསྐྱེད་པའི་དངོས་པོ་རླུང་ལས་གྱུར་པ་གྲང་བའི་ནད་དང་། ཞེ་སྡང་གིས་བསྐྱེད་པའི་དངོས་པོ་མཁྲིས་པ་ལས་གྱུར་པ་ཚ་བའི་ནད་དང་། གཏི་མུག་གིས་བསྐྱེད་པའི་དངོས་པོ་བད་ཀན་ལས་གྱུར་པའི་ནད་དང་། ཆ་མཉམ་མ་རིག་པས་བསྐྱེད་པའི་དངོས་པོ་འདུས་པ་ལས་གྱུར་པའི་ནད་དེ་རྣམས་ཀྱི་བྱེད་ལས་ཀྱིས་ཚོར་བ་སྡུག་བསྔལ་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཤེལ་གོང་དྭངས་པ་ལྟར་དྭངས་ཤིང་རྙོགས་པ་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུར་གྱུར། འོད་ཟེར་རྣམས་ཚུར་འདུས་ས་ཆུ་མེ་རླུང་གི་དྭངས་བཅུད། སྐྱེ་འགྲོ་བསོད་ནམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་བདུད་རྩིའི་རྣམ་པར་ཚུར་བསྡུས་ཏེ་བདག་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །བྱེ་བྲག་ཏུ་རང་ངམ་གཞན་ན་བ་ལ་དམིགས་པ་ཁ་བསྒྱུར་ནི། ལུས་ཀྱི་ཕྱི་ནང་གང་ན་སར་འོད་ཀྱི་ཐིག་ལེ་འཕང་ལོ་ཙམ་གྱི་ནང་དུ་པད་ཟླའི་གདན་ལ་གུ་རུ་སྨན་བླ་མཆེད་བརྒྱད་དང་བཅས་པའི་སྐུ་ཆུང་ལ་རྫོགས་པ་གསལ་དྭངས་འོད་ཀྱི་རང་བཞིན་ཅན་དུ་བསམས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས་དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ནད་ཐམས་ཅད་སང་སང་དག་ཅིང་ཞི་བར་བསམས་ཏེ། དེ་ཡང་རླུང་གི་ནད་ལ་བདུད་རྩི་མར་ཁུའི་མདོག་ཅན་རོ་བཅུད་དྲོད་དང་ལྡན་པས་ནད་ཀྱི་དམིགས་དང་ལུས་ཀྱི་ཆ་ཐམས་ཅད་གང་བར་བསམ། མཁྲིས་པ་སོགས་ཚ་བ་ལ་བདུད་རྩི་དཀར་པོ་གྲང་ཞིང་བསིལ་བ། བད་ཀན་ལ་དམར་པོ་ཚ་ཞིང་རྩུབ་པ་དང་། འདུས་པ་ལ་སྔོ་སྐྱ་དེ་དང་དེའི་ཚོར་བ་ཐམས་ཅད་ཞི་བར་ནུས་པ་བབས་པས་ནད་གང་ཡིན་ཐམས་ཅད་ཤེལ་དག་པ་ལྟར་གྱུར་པར་བསམ། གཟའ་ཀླུ་སོགས་གདོན་ནད་ལ་བདུད་རྩི་ཚ་ཞིང་སྲེག་པ་ཁྲོ་ཆུ་ལྟ་བུའི་ཤུགས་དང་ལྡན་པ་མེ་འོད་འབར་བ་དང་བཅས་པས་ལུས་ནང་གང་བས་ནད་གདོན་ཐམས་ཅད་གཞོབ་ཏུ་ཐུལ་ཐུལ་བསྲེགས་ཤིང་སྦྱངས་ནས་ཤེལ་དག་པ་ལྟར་གྱུར་པར་བསམ་མོ། །དབང་བླང་བ་ནི། གུ་རུ་སྨན་གྱི་བླ་ཡི་དཔྲལ་བ་ནས་རང་འདྲའི་སྐུ་དཔག་མེད་བྱོན་རང་གི་སྤྱི་བོར་ཐིམ། ཐུགས་ཀའི་སྔགས་ཕྲེང་ལྗགས་སྟེང་ནས་བྱོན་རང་གི་ལྕེ་ལ་ཐིམ། ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སྔོན་པོ་མཱ་ཤའི་ཚད་ཙམ་བྱོན། རང་གི་སྙིང་གར་ཐིམ། དབང་གསུམ་ཐོབ། སྒྲིབ་གསུམ་སྦྱངས། སྐུ་གསུམ་དུ་སྨིན་པ་སྔར་བཞིན་བསམ། རང་གི་སྒོ་གསུམ་དང་གུ་རུའི་གསང་གསུམ་རོ་མཉམ་དུ་གྱུར་ཏེ་བཞི་པའི་དབང་དོན་རྒྱུད་ལ་སྐྱེས་པར་བསམ་མོ། །བདག་བསྲེ་ནི། མཐར་མདུན་བསྐྱེད་རང་ལ་ཐིམ་པས་རང་ཉིད་སྨན་གྱི་བླར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་དེའི་ཐུགས་ཀར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ཆ་ལྔ་པའི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ལ་དགྱེས་མཆོད་ཕུལ། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་སྨན་བླའི་སྐུར་གྱུར་པས་སྔགས་ཀྱི་སྒྲ་དི་རི་རི་ཡོད་པར་བསམས་ལ། ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱཻ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨཱོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ཞེས་གཟུངས་རིང་དང་། གཟུངས་ཐུང་ཅི་ནུས་བཟླ་བར་བྱ་ཞིང་། སྨན་གྱི་བླའི་མདོ་དང་བདེ་བ་ཅན་གྱི་ཞིང་གི་མདོ་བཀླག །འོད་དཔག་མེད་དང་བདེ་གཤེགས་བརྒྱད་ཀྱི་མཚན་ནས་བརྗོད་པའི་ཕྱག་དང་ཡན་ལག་བདུན་པ་འབུལ་བར་བྱའོ། །ཐུན་མཚམས་རྣམས་སུ་ཡི་གེ་འབྲི་བ་དང་། མཆོད་པ་དང་། སྦྱིན་པ་དང་། ཆོས་ཉན་པ་དང་། ཀློག་པ་དང་། ཚིག་འཛིན་པ་དང་། འཆད་པ་དང་། ཁ་ཏོན་དང་། དོན་ལ་སེམས་པ་དང་། སྟོང་ཉིད་བསྒོམ་པ་སྟེ་ཆོས་སྤྱོད་བཅུ་ལ་འབད་པར་བྱའོ། །རྗེས་སྡུད་ནི། སྣོད་བཅུད་ཐམས་ཅད་ཏིང་ངེ་འཛིན་སེམས་དཔའ་ཨོཾ་ནཱ་དའི་བར་དུ་བསྡུ་ཞིང་སྨན་བླའི་སྐུར་ལངས་ཏེ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་གོང་བཞིན་བྱའོ། །རྫོགས་རིམ་ནི། ཕྱི་རུ་འབྱུང་བ་བཞི་འདུས་པའི་ལུས་ལ་ཚོར་བ་དྲག་པོའི་ནད་འབྱུང་བ་ནི། ནང་ན་མ་རིག་པའི་ཀུན་སློང་གི་བདག་ཏུ་འཛིན་པ་རང་ཉིད་ལ་གཅེས་འཛིན་གྱི་བློ་ཨ་འཐས་སུ་ཡོད་པས་ལན། འཛིན་པ་དེ་འཁྲུལ་པ་གློ་བུར་བ་ཡིན། དེའི་གཉེན་པོར་བདག་མེད་ཀྱི་དོན་བསྒོམ་པར་བྱ་སྟེ། སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལུས་མི་གཡོ་བར་འདུག །ཐ་མལ་གྱི་འཁྲུལ་གཏམ་ལྟ་ཅི་སྨོས་ཏེ་རེ་ཞིག་བཟླས་བརྗོད་སོགས་ཀྱང་བཞག་སྟེ་ངག་མི་གཡོ་བར་སྨྲ་བ་བཅད། སྔ་ཕྱི་བཟང་ངན་གང་གི་རྩིས་གདབ་ཀྱང་མེད་པར་རང་བབས་སུ་སེམས་མི་གཡོ་བར་བཞག །ལྟ་སྟངས་གྱེན་ཐུར་གཡས་གཡོན་དུ་མ་ཡིན་པར་མདུན་ཐད་དྲང་པོའི་ནམ་མཁར་ཧ་རེ་བལྟ་བ་སངས་རྒྱས་ཀྱི་ལྟ་སྟངས་ཞེས་ཐ་སྙད་དུ་མཛད་པ་བཞིན་མིག་མི་གཡོ་བ་སྟེ་མི་གཡོ་བཞི་ལྡན་དུ་བྱས་ལ། སེམས་ཀྱིས་སྔར་བཞིན་འདི་བྱུང་འདི་བྱས་དང་། མ་འོངས་པ་ན་ཅི་འདྲ་འོང་སོགས་དང་། ད་ལྟའི་ཤེས་པ་ལ་བཅོས་བསླད་བཟོ་བཅོས་ཀྱིས་བསྒྱུར་བཀོད་མེད་པར་རང་བབས་སུ་རང་གི་ངོ་ལ་བལྟ་ཞིང་རྗེན་ནེ་ཤིག་གེ་སྐྱོང་ཞིང་ཉམས་སུ་བླངས་པས། ཉམས་རིམ་པ་བཞི་འཆར་ཏེ། གནས་པའི་ཉམས། མི་གཡོ་བའི་ཉམས། མཉམ་ཉིད་ཀྱི་ཉམས། ལྷུན་གྲུབ་ཀྱི་ཉམས་སོ། །དེ་རེ་རེ་ལ་ཡང་གཡོ་བ་དང་། གོམས་པ་དང་། བརྟན་པ་ཐོབ་པའི་བར་གསུམ་སྦྱར་བའི་ས་ལམ་གྱི་ངེས་འབྱེད་ནི་བླ་མའི་མན་ངག་དང་གཞུང་གཞན་ལས་ཤེས་པར་བྱའོ། །དེ་ལྟར་བརྩོན་པས་ཉམས་སུ་བླངས་ན་ཚེ་རབས་གྲངས་མེད་ནས་བསགས་པའི་སྡིག་སྒྲིབ་འདག །ཚེ་འདི་དང་ཕྱི་མ་ལ་མྱོང་འགྱུར་གྱི་ནད་གདོན་མ་ལུས་པ་ཞི་ཞིང་། ཚེ་འཕོས་ནས་ཀྱང་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་ཐོབ་པར་འགྱུར་རོ། །གུ་རུ་སྨན་གྱི་བླ་ལ་བསྟེན་ནས་རང་གཞན་གྱི་ནད་གདོན་ཐམས་ཅད་ཞི་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་འདྲ་བའི་མན་ངག་ལེའུ་གཉིས་པའོ། ༈ །མན་ངག་གསུམ་པ་གུ་རུ་ནོར་ལྷར་སྒྲུབ་པ་ནི། སྔར་བཞིན་སྲུང་འཁོར་གྱི་ནང་རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དམར་པོའི་ལྟེ་བར་ཟླ་གདན་གྱི་སྟེང་དུ་གཏེར་གྱི་བུམ་པ་གཉིས་ཞབས་སྤྲད་ཀྱི་ཚུལ་གྱི་ཁ་གཡས་གཡོན་དུ་བསྟན་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛཾ་ཡིག་དང་བཾ་ཡིག་དམར་པོ་ཞལ་སྤྲོད་ལས་སྐྱེས་པའི་གུ་རུ་པདྨ་ཛམྦྷ་ལ་འམ་རྨུགས་འཛིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཞོན་ཤ་རྒྱས་ཤིང་བརྗིད་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་འབར་བ་ཐུགས་ཀར་འཛིན་ཅིང་། གཡོན་ནེའུ་ལེ་ནོར་བུས་གང་བ་དཀུར་བརྟེན་པ། རྒྱལ་པོ་རོལ་པའི་འདུག་སྟངས་སམ། གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་སྟབས་སུའང་རུང་གསུངས། པང་དུ་ཡུམ་བདེ་རྒྱས་མ་དམར་མོ་གཡས་ནོར་བུ་དང་བཅས་པས་ཡབ་མགུལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པའི་ཚུལ་ཅན་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ཕྲེང་དུ་མས་བརྒྱན་པ། དེའི་ཤར་དུ་ནོར་བུ་བཟང་པོ་ཡུམ་ལྷ་མོ་ཟླ་ཤེལ་མ་དང་འཁྲིལ་བ། ལྷོ་རུ་གང་བ་བཟང་པོ་དང་ཟས་སྦྱིན་མ། ནུབ་ཏུ་ནོར་སྦྱིན་དང་སྦྱིན་བཟང་མ། བྱང་དུ་རྣམ་ཐོས་སྲས་དང་འཕགས་མ། ཤར་ལྷོར་རོལ་པའི་ཕྲེང་བ་དང་རབ་བཟང་མ། ལྷོ་ནུབ་ཏུ་འཇམ་པོ་འཁྱིལ་བ་དང་རབ་སྦས་མ། ནུབ་བྱང་དུ་ཞལ་གྱི་དབང་པོ་དང་ལྷ་མོ། བྱང་ཤར་དུ་སྤྱོད་དབང་དང་དབྱངས་ཅན་མ་སྟེ་བརྒྱད་ཀ་ཡང་རྒྱན་ཆ་ལུགས་བཞུགས་སྟངས་ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་མཚུངས་པ། གཞན་ཡང་ནོར་ལྷའི་རིགས་བྱེ་བ་བརྒྱ་སྟོང་གྲངས་མེད་ཀྱིས་བསྐོར་ཞིང་དགོས་འདོད་རིན་པོ་ཆེའི་ཆར་འབེབ་པ། དངོས་གྲུབ་ཀྱི་སྤྲིན་ལས་ནོར་བུ་རིན་པོ་ཆེའི་ཆར་ལྷུག་ལྷུག་དལ་གྱིས་འབབ་པ། ས་གཞི་ཐམས་ཅད་ཀྱང་ནོར་བུའི་གཏེར་ཟད་མི་ཤེས་པའི་ཕུང་པོས་ཡོངས་སུ་གང་བས་བག་དྲོ་ཆིལ་ལེར་ཡོད་པར་གསལ་གདབ་བོ། །འདི་ནི་འཁོར་ལོ་སྡོམ་པའི་རྒྱུད་ལས་བཤད་པ་ལྟར་ཡིན་ལ། རྣམ་པ་གཞན་ལ་མོས་ན་ཡང་ངོ་བོ་གུ་རུ་ལ་རྣམ་པ་ཛམ་བྷ་ལ་སེར་པོ། ནག་པོ། དཀར་པོ། དམར་པོ། ལྗང་གུ །རྣམ་ཐོས་སྲས་སོགས་རང་གང་མོས་གཙོ་བོར་བསྐྱེད་ཅིང་འཁོར་གོང་ལྟར་བསྐྱེད་དོ། །དེ་ནས་ཚིག་བདུན་གསོལ་འདེབས་ཀྱིས་ཡེ་ཤེས་སྤྱན་འདྲེན་བཞུགས་སུ་གསོལ། དབང་བསྐུར། རིན་འབྱུང་གི་རྒྱས་གདབ། འདོད་དགུ་འབྱུང་བ་རིན་པོ་ཆེའི་རང་བཞིན་ཅན་གྱི་ཕྱི་ནང་གསང་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །སོགས་ཀྱིས་བསྟོད་པ་བྱས་ལ། གསོལ་འདེབས། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ། སོགས་དང་། ཕུར་ཚུགས་མས་གསོལ་བ་བཏབ་པས། གུ་རུ་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་མེད་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་སྲས་རྣམས་དང་། སློབ་པ་དང་མི་སློབ་པའི་འཕགས་པ་ཉན་རང་ཐམས་ཅད་ཀྱི་སྨིན་མཚམས། ཐུགས་ཀ །ཞལ་གྱི་སྒོ །ཕྱག་མཐིལ་སོགས་ནས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་ནང་ཚན་ཡོ་བྱད་ཀྱི་དབང་ཕྱུག་ནམ་མཁའི་མཛོད་ཆེན་པོའི་རིན་པོ་ཆེའི་གཏེར་ཟད་མི་ཤེས་པ་ཐམས་ཅད་ཡིད་བཞིན་ནོར་བུ་རིན་པོ་ཆེའི་རྣམ་པར་སྤྱན་དྲངས། གཞན་ཡང་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར། འབྱུང་བའི་དྭངས་མ་དང་བཅུད་ཐམས་ཅད་བསྡུས་ཏེ་ཚུར་བྱུང་བ་དང་ལྷན་ཅིག་གུ་རུ་ཡབ་ཡུམ་གྱི་སྦྱོར་མཚམས་ལྟེ་བ། ཞལ་སྒོ །ཕྱག་གི་ནེའུ་ལེའི་ཁ། གདན་གྱི་གཏེར་བུམ་རྣམས་ནས་རིན་པོ་ཆེ་ཆར་བཞིན་བབས། བདག་དང་དབུལ་ཕོངས་བཀྲེས་སྐོམ་གྱིས་ཉེན་པའི་ཉམ་ཐག་གི་འགྲོ་བ་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ནང་ཁེངས། གནས་ཁང་དང་བང་མཛོད་ཐམས་ཅད་ཀྱང་ཕྱུར་གྱིས་ཁེངས་པར་བསམ་མོ། །དེ་ལྟའི་མཐུ་ཡིས་བསོད་ནམས་དང་ལོངས་སྤྱོད་མངའ་ཐང་ཐམས་ཅད་རྒྱས་པར་བྱས། མཐར་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་རྣམས་ཀྱིས། ཞིང་གི་མཆོག་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་བཀུར་སྟི་རྒྱ་ཆེན་པོས་མཆོད་པས་བསོད་ནམས་དང་ལོངས་སྤྱོད་སྔར་བས་ཀྱང་ཆེར་འཕེལ། རྒྱུ་དེས་སངས་རྒྱས་ལ་མཆོད་པ་རྒྱ་ཆེན་སྤྲོས་པས་ཀུན་ཀྱང་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བསམ་མོ། །དབང་བླང་བ་ནི། གུ་རུ་ཛམ་བྷ་ལའི་དཔྲལ་བ་ནས་རང་འདྲའི་སྐུ །ལྗགས་སྟེང་ནས་སྔགས། ཐུགས་ཀ་ནས་ཐིག་ལེ་གསུམ་བྱུང་རང་གི་གནས་གསུམ་དུ་ཐིམ་པས་སྦྱངས་ཐོབ་སྨིན་པ་སོགས་གོང་དང་འདྲ། བདག་བསྲེ་ནི། གུ་རུ་རང་ལ་ཐིམ་པས་རང་ཉིད་ཛམ་བྷ་ལ་ཡབ་ཡུམ་དུ་གྱུར་པའི་ཐུགས་ཀར་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་མཐའ་སྐོར་ཉི་མའི་སྟེང་དུ་གུ་རུའི་སྙིང་པོ་ཐོད་ཕྲེང་རྩལ་གྱིས་བསྐོར་བ། དེའི་ཐུགས་ཀར་པད་ཉི་ལ་ཏིང་འཛིན་སེམས་དཔའ་ཛཾ་དང་བཾ་ཁ་སྦྱོར་རམ་སྟེང་འོག་ཏུ་བསྒོམས་པའི་མཐར་སྔགས་ཕྲེང་དམར་པོས་བསྐོར་བ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་ནས་ཐུགས་སྲོག་ས་བོན་ལ་ཐིམ། བདག་གི་ལུས་ཀྱི་ནང་ཐམས་ཅད་རིན་པོ་ཆེས་ཁེངས། བསོད་ནམས་དཔག་མེད་དུ་རྒྱས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་བདག་གི་དབང་དུ་གྱུར་ཏེ་གུས་ཤིང་ཆགས་པའི་ཚུལ་གྱིས་དུང་དུང་འདུད་པར་བསམས་ལ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷིཿཧྲཱིཿཌཱ་ཀི་ནཱི་ཛ་ལ་སམྦྷ་རཾ་སྭཱ་ཧཱ༔ ཞེས་བཟླ་ཞིང་། ཐུན་འཇོག་པ་ན་འགྲོ་བ་སེམས་ཅན་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་པ་རྣམས་དང་། ཛམྦྷ་ལ་ཐམས་ཅད་བདག་ལ་ཐིམ་པས་རང་ཉིད་མཐུ་དཔལ་དང་གཟི་བརྗིད་ཆེས་ཆེར་རྒྱས་པར་བསམ་མོ། །རྗེས་སྡུད་དང་ལྷར་ལྡང་བ་གོང་དང་འདྲ། ཐུན་མཚམས་རྣམས་སུ་ཛམྦྷ་ལའི་ཆུ་སྦྱིན་དང་། འབྱུང་པོ་སྤྱིའི་གཏོར་མ་གཏང་ཞིང་། གསེར་འོད་དང་ནོར་རྒྱུན་མའི་མདོ་བཀླག །དཀོན་མཆོག་ལ་མཆོད་པ་དང་། ངན་སློང་དང་སྐྱེ་བོ་ལ་སྦྱིན་གཏོང་འབད། རྫོགས་རིམ་ནི། ཕྱི་རུ་བཀྲེས་སྐོམ་སོགས་མུ་གེ་འབྱུང་བའི་རྒྱུ། ནང་ཉོན་མོངས་འདོད་ཆགས་ཀྱིས་ཡོ་བྱད་ལ་བརྐམ་ཞིང་ཆགས་པའི་ཞེན་པ་སེར་སྣ་འཇུར་གེགས་ཀྱིས་བཅིངས་པས་ལན། དེའི་གཉེན་པོར་ཡོ་བྱད་དགྲ་གཉེན་སོགས་གང་ལ་ཡང་བདེན་འཛིན་ཞེན་ཆགས་མེད་པར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། དམན་པ་དག་ལ་སྦྱིན་པ་སོགས་ལ་བརྩོན་པར་བྱ་ཞིང་། མཆོད་སྦྱིན་ཐམས་ཅད་ཀྱི་དོན་ཚང་བ་ཀུ་སུ་ལུའི་ཚོགས་གསོག་གམ། གསང་བའི་གཏོར་མ་ཕུང་པོའི་ཚོགས་འཁོར་གྱིས་སྲི་ཞུའི་མགྲོན་རྣམས་མཆོད་པ་དང་། དམ་ཅན་ཆོས་སྐྱོང་རྣམས་བསྐང་བ་དང་། རིགས་དྲུག་དང་ལན་ཆགས་ཀྱི་མགྲོན་ལ་ཁྱབ་པར་སྦྱིན་པ་སོགས་ཞིབ་པར་ལོགས་སུ་འབྱུང་བ་ལྟར་སྦྱར་བར་བྱ་ལ། དེ་ལྟ་བུའི་མཆོད་སྦྱིན་ནི་སྤྱིན་པ། འཁོར་གསུམ་རྣམ་པར་མི་རྟོག་པའི་རྒྱས་བཏབ་སྟེ། མཆོད་སྦྱིན་གྱི་ཡུལ། མཆོད་མཁན་གྱི་བདག །མཆོད་རྫས་ཀྱི་དངོས་པོ་གསུམ་རྣམ་པར་མི་རྟོག་པའི་སྣང་བ་གཏད་མེད་ངང་དུ་བཞག་པ་ནི་སྙན་སྨྲ །དུས་ཐམས་ཅད་དུ་ཆགས་མེད་གང་ཤར་ལམ་ཁྱེར་ལས་མ་གཡོས་པས་སྦྱོང་བ་ནི་དོན་སྤྱོད་པ། འདི་དང་འདི་སོགས་ཀྱིས་རྩིས་གདབ་མེད་པར་བློ་འདས་ཀྱི་ལྟ་བར་ལ་ཟླ་བ་ནི་དོན་མཐུན་པ་སྟེ། བསྡུ་བའི་དངོས་པོ་བཞིའི་ངེས་དོན་གྱི་ཉམས་ལ་ཞེན་འཛིན་མེད་པ་སྒྱུ་མ་ལྟ་བུར་མཉམ་གཞག་དང་རྗེས་ཐོབ་ཀྱི་གནས་སྐབས་བར་མཚམས་མེད་པར་བསླབ་པར་བྱའོ། །དེ་ལྟར་ཉམས་སུ་བླང་ན་ཚེ་རབས་ཀྱི་སྒྲིབ་པ་དག་ཅིང་བསོད་ནམས་རྒྱས། འདི་ཕྱིའི་ཚེ་རབས་ཐམས་ཅད་དུ་དབུལ་བ་དང་བྲལ་བ་འབྱོར་ལྡན་གྱི་ལུས་ཤ་སྟག་ཐོབ་པར་འགྱུར་རོ། །གུ་རུ་ཛམྦྷ་ལའི་སྒྲུབ་པ་ལ་བརྟེན་ནས་དབུལ་ཕོངས་སེལ་ཞིང་འདོད་དགུའི་ལོངས་སྤྱོད་སྤེལ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་གསུམ་པའོ། ༈ །མན་ངག་བཞི་པ་གུ་རུ་ཡི་དམ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་དུ་རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཟླ་བ་ཉི་མ་བདུད་བཞིའི་གདན་ལ། ངོ་བོ་གུ་རུ་པདྨ་ལ་རྣམ་པ་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ་གཡས་དཀར་གཡོན་དམར་དབུས་མཐིང་ག གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་ཁ་ཊཱཾ་ག་རྩེ་གསུམ་དང་སྡིགས་མཛུབ་ཀྱིས་མེ་དཔུང་། ཐ་མ་གཉིས་མཆོག་ཕུར་སྒྲིལ་བ། ཞབས་བཞིའི་མདུན་མ་གཉིས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་དང་། རྒྱབ་མ་གཉིས་གཡས་བརྐྱང་གཡོན་བསྐུམ་གྱི་གར་སྟབས་ཀྱིས་བདུད་བཞི་བརྫིས་པ། གསང་བ་ནས་ཕུར་བུ་ཞིག་རྒྱན་གྱི་ཚུལ་དུ་འཕྱང་བ་བགེགས་ཆེན་བི་ན་ཡ་ཀའི་སྙིང་གར་ཟུག་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་ཕྱག་གཡས་ཨུཏྤ་ལས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པ། ཕྱོགས་མཚམས་བརྒྱད་དུ་ཤར་དུ་ཡང་དག །ལྷོར་འཇམ་དཔལ་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་ཆེ་མཆོག །ཤར་ལྷོར་མངོན་རྫོགས། ལྷོ་ནུབ་ཏུ་རིག་འཛིན། ནུབ་བྱང་དྲེགས་འདུལ། བྱང་ཤར་སྟོབས་ལྡན་ནག་པོ་སྟེ་དཔལ་བརྒྱད་ལ། ཡུམ་རོ་ལངས་མ། པདྨ་གཟི་ལྡན་མ། རྡོར་དབྱིངས། གནམ་ཞལ། རྡོ་རྗེ་རྣལ་འབྱོར་མ། མུ་ཁ་ལེ། སྲི་འདུལ། འབྱུང་ལྔའི་བདག་མོ་བརྒྱད་དང་འཁྲིལ་བ་ཐམས་ཅད་ཀྱང་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཡེ་ཤེས་མེ་དཔུང་གི་ཀློང་ན་བཞུགས་པ། གཞན་ཡང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། འདི་ལ་གཙོ་བོ་རང་རང་གི་མོས་བློ་དང་སྦྱར་ཏེ་གཙོ་བོ་དགུ་གང་རིགས་སམ། རྡོ་རྗེ་དྲག་པོ་རྩལ་ལྟ་བུ་ལ་འཁོར་དཔལ་བརྒྱད་ཀྱིས་བསྐོར་བ་གང་འདོད་བྱ་གསུངས་སོ། །འཁོར་གྱི་དཔལ་བརྒྱད་པོ་ཞལ་གསུམ་ཕྱག་དྲུག་པའམ། ཞལ་གཅིག་ཕྱག་གཉིས་གང་འདོད་གསལ་བཏབ་ལ། སྤྱན་འདྲེན་བཞུགས་གསོལ། མཆོད་པ་དང་བསྟོད་པ་རྣམས་སྔར་གྱི་གོ་རིམ་ལྟར་བྱའོ། །དེ་ནས། ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ སོགས་བཅད་ལྷུག་གི་གསོལ་འདེབས་ཀྱི་ཚེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། གུ་རུ་ཡི་དམ་གྱི་སྐུ་ལས་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་ལ་ཐིམ་པས་ལུས་བྱིན་གྱིས་བརླབས། ཐུགས་ཀ་ནས་ལྗགས་སྟེང་བརྒྱུད་དེ་སྔགས་ཀྱི་སྒྲ་གདངས་དང་བཅས་པའི་ཡིག་འབྲུ་གོང་བཞིན་བྱུང་རང་གི་ལྕེ་ལ་ཐིམ་པས་ངག་བྱིན་གྱིས་བརླབས། ཐུགས་ཀ་ནས་ཐུགས་ཀྱི་དྭངས་མ་ཐིག་ལེ་ཐིག་ཕྲན་ཕྱག་མཚན་རྡོ་རྗེ་ཕུར་བུ་སོགས་མང་པོ་བྱོན་སྙིང་གར་ཐིམ་པས་ཡིད་བྱིན་གྱིས་བརླབས། ལྟེ་བ་ནས་འོད་ལྔའི་ཐིག་ལེ་རང་གི་ལྟེ་བར་ཐིམ་དབང་པོ་རྣམས་བྱིན་གྱིས་བརླབས། གསང་བ་ནས་མེ་རླུང་ཆུ་གསུམ་འབར་ཞིང་གཡོ་བའི་ཚུལ་དུ་བྱུང་རང་གི་གསང་བར་ཐིམ་པས་རྩ་རླུང་ཐིག་ལེ་ལས་རུང་དུ་བྱིན་གྱིས་བརླབས་པར་བསམ། གཏེར་བདག་རྣམས་ཀྱི་གཡས་ཕྱག་འཚལ་བའི་སྟངས་ཀ་དང་། གཡོན་ནོར་བུ་བཟུང་ནས་བདག་ལ་དངོས་གྲུབ་འབུལ་བར་བསམ། མཐར་ཡི་དམ་ཐམས་ཅད་རང་ལ་ཐིམ་པས་རང་ཉིད་དེའི་སྐུར་གྱུར་པའི་སྙིང་གར་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་སྔར་བཞིན་གསལ་བཏབ་ལ་བཟླས་པ་བྱ། འཕྲོ་འདུ་གོང་ལྟར་མཆོག་སྒྲུབ་བྱེད་ཅིང་། ཆོས་སྐྱོང་དམ་ཅན་རྣམས་ཀྱིས་སྲོག་སྙིང་བདག་ལ་དབང་མེད་དུ་ཕུལ་ནས་ཅི་བསྒོ་བའི་ལས་སྒྲུབ་པར་དམིགས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡི་དམ་གྱི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་རོལ་པར་བལྟ་ཞིང་ཐམས་ཅད་ཀྱིས་རང་སྒྲ་འུར་འུར་སྒྲོག་པར་དམིགས་ཏེ། དེ་ཡང་རང་གཞན་གྱི་ལུས་ལྷ། ངག་གི་སྨྲ་བརྗོད་དང་འབྱུང་བའི་སྒྲ་སོགས་སྔགས། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བལྟ་བ་སྟེ། གསལ་བ་གསུམ་ལྡན་གྱི་དགོངས་པའི་ངང་ནས་ཧཱུྃ་བཟླ། ཞི་བའི་ལས་ལ་ཧཱུྃ་རྐྱང་འདེད་བར་མཚམས་མེད་པ་དང་། དྲག་པོ་ལ་གཉིས་བརྩེགས། དབང་ལ་ལྔ་སྒྲིལ། རྒྱས་པ་ལ་བདུན་སྒྲིལ་བཟླ། གོམས་པར་གྱུར་ནས་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པ་དབུགས་ཉིད་ཡེ་ནས་ཧཱུྃ་སྒྲར་སྣང་བ་ལ་དྲན་འཛིན་བྱས་ཏེ་དོན་གྱི་ངང་བསྐྱང་བ་ལ་བསླབ། དམིགས་ཀྱིས་བསལ་ཏེ་རང་ཡི་དམ་ཀཱི་ལ་ཡ་སོགས་གང་དུ་བསྒོམས་པ་དེའི་སྙིང་པོ་བཟླ་བ་ལ་འབད། རྗེས་སྡུད་ལྷར་ལྡང་སྤྱི་ལྟར་རོ། །རྫོགས་རིམ་ནི། གཏེར་འདོན་ན་ཞེས་པའི་དོན་གྱིས། སྤྱིར་སྣང་སྲིད་འཁོར་འདས་ཐམས་ཅད་གཏེར་ཡིན་ཏེ། དེ་ལས་ཐུན་མོང་དང་མཆོག་སོགས་གང་འདོད་པའི་འབྲས་བུ། དེ་དང་དེའི་ལས་སྒྲུབ་པ་ལ་འབད་པས་ངེས་པར་འགྲུབ་པ་ཉིད་གཏེར་ཐོན་པ་ཡིན་ཞིང་། གཏེར་ཐམས་ཅད་ཀྱི་དམ་པ་ནི་ཡང་དག་པའི་ཡེ་ཤེས་སངས་རྒྱས་ཀྱི་དགོངས་པ་མི་འགྱུར་བདེ་བ་ཆེན་པོའི་དོན་དེ་ཉིད་ཡིན། དེ་ལྟ་བུའི་ཟབ་གཏེར་རིག་པ་དྲི་མ་མེད་པའི་ཆོས་ཀྱི་སྐུའི་གཏེར་དེ་འདོན་པ་ལ། ཡང་དག་པའི་དོན་ལ་སྒྲིབ་པའི་འཁྲུལ་སྣང་ཨ་འཐས་ཐ་མལ་གྱི་རྣམ་རྟོག་ངོ་མ་ཤེས་བག་ལ་ཉལ་ཕྱི་རོལ་གྱི་བྲག་རི་ལྟ་བུ། བྲག་རིའི་ནང་ན་རྫས་ཀྱི་གཏེར་ཡོད་པ་དང་མཚུངས་པར། མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་། ཉོན་ཡིད་དེ་རྣམ་པར་ཤེས་པའི་ཚོགས་བདུན་གྱིས་ཀུན་ནས་གཡོགས་པའམ་རྒྱས་བཏབ་པའི་དབུས་སམ་ནང་ན། ཀུན་གཞི་བདེ་གཤེགས་སྙིང་པོ་རིག་པའི་ངོ་བོ་དེ་ཉིད་རྣམ་ཤེས་ཚོགས་བདུན་དང་ཐ་དད་པའང་མ་ཡིན་པར་གསལ་འགྲིབ་འཕོ་འགྱུར་བྲི་གང་མེད་པ་གཉུག་མར་བཞུགས་བཞིན་པ། མ་རིག་པའི་སྒྲིབ་གཡོགས་ཀྱིས་མ་མཐོང་བ་དེ་ཉིད། རྫས་ཀྱི་རྫས་འདོན་པའི་ཁ་བྱང་ལྟར་རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུང་གིས་མཚོན་པར་བྱས་པའི་ཐོས་བསམ་གྱི་མཐུ་དང་། ཁྱད་པར་བྱིན་རླབས་ཅན་གྱི་བླ་མ་ལ་ལྟེམ་རྐྱང་མེད་པའི་མོས་གུས་ཀྱིས་གསོལ་བ་བཏབ་པའི་ནུས་པས་ཇི་ལྟ་བའི་དོན་དེ་ཉིད་རྟོགས་པར་འགྱུར་ལ། ཇི་ལྟ་བ་རྟོགས་པ་དེ་བརྟན་པ་མ་ཐོབ་ཀྱི་བར་དུ་ཉམས་སུ་བླངས་ཏེ། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མམ། གཤེགས་ཤུལ། སངས་རྒྱས་ཀྱི་ཡེ་ཤེས་དྲང་ཐད་དུ་ངོ་སྤྲོད་པར་བྱེད་པའི་གདམས་པ་རིག་པ་གཅེར་མཐོང་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་ལེན་པར་བྱའོ། ཁྲེགས་ཆོད་ཅེས་པ་རྫོགས་པ་ཆེན་པོའི་རང་སྐད་ཡིན་ཏེ། ཁྲེགས་ཞེས་པ་རིག་པའི་ཡེ་ཤེས་དེ་མན་ངག་གི་གནད་མེད་པར་རྟོགས་སུ་མེད་པས་རྡོ་རྗེ་ཕ་ལམ་ལྟ་བུས་མཚོན་ཏེ་སྲ་བའི་དོན་ནོ། །ཆོད་ཅེས་པ་བླ་མའི་མན་ངག་གིས་རྟོགས་ཤིང་མ་རིག་པའི་དྲྭ་བ་ཐེ་ཚོམ་ཆོད་པས་ན་ཆོད་ཅེས་བྱ། དེ་ལྟ་བུའི་ལམ་བཟང་མ་ནོར་བར་བརྩོན་པས་བསྒོམས་ན་ཚེ་འདི་ཁོ་ན་ལ་གྲོལ་བ་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པས་ན། གཏེར་ཐམས་ཅད་ཀྱི་རྒྱལ་པོའམ་དམ་པ་ཡིན་ཞིང་། དེ་ལྟ་བུ་གྲུབ་པའི་གཏེར་སུས་ཐོན་པ་དེ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཡིན་ལ། གྲོལ་བ་ཐོབ་པའི་ཡོན་ཏན་དེ་འདྲ་དང་མི་ལྡན་ན་ཕྱི་རོལ་རྫས་ཀྱི་གཏེར་ཇི་ཙམ་ཐོན་ཀྱང་འབྲས་བུའི་དམ་པ་མ་ཡིན་གསུངས་སོ། །དེ་ལྟ་བུའི་ཁྲེགས་ཆོད་ཀྱི་ལམ་ཟབ་མོ་ནི་རྫོགས་པ་ཆེན་པོའི་གཞུང་ལུགས་བླ་མའི་མན་ངག་བཞིན་དུ་ཤེས་པར་བྱ་བ་ཡིན་ལ། དེ་ལྟར་མན་ངག་བཞི་པ་ཚུལ་བཞིན་ཉམས་སུ་བླངས་ན་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་གསུངས་སོ། །གུ་རུ་ཡི་དམ་དུ་སྒྲུབ་པས། ཕྱི་ནང་གི་ཟབ་གཏེར་འདོན་ཞིང་གཏན་གྱི་དོན་ཆེན་འགྲུབ་བྱེད་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཞི་པའོ། ༈ །མན་ངག་ལྔ་པ་གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་སྒྲུབ་པ་ལ་བསྟེན་ནས་སྦས་ཡུལ་འབྱེད་པ་ནི། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་གདན་ལ་གུ་རུ་ཟིལ་གནོན་དྲག་པོ་རྩལ་སྐུ་མདོག་དཀར་དམར་ཁྲོ་ལ་འཛུམ་པ། དབུ་ལ་པད་ཞྭ་ཁྱུང་ལྡེམ་ཅན་གསོལ་ཞིང་ཟབ་བེར་གསང་གོས་དང་ཆོས་གོས་གསོལ་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་འཕྱར་ཞིང་། གཡོན་སྙིང་ཕྲེང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་འདོར་སྟབས་སུ་བཞུགས་པ། དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཕྱག་རྡོར་གཉིས་ཀ་མཐིང་ནག །ལྟེ་བར་ཡེ་ཤེས་མགོན་པོ། གསང་བར་ཁྱབ་འཇུག་རཱ་ཧུ་ལ་རྣམས་དང་། འཁོར་དུ་ཕྱོགས་བཞིར། ཤར་དུ་ཞིང་སྐྱོང་སེང་གདོང་ཅན། ལྷོར་བསེའི་སྐྱེས་བུ། ནུབ་ཏུ་ལྕགས་ཀྱི་སྐྱེས་བུ། བྱང་དུ་དུང་གི་སྐྱེས་བུ། ཤར་ལྷོར་རྡོ་རྗེ་ལེགས་པ། ལྷོ་ནུབ་ཏུ་རྨ་ཆེན་སྤོམ་ར། ནུབ་བྱང་དུ་ཐང་ལྷ། བྱང་ཤར་དུ་ལྷ་མོ་དྲེའུ་ཞོན་མ། གཞན་ཡང་དགེ་བསྙེན་ཉེར་གཅིག །བརྟན་མ་བཅུ་གཉིས། སྲིད་པའི་ལྷ་རབས། ཆེ་བ་དང་གཉན་པ་དྲག་པོ་དང་བཙན་པོ་དང་། རི་དབང་མགུར་ལྷ་སོགས་བོད་ཀྱི་རྒྱལ་ཁམས་ལ་དབང་བྱེད་པའི་གཞི་བདག་མཐུ་ཆེན་ཐམས་ཅད་ཀྱིས་བསྐོར་བར་གསལ་གདབ། དེ་དག་ཐམས་ཅད་ཀྱང་བྲན་གྱི་ཚུལ་དུ་གཡས་ཐལ་མོ་སྦྱར་ཚུལ་དང་གཡོན་ནོར་བུ་ཐོགས་ནས་གུ་རུ་ལ་འདུད་ཅིང་བཀའ་ཉན་གསུང་སྡོད་པར་བསམ། སྤྱན་འདྲེན། མཆོད་བསྟོད་ཀྱི་བར་སྤྱི་ལྟར། སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཞེས་སོགས་བཅད་ལྷུག་གི་གསོལ་བ་བཏབ་པའི་ཚེ་དམིགས་པ་ནི། གུ་རུའི་ཐུགས་ཀ་ནས་རྣོ་ཞིང་མྱུར་བའི་འོད་ཟེར་མང་པོ་འཕྲོས། འཁོར་རྣམས་ལ་ཕོག་པས་དེ་རྣམས་གནད་ལ་ཕབ་སྟེ། དེ་ཐམས་ཅད་ཀྱིས་སྔོན་གུ་རུའི་སྤྱན་སྔར་སྲོག་སྙིང་ཕུལ་ཅིང་དམ་བཅས་པའི་གཡར་དམ་རྗེས་སུ་དྲན་ནས། དུས་ངན་སྙིགས་མ་ལྔའི་ཉེས་སྐྱོན་གྱིས་དབེན་པའི་སྦས་པའི་ཡུལ་ལྗོངས་བདེ་བ་དང་ལྡན་པ་གང་ཡིན་པ་དག་རང་ལ་སྟེར་ཞིང་ལུང་སྟོན་པར་དམིགས། སྦས་ཡུལ་སོགས་འབྱེད་འདོད་མ་ཡིན་ཀྱང་། རང་ཉིད་གང་དུ་སྡོད་པའི་ས་ཕྱོགས་དེ་ཉིད་སྦས་ཡུལ་དང་ཡོན་ཏན་མཚུངས་ཤིང་། སྙིགས་མ་ལྔས་དབེན་པའི་བདེ་སྐྱིད་དཔལ་གཡང་ཐམས་ཅད་བསྐྱེད་པར་བསམ། མཐར་དབང་ལེན་པ་སྤྱི་ལྟར་གྱི་རྗེས་སུ། གུ་རུ་རང་ལ་བསྟིམས་ནས། རང་ཉིད་གུ་རུའི་སྐུ་གནས་ལྔའི་ལྷ་དང་བཅས་པ་གསལ་བཏབ་པའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས། འཇིག་རྟེན་འཁོར་བའི་ལྷ་གཞི་བདག་མཐུ་ཆེན་རྣམས་དང་། འདས་པའི་ལྷ་ཡི་དམ་མཁའ་འགྲོ །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཐུ་བྱིན་བསྡུས་ནས་གནས་ལྔའི་ལྷ་རྣམས་ལ་ཐིམ། གནས་གསུམ་གྱི་ལྷའི་བྱིན་རླབས་ཀྱིས་བདག་གི་མཐུ་སྟོབས་བསྐྱེད། མགོན་པོ་དང་སྒྲ་གཅན་གྱིས་བདག་གིས་ཅི་བསྒོ་བའི་ལས་ཐམས་ཅད་བསྒྲུབས་པར་བསམ་ཞིང་། བཟླས་པ་ནི། ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུམ་ཛཿཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛཿཛཿཛ༔ ཞེས་བཟླའོ། །རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སྤྱི་ལྟར་རོ། །རྫོགས་རིམ་ནི། ཕྱི་རུ་སྙིགས་མ་ལྔའི་སྡུག་བསྔལ་སྐྱོབ་ཕྱིར་སྦས་ཡུལ་དབེན་པར་འཇུག་པ་ལྟར། ནང་དུ་འཁྲུལ་སྣང་ཉོན་མོངས་ཀྱི་ཟུག་རྔུ་ལས་སྐྱོབ་པའི་དབེན་ས། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་སྟེ། དེ་ལ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དང་འོག་སྒོ་རྣམ་པར་གྲོལ་བའི་ལམ་གཉིས་ལས། འདིར་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་གཏུམ་མོ་ཙཎྜ་ལཱི་བསྒོམ་པ་གཙོ་བོར་བསྟན་ལ། དེའི་ཚུལ་ནི་ཕྱི་ནང་གི་སྟོང་ར་བསྒོམས་ནས་རླུང་སྦྱོར་བ་བཞི་ལྡན་དང་། ཨ་ཧཾ་གི་དམིགས་གནད་ལ་ཨ་ཐུང་གི་མེ་སྦར་ཞིང་། ཧཾ་གི་བདུད་རྩི་ཞུ་བའི་འདུ་འཕྲོད་ལ་བརྟེན་ནས་བདེ་བ་དང་དྲོད་ཀྱི་ཡེ་ཤེས་སྐྱེ་ཞིང་། དེ་ལ་བརྟན་པ་ཐོབ་ན་བོགས་འདོན་པ་འོག་སྒོ་བདེ་བ་ཆེན་པོའི་ལམ་རང་གཞན་གྱི་ལུས་ལ་བརྟེན་པའི་མན་ངག་སྟེ། དེ་ལྟ་བུའི་ལམ་ཚུལ་བཞིན་ཉམས་སུ་བླངས་པས་རོ་མའི་ནུས་པ་འབར་ཞིང་རྐྱང་མའི་ནུས་པ་འཛག་པའི་རྟེན་འབྲེལ་གྱི་མཐུས། ལས་ཀྱི་རླུང་རིམ་གྱིས་དབུ་མར་ཞུགས་ཤིང་། ཡས་འབབ་དང་མས་བརྟེན་གྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང་ངོ་འཕྲོད་པའི་ཏིང་ངེ་འཛིན་གྱིས་ས་ལམ་རིམ་གྱིས་བགྲོད་དེ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་འདི་ལ་མངོན་དུ་བྱེད་པ་ནི་རྡོ་རྗེ་ཐེག་པའི་ཉེ་ལམ་མམ། རྡོ་རྗེ་སེམས་དཔའི་གསེང་ལམ་ཞེས་བྱ་བ། བློ་ཆུང་སྐལ་དམན་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་སྐལ་པ་དང་ལྡན་པ་དག་གི་སྤྱོད་ཡུལ་ཅན་ཡིན་པས་ན་སྦས་ཡུལ་གྱི་དམ་པ་སྟེ། ལམ་འདིའི་ཡོན་ཏན་ཞུ་བདེ་ལྷན་ཅིག་སྐྱེས་པའི་རྐྱེན་གྱིས་སྡུག་བསྔལ་བདེ་བར་ཤར་པས། མ་དག་འཁྲུལ་པའི་རྣམ་རྟོག་གི་དགྲ་ལས་སྐྱོབ་པའི་དོན་གྱིས་ན་སྦས་ཡུལ་གྱི་ཐ་སྙད་དཔེར་བཞག་པའོ། །ཉམས་ཁྲིད་དངོས་ནི་གཞུང་གཞན་ལས་ཤེས་པར་བྱ་བ་ཡིན་ཏེ་འདིར་ནི་རྒྱུ་མཚན་ས་བོན་ཙམ་མོ། །གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་སྒྲུབ་པས་ཐུན་མོང་དང་ཁྱད་པར་གྱི་སྦས་ཡུལ་འབྱེད་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་ལྔ་པའོ། ༈ །མན་ངག་དྲུག་པ་གུ་རུ་སེང་གེ་སྒྲ་སྒྲོག་ཏུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་རང་གི་མདུན་གྱི་ནམ་མཁར་པདྨ་ཟླ་བ་ཉི་མའི་སྟེང་ན་དགྲ་བགེགས་དྲེགས་པ་དམ་སྲི་བརྫིས་པའི་གདན་ལ། ངོ་བོ་གུ་རུ་པདྨ་ཉིད་རྣམ་པ་གསང་བདག་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པས་ཡུམ་ལ་འཁྱུད་པ། ཁྲོ་གཏུམ་འཇིགས་པའི་ཉམས་ཅན་དབུ་སྐྲའི་གསེབ་ནས་སེང་གེའི་ཞལ་ཕྱུང་བ། སྐུ་སྟོད་ལ་སེང་གླང་གི་སྟོད་གཡོགས་མི་ལྤགས་ཀྱི་སྐེད་དཀྲིས། སྟག་ཤམ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་འདོར་སྟབས་སུ་བཞུགས་པ། ཡུམ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་མ། སྐུ་མདོག་དམར་ནག་གྲི་ཐོད་འཛིན་པ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པས་གཡོན་ནས་འཁྱུད་པ། དེའི་ཤར་དུ་རྡོ་རྗེ་དཔའ་བོ་སྔོན་པོ་ཕྱག་གཡས་རྡོ་རྗེ་འཛིན་པ། ཡུམ་རྡོ་རྗེ་དཔའ་མོ་སྔོ་སྐྱ་གཡས་ཌཱ་མ་རུ། ལྷོར་རིན་ཆེན་དཔའ་བོ་སེར་པོ་ནོར་བུ། རིན་ཆེན་དཔའ་མོ་སེར་སྐྱ་རིན་ཆེན་ཟར་བུ། ནུབ་ཏུ་པདྨ་དཔའ་བོ་དམར་པོ་པདྨ། པདྨ་དཔའ་མོ་དམར་སྐྱ་པད་སྡོང་། བྱང་དུ་ལས་ཀྱི་དཔའ་བོ་ལྗང་གུ་རྒྱ་གྲམ། ལས་ཀྱི་དཔའ་མོ་ལྗང་སྐྱ་རལ་གྲི །ཡབ་རྣམས་ཀྱིས་གཡོན་དྲིལ་བུ་འཛིན་པས་ཡུམ་གྱི་སྐེད་ནས་འཁྱུད་པ། དབུ་སྐྲ་ནག་པོ་སྤྱི་བོར་བཅིངས་ཤིང་ཐུར་དུ་གྲོལ་བ། ཡུམ་རྣམས་གཡོན་ཀ་པཱ་ལ་བདུད་རྩིས་བཀང་བ་ཡབ་ལ་སྟོབ་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྐུ་བཞེངས་སྟབས་སུ་བགྱིང་བག་དང་ལྡན་པའོ། །ཤར་ལྷོར་འགུགས་གིང་འགུགས་བྱེད་མཐིང་ནག་གཡས་ལྕགས་ཀྱུ། ཡུམ་རྡོ་རྗེ་གིང་མོ་སྔོན་མོ་གཡས་རྡོ་རྗེ། ལྷོ་ནུབ་ཏུ་འཛིན་གིང་གསོད་བྱེད་སེར་ནག་རལ་གྲི །རིན་ཆེན་གིང་མོ་སེར་མོ་རིན་པོ་ཆེ། ནུབ་བྱང་དུ་སྟོབ་གིང་ཟ་བྱེད་དམར་ནག་ཐོད་པར་སྙིང་བཅུག་པ། པདྨ་གིང་མོ་དམར་མོ་གཡས་པདྨ། བྱང་ཤར་དུ་རྒྱུག་གིང་ལས་བྱེད་ལྗང་ནག་རྒྱུ་ཞགས། ཡུམ་ལས་ཀྱི་གིང་མོ་ལྗང་གུ་རྒྱ་གྲམ། དཔའ་མོ་དང་གིང་མོ་ཐམས་ཅད་གཡས་ཡབ་ལ་འཁྱུད་པ། གཡོན་དྲིལ་བུ་འཁྲོལ་ཞིང་། ཀིང་རུས་ཀྱི་གཟུགས་སུ་ཁྲོས་པ། ཡབ་ཐམས་ཅད་གཡོན་ཐོད་ཁྲག་དང་བཅས་པས་ཡུམ་ལ་འཁྱུད་པ། ཡབ་རྣམས་རིན་པོ་ཆེ་དང་དར་དཔྱང་སྦྲུལ་གྱིས་བརྒྱན་ཅིང་ཞིང་ལྤགས་གྱོན་པ། བཞེངས་ཏེ་ཞབས་བགྲད་པ་དང་། བརྐྱང་བསྐུམ་དཔའ་བོའི་སྟངས་སྟབས་སུ་གནས་པའོ། །གཞན་ཡང་དེ་དག་གི་མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་གིང་ཕོ་མོ་ལ་སོགས་པའི་འཁོར་བྱེ་བ་གྲངས་མེད་པ་ཐམས་ཅད་དྲིལ་གཡེར་ཌཱ་མ་རུ་སོགས་རོལ་མོའི་སྒྲ་འུར་དིར་དང་བཅས་པས་བསྐོར་བ་བྱིན་ཐིབས་སེ་བཞུགས་པར་བསམ་མོ། །སྤྱན་འདྲེན་བཞུགས་སུ་གསོལ། དབང་མཆོད་བསྟོད་རྣམས་སྔར་བཞིན་དང་། གསོལ་འདེབས། སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ སོགས་དང་། རྒྱུན་ཆགས་ཀྱི་གསོལ་བཏབ་ཀྱི་ཚེ། གུ་རུ་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་རྒྱལ་བ་རྒྱ་མཚོ་ལ་ཕོག །སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཐུགས་དམ་གྱི་རྒྱུད་བསྐུལ་བས་ཐུགས་རྗེའི་བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བྱུང་། བདག་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས་སྟག་གཟིག་དོམ་དྲེད་གཅན་གཟན་མ་རུངས་པའི་གནོད་པ་སོགས་ཕྱི་ནང་གི་འཇིག་པ་མཐའ་དག་ཞི་བར་བྱིན་གྱིས་བརླབས། འགྲོ་བ་ཐམས་ཅད་ཀྱང་གདུག་པའི་སེམས་ཅན་གྱི་གནོད་པས་བར་དུ་གཅོད་པ་ཐམས་ཅད་ལས་གྲོལ་བར་བྱིན་གྱིས་བརླབས་པར་བསམ་མོ། མཐར་དབང་ལེན་པ་དང་བདག་བསྲེ་སྤྱི་དང་འདྲ་བ་ལས། རང་ཉིད་གུ་རུ་གསང་བདག་སེང་སྒྲ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུཾ་ཡིག་མཐིང་ག་སྔགས་ཕྲེང་གིས་བསྐོར་བ། དེ་ཡང་སྔགས་ཕྲེང་རྣམས་འགལ་མེའི་ཕྲེང་བ་ལྟར་འཁོར་བ་ལས་མེའི་ཚྭ་ཚྭ་དྲག་པོ་འབར་ཞིང་འཕྲོས་པས། ཕྱིའི་བར་ཆད་གཅན་གཟན་གདུག་པ་ཅན་དང་། ནང་གི་བར་ཆད་ཕྲ་མེན་བསེན་མོ། མོ་གདོན་སོགས་མ་རུངས་པ་རྣམས་དང་། གསང་བ་བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་གཏོང་བའི་ལྷ་སྲུང་དང་བཅས་པ་ཐམས་ཅད་རང་གཤེད་དུ་དབབ་ཅིང་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཁྲོ་མཚོན་གྱི་ཚྭ་ཚྭ་འཕྲོ་བའི་སྲུང་བའི་གུར་ཁང་གིས་རབ་ཏུ་གཏམས་པས་ཅིས་ཀྱང་མི་ཤིགས་པར་བསམས་ལ། ཨཱོཾ་བཛྲ་གུ་རུ་སིང་ཧ་གྷཎྜེ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྩ་སྔགས་དང་། ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཞེས་སྤྱི་དྲིལ་གསང་བདག་གི་མཚན་བརྒྱ་དང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་བདུད་འདུལ་དྲག་མོའི་གསང་སྔགས་ཡང་སྙིང་སྟེ། གང་མོས་གཙོ་བོར་བཟླ་བའམ་ཆ་མཉམ་པ་སོགས་ཀྱི་སྒོ་ནས་བཟླས་པ་ཅི་ནུས་ཀྱི་མཐར། རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སོགས་སྤྱི་ལྟར་རོ། །དེ་ལྟ་བུའི་བསྐྱེད་བཟླས་ཀྱི་སྒོ་ནས་ཉམས་སུ་བླངས་པས་སྒྲུབ་པའི་རྟགས་རྫོགས་པའི་ཚེ། སྔགས་རྫས་དམིག་པ་སོགས་ཀྱིས་ཁ་བསྒྱུར་ཏེ་ལས་ལ་སྦྱོར་ན། གང་བརྩམ་པ་དེ་ཐོགས་མེད་དུ་འགྲུབ་པར་གསུངས་སོ། །རྫོགས་རིམ་ནི། ཕྱི་རོལ་ན་འབྲོག་ཆེན་ཏེ་མི་མེད་རི་སྟོང་ལུང་སྟོང་ནགས་ཁྲོད་སོགས་འཇིགས་པའི་འཕྲང་ལ། གཅན་གཟན་མ་རུངས་པ་སོགས་གདུག་པའི་སེམས་ཅན་གྱི་འཇིགས་པ་ཡོད་པ་ལྟར། ནང་དུ་འཕོ་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་མ་གྱུར་པའི་རྣམ་རྟོག་འཕོ་བཅས་ཀྱི་དབང་གིས་སྐྱེ་བ་དང་། འཆི་བ་དང་། བར་མ་དོར་འཁྱམས་པ་སྟེ། དེ་དག་ནི་ཤིན་ཏུ་ཡ་ང་ཞིང་མི་བཟོད་པའི་འབྲོག་ཆེན་ཡིན་ལ། དེ་ལྟ་བུའི་འཇིགས་པ་ལས་སྐྱོབ་པའི་མན་ངག་ལམ་དུ་ཁྱེར་བ་ལ། བར་དོའི་གདམས་པ་བསྒོམ་པ་གཅེས་སོ། །དེ་ཡང་བར་དོ་སྟོན་བྱེད་ཀྱི་གཞུང་རྣམས་ལས། རང་བཞིན་གྱི་བར་དོ། སྐྱེ་གནས་གྱི་བར་དོ། རྨི་ལམ་གྱི་བར་དོ། འཆི་ཀའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་དྲུག་གསུངས་པ་ལས། དང་པོ་རྣམ་པ་གསུམ་ནི་རང་བཞིན་གྱི་བར་དོར་འདུ་ལ། དེར་ལམ་ཉམས་སུ་ལེན་པའི་ཚུལ་དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་བྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་གནད་དུ་བསྣུན་ཏེ་རྩེ་གཅིག་ཏུ་འབད་པར་བྱ་བ་ཡིན་ལ། འདིར་ནི་འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ་ནི་སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པ་དང་། ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་ཉམས་ལེན་གྱི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཚུད་པ་དང་། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། སྲིད་པ་བར་དོའི་གདམས་པ་ཉམས་སུ་ལེན་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་གྲུབ་སྟེ་གྲོལ་བ་ཐོབ་པར་གསུངས་ལ། དེ་དག་གི་ཚུལ་ཞིབ་པར་ནི་གཞུང་གཞན་དང་། ཁྱད་པར་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལས་བླང་བར་བྱའོ། །གུ་རུ་སེང་གེ་སྒྲ་སྒྲོག་ཏུ་སྒྲུབ་པས་ཕྱི་གཅན་གཟན་གྱི་འཇིགས་པ་སྲུང་ཞིང་། ནང་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་ཞི་བར་བྱེད་པའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དྲུག་པའོ། ༈ །མན་ངག་བདུན་པ་གུ་རུ་པདྨ་བཛྲ་རྩལ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁའ་ལ། ཉན་ཐོས་ཀྱི་ཐེག་པ་མཚོན་པའི་བརྡར་པདྨའི་ཟེའུ་འབྲུ་ལ་རིན་པོ་ཆེའི་མུ་ཏིག་འབར་བ་བཀྲམ་པ། དེའི་སྟེང་དུ་རིམ་པ་བཞིན་རང་རྒྱལ་གྱི་ཤིང་ཨསྨ་གརྦྷའི་མགོ་བོ་འཁྲིགས་པ། བྱང་སེམས་ཀྱི་ནོར་བུ་རིན་པོ་ཆེ་དཀར་དམར་གྱི་བྲག་རི། ཀྲི་ཡའི་རྡོ་རྗེ་རྩེ་གཅིག་པའི་བྲག །ཨུ་པའི་རྡོ་རྗེ་རྩེ་གསུམ་པའི་བྲག །ཡོ་གའི་རྡོ་རྗེ་རྩེ་ལྔ་པའི་བྲག་གིས་གཏམས་པ། མ་ཧཱའི་རྩེ་དགུ་པ། ཨ་ནུའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨ་ཏིའི་ཐེག་པ་མཚོན་པའི་ཉི་ཟླ་ཁ་སྦྱོར་གྱི་གདན་ཏེ་ཐེག་པ་རིམ་དགུ་མཚོན་པའི་གདན་དགུ་རྫོགས་ཀྱི་སྟེང་དུ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་གུ་རུ་འོད་དཔག་མེད་མགོན་པདྨ་བཛྲ་རྩལ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་མཐིང་དབུས་དམར་ཁྲོ་འཛུམ་བཞད་པ། སྤྱན་དགུ་པ་ཁྲོ་གཉེར་དང་བཅས་པ། དབུ་སྐྲ་ནག་པོའི་ཐོར་ཚུགས་ཀྱི་རྩེར་ནོར་བུས་མཚན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་རལ་གྲི་དང་བྷནྡྷ། ཐ་མ་གཉིས་ཚེ་བུམ་དང་ནམ་མཁའི་དབྱུག་པ་སྟེ་ཁ་ཊྭཱཾ་བསྣམས་པ། ཞབས་བཞི་དོར་སྟབས་སུ་བགྲད་པ། མཚན་དཔེའི་གཟི་བརྗིད་དང་ལྡན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གསོལ་བ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་གླང་ཆེན་ལྤགས་པའི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས། ཞིང་ལྤགས་ཀྱི་སྐེད་དཀྲིས། དར་གྱི་ཅོད་པན་དང་། སྦྲུལ་རིགས་བཞིས་བརྒྱན་པ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གར་དགུའི་ཉམས་ཅན། རིགས་བདག་འོད་དཔག་མེད་དབུ་གཙུག་ཏུ་བཞུགས་པའོ། །དེའི་པང་དུ་ཡུམ་ལྷ་ལྕམ་མནྡཱ་ར་བ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ། རིན་པོ་ཆེ་དང་། རུས་པ་དང་དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ། དར་ལེ་བརྒན་གྱི་ཅོད་པན་ཅན། ཕྱག་གཡས་ཌཱ་མ་རུ་དང་གཡོན་དུང་ཆེན་དམར་བཀང་སྟོབ་པ། གཞོན་ཚུལ་ནུ་མ་འབུར་བ་ཡབ་ལ་གཉིས་སུ་མེད་པར་འཁྱུད་པ། འོད་ཕུང་དམར་པོའི་དབུས་ན་བཞུགས་པའི་ཤར་དུ་ཞེ་སྡང་རྡོ་རྗེ་མཐིང་ནག་ཕྱག་གཡས་རྡོ་རྗེ། ཡུམ་སྐྱོད་བྱེད་མ་དམར་མོ་རྡོ་རྗེ་གྲི་གུག །ལྷོར་ང་རྒྱལ་རྡོ་རྗེ་སེར་པོ་རིན་པོ་ཆེ། གཤིན་རྗེ་འཇོམས་མ་ལྗང་གུ་རིན་ཆེན་གྲི་གུག །ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ་པདྨ། སྲེག་བྱེད་མ་སྔོན་མོ་པདྨ་གྲི་གུག །བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་རྒྱ་གྲམ། ཙན་ཏི་ཀ་སེར་མོ་རྒྱ་གྲམ་གྲི་གུག །ཤར་ལྷོར་གཏི་མུག་རྡོ་རྗེ་སྨུག་ནག་འཁོར་ལོ། རྨོངས་བྱེད་མ་དཀར་མོ་ཁ་ཊྭཱཾ། ལྷོ་ནུབ་ཏུ་བདེ་བའི་རྡོ་རྗེ་སེར་སྐྱ་པདྨའི་ཞགས་པ། ལཱ་མ་སྔོན་མོ་ལྕགས་ཀྱུ། ནུབ་བྱང་དུ་མཚོ་སྐྱེས་རྡོ་རྗེ་དམར་པོ་བུམ་པ། ལྷ་ལྕམ་མནྡཱ་ར་བ་དཀར་སྔོ་པད་སྡོང་། བྱང་ཤར་དུ་ཁྲག་འཐུང་རྡོ་རྗེ་སྨུག་ནག་དགྲ་སཏྭ། གསོད་བྱེད་མ་ལྗང་གུ་སྤུ་གྲི་སྟེ། ཡབ་ཐམས་ཅད་ཀྱིས་ཕྱག་གཡོན་དྲིལ་བུ་དང་བཅས་ཡུམ་ལ་འཁྱུད་ཅིང་། ཡུམ་ཐམས་ཅད་གཡོན་བྷནྡྷ་བསྣམས་པ་ཡབ་ལ་འཁྲིལ་བ། ཐམས་ཅད་ཀྱང་སྤྱན་གསུམ་པ་ཅུང་ཟད་ཁྲོ་ལ་འཛུམ་པའི་མདངས་ཅན་རུས་པ་དང་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པན་ལྷབ་ལྷུབ་དང་དབུ་སྐྲ་ནག་པོའི་ཐོར་ཚུགས་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཡེ་ཤེས་རང་འོད་ཀྱི་མེ་རི་ཁ་དོག་ལྔ་ཕུང་འཁྲིགས་པའི་དབུས་ན་ཞི་མ་ཁྲོ་ཚུལ་གཟི་བརྗིད་དང་ལྡན་པར་བཞུགས་པའོ། །གཞན་ཡང་འབྱུང་བ་བཞིའི་ལྷ་རིགས་ལྔ་སྟེ། མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་སའི་ལྷ་མོ་རིན་ཆེན་མཁའ་འགྲོ །ཆུའི་ལྷ་མོ་རྡོ་རྗེ་མཁའ་འགྲོ །མེའི་པདྨ་མཁའ་འགྲོ །རླུང་གི་ལས་ཀྱི་མཁའ་འགྲོ་མའོ། །མཆན། མངོན་རྟོགས་སྤྱི་ལྟར་དང་མཁའ་འགྲོ་བྱེ་བ་འབུམ་སྡེ་གྲངས་མེད་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཏེ་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་བདག་ལ་ཐུགས་བརྩེ་བས་དགོངས་པའི་ཚུལ་བྱིན་ཐིབས་སེ་བཞུགས་པར་བསམ་མོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ ཞེས་སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོས་པས། ཕྱི་ལྟར་ན་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞིའི་གནོད་པས་བར་དུ་གཅོད་པའི་དགྲ་ཐམས་ཅད་ཞི་བར་བྱས། ནང་གི་འབྱུང་བ་ཆ་མ་སྙོམས་པར་འཁྲུགས་པའི་འདུ་བའི་ནད། ཚ་གྲང་རླུང་མཁྲིས་བད་ཀན་འདུས་པའི་ནད་ཐམས་ཅད་ཞི་བར་བྱས། གསང་བ་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་ཐམས་ཅད་ཞི་ནས་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པར་བསམ་ཞིང་རྩེ་གཅིག་ཏུ་གསོལ་བ་བཏབ་བོ། །དབང་ལེན་པ་དང་བདག་བསྲེ་སོགས་སྤྱི་ལྟར་ལས། རང་ཉིད་པདྨ་བཛྲ་རྩལ་དུ་གསལ་བའི་ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་དུ་ཡོད་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་ཅན་གྱི་ཕྱག་ཏུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་ཚེའི་བུམ་པ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བའི་ནང་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་ཨཱཿཧཱུྃ་བརྩེགས་མ། སྣང་མཐའི་ཐུགས་ཀར་ཧྲཱིཿགསལ་འཚེར་ལས་འོད་ཟེར་དམར་གསལ་འཕྲོ་བ་དང་བཅས་པ། སྣང་མཐའི་སྐུའི་མཐའ་སྐོར་པད་འདབ་ཀྱི་སྟེང་དུ་མདུན་ནས་གཡས་སྐོར་དུ་སྔགས་ཕྲེང་གིས་འཁོར་བ་རྣམས་ཀྱང་བསྐོར་བ་བྱེད་པའི་ཚུལ་དུ་དམར་ཧྲམ་ཧྲམ་འཁོར་ཞིང་སྒྲ་དང་བཅས་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། བདེ་བར་གཤེགས་པ་ཡབ་ཡུམ་རྣམས་ཀྱི་ཞལ་ནས་དེ་འདྲ་བའི་སྔགས་འབྲུ་བསམ་གྱིས་མི་ཁྱབ་པ་ཐོན་ནས། སྔགས་ཕྲེང་ལ་ཐིམ་པས་སྔགས་ཐམས་ཅད་བཀྲག་དང་གཟི་བརྗིད་དང་ལྡན་པར་བྱས། སླར་ཡང་བུམ་ནང་གི་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་བཅུར་རབ་འབྱམས་ཀྱི་རྩ་གསུམ་མཆོག་གསུམ་ཐམས་ཅད་ལ་ཕོག །དགྱེས་མཆོད་ཕུལ་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་རྗེ་བྱིན་རླབས་ནུས་མཐུ་གཟི་མདངས་ཚེ་དཔལ་འབྱོར་པ་ཐམས་ཅད་བསྡུས་བུམ་པར་ཞུགས། སྟོང་གསུམ་གྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་མཐུ་ནུས་ཐམས་ཅད་བསྡུས་བུམ་པར་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་མཐུ་བྱིན་གྱི་དབང་ཐོབ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བདག་ཉིད་གྱུར་ཅིང་། རང་གང་དུ་འདུག་པའི་ཞིང་འདི་ཡང་འབྱུང་བ་བཞིའི་སྐྱོན་གྱིས་མི་གནོད་པར་ཉེས་སྐྱོན་ཐམས་ཅད་དང་བྲལ་བ་བདེ་བ་ཅན་གྱི་ཞིང་ཁམས་ཉིད་དུ་གྱུར་པར་བསམས་ནས། ཨཱོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཞེས་པདྨ་བཛྲ་གྱི་རྩ་སྔགས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛཿཧཱུྃ༔ ཞེས་མཁའ་འགྲོ་ཡབ་ཡུམ་གྱི་སྲོག་སྔགས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སྭཱ་ཧཱ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ནྲྀ་ཏྲི་ཛཿསརྦ་ཨཾ་ཀུ་ཤ་ཛཿཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་རྩ་གསུམ་གྱི་སྤྱི་དྲིལ་ལས་སྔགས་བཏགས་པ་དང་། བཛྲ་གུ་རུའི་འཛབ་ཀྱང་ཅི་ནུས་སུ་བཟླ་ཞིང་། ཉེར་བསྡུ་ནི་སྤྱི་ལྟར་རོ། །ལས་སྦྱོར་ནི། འབྱུང་བའི་གནོད་པ་བྱུང་བའི་ཚེ་གོང་གི་དམིགས་པ་བཞིན་གསོལ་འདེབས་རྩེ་གཅིག་ཏུ་བྱ་ཞིང་། གཞན་ཡང་འབྱུང་བའི་དགྲ་སོ་སོ་ལ་རྫས་སྔགས་དམིགས་པ་རྟེན་འབྲེལ་སོགས་གཞུང་གཞན་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །ནང་འབྱུང་འཁྲུགས་ཀྱི་ནད་ཞི་བ་དང་། རྩ་རླུང་ཐིག་ལེའི་གེགས་སྐྱོན་བསལ་བ་སོགས་ནི་གེགས་སྐྱོན་རང་རང་གི་ཐད་དུ་མན་ངག་སོ་སོའི་གཞུང་བཞིན་གང་འོས་སྦྱར་རོ། །རྫོགས་རིམ་ནི། གསང་བ་ཏིང་འཛིན་སེམས་ཀྱི་གེགས་བསལ་བ་ཟབ་གསལ་གྱི་མན་ངག་བསྒོམ་སྟེ། བྱིང་བ་དང་རྨུགས་པ་དང་འཐིབས་ན་སའི་གེགས་ཉོན་མོངས་པ་གཏི་མུག་གིས་བསྐྱེད་པའི་སྐྱོན་ཡིན་པས་དེ་བསལ་བ་ལ་གཉེན་པོ་ཤེས་པ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བསྒྲིམས་ཤིང་རིག་པ་ངར་བསྐྱེད་པ་དང་། ཤེས་པ་འཕྲོ་བ་ཤས་ཆེ་བ་ནི་ཕྱི་ཡོ་བྱད་དང་། ནང་སེམས་ཅན་ལ་ཆགས་པའི་འདོད་ཆགས་ཀྱིས་བསྐྱེད་པ་ཆུའི་གེགས་དང་སྐྱོན་ནོ། དེ་སེལ་བའི་ཐབས་ཞེན་པ་བཅད་དེ་ཤེས་པ་རང་སར་ཀློད་ནས་འཇོག་པ་དང་། ཤེས་པ་རྒོད་པ་དང་ཟ་ཟི་མང་བ་ནི་མེའི་གེགས་ཉོན་མོངས་པ་ཞེ་སྡང་གིས་བསྐྱེད་པའི་སྐྱོན་ཡིན་ཏེ། དེ་ལ་ཤེས་པ་ཁོང་གློད་དེ་རང་བབས་སུ་འཇོག་པ་དང་། རྣམ་རྟོག་སྤྲ་སྤྲོ་མང་པོ་འདི་ཡིན་གྱི་ངོས་བཟུང་མེད་པར་འཐོར་བ་སྟེ་རླུང་། ཉོན་མོངས་པ་ཕྲག་དོག་གིས་བསྐྱེད་པའི་གེགས་དང་སྐྱོན་ཡིན་པས་དེ་སེལ་བའི་ཐབས། ཤེས་པ་སྤྲ་སྤྲོ་མེད་པར་གང་ལྟར་སྣང་བ་དེ་གའི་ངང་ལ་རང་སར་རང་གྲོལ་དུ་བཞག་པའོ། །དེ་བཞིན་དུ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་སྐབས་ན་འདོད་པའི་ཉམས་དང་། དགའ་བའི་ཉམས་དང་། བརྟན་པའི་ཉམས་སོགས་སྐྱོན་རྣམས་བསལ་ནས། ཡོད་མེད་རྟག་ཆད་སོགས་མུ་བཞིའི་གོལ་སར་མ་ལྷུང་བའི་རང་སར་རང་ངོ་ཤེས་པ་ལྷག་མཐོང་གི་ཡེ་ཤེས་བློ་ལས་འདས་པ་གནས་ལུགས་རྗེན་པའི་རང་ཞལ་ལ་བལྟ་ཞིང་། དེ་ཡང་འདི་ལྟ་བུའོ་སྙམ་པས་བསྒོམ་དུ་མེད་ཅིང་། བསྒོམ་རྒྱུ་མེད་དོ་སྙམ་པའི་རྒྱ་ཡན་ངང་བློས་བྱས་ཀྱི་དྲི་མས་མ་བསླད་པར་རང་གི་རང་ངོ་ཤེས་བཞིན་གྱི་ཡིད་ཆེས་དང་མ་བྲལ་བས་ཡེངས་པ་མེད་པར་མཉམ་པར་བཞག་སྟེ། ཕྲ་བ་དང་། དྭངས་པ་དང་། གསལ་བ་དང་། མི་རྟོག་པ་སྟེ་མཚན་ཉིད་བཞི་དང་ལྡན་པར་སྐྱོང་བའི་དོན་དང་ལྡན་ན་གེགས་སེལ་བོགས་འདོན་གྱི་གནད་ཕལ་ཆེར་ཚང་ཞིང་འདུས་པས་ན་འདི་ཁོ་ན་ལ་གོམས་འདྲིས་བྱེད་པ་གཅེས་པར་གསུངས་ཤིང་དེས་འདྲ་མིན་གྱི་གེགས་དང་གོལ་ས་ཐམས་ཅད་བྲལ་བ་དང་། འབྱུང་བའི་ཁམས་རྣམས་དང་རྩ་རླུང་ཐིག་ལེ་རྣམས་དག་པར་བྱེད་པའི་བསྙེན་སྒྲུབ་འདི་ལ་བརྩོན་པས་ཉམས་སུ་བླངས་ན་མི་ཤིགས་པ་རྡོ་རྗེ་གསུམ་གྱི་འབྲས་བུ་ལ་སྦྱོར་བར་འགྱུར་རོ། །གུ་རུ་པདྨ་བཛྲ་རྩལ་གྱི་སྒྲུབ་པས་ཕྱི་ནང་གི་འབྱུང་བའི་གནོད་པ་ཞི་བར་བྱེད་པ་རྡོ་རྗེའི་རྣལ་འབྱོར་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བདུན་པའོ། ༈ །མན་ངག་བརྒྱད་པ་གུ་རུ་རྟ་མགྲིན་ནག་པོར་སྒྲུབ་པ་ནི། དེ་ཡང་སྔོན་འགྲོ་རྣམས་གཞན་དང་འདྲ་བ་ལས། མདུན་གྱི་ནམ་མཁར་སྐད་ཅིག་དྲན་རྫོགས་སུ་རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་དཀྱིལ་དུ་མེ་དཔུང་ཆེན་པོ་འབར་བ། དེའི་དབུས་སུ་ཀེཾ་ལས་ཀེང་རུས་ཕོ་མོ་གཉིས་སུ་བསམ། དེ་གཉིས་ཁ་གདངས་བཙུམ་སྤེལ་མར་བྱས་པའི་རྐྱེན་གྱིས་མེ་ལྕེ་ཆེན་པོ་གཉིས་གློག་བཞིན་དམར་ཁྱུག་ཁྱུག་ཀེཾ་ཀེཾ་བྱས་པས་མེ་ལྕེའི་རྩེ་ནས་ཡི་གེ་ཧྲཱིཿདམར་ནག་རྡོ་རྗེས་མཚན་པ་ཞུ་བ་ལས་ཀེང་རུས་གཉིས་ཀྱི་མགོ་སྟེང་དུ་སྟག་ཕོ་མོ་གཉིས་སུ་གྱུར། དེ་གཉིས་ཀྱང་ཁ་གདངས་བཙུམ་གྱི་རྐྱེན་ལས་དེ་གཉིས་ཀྱི་མགོ་ཐོག་ཏུ་རུ་དྲ་ཕོ་མོའི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཐིག་ལེ་དམར་ནག་ཉི་འོད་དང་མཚུངས་པ་ཞུ་བ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་གུ་རུ་པདྨཱ་ཀ་ར་ཉིད་རྣམ་པ་ཁྲོ་བོ་ཐམས་ཅད་ཀྱི་ཆེ་མཆོག་དཔལ་རྟ་མགྲིན་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་མིའུ་ཐུང་གེལ་ཚུལ་དུ་བཞུགས་པ། ཕྱག་གཉིས་ཀྱིས་སེང་ལྡེང་གི་རྔ་པུས་མོ་གཡོན་པའི་སྟེང་དུ་རྡུང་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཞལ་གདངས་ཤིང་ལྗགས་འདྲིལ་མཆེ་བ་གཙིགས་པ། དབུ་སྐྲ་སྨ་ར་སྨིན་མ་ལས་མེ་འབར་བ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། སྙན་ཆ་ཀེང་རུས་ཀྱིས་བརྒྱན་པ་ཤིན་ཏུ་དྲག་གཏུམ་གསོད་པའི་ངར་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཁྲོས་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ། གཅེར་བུ་རུས་པའི་རྒྱན་ཅན། ཕྱོགས་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྟེ་ཕྱག་རྒྱ་བཞི་འཛིན་པའི་མཁའ་འགྲོ་སྡེ་བཞི་དཀར་སེར་དམར་ལྗང་གི་མདོག་ཅན་རུས་པའི་རྒྱན་ཅན་དང། གུ་རུ་རྟ་མགྲིན་གྱི་སྤྱི་བོར་སློབ་དཔོན་པདྨ་ཐོད་ཕྲེང་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་མཛད་པ། ཕྱག་གཡས་ཐོད་རྔ་ནམ་མཁའ་ལ་འཕྱར་བས་འཁྲོལ་ཞིང་གཡོན་དྲིལ་བུ་དཀུ་ལ་བརྟེན་པ། སྟག་གི་ཤམ་ཐབས། ཐོད་པ་སྐམ་རློན་དང་རུས་པས་བརྒྱན་པ། ཁྲོ་བོའི་ཆས་ཅན། ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་གཉིས་སུ་མེད་པར་རོལ་པ། དེའི་ཕྱོགས་བཞིར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་བཞི་མདུན་ནས་རིམ་བཞིན་སྐུ་མདོག་དཀར་སེར་དམར་ལྗང་གི་མདོག་ཅན། ཞལ་གཅིག་ཕྱག་གཉིས་ཅང་ཏེའུ་དང་དྲིལ་བུ་ཐོགས་པ། རུས་པའི་རྒྱན་ཅན་ཁྲོ་མོའི་རྣམ་པ་ཅན་ནོ། །གཞན་ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྲོ་བོ་དང་ཁྲོ་མོའི་ཚོགས་གྲངས་མེད་པ་ཁ་བ་བུ་ཡུག་ལྟ་བུར་འཚུབས་པའི་ཕྱི་རིམ་ཐམས་ཅད་མེ་དཔུང་གོ་མཚམས་མེད་པ་རབ་ཏུ་འབར་བའི་མེ་ལྕེའི་རྩེ་མོ་ཐམས་ཅད་རྡོ་རྗེ་དང་ཡི་གེ་རཾ་གྱིས་བརྒྱན་ཅིང་ཚྭ་ཚྭ་ཀུན་ཏུ་འཕྲོ་བའི་བར་ལྷག་ཐམས་ཅད་ཀེང་རུས་མགོ་ལག་སོགས་ཀེཾ་གྱིས་བརྒྱན་པས་དཀྲིགས་པའི་དབུས་སུ། གཙོ་འཁོར་ཐམས་ཅད་རབ་ཏུ་འཇིགས་སུ་རུང་བའི་སྐུ་ཅན་དུ་བསྐྱེད་དོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས། ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཞེས་སོགས་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ་གུ་རུ་འཁོར་བཅས་ཀྱི་སྐུ་དང་སྲུང་འཁོར་ལས་ཡེ་ཤེས་ཀྱི་མེ་དཔུང་ཚ་ངར་ཅན་མང་པོ་འཕྲོས་པས། གནོད་བྱེད་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་ཞིང་འོད་ཟེར་དང་མེ་ཐམས་ཅད་ཚུར་འདུས་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོར་འགལ་མེ་ལྟར་འཁོར་བས། དགྲ་ཇག་ཆོམ་པོ། རྐུན་མ། བྱུར་དང་། གནོད་པའི་བགེགས་དང་། ལྟས་ངན་པ་དང་། སྲི་ངན་པ་དང་། མི་ཁ་དང་། ཀེག་ཆག་དང་། བྱད་ཁ་དང་། རྨིས་ལྟས་ངན་པ་སོགས་ཉམ་ང་བའི་ཚོགས་མཐའ་དག་མིང་ཙམ་ཡང་མ་ལུས་པ་རྡུལ་ཕྲན་དང་ཕྱེ་མར་བརླག་ཅིང་བཅོམ་ནས་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་གུར་ཁང་གིས་རབ་ཏུ་གཏམས་པས་གང་གིས་ཀྱང་མི་ཕྱེད་པའི་རང་བཞིན་དུ་གྱུར་པར་བསམས་ལ་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །དེ་ནས་དབང་ལེན་པ་དང་བདག་བསྲེ་སྤྱི་ལྟར་བྱས་པའི་མཐར། བཟླས་པ་ནི། རང་ཉིད་གུ་རུ་རྟ་མགྲིན་ནག་པོའི་སྐུ་སྔར་ལྟར་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿནག་པོ་སྔགས་ཕྲེང་འགལ་མེའི་ཕྲེང་བ་ལྟ་བུས་བསྐོར་བ་དང་། སྤྱི་བོའི་གུ་རུའི་ཐུགས་ཀར་ཧཱུྃ་མཐིང་ག །མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཛ་ལྗང་གུ་རེ་བསམས་ལ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཡེ་ཤེས་ཀྱི་མེ་བོ་ཆེ་ཚ་ཞིང་ངར་དང་ལྡན་པ་དྲག་རྩུབ་དང་སྤྲུལ་པའི་ཁྲོ་ཆུང་དཔག་ཏུ་མེད་པ་འུར་ཆོམ་དྲག་པོ་དང་བཅས་པ་མང་པོ་འཕྲོས། མེ་དེས་ནམ་མཁའི་མཐའ་ཁྱབ་ཚད་གང་། ཕྱི་རོལ་གྱི་གནོད་བྱེད་དགྲ་ཇག་སོགས་ལུས་སྲོག་གི་བར་ཆད་དུ་གྱུར་པ་ཐམས་ཅད་ལ་ཕོག་པས་བྱ་སྤུ་གཞོབ་ཏུ་བསྲེགས་པ་ལྟར་ཐུལ་ཐུལ་བསྲེག་པར་བསམ། མེ་རྣམས་ནང་དུ་བཀུག་ཅིང་ཞལ་དུ་བཅུག་པས་ནང་ལུས་ལ་ཞུགས་པའི་གཟའ་ཀླུ་སོགས་ཀྱི་གདོན་དང་། རླུང་མཁྲིས་བད་འདུས་ཀྱི་ནད་དང་སྡིག་སྒྲིབ་དང་བཅས་པ་བསྲེགས་ཤིང་བཅོམ་ནས་མེ་བཤང་ལམ་ནས་ཐོན། ས་གཞི་བར་སྣང་ནམ་མཁའ་ཐམས་ཅད་གང་བས་བར་གྱི་གདོན་ཕྲའུ་དང་བཅས་པ་ཐམས་ཅད་གཞོབ་ཏུ་ཐུལ་གྱིས་བསྲེགས། མེའི་གསེབ་ཏུ་རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པས་གང་ཞིང་བདག་གཞན་བཟང་ངན་འཁོར་འདས་སོགས་གཉིས་སུ་སྣང་བའི་རྟོག་ཚོགས་མཐའ་དག་སྟོང་པ་ཉིད་དུ་སྦྱངས་ནས་མ་ཡེངས་རིག་པའི་ངར་དང་བཅས་ཏེ། ཨཱོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛཿཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླའོ། །གྲངས་ཚད་ནི་ཉིས་ཁྲི་སུམ་སྟོང་སྟེ་རླུང་རིག་སྦྲགས་ཏེ་དམིགས་པའི་འཕྲུལ་རྣམས་ཀྱང་རླུང་དང་བསྟུན་པར་བྱའོ། །ལས་སྦྱོར་ནི། ཕྱི་ལྟར་དུ་སྡང་དགྲ་ཇག་པ་ཆོམ་རྐུན་སོགས་རྫས་སྔགས་དམིགས་པའི་གནད་ཀྱིས་བཅིངས་པ་དང་། ནང་ལྟར་དུ་སྟེང་གདོན་གཟའ་དང་། འོག་གདོན་ཀླུ་དང་ས་བདག །རྒྱལ་འགོང་བསེན་མོ་འདྲེ་མོ་སོགས་གདོན་གདུག་པའི་གནོད་པ་བསྲུང་བ་དང་། བཅིངས་པ་དང་། མནན་པ་སོགས་ལས་ཚོགས་དེ་དག་གང་སྒྲུབ་ཀྱང་ཏིང་ངེ་འཛིན་ལས་ཡེངས་པ་མེད་པ་དང་། བསྐྱེད་རིམ་གསལ་བརྟན་གྱི་སྒོ་ནས་བསྙེན་སྒྲུབ་ཐེམ་པར་བསྐྱལ་བས་སྔགས་ཀྱི་ནུས་པའི་རྟགས་མཚན་རྙེད་རྙེད་དུ་བརྩོན་པས་འདིའི་གཞུང་ནས་འབྱུང་བའི་ལས་ཚོགས་རྣམས་རྩོམ་ན་གང་ཡིན་པ་དེ་ཐོགས་པ་མེད་པར་འགྲུབ་པར་ངེས་པའོ། །རྫོགས་རིམ་ནི། འདིར་གསང་བ་སེམས་ཀྱི་གེགས་བསལ་བ་ལ། རྣམ་རྟོག་རང་ག་མ་བྱུང་རྒྱལ་དུ་ཤོར་བ་ནི་བསྐྱེད་རྫོགས་སོགས་ལམ་གྱི་ཆོས་གང་བསྒོམ་ཡང་བར་དུ་གཅོད་པས་ན། གཟུགས་ཅན་བསད་ཁྱེར་གྱི་ཇག་རྐུན་དང་འདྲ་བ་ཡིན། རྣམ་རྟོག་དེ་ལམ་དུ་ཁྱེར་བ་ནི། དེ་ཡང་ཕྲ་པ་དང་སྦོམ་བ་རགས་པ་གང་ཡང་། མིག་གི་རྣམ་ཤེས་གཟུགས་དང་། རྣ་བའི་རྣམ་ཤེས་སྒྲ་དང་། སྣའི་རྣམ་ཤེས་དྲི་དང་། ལྕེའི་རྣམ་ཤེས་རོ་དང་། ལུས་ཀྱི་རྣམ་ཤེས་རེག་བྱ་དང་། ཡིད་ཀྱི་རྣམ་ཤེས་ཆོས་ཏེ་ཚོགས་དྲུག་གི་ཡུལ་ལ་ཞེན་པ་ནི་འཁྲུལ་པའི་རྣམ་རྟོག་ཡིན་ཏེ་སྡུག་བསྔལ་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པར་བྱེད་པའི་རྒྱུ་ཡིན་པས་ལམ་དུ་ཁྱེར་བ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་མིག་གི་ཡུལ་དུ་སྐྱེས་པའམ་བུད་མེད་ཟས་ནོར་གྱི་དངོས་པོ་གང་ཡང་རུང་བ་རང་གི་ཡིད་ལ་འབབ་པ་མཛེས་པ་ཞིག་མཐོང་བ་ན། དེའི་ཚེ་ཡང་དག་གི་དྲན་པས་མ་ཟིན་པར་ཡིད་དུ་འཐད་པའི་བློས་དེ་ལ་ཡིད་འཇུག །རིམ་པར་འདོད་པའི་འདོད་ཆགས་སྐྱེ་བས་དེ་དོན་དུ་གཉེར་ཞིང་སྲེད་པས་ལས་ངན་གསོག་གོ །ལམ་དུ་ཁྱེར་བ་ནི། འདོད་ཆགས་ཀྱི་སྣང་བ་དུང་སྐྱེས་དུས་ཆགས་པའི་རྣམ་རྟོག་དེའི་ངོ་བོ་ལ་གཅེར་གྱིས་བལྟ་ཞིང་སྔོན་བསུ་རྗེས་དཔྱོད་ཀྱི་བློ་མ་ཞུགས་པར་ལྷན་གྱིས་བཞག །དེ་བཞིན་དུ་ཡིད་དུ་མི་འོང་བ་དགྲ་ལྟ་བུ་དང་། སྲོག་ཆགས་མ་རུངས་པ་སོགས་མཐོང་བ་ལ་མི་དགའ་ཞིང་ཞེ་སྡང་གི་བློ་སྐྱེས་ན་གོང་བཞིན་དེའི་ངོ་ལ་བལྟ་ཞིང་བཟོ་མེད་དུ་བཞག་པས་ཆགས་སྡང་གི་ལས་མ་གསག་པ་ནི་ལམ་དུ་ལོང་བའོ། །དེ་བཞིན་དུ་སྒྲ་སྙན་པ་ལ་ཆགས་པ་དང་། མི་སྙན་པ་ལ་སྡང་བ་དང་དྲི་ཞིམ་མི་ཞིམ། རོ་བདའ་མི་བདའ། རེག་བྱ་འཇམ་དང་རྩུབ། ཆོས་བདེ་དང་སྡུག་སོགས་ཐམས་ཅད་གོང་བཞིན་ཆགས་སྡང་རང་གའི་དབང་དུ་མ་ཤོར་བར་དེ་དང་དེའི་ངོ་བོ་ལ་བལྟ་ཞིང་། སྤང་བྱའི་རྣམ་རྟོག་དང་། གཉེན་པོའི་ཡེ་ཤེས་ཞེས་དཔྱད་བཟོ་མེད་པར་རང་ངོ་རྗེན་པའི་གཤིས་ཐོག་ཏུ་ལྷོད་དེ་འཇོག་པའོ། །དེ་ལྟར་གུ་རུ་རྟ་མགྲིན་ནག་པོའི་སྒྲུབ་པས་ཕྱི་དགྲ་ཇག་ཆོམ་རྐུན། ནང་གཟའ་ཀླུ །གསང་བ་ཚོགས་དྲུག་གི་རྣམ་རྟོག་ལམ་དུ་ཁྱེར་བ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བརྒྱད་པའོ། ༈ །མན་ངག་དགུ་པ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་དུ་མདུན་གྱི་ནམ་མཁའི་དཀྱིལ་དུ་རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་གྱི་མེ་དཔུང་རབ་ཏུ་འབར་བ་དང་བཅས་པའི་ཀློང་དུ། པདྨ་ཉི་མའི་གདན་ལ་རྩ་བའི་བླ་མ་གུ་རུ་པདྨཱ་ཀ་ར་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ། སྐུ་མདོག་དམར་སྨུག་རབ་ཏུ་ཁྲོས་པ་འཆོལ་བའི་སྐུ་ཅན། ཞལ་རབ་ཏུ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་སྒྲ་སྒྲོག་པ། སྤྱན་གསུམ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཨག་ཚོམ་དང་སྨིན་མ་མེ་ལྟར་འབར་བ། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། མི་མགོ་རློན་པ་ཁྲག་འཛག་པའི་དོ་ཤལ་ཅན། ཐབས་ཤེས་དབྱེར་མེད་པའི་ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པའི་གར་སྟབས་ཀྱིས་ལིང་ལིང་མཛད་པའི་འགྱིང་བག་གིས་རོལ་པའི་སྐུ་ལ་ཟ་འོག་མཐིང་གའི་བེར་ཕོད་དང་། ཆོས་གོས་དམར་པོ་གསེར་གྱི་དྲྭ་རིས་ཅན་དང་། རུས་པའི་རྒྱན་དྲུག་དང་། སྙན་ལ་དུང་གི་ཝང་མིག་འཁྲོལ་ཞིང་རིན་པོ་ཆེའི་གདུ་བུ་གསོལ་བ། ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་རཾ་དང་ཧཱུྃ་དགུས་མཚན་པ་ནམ་མཁའ་ལ་ཕྱར་བས་དངོས་པོ་ཐམས་ཅད་སྐད་ཅིག་གིས་འཇོམས་པ། གཡོན་གནམ་ལྕགས་ཀྱི་ཕུར་བུ་སྐུ་གསུམ་གྱི་ངོ་བོ་སྒྲིལ་ཞིང་གསོར་བ། རྔམ་བརྗིད་ཤིན་ཏུ་ཁྲོས་པ། ཡེ་ཤེས་མེའི་ཚྭ་ཚྭ་འཁྱུག་ཅིང་འུར་ཆོམ་གྱི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པའི་འཁོར་དུ་བདུད་འདུལ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་བཅུས་བསྐོར་བ་ནི། སྟེང་དུ་ཧཱུྃ་ཀཱ་ར། ཤར་དུ་རྣམ་པར་རྒྱལ་བ། ལྷོ་རུ་གཤིན་རྗེའི་གཤེད་ཆེན། ནུབ་ཏུ་རྟ་སྐད་ཅན་ཏེ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་དབྱུག་སྔོན་ཅན། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། འོག་ཏུ་སྟོབས་པོ་ཆེ་སྟེ། ཁྲོ་བོ་ཆེན་པོ་བཅུ་པོ་དེ་ཀུན་ཀྱང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ནི། རིམ་པ་བཞིན་དུ་སྒྲ་འབྱིན་མ་དཀར་མོ་འཁོར་ལོ་འཛིན་པ། མདའ་སྙེམས་མ་སྔོ་སྐྱ་རྡོ་རྗེ། དུར་བདག་སེར་སྐྱ་རལ་གྲི །ཙཎྜ་ལཱི་ལྗང་གུ་དབྱུག་ཏོ། རླུང་འབྱིན་མ་སྔོ་སྐྱ་རྔ་ཡབ། རྡོ་རྗེ་སྡེར་མོ་དམར་སེར་རལ་གྲི །གཏུན་ཁུང་མ་དམར་མོ་ཐོ་བ། རྡོ་རྗེ་སྙེམས་མ་ལྗང་གུ་བུམ་པ། སྐུལ་བྱེད་མ་སེར་སྐྱ་རྩེ་གསུམ། གསོད་བྱེད་མ་སེར་མོ་དགྲ་སཏྭ་བསྣམས་པ་སྟེ། ཡུམ་ཁྲོ་མོ་བཅུ་ཕྱག་གཡས་ཀྱིས་འཁྱུད་ཅིང་གཡོན་དུང་ཁྲག་བསྣམས་པ་དང་ལྷན་ཅིག་ཏུ་རོལ་པ། གཞན་ཡང་དེ་དག་གི་འཁོར་དང་སྟེང་འོག་བར་གསུམ་ཐམས་ཅད་དུ་སྤྲུལ་པའི་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སོགས་མཚོན་ཆ་སྣ་ཚོགས་པའི་ཕྱག་མཚན་བསྣམས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་གྱིས་བསྐོར་ནས་བཞུགས་པར་གསལ་གདབ་བོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས་ནི། གང་ཞིག་གཤེད་མའི་མི་ཡིས་མཐའ་སྐོར་ནས༔ ཞེས་སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་གཙོ་འཁོར་གྱི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་སྐུའི་ཆ་བ་སྤུའི་བུ་ག་དང་། དབུ་སྐྲའི་གསེབ་དང་། ཕྱག་མཚན་རྣམས་ལས་སྤྲུལ་པའི་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པའི་ཚོགས་གྲངས་མེད་པ་དང་། ལྕགས་སྡིག་གི་ཕོ་ཉ་མེ་མཚོན་གྱི་ཚྭ་ཚྭ་འཕྲོ་བ་བུ་ཡུག་འཚུབས་པ་ལྟར་འཕྲོས་པས། བདག་ལ་སྡང་བ་དང་གནོད་ཅིང་འཚེ་བའི་སེམས་དང་ལྡན་པའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་གདོན་བགེགས་ཀུན་གཟིར་ཞིང་བཅོམ་པས་ཕྱེ་མ་དང་དུམ་བུར་བརླགས་ཤིང་བསད་བཅད་གཏུབས་པའི་ཤ་ཁྲག་རུས་པ་ཐམས་ཅད་ལ། ཁྲོ་ཆུང་དང་ལྕགས་སྡིག་སོགས་ཕོ་ཉ་རྣམས་ཀྱིས་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་ཧབ་དིར་དིར་ལྷག་མ་མ་ལུས་པར་རོལ་ཅིང་ཟོས། ཁྲོ་བོ་རྣམས་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་གྱི་མེ་མཚོན་གྱི་གུར་ཁང་མི་ཆོད་མི་ཤིགས་མི་ཕྱེད་པ་སྲ་བརྟན་གྱི་གོང་བུ་གཅིག་ཏུ་གྱུར་པར་བསམ་ཞིང་རྩེ་གཅིག་ཏུ་གསོལ་བ་གདབ་བོ། །དབང་བླང་བ་སོགས་སྤྱི་ལྟར་བྱས་པའི་མཐར་བདག་བསྲེ་ནི། རང་ཉིད་གུ་རུ་ཆེ་མཆོག་པདྨ་གྲོ་ལོད་དུ་གསལ་བའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ཆེ་ཆུང་ནས་འབྲས་ཙམ་གྱི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐའ་མ་ལ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས། གནོད་སེམས་འཆང་བའི་མི་དང་མི་མིན་འབྱུང་པོ་རྣམས་ཀྱི་གདུག་ཅིང་རྩུབ་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་བྱས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་བར་ཆད་མ་ལུས་པ་ཀུན་སེལ་བར་བསམས་ལ་སྣང་གྲགས་ལྷ་སྔགས་ཀྱི་རོལ་པར་བལྟ་ཞིང་རིག་པ་མ་ཡེངས་པའི་ངར་དང་བཅས་པས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་ཏེ། དེ་མ། ཡང་ན་ཨརྩིག་ནིརྩིག་གམ། དེ་གཉིས་གང་རུང་བཟླ། ཡང་ན་ཟུར་ཆག་གི་སྐད་དུ་བསྒྱུར་བའི་རྩ་བའི་སྔགས་ནི། ཨོཾ་བཛྲ་གུ་རུ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྔགས་འདི་གསུམ་པོ་རང་གི་བློ་ལ་གང་མོས་པ་ཉིད་ལ་གཙོ་བོར་བཟླ་བའམ། གསུམ་ཀར་བཟླས་པ་གང་འཐད་བྱ། སྐབས་སུ་རྩ་སྔགས་ཟུར་ཆག་སྐད་འགྱུར་གྱི་ཤམ་བུར་ཧཱུྃ་ཕཊ་ཅེས་བཏགས་པ་དང་། ཧཱུྃ་གི་འཛབ་དབྱངས་ཀྱང་རིག་པའི་ངར་དང་ལྡན་པས་མང་དུ་བཟླ་ཞིང་། སྣང་བའི་ཡུལ་བཟང་ངན་རྣམས་ལ་ཐོགས་རྡུགས་མེད་པར་རིག་པ་ངར་ཕྱུང་རང་ཤར་དུ་རྩལ་ཡང་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་ཆེ་མཆོག་པདྨ་ཁྲོ་ལོད་རྩལ་གྱི་རྩ་བའི་སྔགས་གསུམ་པོ་གང་མོས་བཟླས་ཤིང་ནུས་པའི་རྟགས་ཐོན་ནས་ལས་ལ་སྦྱར་བ་ནི། མན་ངག་གཞན་དང་ཟུར་དུ་བཀོལ་པའི་ཡིག་ཆུང་ལྟར་མཚོན་སྲུང་གི་རིམ་པ་རྣམས་བྱའོ། །རྫོགས་རིམ་ནི། ཕྱི་རོལ་དམག་ཚོགས་མཚོན་གྱིས་གནོད་པའི་འཇིགས་པ་ནི། རང་ལ་ནང་ན་ཞེ་སྡང་སོགས་གཟུང་འཛིན་གྱི་ཉོན་མོངས་ཧྲག་པའི་རྒྱུ་ལས་བྱུང་བས། དེས་ན་སྡུག་བསྔལ་གྱི་རྩ་བ་བདག་འཛིན་གྱི་ཉོན་མོངས་ལམ་དུ་ཁྱེར་བ་སྟེ། དེ་ཡང་ཞེ་སྡང་གི་སྣང་བ་ཀམ་གྱིས་སྐྱེས་པའི་དུས། དྲན་པས་ཅེར་བཟུང་སྟེ་སྣང་བ་འཕྲོ་བ་དེའི་རྗེས་མི་མཐུད་ཅིང་བློ་བཟོ་གང་ཡང་མེད་པར་ཞེ་སྡང་གི་སྣང་བ་ཁོ་རང་གི་རང་ངོ་དེ་ཀའི་ཐོག་ཏུ་ཙན་ནེ་བཞག་པ་ན་ཞེ་སྡང་གི་རྣམ་རྟོག་དེ་རང་སར་ཡལ་ནས་སྤང་བྱ་དང་གཉེན་པོ་སོ་སོ་ཐ་དད་མེད་པར་རང་གི་རིག་པ་གསལ་སྟོང་དུ་རྗེན་ལྷང་གིས་འཆར་བ་ནི། ཉོན་མོངས་ཞེ་སྡང་གནས་གྱུར་པའི་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ལ། དེ་བཞིན་དུ་འདོད་ཆགས་དང་། ང་རྒྱལ་དང་། ཕྲག་དོག་དང་། གཏི་མུག་གང་ཤར་བ་དེའི་ངོ་བོ་ལ་བལྟ་ཞིང་བསྒོམས་པས་ཉོན་མོངས་མ་སྤངས་གནས་སུ་དག་པ་ཡེ་ཤེས་ལྔའི་དོན་རང་ཆས་སུ་རྟོགས་པའི་ཉམས་མྱོང་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང་། ཉོན་མོངས་རང་ག་མའི་དབང་དུ་མ་ཤོར་བར་ལམ་དུ་ལྷོང་པས་ཐ་མལ་འཁྲུལ་པའི་སྐྱོན་གྱིས་མ་བསླད་པའི་དྲན་རིག་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། དོན་དེ་ཁོ་ན་ལ་འབད་པར་བྱའོ། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པས་ཕྱི་རོལ་དགྲ་མཚོན་གྱི་གནོད་པ་དང་ནང་ཉོན་མོངས་དུག་ལྔ་རང་སར་གྲོལ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དགུ་པའོ། ༈ །མན་ངག་བཅུ་པ་གུ་རུ་པདྨ་རྒྱལ་པོ་སྒྲུབ་པ་ནི། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་རང་འོད་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཀློང་དུ་པདྨ་འདབ་མ་འབུམ་ལྡན་ནམ་བརྒྱད་ལྡན་ཉི་ཟླའི་གདན་ལ་མ་ཧཱ་གུ་རུ་པདྨ་རྒྱལ་པོ་གངས་ཆེན་མཚོ་སྟེ། པདྨ་རྒྱལ་པོ་ལ་སྤྲུལ་སྐུ་པདྨ་རྒྱལ་པོ། ལོངས་སྐུ་པདྨ་རྒྱལ་པོ། ཆོས་སྐུ་པདྨ་རྒྱལ་པོ་དང་གསུམ་དུ་ཡོང་བ་ལས་འདིར་ལོངས་སྐུ་དེ་ཡང་པདྨ་རྒྱལ་པོ་ཞེས་པ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཏེ། དོན་ལ་སྤྲུལ་པ་དང་སྤྲུལ་གཞིའི་ཁྱད་པར་ཙམ་ལས་དབྱེར་མེད་ལ། འདི་ནི་སྤྱན་རས་གཟིགས་ཡིན། གངས་ཆེན་མཚོ་ཞེས་པ་ནི་མཛད་པ་དང་གདུལ་བྱ་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་དོན་ཡིན་པས་རྣམ་སྣང་དུ་མ་ཟད་རིགས་ལྔ་ཆར་ལ་སྦྱར་དུ་རུང་གསུངས། དེ་ཡང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། ཕྱག་གཉིས་ཐལ་སྦྱར་གྱི་བར་དུ་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། རུས་པའི་རྒྱན་དང་སྟག་ཤམ་གསོལ་བ། ཞལ་དང་སྤྱན་ཞི་མ་ཁྲོའི་རྣམ་པ། དེའི་པང་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་ཨུཏྤལ་དམར་པོའི་ཅོད་པན་དང་དོ་ཤལ་གྱིས་བརྒྱན་པ། སྤྱི་བོར་འོད་དཔག་མེད་དང་ཐུགས་ཀར་རྡོ་རྗེ་སེམས་དཔའ། པད་འདབ་བརྒྱད་ལ་ཤར་དུ་ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ །ཤར་ལྷོར་ཕྱག་རྡོར་ལྗང་གུ་རྡོ་རྗེ། ལྷོར་ནམ་སྙིང་དཀར་པོ་རལ་གྲི །ལྷོ་ནུབ་ཏུ་སྤྱན་རས་གཟིགས་དམར་པོ་པདྨ། ནུབ་ཏུ་སྒྲིབ་སེལ་ལྗང་གུ་པུསྟི། ནུབ་བྱང་དུ་ཀུན་བཟང་དམར་པོ་རིན་པོ་ཆེ། བྱང་དུ་བྱམས་པ་དཀར་སེར་ཀླུ་ཤིང་། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཞན་ཡང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བར་བསྒོམ། ཚིག་བདུན་གསོལ་འདེབས་ཀྱིས་སྤྱན་འདྲེན། བཞུགས་གསོལ། དབང་བསྐུར། རྒྱས་གདབ། མཆོད་བསྟོད་སྔར་དང་འདྲ། གསོལ་འདེབས་ནི། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ ཞེས་སོགས་དང་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས་གུ་རུ་གཙོ་འཁོར་གྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་སྦྱངས། དེ་དག་གི་སྡིག་དང་སྡུག་བསྔལ་ཐམས་ཅད་སྦྱངས། རིགས་དྲུག་སེམས་ཅན་ཐམས་ཅད་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར། འོད་ཟེར་ལྕགས་ཀྱུ་ལྟ་བུས་དེ་དག་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་དྲངས། ཀུན་ཀྱང་མེ་ཏོག་པདྨའི་སྦུབས་སུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་ཞལ་མཐོང་། མོས་སྤྱོད་ལ་གནས་པ་ཐམས་ཅད་ཀྱང་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔར་གྱུར་ནས་སྤང་རྟོགས་ཀྱི་ཡོན་ཏན་རྩལ་རྫོགས་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་བསམ། དབང་ལེན་པ་སྤྱི་དང་མཚུངས། མཐར་རང་ལ་ཐིམ་པས་རང་ཉིད་འཕགས་པ་པདྨའི་རྒྱལ་པོའི་སྐུར་གྱུར་པའི་ཐུགས་ཀར་རྡོ་རྗེ་སེམས་དཔའ། དེའི་ཐུགས་ཀར་པདྨ་ཉི་ཟླ་ལ། ལྟེ་བར་ཧྲཱིཿ དེའི་གཡས་སུ་ཨཱོཾ། གཡོན་དུ་ཨཱཿ མདུན་དུ་ཧཱུྃ། མཐའ་སྐོར་དུ་ཡི་གེ་དྲུག་པའི་སྔགས་ཕྲེང་གིས་བསྐོར་བ་གསལ་གདབ། ཡང་ན་འབྲུ་བཞི་བརྩེགས་ྈྈབྱས་ཀྱང་རུང་། གང་ལྟར་ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ། ཡང་འོད་ཟེར་གྱིས་རིགས་དྲུག་གི་གནས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཀུན་ཀྱང་པདྨ་རྒྱལ་པོའི་སྐུར་གྱུར་པར་བསམས་ཏེ། ལམ་ཁྱེར་རྣམ་གསུམ་ལས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ། སྒྲ་གྲགས་ཐམས་ཅད་འཕགས་པའི་གསུང་ཡི་གེ་དྲུག་མ། དྲན་རྟོག་ཐམས་ཅད་འཕགས་པའི་ཐུགས་ཀྱི་རོལ་པ་ལས་མི་འདའ་བའི་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ་ཞིང་རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སྔར་ལྟར་རོ། །རྫོགས་རིམ་ནི། སྤྱིར་བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་སྐྱེ་འཆི་བར་དོ་གསུམ་ལམ་དུ་བྱེད་པ་ལས། འདིར་འཆི་བ་འོད་གསལ་གཙོ་བོར་བསྟན་པ་ཡིན་ཏེ། འཆི་བ་ཞེས་བྱ་བ་འོང་བའི་རྒྱུ་ནི་འཕོ་བ་དང་བཅས་པའི་རྣམ་པར་རྟོག་པ་ཡིན། དེ་ལ་སྤྱིར་ཀུན་རྫོབ་རྒྱུའི་ཐིག་ལེ་འཕོ་བ་མེད་པར་བཅིངས་ཏེ་ཟག་མེད་ཀྱི་བདེ་བ་རྒྱུད་ལ་སྐྱེ་བར་བྱེད་པ་འམ། མཆོག་ཏུ་མི་འགྱུར་བའི་དགེ་བ་སྒྲུབ་པ་ཞེས་དཔལ་དུས་ཀྱི་འཁོར་ལོ་སོགས་ནས་གསུངས་ལ། ཀུན་རྫོབ་རྒྱུའི་ཐིག་ལེ་འཆིང་བ་དེ་འཕོ་མེད་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཕོ་བཅས་ཞེས་པ། དོན་ལ་སྔ་མའི་རྣམ་རྟོག་འགག་རྒྱུ་ཞིག་དང་། ཕྱི་མའི་རྣམ་རྟོག་སྐྱེ་རྒྱུ་ཞིག་འདུག་རིང་ལ་འཕོ་བཅས་ཀྱི་རྣམ་རྟོག་ཡིན། སྔ་ཕྱིའི་རྟོག་པས་བར་མི་ཆོད་པའི་མཉམ་གཞག་ཁོར་ཡུག་ཉིན་མཚན་གྱི་བར་མཚམས་མེད་པ་ཞིག་ཏུ་སོང་ན་འཕོ་མེད་ཀྱི་ཡེ་ཤེས་ཡིན། དེས་ན་འཕོ་བཅས་ཀྱི་རྣམ་རྟོག་ཡོད་པ་དེ་སྲིད་དུ་དྲན་འདུན་གྱི་རྩིས་ཡང་དག་པར་བཟུང་ནས་ཉིན་མོའི་སྣང་བ་ལ་རྒྱས་གདབ་ཅིང་། མཚན་མོའི་གཉིད་འཐུག་གི་འོད་གསལ་སྦྱང་བ་འབད་དགོས། འོད་གསལ་དེ་འབྱོངས་པའི་སྔོན་དུ། རྨི་ལམ་གྱི་འོད་གསལ། ཉམས་ཀྱི་འོད་གསལ། སྲབ་མོའི་འོད་གསལ་གསུམ་པོ་ཟིན་དགོས། དེ་བཟུང་བའི་ཐབས་ལ་བཞི། བླ་མའི་མོས་གུས་ལ་བརྟེན་ནས་བཟུང་བ་དང་། རྗེས་གཞིག་ལ་བརྟེན་ནས་དང་། ཧྲིལ་འཛིན་ལ་བརྟེན་ནས་དང་། དཀར་དམར་འདུ་འཕྲོད་ལ་བརྟེན་ནས་བཟུང་བའོ། །དང་པོ་ནི། རང་ལུས་པདྨའི་རྒྱལ་པོའི་སྐུར་གསལ་བའི་སྙིང་ནང་དུ་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་སེམས་དཔའ་སྔར་བཞིན་བསྒོམ། དེའི་ཐུགས་ཀར་ཧྲཱིཿདཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་བསམས་ལ་བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་བཏབ་པས། ཧྲཱིཿལས་འོད་ཟེར་ཉི་མ་ཤར་བ་ལྟ་བུར་འཕྲོས། ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་གང་བས་ལུས་འཇའ་འོད་ཀྱི་རང་བཞིན་དུ་གྱུར། རིམ་པར་གནས་ཁང་དང་ལུང་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་བཀྲ་སལ་ལེ་ཡོད་པར་བསམ་ཞིང་འོད་གསལ་ཤར་བ་ངོས་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་གསལ་བཏབ་སྟེ་གཉིད་དོ། །གཉིས་པ་ནི། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ནས་རང་ལུས་ཡི་དམ་དུ་གསལ་བ་ལ་ཐིམ། དེ་པད་གདན་ནས་ཡར་རིམ་པར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ཏེ་ཧྲཱིཿལ་ཐིམ། དེ་གི་གུའི་བར་དུ་ཐིམ། གི་གུ་ཇེ་ཕྲ་ཇེ་ཕྲར་མི་དམིགས་པར་བཞག །རྟོག་པ་ནམ་ཤར་ཡང་ཡི་དམ་གྱི་སྐུར་ཝལ་གྱིས་ལྡང་། ཡང་སྔར་བཞིན་བསྒོམ། འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བྱ། གསུམ་པ་ནི། སྣོད་བཅུད་ཐམས་ཅད་སྐད་ཅིག་ལ་འུབ་ཀྱིས་འདུས་ནས་རང་ལ་ཐིམ་སྟེ་མི་དམིགས་པར་བཞག །དེ་གཉིས་ལ་རིམ་གྱིས་བསྡུ་བ་དང་། སྐད་ཅིག་ལ་བསྡུ་བའི་ཁྱད་པར་ཙམ་མོ། །བཞི་པ་ནི། རང་ཡི་དམ་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ་པའི་ཡར་རྩེར་ཐིག་ལེ་དཀར་པོ་དང་། མར་སྣེར་ཐིག་ལེ་དམར་པོ་སྲན་མ་ཙམ་རེ་བསྒོམས་ལ། དཀར་པོ་མར་བྱུང་། དམར་པོ་ཡར་བྱུང་ནས་སྙིང་གའི་ཐད་དུ་རེག་ལ་ཁད་དུ་བྱས། ཡང་སོ་སོར་གྱེས། གཉིད་ཡུར་བྱུང་བ་དང། ཡང་རེག་ལ་ཁད་དུ་བྱས་སོ་སོར་གྱེས། མཐར་དཀར་དམར་གཉིས་ཁྲུག་གིས་འདྲེས་ནས་དབུ་མའི་ནང་ཐམས་ཅད་ཁམས་དྭངས་མས་གང་བས་ལུས་ཐམས་ཅད་བདེ་མེར་གྱུར་པའི་ངང་ལ་མ་ཡེངས་པར་གཉིད་ཅིང་། འདུན་པ་ནི་ཡང་ནས་ཡང་དུ་བྱའོ། །དེ་ལྟར་ཉམས་སུ་བླངས་པས་འཁྲུལ་སྣང་དག་སྟེ་འོད་གསལ་གྱི་གདམས་པ་རང་བྱན་ཚུད་ནས། འཆི་ཁ་ཞེས་རྣམ་ཤེས་འོད་གསལ་ལ་ཐིམ་པ་དང་ལྷན་ཅིག་འཆི་བ་ཆོས་སྐུའི་ཞིང་ཁམས་ལ་སངས་རྒྱ་བར་འགྱུར་ཏེ་གྲོལ་བ་ཐོབ་པ་ཞེས་བྱའོ། །བསྐྱེད་རྫོགས་གང་གིའང་ཐུན་མཚམས་རྣམས་སུ་སངས་རྒྱས་དང་བྱང་སེམས་ཀྱི་མཚན་བརྒྱ་དང་། ཟ་མ་ཏོག་གི་མདོ་བཀླག །ཉིན་མཚན་ཐུན་དྲུག་ཏུ་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་བོ། །གུ་རུ་པདྨ་རྒྱལ་པོའི་སྒྲུབ་པས་འཆི་བ་ལམ་དུ་ཁྱེར་བ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་པའོ། །མན་ངག་བཅུ་གཅིག་པ་གུ་རུ་སྣང་མཐའི་སྒྲུབ་པ་ནི། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་ཁམས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་ས་གཞི་ལ་བཻ་ཌཱུརྻའི་མིག་མང་རིས་སུ་བྱས་པའི་སྙིང་པོར་དཔག་བསམ་ཤིང་རིན་པོ་ཆེ་པདྨ་རྣམ་པར་སྣང་བ་ཞེས་བྱ་བ་རིན་པོ་ཆེའི་རང་བཞིན་དཔངས་སུ་དཔག་ཚད་སྟོང་དང་དྲུག་བརྒྱ་པ་ལོ་མ་རེ་རེ་ཡང་བཀྲ་ཤིས་རྟགས་བརྒྱད་དང་། འབྲས་བུ་རེ་རེར་རྒྱལ་སྲིད་སྣ་བདུན་གྱི་བཀོད་པས་མཛེས་པ། སྤྲུལ་པའི་བྱ་ཚོགས་མང་པོས་སྒྲ་སྐད་སྙན་པར་སྒྲོག་པ་དེ་ལྟ་བུ་ལ་སྐུ་རྒྱབ་རྟེན་ནས་པདྨའི་སྡོང་པོ་འདབ་སྟོང་ལྡན་པ་དང་ཟླ་གདན་ལ། ངོ་བོ་གུ་རུ་པདྨ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། ཆོས་གོས་གསུམ་གསོལ་བ། མཛོད་སྤུ་སུམ་ཅུ་རྩ་གཉིས་དཀར་ཞིང་དྭངས་ལ་རྙོགས་པ་དང་བྲལ་བ། ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་དཔེ་རྫོགས་པ། དེའི་ཤར་དུ་སངས་རྒྱས་མི་འཁྲུགས་པ་སྔོན་པོ་ས་གནོན་དང་མཉམ་གཞག་གི་སྟེང་ན་རྡོ་རྗེ་བསྣམས་པ། ཤར་ལྷོར་རྣམ་གཟིགས་ས་གནོན་མཉམ་གཞག །ལྷོར་གཙུག་ཏོར་ཅན་མཉམ་གཞག །ལྷོ་ནུབ་ཏུ་ཐམས་ཅད་སྐྱོབ་སྐྱབས་སྦྱིན་མཉམ་གཞག །ནུབ་ཏུ་འཁོར་བ་འཇིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ནུབ་བྱང་དུ་གསེར་ཐུབ་ཆོས་འཆད་མཉམ་གཞག །བྱང་དུ་འོད་སྲུངས་གཡས་མཆོད་སྦྱིན་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུར་འཛིན་པ། བྱང་ཤར་དུ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། ཐམས་ཅད་ཞབས་རྡོར་སྐྱིལ་ཆོས་གོས་གསུམ་གསོལ་བ། མཚན་དཔེ་ཐམས་ཅད་རྫོགས་ཤིང་རང་རང་གི་བྱང་ཆུབ་ཤིང་དྲུང་ན་བཞུགས་པ་བདུན་ཀའང་གསེར་བཙོ་མའི་མདོག་ཅན་ནོ། །གཞན་ཡང་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མའི་གྲངས་ཙམ་པ་མཐའ་ཡས་པས་བསྐོར་བར་གསལ་གདབ། གནས་གསུམ་དུ་ཡི་གེ་གསུམ་དང་། ཐུགས་ཀའི་ནང་དུ་པད་ཟླ་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿདམར་པོ་བསམ། སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་སྔར་བཞིན་དང་། གསོལ་འདེབས། སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ ཞེས་སོགས་དང་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས། གུ་རུ་གཙོ་འཁོར་ཐམས་ཅད་ཀྱི་མཛོད་སྤུ་དང་ཐུགས་ཀ་གཙུག་ཏོར་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རིགས་དྲུག་གི་གནས་ཐམས་ཅད་ཁྱབ། རིགས་དྲུག་སྤྱི་དང་ཁྱད་པར་སྲིད་པ་བར་དོར་འཁྱམས་པའི་སེམས་ཅན་ཡིད་ལུས་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་གྱི་འཁྲུལ་སྣང་ཐམས་ཅད་སྐད་ཅིག་ལ་སྦྱངས། དེ་དག་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་དྲངས་ནས་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་བསམ་མོ། །དབང་བཞི་སྔར་བཞིན་བླང་། མཐར་འཁོར་རྣམས་གཙོ་བོར་འདུས། གཙོ་བོ་འོད་ཀྱི་གོང་བུར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་ཉིད་འོད་དཔག་མེད་ཀྱི་སྐུར་གྱུར་པར་རང་འདྲའི་ཡེ་སེམས་ཀྱི་ཐུགས་ཀར་རྡོ་རྗེ་ཧྲཱིཿདང་བཅས་པའི་ཐ་མར། ཨཱོཾ་ཨ་མི་ཏ་བྷཱ་ཧྲཱི༔ ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་ཅིང་དགྱེས་པ་བསྐངས། སྲིད་པ་བདུན་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་སངས་རྒྱས་འོད་དཔག་མེད་ཀྱི་སྐུར་གྱུར་པར་བསམས་ལ་གོང་གི་སྔགས་དང་མཚན་བརྒྱ་རྩ་བརྒྱད་པ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་བདུན་སྤྱིའི་སྔགས་དང་། ཀཾ་ཀ་ནི་ཅི་ནུས་བཟླ་ཞིང་། རྗེས་སྡུད་ལྷར་ལྡང་སྔར་བཞིན་བྱ། རྫོགས་རིམ་ནི། བར་དོའི་སྣང་བའི་གཞིའམ་རྩ་བ་ཀུན་འོད་གསལ་གྱི་ངང་དུ་གནས་མ་ནུས་པར་རྣམ་རྟོག་ལས་ཀྱི་རླུང་གིས་བསྐྱོད་པ་ལས་བར་དོའི་འཁྲུལ་སྣང་ཤར་ཏེ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་པས། དེ་ལམ་དུ་ཁྱེར་བའི་ཉམས་ལེན་གྱི་སྙིང་པོ་རྨི་ལམ་བཟུང་བ་དང་། ཟིན་ནས་སྦྱང་བ། སྤེལ་སྒྱུར། བཅད་པ་དང་ལྔ་ཉམས་སུ་ལེན་པ་གལ་ཆེ། དེ་ལ་བཟུང་བ་ནི། རང་གི་མགྲིན་པར་ཧྲཱིཿདམར་པོ་མར་མེ་ལྟར་གསལ་བ་ཞིག་བསྒོམ། དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ལ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པས་བཟུང་། དེས་མ་ཟིན་ན་སྤྱི་བོར་ཧྲཱིཿདཀར་པོ་དང་འོག་སྒོར་དམར་པོ་བསམ། དེ་གཉིས་ཡར་མར་འོང་ནས་ཕྲད་པ་དང་དམར་པོས་དཀར་པོ་དེད་ནས་འབྲོས་འདེད་བསྒོམ། མཐར་དཀར་པོ་ལ་དམར་པོ་ཐིམ་ནས་དམར་སྐྱ་གཅིག་ཏུ་གྱུར་པ་དེ་ཝལ་གྱིས་ཡལ་བས་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་ཁེངས་པར་བསམས་ལ་འདུན་པ་གོང་བཞིན་བྱ། དེས་ཀྱང་མ་ཟིན་ན་ཐུན་མོང་མ་ཡིན་པས་བཟུང་སྟེ། རླུང་བུམ་ཆེན་ཉི་ཤུ་རྩ་གཅིག་བཟུང་། འདུན་པ་དྲག་པོ་ཉེར་གཅིག་བཏང་། ཁ་མཆིལ་མག་གིས་བཀང་ལ་འདུན་པ་གོང་བཞིན་བྱས་པས་ཟིན་ངེས་གསུངས་སོ། །དེ་ཡང་ཡང་གིས་བརྟན་པ་ཐོབ་པར་བསྒོམ་པ་ནི་སྦྱང་བ། ཉུང་ངུ་མང་པོ་དང་། མང་པོ་ཉུང་ངུ་དང་། མེ་ཆུ་རུ་སྒྱུར་བ་སོགས་ནི་སྤེལ་སྒྱུར་དང་། བཅད་པ་ནི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་བཞིན་པས་མཉམ་གཞག་ཏུ་ལྷོད་དེ་རྒྱུད་རིང་པོར་གནས་ནུས་པ་ལ་ཟེར་བ་ཡིན་ཞིང་། རྨི་ལམ་བསྒོམས་པའི་གྲུབ་འབྲས་འདི་ཁོ་ན་ཡིན་གསུངས་སོ། །དེ་ལྟར་ཉམས་སུ་ལེན་པའི་ཐུན་མཚམས་རྣམས་སུ་དཀོན་བརྩེགས་ནས་གསུངས་པའི་འོད་དཔག་མེད་ཀྱི་མདོ་བཀླག་ཅིང་། སེམས་བསྐྱེད་འགྱུར་བ་བཅུ་ལ་འབད། བདེ་ཆེན་ཞིང་སྨོན་མ་ཆག་པར་འདོན། དེས་གུ་རུ་འོད་དཔག་མེད་ཀྱི་སྒྲུབ་པས་བར་དོའི་སྡུག་བསྔལ་རང་སར་ཞི་སྟེ་བདེ་བ་ཅན་དུ་སྐྱེ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་གཅིག་པའོ། །འགྱུར་བ་བཅུ་ནི། སྐུའི་རྟེན་དུ་ལྷ་ཁང་བཞེངས་པ། གསུང་གི་རྟེན་དུ་གླེགས་བམ། ཐུགས་རྟེན་མཆོད་རྟེན། སེམས་ཅན་སྤྱིའི་དོན་དུ་ཟམ་པ་འཛུགས་པ། གཅིག་གི་དོན་དུ་སྲོག་བསླུ་བ་སྟེ་རྩ་བའི་འགྱུར་བ་ལྔ། རྒྱུན་པར་ལྷ་ཁང་ལ་མཆོད་པ། གླེགས་བམ་ཀློག་པ། མཆོད་རྟེན་ལ་བསྐོར་བ། ཟམ་པ་འཛུགས་པ།་་་ཟམ་པ་གསོ་བ། སྲོག་བསླུ་་་གཞན་སྲོག་ལ་མི་གནོད་པ་་་རྣམས་རྒྱུན་མི་ཆད་པར་བྱ་སྟེ། ཡན་ལག་གི་འགྱུར་བ་ལྔ་སྟེ་འགྱུར་བ་བཅུའོ། ༈ །མན་ངག་བཅུ་གཉིས་པ་གུ་རུ་ཀུན་ཏུ་བཟང་པོར་སྒྲུབ་པ་ནི། མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་འོད་འཇའ་ཟེར་གྱི་ཀློང་དུ་པདྨ་ཉི་ཟླའི་གདན་ལ་གུ་རུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་བརྒྱད་སྟེང་ཞལ་བརྩེགས་མ་གཉིས་ཏེ་བཅུ་གང་མོས་བསྒོམས་ཏེ་རྒྱ་ཆད་ཕྱོགས་ལྷུང་བྲལ་བས་ཕྱོགས་བཅུར་གཟིགས་པའི་དོན་དང་། ཞལ་གཅིག་པའི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་མཚན་དོན་ནོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་གཞག །སྐུ་གཅེར་བུ་རྒྱན་མེད་དུ་བསྒོམ། དེའི་དོན་སྐྱིལ་ཀྲུང་ནི་མཐའ་གཉིས་ཀྱིས་མི་གཡོ་བ། མཉམ་གཞག་ནི་འཁོར་འདས་རོ་མཉམ་པ། གཅེར་བུ་ནི་གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་བའོ། །པང་དུ་ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་སྐུ་མདོག་ལྗང་གུ་རྡོར་དྲིལ་འཛིན་པས་ཡབ་མགུལ་འཁྱུད་ཅིང་ཞབས་པདྨའི་སྐྱིལ་ཀྲུང་གིས་རོལ་པ། དེ་ཡང་ཡབ་སྣང་བ་དང་ཡུམ་སྟོང་པ་སྟེ་ཟུང་འཇུག་གདོད་ནས་ལྷུན་གྲུབ་ཀྱི་མཚོན་དོན་ནོ། །དེའི་མདུན་དུ་རྒྱལ་སྲས་རྡོར་སེམས་དཀར་པོ། ཤར་དུ་རྣམ་སྣང་མཐིང་ག །ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་སྣང་མཐའ་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ་རྣམས། རང་རྟགས་ཀྱི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི །གཡོན་ཐམས་ཅད་དྲིལ་བུ་འཛིན་པས་ཡུམ་དང་འཁྲིལ་བ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཤར་ལྷོར་ཕུར་པ། ལྷོ་ནུབ་བཛྲ་ཧེ་རུ་ཀ །ནུབ་བྱང་རྟ་མགྲིན། བྱང་ཤར་དུ་བདུད་རྩི་འཁྱིལ་པ་རྣམས་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་རང་འོད་ཀྱི་ཡུམ་དང་བཅས་པ་དང་། གཞན་ཡང་རིགས་གཅིག །རིགས་ལྔ། རིགས་གསུམ། རིགས་བརྒྱ་སོགས་ཞི་ཁྲོ་རབ་འབྱམས་ཀྱི་ཚོམ་བུ་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། སྤྱན་འདྲེན་རྒྱས་གདབ་མཆོད་བསྟོད་སྔར་བཞིན་དང་། གསོལ་འདེབས། གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་པད་ཟླར་ཡེ་ཤེས་རང་འོད་འཇའ་སྣ་ལྔ་ལྡན་རྨ་བྱའི་མདོངས་ལྟ་བུའི་ལྟེ་བར་ཡི་གེ་ཨཱོཾ་ཨཱཿཧཱུྃ༔ གསལ་བའི་མཐར། འ་ཨ་ཤ་ས་མ་ཧ༔རྣམས་ཀྱིས་བསྐོར་བ་དང་། སྨིན་མཚམས་དང་ཐུགས་ཀ་ནས་འོད་འཕྲོས། དེ་ཡང་འོད་ཟེར་མེ་འོད་ལྟ་བུ་འཕྲོས། རིགས་དྲུག་དང་བར་མ་དོ་སྟེ་སྲིད་པ་བདུན་གྱི་འགྲོ་བ་ཐམས་ཅད་ཀྱི་སྣ་བུག་གམ་སྤྱི་བོ་ནས་ཞུགས། འཁོར་བའི་རྒྱུའམ་རྩ་བ་རྣམ་པར་ཤེས་པའི་ཚོགས་བདུན་ཀུན་གཞིའི་བག་ཆགས་དང་བཅས་པའི་སྡིག་སྒྲིབ་མ་ལུས་པ་བསྲེགས་ཤིང་སྦྱངས། རྣམ་སྨིན་གྱི་ཕུང་པོ་ཐམས་ཅད་བསྲེགས་ཤིང་སྦྱངས། དེ་དག་ཐམས་ཅད་ཀྱི་རིག་པའི་ངོ་བོ་རྒྱལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། མི་འགྱུར་བ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས་སུ་སྦྱངས་པར་བསམ། དབང་བཞི་བླངས་ནས་རང་ལ་བསྟིམས་ཏེ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་པད་ཟླར་ཡེ་ཤེས་འོད་ལྔའི་ཐིག་ལེ་གོང་བཞིན་བསམས་ལ། ལྟེ་བར་རྡོ་རྗེའི་རང་སྒྲ །ཨཱོཾ་ཨཱཿཧཱུྃ༔ འ་ཨ་ཤ་ས་མ་ཧ༔ ཞེས་པའི་འབྲུ་དགུ་ཡས་མར་བརྩེགས་པ་ལ་རིག་པ་གཏད་ཅིང་འཕྲོ་འདུ་སྔར་བཞིན་བྱས་ཏེ་སེམས་ཅན་ཐམས་ཅད་ཀུན་བཟང་དུ་གྱུར་པ་རྣམས་ཀྱིས་ཀྱང་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་བསམ་ཞིང་བཟླས་པ་བྱ། རྗེས་སྡུད་འོད་གསལ་དུ་འཇུག་ལྡང་གོང་ལྟར་རོ། །རྫོགས་རིམ་ནི། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ནི་དངོས་པོར་ཞེན་པའི་འཛིན་པ་ཨ་འཐས་དམ་པོས་བྱས་ལ། དངོས་འཛིན་གྱི་འཁྲུལ་སྣང་དེ་ཟློག་ཅིང་འཇིག་པར་བྱེད་པ་ལ། ལྷུན་གྲུབ་སྒྲོན་མ་བཞིའི་མན་ངག་ཉམས་སུ་བླང་དགོས། དེ་ཡང་ལམ་གཞན་གྱི་དབང་དུ་བྱས་ན་ཁྲེགས་ཆོད་ལྟ་བས་ཕྱི་རོལ་སྣང་བའི་ཡུལ་ལ་དེར་འཛིན་མ་ཞུགས་པས་རང་ཉིད་མི་འཆིང་ཙམ་གྱི་དོན་བྱེད་པ་ལས་འཁྲུལ་སྣང་ཉིད་རང་གྲོལ་དུ་མི་འགྱུར། རང་སར་གྲོལ་ནུས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་དབང་པོའི་སྤྱོད་ཡུལ་མངོན་སུམ་ཤར་བ་ཉམས་སུ་མྱོང་དགོས། དེའི་ལམ་གྱི་ཚུལ་ནི་མན་ངག་རྫོགས་པ་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ་ཐོད་རྒལ་མངོན་སུམ་སྣང་བ་བཞིའི་གདམས་པ་ཉམས་སུ་བླངས་ཏེ། དེ་ཡང་སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིའི་འབྲས་བུ་མངོན་དུ་བྱེད་པ་སོགས་ཐུན་མོང་མ་ཡིན་པའི་བླ་མའི་ཞལ་གྱི་གདམས་པ་ལས་རྟོགས་པར་བྱའོ། །ཐུན་སྐབས་སུ་སངས་རྒྱས་སྲས་གཅིག་ས་བོན་གྱི་རྒྱུད་དང་། བཏགས་གྲོལ་རྒྱུད་དྲུག །གསེར་གྱི་ཞུན་མའི་རྒྱུད་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་ལ་སོགས་པ་མང་དུ་བཀླག་ཅིང་། དེའི་དོན་སེམས་པ་ལ་འབད་པར་བྱའོ། །དེ་ལྟར་གུ་རུ་ཀུན་ཏུ་བཟང་པོའི་སྒྲུབ་པས་འཁྲུལ་སྣང་རང་གྲོལ་དུ་བྱེད་པ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་གཉིས་པའོ། ༈ །མན་ངག་བཅུ་གསུམ་པ་གུ་རུ་རྩ་བའི་བླ་མར་སྒྲུབ་པ་སྟེ། མདུན་གྱི་ནམ་མཁར་པདྨ་འདབ་སྟོང་རྒྱས་པའི་གེ་སར་ཉི་ཟླའི་གདན་གྱི་སྟེང་དུ་ས་བོན་ཨཱཿལས་ངོ་བོ་རྩ་བའི་བླ་མ། རྣམ་པ་གུ་རུ་པདྨ་འབྱུང་གནས་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་བསྣམས་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡུམ་ཟག་མེད་ཀྱི་བདེ་བ་མཆོག་ཏུ་རྒྱས་པ་ཡེ་ཤེས་འོད་ལྔའི་ཀློང་དུ་བཞུགས་པ། དེའི་ཤར་དུ་ཧཱུྃ་ལས་རྣམ་པར་སྨིན་པའི་རིག་འཛིན་དཀར་པོ་རྡོ་རྗེ་འཛིན་པ། ལྷོར་སྭཱ་ལས་ཚེ་ལ་དབང་བའི་རིག་འཛིན་སེར་པོ་འཁོར་ལོ། ནུབ་ཏུ་ཨཱོཾ་ལས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དམར་པོ་པདྨ། བྱང་དུ་ཧཱ་ལས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལྗང་གུ་རྒྱ་གྲམ་འཛིན་པ་བཞི་ཀ་མཉམ་གཞག །མཚམས་བཞིར་ཧྲཱིཿལས་ཤེས་རབ་རྒྱུད་ཀྱི་སློབ་དཔོན། ཉམས་ཆག་སྐོང་བའི་སློབ་དཔོན། དམ་ཚིག་དབང་གི་སློབ་དཔོན། མན་ངག་ལུང་གི་སློབ་དཔོན་ཏེ་བརྒྱད་ཀ་ཆ་ལུགས་གཙོ་བོ་དང་མཐུན་པ། སློབ་དཔོན་བཞི་པོ་མཉམ་གཞག་གི་སྟེང་ན་ཐོད་པ་དང་བུམ་པ་འཛིན་པ། རང་རང་གི་ཁ་དོག་དང་མཚུངས་པའི་ཡུམ་དང་སྦྱོར་བ། གཞན་ཡང་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། སྤྱན་འདྲེན། མཆོད་པ། བསྟོད་པ་སོགས་སྤྱི་ལྟར་དང་། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ སོགས་ཅི་མང་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས། གུ་རུའི་དཔྲལ་བ་ནས་སྐུ་མང་དུ་བྱོན་ནས་རང་གི་དཔྲལ་བར་ཐིམ། ལྗགས་སྟེང་ནས་གསུང་ཡིག་འབྲུ་མང་དུ་བྱོན་ནས་རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཕྱག་མཚན་མང་པོ་བྱུང་རང་གི་སྙིང་གར་ཐིམ། ལྟེ་བ་ནས་ཐིག་ལེ་དང་ཐིག་ཕྲན་མང་པོ་བྱུང་རང་གི་ལྟེ་བར་ཐིམ། གསང་གནས་ནས་མེ་རླུང་ཆུ་གསུམ་བྱུང་། རང་གི་གསང་བར་ཐིམ་པ་དེ་ལྟ་བུའི་ཚུལ་གྱིས་དབང་བླང་བ་ཕྱིའི་དབང་བཞི། འཁོར་རྣམས་གཙོ་བོར་འདུས། གུ་རུ་རང་གི་སྤྱི་བོར་བྱོན་ཡབ་ཡུམ་མཉམ་སྦྱོར་གྱི་བྱང་སེམས་རང་གི་སྤྱི་བོ་སོགས་རིམ་པར་གང་བའི་དབང་བཞི་བླང་བ་ནང་གི་དབང་བཞི། བླ་མ་ཡབ་ཡུམ་སྤྱི་བོ་ནས་མར་བྱོན་སྙིང་གའི་དབུས་སུ་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཉི་ཟླའི་སྟེང་ན་གུ་རུའི་སྐུ་མཚོན་གང་བ་མཚན་དཔེའི་གཟི་བྱིན་ཆེས་ཆེར་འབར་བ་ཞིག་བསྒོམ། དེའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་ནས་འབྲུ་ཙམ་གྱི་ལྟེ་བར་འོད་ལྔའི་ཐིག་ལེའི་དབུས་སུ་ཡི་གེ་ཨཿ མཐའ་སྐོར་འོད་ལྔ་ལུ་གུ་རྒྱུད་ཀྱི་ཐིག་ལེ་རེ་རེའི་སྟེང་དུ། ཨཱོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་ཡིག་འབྲུ་རེ་རེ་གནས་པ་ལུ་གུ་རྒྱུད་དུ་འཁོར་བའི་འཕྲོ་འདུ་སྔར་བཞིན་གྱི་དམིགས་པ་དང་བཅས་སྔགས་ཅི་འགྲུབ་བཟླ། དེ་ཡང་སྣང་སྲིད་སྐུ་དང་ཞིང་ཁམས་སུ་གསལ་བ་དང་། ཐུགས་ཀའི་ས་བོན་སྔགས་ཕྲེང་གི་འཕྲོ་འདུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེས་པར་བསམ་ཞིང་བཟླའོ། །ཐུན་མཚམས་རྣམས་སུ་བླ་མའི་མོས་གུས་གནད་དུ་བསྣུན་ཏེ། དྲན་པ་ཙམ་གྱིས་ཀྱང་འགལ་རྐྱེན་སྡུག་བསྔལ་ཐམས་ཅད་འཇོམས་ཤིང་། དགའ་བདེ་གནམ་ས་འཐབ་པ་ལྟ་བུའི་བྱིན་རླབས་དང་དངོས་གྲུབ་ཆར་བཞིན་འབེབ་པར་དམིགས་ལ་ཚིག་བདུན་གསོལ་འདེབས་ལེ་བདུན་སོགས་དང་། རྩ་བའི་བླ་མའི་མཚན་བསྟོད་དུང་དུང་ཀློག་པ་ལ་འབད་དོ། །རྫོགས་རིམ་ནི། ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་པ་སྟེ། དེ་ལ་ཟབ་ཅེས་པ། སེམས་ཀློང་གསང་སྐོར་སོགས་ཀྱི་དོན་ནི་ཟབ་པ། སྦྱོར་དྲུག་སོགས་དང་ཁྱད་པར་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་དོན་ནི་གསལ་བ། ནཱ་རོ་ནི་གུ་ལམ་འབྲས་སོགས་ཞུ་བདེའི་ལམ་བསྒོམ་པ་ནི་བདེ་བ་སྟེ། དེ་ཐམས་ཅད་ཀྱི་དོན་གྱི་འགག་ནི་བླ་མའི་མོས་གུས་ལ་འདུ། དེ་ཡང་འདས་མ་འོངས་ད་ལྟའི་རྣམ་རྟོག་གིས་མ་བསླད་པའི་ཤེས་པ་རིག་རིག་འགྱུ་འགྱུ་འདི་ལ་བལྟས་ཚེ་ངོ་བོ་ངོས་བཟུང་གང་དུའང་མ་གྲུབ་ལ། གདངས་མོས་གུས་སུ་ལྷང་ངེ་བའི་དྲན་རིག་དེ་ཁ་དྲན་པས་ཟིན་བཞིན་མ་བཅོས་པར་སྐྱོང་བ། བླ་མའི་ཐུགས་དང་དབྱེར་མེད་པའི་ངང་བསྒོམ་ལ་ལ་བཟླ་བའི་མཉམ་གཞག་ལ་བསླབ་བོ། །དེས་ན་སྒྲུབ་ཐབས་ཀྱི་སྙིང་པོ་ལྟ་བུ་རྩ་བའི་བླ་མར་བསྒྲུབས་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱེད་པའི་མན་ངག་ཡིད་བཞིན་ནོར་བུ་དང་འདྲ་བའི་ལེའུ་བཅུ་གསུམ་པའོ། ༈ །དེ་ལྟར་རྩ་བ་དང་ཡན་ལག་གི་རྣལ་འབྱོར་གང་གི་ཚེ་ཡང་བསྐྱེད་རིམ་ལ་སྐུ་མདོག་རྒྱན་དང་ཆ་ལུགས་ཕྱག་མཚན་བཞུགས་སྟངས་སོགས་རྣམ་པ་གསལ་ཐེབས་ཤིང་། དེ་ཀའི་ང་རྒྱལ་ལ་གནས་ཉམས་བརྟན་པ་དང་པོའི་བརྡ་དོན་དག་པ་དྲན་པ་རྣམས་ནན་ཏན་གྱིས་ཉམས་སུ་བླང་ཞིང་། སྔགས་ཀྱི་རིམ་པ་དག་ཀྱང་ཆད་ལྷག་ནོར་འཁྲུལ་དུ་མ་སོང་བ་རིང་ཐུང་སོགས་བརྡ་དག་ཅིང་སྐྱོན་དང་བྲལ་བར་ངག་བཟླས་གྲངས་ཚད་རྫོགས་པར་བཟླ་བ་དང་། རླུང་ཁ་སྦྱོར་གྱི་ངང་ནས་ཟླ་བ་འགོག་པ་ཐུན་མོང་དང་ཁྱད་པར་གྱི་རྡོར་བཟླས་ལ་བརྩོན་པས་བསླབ་པ་དང་། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་རྣམས་ཀྱང་སོ་སོའི་མན་ངག་བཞིན་རྩེ་གཅིག་ཏུ་འབད་པས་བསྒོམ་པར་བྱའོ། །རྗེས་ཐོབ་རྣམས་སུའང་ལས་འབྲས་ཀྱི་དོན་ལ་གཞིག་སྟེ་སྒོ་གསུམ་གྱི་བླང་དོར་མཐའ་དག་བྱོལ་ཉོག་ཏུ་མ་སོང་བ་རྒྱུ་དང་འབྲས་བུ་ཕྲ་ཞིང་ཞིབ་པར་ཤན་ཕྱེ་སྟེ་མི་དགེ་སྡིག་པ་མཐའ་དག་སྤང་བ་དང་། དགེ་བ་ཕྲ་མོ་ནས་དང་ལེན་གྱིས་སྒྲུབ་པའི་ལག་ལེན་གཙོ་བོར་འབད་ཅིང་། ཉམས་ལེན་གྱི་གནས་སྐབས་མཉམ་རྗེས་ཐམས་ཅད་དུ་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཐར་ཐུག་བླ་མའི་མོས་གུས་ཁོ་ན་ལ་གཙོ་བོར་བྱ་བ་སྟེ་བཟང་ངན་ཅི་བྱུང་ཡང་གུ་རུ་རྩ་བའི་བླ་མ་ཉིད་སངས་རྒྱས་དངོས་སུ་ཡིད་ཆེས་པས་གསོལ་འདེབས་ཀྱིས་ལམ་དུ་བྱ་བ་ལས་བཟང་པོ་ལ་དགའ་བྲོད་རློམ་ཞེན། ངན་པ་ལ་སེམས་ལྷོང་སོགས་གང་ལ་ཡ་ང་སྙེམས་འཕྲིགས་ཡང་སྒྱིད་ལུག་གི་དབང་དུ་མི་གཏང་བར་རྐྱེན་ཐམས་ཅད་རང་སེམས་རྣམ་རྟོག་རྟེན་འབྲེལ་གྱི་རོལ་པར་ཤེས་པར་བྱ་བ་དང་། མོས་གུས་དང་དམ་ཚིག་ལ་ངོ་ལྐོག་མེད་པར་སྲོག་ལས་གཅེས་པར་བཟུང་སྟེ་རང་སེམས་དཔང་དུ་བཙུགས་པར་བྱ་ཞིང་། མདོར་ན་ཀུན་གཞིའི་རྣམ་ཤེས་འདི་ལ་སྒྱུ་མ་ལྟ་བུ་རིག་པའི་རྒྱས་བཏབ་ནས་མ་ཡེངས་དྲན་པའི་རྩིས་ཟིན་པར་བྱས་ཏེ། མཉམ་རྗེས་ཉིན་མཚན་གྱི་ཐུན་མཚམས་མ་འདྲེས་ཀྱི་བར་དུ་འབད་ཅིང་། ཐུན་ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་ནི་དགེ་ཚོགས་འདུ་བྱས་པ་ཐམས་ཅད་ཆུད་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་བྱ་བ་ཡིན་ལ། བྱང་ཆུབ་ཀྱི་བར་དུ་སེམས་ཅན་གྱིས་དོན་དུ་ལྷག་བསམ་གྱི་འདོད་དོན་ལ་སྨོན་པ་ནི་སྨོན་ལམ་ཡིན་ཏེ་ཚིག་ཏུ་སྨོས་ནས་འདོད་དོན་ཡིད་ལ་གདུང་བས་སྨོན་ལམ་བཏབ་སྟེ། བསྔོ་བ་དང་སྨོན་ལམ་གྱི་བྱེད་ལས་རང་དོན་བྱང་ཆུབ་དང་གཞན་དོན་རྒྱ་ཆེན་པོ་འགྲུབ་པའོ། །གཞན་ཡང་གདམས་པ་ཉམས་ལེན་གྱི་ཁ་སྐོང་འགྲོ་དུས་བསྐོར་བ། ཟས་ཚོགས་འཁོར། སྨྲ་བརྗོད་དམ་དབུགས་གསང་སྔགས་ཀྱི་རང་སྒྲ །རིག་པ་ཆོས་སྐུ །འགྱུ་དྲན་རྣམ་ཤེས་སྒྱུ་མའི་འཕྲུལ་དུ་གོ་བ་དང་། ཚོགས་དྲུག་གི་སྣང་བ་ཅི་ཤར་ཅི་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པས་ལམ་དུ་ཁྱེར་རོ། །མདོར་ན་རྒྱལ་བའི་བཀའ་ལ་མི་བསླུ་བར་ཡིད་ཆེས་པའི་དད་པ་བརྟན་པོས་བླ་མ་དང་སངས་རྒྱས་བྱང་སེམས་འཕགས་པ་རྣམས་དགྱེས་པའི་ལས་སྒོ་གསུམ་བག་ཡོད་བརྟེན་པ་དང་། ཐུན་མོང་དང་ཐུན་མིན་གྱི་ཆོས་སྤྱོད་མཐའ་དག་ལ་བརྩོན་པ་དང་། ལྷག་བསམ་བཟང་པོས་གཞན་ལ་ཕན་པའི་ལས་དགེ་བ་མཐའ་དག་འབད་པ་སྟེ། རང་གཞན་མི་བསླུ་བ་གཏན་གྱི་བདེ་བ་ཐར་པ་བྱང་ཆུབ་ཀྱི་ལམ་བཟང་པོ་ལ་འཇུག་པ་ལ་སྐྱོ་ངལ་མེད་པའི་སྤྱོད་པ་བརྩམས་ཏེ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་སྡོམ་པ་རྣམ་པར་དག་པ་ལ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོངས་སུ་འདུ་བ་ཡིན་གསུངས་སོ། །དེ་དག་གིས་དངོས་གཞིའི་བྱེ་བྲག་གི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་རྣམ་གྲངས་བཅུ་གསུམ་ལེགས་པར་བཤད་ཟིན་ཏོ། །ཨེ་མ་ཧོ། དེང་དུས་གངས་ཅན་ལྗོངས་འདིར་ཐུབ་བསྟན་གྱི། །སྙིང་པོ་རྡོ་རྗེ་ཐེག་པའི་ལམ་སྲོལ་ཀུན། །མཁྱེན་བརྩེ་ནུས་མཐུས་མི་ནུབ་འཛིན་མཛད་མགོན། །གང་དེའི་བཀའ་དྲིན་དྲན་པས་སླར་ཡང་འདུད། །མཆོག་དེའི་ཐུགས་བསྐྱེད་རྣམ་གྲོལ་དྭངས་པའི་མཚོར། །པད་འབྱུང་བྱིན་རླབས་ཡིད་བཞིན་དབང་གི་རྒྱལ། །གསལ་ལས་འདོད་དགུའི་ཡོན་ཏན་མཆོག་མངའ་བའི། །ཆ་ཤས་གུ་རུའི་སྒྲུབ་ཐབས་ངོ་མཚར་ཕུལ། །ཡོངས་འདུས་སྒྲུབ་ཐབས་སྤྱི་དང་བྱེ་བྲག་བཅས། །གནས་སྐབས་མཐར་ཐུག་འདོད་དགུ་འབྱུང་བའི་གཏེར། །གསལ་བྱེད་ལྡེ་མིག་ཟིན་བྲིས་བཏབ་པའི་དགེས། །བསྟན་འགྲོ་ཡོངས་ཀྱི་ལེགས་ཚོགས་འཕེལ་རྒྱས་ཤོག །རྒྱལ་བསྟན་སྤྱི་དང་རྡོ་རྗེ་ཐེག་པ་ཡི། །ལམ་སྲོལ་མཐའ་དག་དར་རྒྱས་ཡུན་གནས་ཤིང་། །སྐྱེས་མཆོག་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་འཕེལ། །སྐྱེ་དགུ་ཡོངས་ལ་བདེ་སྐྱིད་དཔལ་འབར་ཤོག །རིགས་དྲུག་འཁོར་བའི་མ་རྒན་སེམས་ཅན་རྣམས། །བླ་མའི་སྒྲུབ་ཐབས་ལམ་མཆོག་འདིར་ཞུགས་ནས། །ཚོགས་གཉིས་མཐུ་རྒྱས་སྐུ་གཉིས་མངོན་གྱུར་ཏེ། །དོན་གཉིས་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །བླ་མའི་མོས་གུས་གསོལ་འདེབས་ཀྱི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མན་ངག་འདི་ནི། ཤིང་ཡོས་ལོར་ཤངས་སྟག་རྣར་བདག་སོགས་སྐལ་ལྡན་ལྔ་ཙམ་ལ་བཀའ་གསང་ཞིབ་རྒྱས་སུ་གནང་བའི་དུས་རང་ཉིད་ཀྱི་དྲན་པའི་གཟུངས་སུ་ཟིན་བྲིས་སུ་བཏབ་པ་ལས་སླར་ཡང་རྒྱས་འགྲེལ་ཁྲིད་ཡིག་ལྟ་བུ་བྲིས་ཤིག་ཅེས་ཁྱབ་བདག་རྩ་བའི་བླ་མའི་བཀས་གནང་བར་བརྟེན། ཆུ་ཕོ་སྤྲེའུ་ལོ་ནག་པས་ཉ་བའི་ཡར་ངོའི་དུས་ཆེན་བཟང་པོ་ལ་རྗེ་བླ་མ་རིག་འཛིན་རྒྱལ་བའི་སྤྱི་གཟུགས་གང་གི་ཞབས་རྡུལ་སྤྱི་བོས་མཆོད་ཅིང་གསུང་གི་གསང་བས་དབུགས་དབྱུང་བ་ཐོབ་པའི་རྣལ་འབྱོར་པ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱིས་གཡས་རུ་ཤངས་ཀྱི་རི་ཁྲོད་བདེ་ཆེན་འབའ་ར་བྲག་གི་ཡང་དགོན་བླ་བྲང་དུ་སུག་བྲིས་སུ་བཏབ་པའི་དགེ་བས་གངས་རིའི་ཁྲོད་ཀྱི་བསྟན་འགྲོ་མཐའ་དག་ལ་ཕན་བདེའི་ལེགས་ཚོགས་རྒྱ་ཆེན་པོ་འབྱུང་བ་དང། དཔལ་ལྡན་བླ་མའི་བསྟན་པ་རིན་པོ་ཆེ་ས་སྟེང་ཐམས་ཅད་དུ་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་ཤིང་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྐྱེན་མཆོག་ཏུ་གྱུར་ཅིག །ལམ་འདིར་ཐོས་བསམ་སྒོམ་བྱེད་རྣམས། །ཉེར་འཚེ་ཀུན་ཞི་བསམ་དགུ་འགྲུབ། །བྱང་ཆུབ་བར་དུ་མ་ཧཱ་གུ་རུས། །རྗེས་བཟུང་དོན་གཉིས་ལྷུན་གྲུབ་ཤོག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).