Terdzo-SIDDHAM-019
རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་མཚམས་སྦྱོར་ལག་ལེན་
by ([[Karmapa, 15th|]])
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle སྔགས་གསོ་བདུད་རྩིའི་རོལ་མཚོ་ (Sngags gso bdud rtsi'i rol mtsho)
parent cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 67 (སིདྡྷཾ) / Pages 427-432 / Folios 1a1 to 3b3
ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྩ་གཞུང་ལ། གཏེར་ཆེན་ཉིད་ཀྱི་མན་ངག་གིས་བརྒྱན་པ། ཉམས་ཆག་སྐོང་བའི་ཐབས་ལ་མཆོག་ཏུ་བསྔགས་པ། རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་སྐབས་སུ། དཔོན་སློབ་ཚོགས་ནས་ལོ་རྒྱུས་ཀྱི་མཚམས་སྦྱར་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་པའི་གཡང་ས་ལས་བསྐྱབ་སྟེ། སྐུ་དང་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ཀྱི་བདག་ཉིད་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ལམ་ཐམས་ཅད་ཀྱི་ཕུལ་དང་རྩེ་མོར་གྱུར་པ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པ་ལ། ལས་དང་། རྐྱེན་དང་། བག་མེད་པ་དང་། རྨོངས་པའི་དབང་གིས་གསང་བ་གཉན་པོའི་འདའ་དཀའ་རྡོ་རྗེའི་གནས་མཐའ་དག་ལ། ཚོར་དང་མ་ཚོར་བའི་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དག་ཚངས་སུ་བགྱི་བའི་སླད། ཁྱབ་བདག་བླ་མ་རྒྱལ་བ་ཞི་ཁྲོ་རྩ་གསུམ་འདུས་པའི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པའི་སྣོད་རུང་། རྒྱུད་དག་པར་བྱེད་པ་རིགས་དྲུག་གནས་སྦྱོང་གི་ཆོ་ག་དང་། སྒོ་གསུམ་སྨིན་པར་བྱེད་པའི་དབང་བསྐུར་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་གདབ་སྟེ་གསན་འཚལ། དེའང་མ་ཧཱ་གུ་རུའི་ཞལ་ནས། རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི༔ དངོས་གྲུབ་རྩ་བ་དམ་ཚིག་སྟེ༔ གལ་ཏེ་ཉམས་ཆག་བྱུང་བ་ན༔ འབྲས་བུ་མེད་ཅིང་ངན་འགྲོར་ལྟུང༔ དེ་ཕྱིར་གསང་སྔགས་སྒོར་ཞུགས་རྣམས༔ ཉམས་པ་སྐོང་བའི་ཆོ་ག་ནི༔ དུས་དང་རྒྱུན་དུ་བརྩོན་པ་ཡིས༔ དག་ཅིང་དྲི་མེད་དངོས་གྲུབ་ཐོབ༔ ཅེས་བཀའ་བསྩལ་པ་བཞིན། རང་རེ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱི་དམ་ཚིག་ཉམས་ན་འབྲས་བུ་མེད་ཅིང་། འདི་དང་ཕྱི་མར་བརླག་པར་འགྱུར་བས་ན། དམ་ཚིག་ཉམས་ཆག་ཉེས་ལྟུང་རྣམས་གསོ་ཞིང་སྦྱོང་བའི་ཐབས་ལ་འབད་པ་གལ་ཆེ་ཞིང་། དམ་ཚིག་གི་ཚུལ་ས་མ་ཡ་འབུམ་སྡེར་གསུངས་པ་ཐམས་ཅད་ཀྱང་། མདོར་དྲིལ་ན། རྩ་བ་དང་། ཡན་ལག་གཉིས་སུ་འདུ་བས། རྩ་བའི་དམ་ཚིག་ཉམས་ན་གསོ་བའི་ཆོ་ག་ཚུལ་བཞིན་མ་བགྱིས་ན། ཚེ་འདིར་ཡིད་དུ་མི་འོང་བ་སྣ་ཚོགས་དང་། ཕྱི་མར་མནར་མེད་པའི་སྡུག་བསྔལ་དར་དྲག་ལ། ཡུན་རིང་བ་མྱོང་བར་ངེས་ཤིང་། ཡན་ལག་གི་དམ་ཚིག་ཉམས་པ་རྣམས་ཀྱང་། ཆོ་ག་ཟབ་མོའི་སྒོ་ནས་མ་བཤགས་ན་དངོས་གྲུབ་ཀྱི་གེགས་སུ་འགྱུར་བར་གསུངས་ན། དེང་སང་གི་སྐྱེ་བོ་སྔགས་ཀྱི་སྒོར་ཞུགས་པ་ཕལ་མོ་ཆེ་རྣམས། འདོད་ནི་ཚེ་གཅིག་གིས་སངས་རྒྱ་བར་འདོད་ལ། བྱེད་པ་ནི་དམ་ཚིག་ཉམས་པ་ཁོ་ནར་སྤྱོད་པའི་ཕྱིར། ཅི་ནས་ཀྱང་དམ་སྐོང་གི་གདམས་པ་ཟབ་མོ་ཉམས་སུ་བླངས་ཏེ། རྒྱུད་གཙང་དག་ཏུ་བསྒྲུབ་པ་གལ་པོ་ཆེ་ཡིན་ལ། དེས་ན་དམ་ཚིག་ལ་སྐྱོན་ཆགས་པ་རྣམས་གསོ་ཞིང་སྦྱོང་བའི་ཐབས་ལ་བརྩོན་ན། ཉམས་ཆག་ཐམས་ཅད་བྱང་ནས་དངོས་གྲུབ་འབད་རྩོལ་མེད་པར་འཐོབ་པ་གདོན་མི་ཟ་བས། རྒྱུན་དུ་ཉམས་ཆག་སྐོང་བའི་ཆོ་ག་ལ་འབད་དགོས། དེ་ལྟ་བུའི་ཆོ་གའི་རིམ་པ་ཡང་། རྒྱལ་བ་ཚད་མེད་པའི་ཐུགས་རྗེའི་མངའ་བདག་དེ་ཉིད་ཀྱིས། གདུལ་བྱ་སོ་སོའི་མོས་བརྩོན་དང་འཚམ་པར། ཐེག་པ་གོང་འོག་གི་མདོ་རྒྱུད། བཀའ་གཏེར་གྱི་སྒོ་རྒྱ་མཚོ་ལྟ་བུ་ཞིག་བསྟན་པ་ལས། སྐབས་སུ་བབས་པ་འདི་ནི། སྙིགས་དུས་ཀྱི་སྐྱོབ་པ་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་ལས་བྱོན་པའི་གཏེར་གཞུང་རྩ་བ་ལ། བཀའ་འདུས་སྒྱུ་འཕྲུལ་ཞི་ཁྲོ་ལ་སོགས་པ་གྲུབ་པའི་མན་ངག་གིས་བརྒྱན་ཏེ། རྒྱུད་ལུང་དགོངས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་བའི་ཚུལ། རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཞེས་བྱ་བའི་གདམས་ངག །ཟབ་ཆོས་ཀྱི་མངའ་བདག །ལྷ་སྲས་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་༧འགྲོ་འདུལ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་གང་གི་ཞལ་སྔ་ནས། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་དོན་དུ་ཡིད་བཞིན་ནོར་བུ་ལས་ཀྱང་ཁྱད་པར་ཆེས་རྨད་དུ་བྱུང་བ་གཏན་ལ་ཕབ་ཅིང་ཁྲིགས་སུ་བསྡེབས་པའི། ཉམས་ཆག་སྐོང་བའི་ཆོ་ག་ཟབ་མོ་འདི་ཉིད་ལ་ཅི་དགར་འཇུག་པའི་སྣོད་རུང་སྨིན་བྱེད་དབང་གི་ཆོ་ག་ཟབ་མོ་བསྒྲུབ་པར་བགྱི་བ་ལ། སྦྱོར་དངོས་རྗེས་གསུམ་དུ་ཡོད་པ་ལས། དང་པོ་སྦྱོར་བ་ལ། བཤགས་ཡུལ་གསལ་གདབ་པ། མཎྜལ་འབུལ་ཞིང་གསོལ་བ་གདབ་པ། ལྟུང་བ་བཤགས་པ། སྡོམ་པ་གཟུང་བ། དམ་ལ་གཞག་པ་དང་ལྔའི་དང་པོ་བཤགས་ཡུལ་གསལ་གདབ་པ་ལ་འདུན་པ་འདི་བཞིན་དུ་མཛོད། ཐོག་མར་རང་རེ་རྣམས་གང་དུ་གནས་པའི་ས་ཕྱོགས་འདི་ཉིད། འོག་མིན་ཐར་པ་ཆེན་པོའི་ཞིང་གི་བཀོད་པ་དང་མཉམ་པའི་མཆོད་པའི་དཀྱིལ་འཁོར་བླ་ན་མེད་པའི་དབུས་སུ། རང་རང་གི་མདུན་གྱི་ནམ་མཁར་བཤགས་ཡུལ་གྱི་ཞིང་། མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ་སྐུ་གསུམ། རྣམ་འཕྲུལ་བཅུ་གཉིས། རྩ་བ་དང་བརྒྱུད་པར་བཅས་པའི་ཚོགས་རྣམས་དང་། བདེ་གཤེགས་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བ། མཁའ་འགྲོ། དཔའ་བོ། དམ་ཅན་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན། དམ་ཚིག་གི་བདག་པོ་ཇི་སྙེད་པའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་དེ་རྣམས་དང་། བདག་རྡོ་རྗེ་སློབ་དཔོན་གྱི་རྡོ་རྗེ་ལྔ་ཡི་བཀོད་པ་གཅིག་དང་དུ་མ་ཡོངས་གྲོལ་གྱི་བདག་ཉིད་ཅན་དུ་བཞུགས་པ་ལ། སླར་ཡང་དབྱིངས་ན་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་པས་བསྙེན་བཀུར་བ་ལ་སོགས་པ་ཚིག་རིས་ལས་འབྱུང་བ་བཞིན། གུས་པའི་ཡིད་རྩེ་གཅིག་པས་འདི་ཉིད་དཔོན་སློབ་དང་ཆབས་ཅིག་ཏུ་མཛད་འཚལ། ཞེས་མཚམས་སྦྱར་ནས། ཨོཾ༔ ཡེ་ཤེས་སྐུ་མཆོག་སོགས་མཐར་ཆགས་སུ་བསྒྲུབས་ནས། མར་མེའི་སྨོན་ལམ་གྲུབ་རྗེས། དེ་རྣམས་ཀྱི་སྒོ་ནས་གསང་སྔགས་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྲོག་ལས་གཅེས་ཤིང་། མེད་དུ་མི་རུང་བ། ཆོ་གའི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་། ཉམས་སུ་བླངས་པའི་ཕན་ཡོན་ཀྱང་། མ་ཧཱ་གུ་རུའི་རྡོ་རྗེའི་ལུང་ལས། འདི་ལ་གཡར་དམ་ཉམས་ལེན་སུས་བྱས་པ༔ མཚམས་མེད་ལྔ་སོགས་ལས་ཀྱི་སྒྲིབ་པ་རྣམས༔ བསྐལ་པ་འབུམ་ཐེར་བར་དུ་བསགས་པ་རྣམས༔ མེ་ལོང་བག་རྡུལ་ཕྱིས་བཞིན་དག་པར་འགྱུར༔ དངོས་གྲུབ་དང་བཅས་རིག་འཛིན་གྲལ་དུ་འཁོད༔ ཐ་ན་ཆོ་ག་ལན་གཅིག་འགྲུབ་འགྱུར་ཀྱང༔ བསྐལ་པ་འབུམ་གྱི་འཁོར་བ་བསྙིལ་བྱེད་ན༔ མང་དུ་བསྒྲུབས་ན་དེ་བས་སྨྲོས་ཅི་དགོས༔ དེ་ཕྱིར་འདི་ལ་ནན་ཏན་བྱེད་པ་གནད༔ ཅེས་ཕན་ཡོན་དང་དོ་གལ་ཆེན་པོས་འབད་དགོས་པར་གདམས་པར་མཛད་པ་བཞིན། དགོས་ཆེད་ཀྱི་སྙིང་པོ་ཁྱད་པར་དུ་གྱུར་པ་མདོ་རྒྱུད་ཀུན་ནས་ཆེ་ཐང་དུ་བསྔགས་པ་བཞིན་ངེས་པ་མ་ཟད། དཀྱིལ་འཁོར་ཆེན་པོ་འདིར་ལན་གཅིག་ཞུགས་ཀྱང་། ངན་སོང་ལ་རྒྱབ་ཀྱིས་ཕྱོགས་ཤིང་། བྱང་ཆུབ་ཆེན་པོའི་གོ་འཕང་བདེ་བླག་ཏུ་འཐོབ་པར་འགྱུར་བའི་ཕྱིར་འདི་ཉིད་ལ་ནན་ཏན་ཆེན་པོས་གཡར་དམ་དུ་མཛད་དགོས་པར་རིགས་ཤིང་། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ལ། ཡིད་ཆེས་ཀྱི་སྤྲོ་དགའ་བསྐྱེད་པ་དང་། འདི་ལས་བྱུང་བའི་དགེ་ཚོགས་རྨད་པོ་ཆེས་མཚོན། དུས་གསུམ་དུ་བསགས་ཤིང་གསག་པར་འགྱུར་བའི་ལེགས་བྱས་ཀྱི་ཆ་ཇི་སྙེད་པ་ཐམས་ཅད་མཁའ་ཁྱབ་ཡིད་ཅན་རྣམས་ཀྱི་དོན་དུ། འཁོར་གསུམ་གྱི་མཚན་མ་ཡོངས་གྲོལ་ཆེན་པོའི་ཏིང་འཛིན་ལ་གནས་པའི་སྒོ་ནས་འདི་ཉིད་ཀྱང་ཆབས་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་གྱིས་གྲུབ། ཅེས་པའང་འདི་ཡི་སྨིན་གྲོལ་འབོགས་པའི་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། སངས་རྒྱས་ཀརྨ་པའི་མཚན་འཛིན་རང་བྱུང་ལྷན་སྐྱེས་མཁའ་ཁྱབ་བདེ་བའི་རྡོ་རྗེས་འཕྲལ་མར་སྦྱར་པ་དགེ་ལེགས་སུ་གྱུར་ཅིག། །།