Terdzo-SI-013



Property "author" has been marked for restricted use.








Terdzo-SI-013.pdf
Click the picture above to view the Shechen manuscript.

རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་

rdzogs chen a ti zab don snying po'i rig pa'i rtsal dbang

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོ་ (Rdzogs chen a ti zab don snying po)
Volume 58 (སི) / Pages 491-504 / Folios 1a1 to 7b6

[edit]

ྈ རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་རིག་པའི་རྩལ་དབང་བཞུགས་སོ༔ ས་མ་ཡ༔ རྒྱ་གར་སྐད་དུ༔ ཨ་བྷི་ཙཀྲ་ནཱ་མ༔ བོད་སྐད་དུ༔ དབང་གི་འཁོར་ལོ་ཞེས་བྱ་བ༔ ྈྈྈྈྈ ཀུན་བཟང་རྡོ་རྗེ་སེམས་དཔའ་ལ༔ རབ་ཏུ་གུས་པས་ཕྱག་བཙལ་ཏེ༔ ཞི་ཁྲོ་མན་ངག་སྙིང་ཐིག་གི༔ སྨིན་ལམ་དབང་གི་ཆོ་ག་བསྟན༔ འདི་ལ་རྩ་སྡོམ་དྲུག་ཡིན་ཏེ༔ བླ་མ་སློབ་མ་རྟེན་འབྲེལ་དང༔ རྫས་དང་སྒྲུབ་པ་འཇུག་པ་དྲུག༔ དབང་གི་རྩ་བའི་ཐབས་ཡིན་ནོ༔ དང་པོ་རྡོ་རྗེ་བླ་མ་ནི༔ དབང་ཐོབ་རྒྱལ་བའི་བཀའ་བཞིན་བྱེད༔ ཟབ་དོན་རྟོགས་ཤིང་ཁོང་དུ་ཆུད༔ ཕྱི་ནང་གསང་བའི་རྣམ་གཡེང་བྲལ༔ བྱིང་རྨུགས་སྐྱོན་བྲལ་དགོངས་པ་མཐོ༔ དེས་ཤིང་དག་པས་དབང་བསྐུར་བྱ༔ ཕྱི་ཡི་རྣམ་གཡེང་འདུ་འཛི་དང༔ ནང་གི་རྣམ་རྟོག་ཡིད་བྱེད་དང༔ གསང་བ་ལྟ་བ་ཁ་འབྱམས་སྤང༔ གཉིས་པ་རྡོ་རྗེ་སློབ་མ་ནི༔ འཇིག་རྟེན་བློ་སྤང་ཆོག་ཤེས་ལྡན༔ ཆོས་ཕྱིར་བདོག་པ་ཀུན་གཏོང་ནུས༔ དབེན་པ་བརྟེན་ཞིང་ཉམས་ལེན་བརྩོན༔ དེ་ལ་མན་ངག་འདི་ཡང་སྦྱིན༔ གསུམ་པ་རྟེན་འབྲེལ་རིམ་པ་ནི༔ སློབ་མས་དབང་གི་ཞུ་བ་འབུལ༔ བླ་མས་གནང་བར་ཞལ་བཞེས་བྱ༔ བཀའ་བཀླག་འབྱུང་པོར་གཏོར་མ་བསྔོ༔ དྷཱ་ཀི་ཆོས་སྐྱོང་བསྐང་ཞིང་མཆོད༔ བཞི་པ་རྫས་རྣམས་གསག་པ་ནི༔ དབེན་པར་མ་དལ་བྱི་དོར་བྱ༔ འོད་ལྔ་ཐིག་ལེའི་ད་ལ་བྱ༔ སྟེང་དུ་བུམ་པ་རྫས་བཅས་བཤམ༔ གཡས་སུ་མན་ཤེལ་དར་སྣས་དྲིལ༔ གཡོན་དུ་བདུད་རྩི་ཀ་པཱ་ལ༔ རྒྱབ་ཏུ་ཀུན་བཟང་རིགས་ལྔའི་སྐུ༔ མདུན་དུ་སངས་རྒྱས་སྲས་ཀྱི་རྒྱུད༔ དར་ཟབ་གྱིས་དྲིལ་མ་དལ་གཟུགས༔ སྣལ་མ་ལྔས་སྦྲེལ་ཐུན་ཐག་བསྐོར༔ མཆོད་པ་མཐའ་སྐོར་མཛེས་པར་བྱ༔ ཚོགས་ཀྱི་ཡོ་བྱད་བཟང་དུ་བཤམ༔ བླ་མ་སྐུ་གསུམ་ཆས་སུ་ཞུགས༔ ཆོས་སྐུ་སྤྲོས་བྲལ་གཅེར་བུ་དང༔ ལོངས་སྐུ་རིན་ཆེན་རུས་པས་བརྒྱན༔ སྤྲུལ་སྐུ་པདྨ་འབྱུང་གནས་ཚུལ༔ ཡོལ་བས་བཅད་ལ་ཐུན་ཐག་གཟུང༔ ལྔ་པ་སྒྲུབ་པ་བྱ་བ་ནི༔ སྐྱབས་སེམས་སྔོན་འགྲོ་ལེགས་སོང་ནས༔ རང་ཉིད་རྡོ་རྗེ་སེམས་དཔའ་ལ༔ རིགས་བརྒྱའི་ལྷ་ཚོགས་བསྐྱེད་ཅིང་བཟླ༔ ད་ལ་བུམ་པ་གཞལ་ཡས་དབུས༔ ཞི་ཁྲོའི་ཕྲིན་ལས་གཞུང་བསྲངས་ལ༔ ཀུན་བཟང་རིགས་ལྔ་རིགས་བརྒྱ་བསྐྱེད་པ་དང༔ བསྟིམ་ཞིང་རྒྱས་གདབ་སྤྲོ་བསྡུའི་བཟླས་པ་བྱ༔ མཆོད་བསྟོད་གསོལ་གདབ་ལ་སོགས་སྤྱི་ལྟར་བྱ༔ དྲུག་པ་འཇུག་པའི་རིམ་པ་ལ༔ གསུམ་སྟེ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྔོན་འགྲོ་སློབ་མ་རྣམས༔ ཁྲུས་བྱས་གྲལ་འཁོད་མ་དལ་དབུལ༔ དབང་གི་དོན་དུ་གསོལ་བ་གདབ༔ ཀྱེ་ཀྱེ༔ བླ་མ་ཀུན་བཟང་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རང་རིག་རྣམ་རྟོག་ཆོས་སྐུའི་དོན་མ་རྟོགས༔ ཁམས་གསུམ་འཁོར་བའི་གནས་སུ་འཁྱམ་པ་ལ༔ གཉིས་འཛིན་འཁྲུལ་རྟོག་ལྡོག་པར་བྱ་བའི་ཕྱིར༔ ཡེ་ཤེས་རྒྱུད་ལ་ལྡན་པ་རིག་པའི་དབང༔ ཐུགས་རྗེ་ཆེན་པོས་བདག་ལ་བསྐུར་དུ་གསོལ༔ གཉིས་པ་སྤྲོ་བ་དྲི་བ་ནི༔ ཀྱེ་ཀྱེ་སྐལ་ལྡན་རིགས་ཀྱི་བུ༔ རྫོགས་ཆེན་ཆོས་ལ་འཇུག་སྤྲོ་འམ༔ འཁོར་བའི་ཆོས་ཀྱིས་མ་རེག་པ༔ ཟབ་མོའི་དབང་ལ་མི་སྐྲག་གམ༔ ང་ཡིས་བསྟན་པའི་ཡང་དག་ལམ༔ ལུང་དང་མན་ངག་རྒྱུད་ཐོས་སམ༔ ཐུགས་ནས་སྙན་དུ་བརྒྱུད་པ་ཡི༔ མན་ངག་ཟབ་མོ་ལ་མོས་སམ༔ གསུམ་པ་དྲིས་ལན་དམ་བཅའ་གཟུང༔ བླ་མ་ཀུན་བཟང་རྡོ་རྗེ་འཆང༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ འཁོར་བ་དང་ནི་དམན་པའི་ཆོས༔ ཕྱིན་ཆད་དང་དུ་མི་བླང་ཞིང༔ ཕྱིར་མི་ལྡོག་པར་དམ་བཅའ་འོ༔ ད་ལ་གཉན་པོ་འདིར་ཞུགས་ནས༔ བཀའ་དང་དམ་ལས་ཡོངས་མི་འདའ༔ སངས་རྒྱས་ཆོས་སྐུ་མ་རྟོགས་བར༔ ལས་དང་རྐྱེན་གྱི་དབང་མི་གཏང༔ རྙེད་དཀའི་བྱང་ཆུབ་འཐོབ་བར་དུ༔ རྩེ་གཅིག་དམ་བཅའ་མི་གཏང་ངོ༔ བཞི་པ་གནང་བ་སྦྱིན་པ་ནི༔ སྐལ་ལྡན་ཐར་པ་འདོད་རྣམས་ཉོན༔ ཇི་ལྟར་ཁས་བླངས་དམ་བཅའ་བཟུང༔ སངས་རྒྱས་དགོངས་པ་ཟབ་མོའི་དབང༔ ཡང་དག་མ་ནོར་ཁྱེད་རྣམས་ཉོན༔ ད་ལྟ་ཉིད་དུ་སྦྱིན་པར་བྱ༔ ལྔ་པ་སྐྱབས་འགྲོ་བྱ་བ་ནི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ ལྟ་སྒོམ་སྤྱོད་འབྲས་མ་ལུས་ལ༔ ཕྱི་ནང་གསང་བས་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༔ གདོད་མ་ཀ་དག་ཡེ་གྲོལ་དང༔ ངོ་བོ་རང་བཞིན་ཐུགས་རྗེ་ལ༔ འབྲལ་མེད་རྟག་པར་སྐྱབས་སུ་མཆི༔ གཞི་དང་ལམ་དང་འབྲས་བུ་དང༔ རྩ་དང་རླུང་དང་ཐིག་ལེ་དང༔ རང་རིག་རང་གསལ་རང་གྲོལ་ལ༔ དུས་གསུམ་རྒྱུན་དུ་སྐྱབས་སུ་མཆི༔ དྲུག་པ་སེམས་བསྐྱེད་གཟུང་བ་ནི༔ ཇི་ལྟར་དུས་གསུམ་བུདྡྷ་ཡིས༔ ཡང་དག་བྱང་ཆུབ་ངེས་མཛད་ལྟར༔ དེ་བཞིན་བླ་མེད་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ མཐའ་ཡས་སེམས་ཅན་མ་ལུས་པ༔ མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱང་འདས་ས་ལ་འགོད༔ ཀུན་ཀྱང་མྱུར་དུ་སངས་རྒྱས་ཤོག༔ བདུན་པ་དམ་ཚིག་མནའ་ཆུ་བླུད༔ ཧཱུྃ༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ བསྲུངས་ན་སིདྡྷི་མཆོག་ཐོབ་སྟེ༔ རྡོ་རྗེ་སེམས་དཔར་གྱུར་ནས་གྲོལ༔ གལ་ཏེ་འདས་ན་ན་རཀ་གི༔ གཏིང་ནས་མི་ཐོན་བརླག་པར་འགྱུར༔ དེ་བས་དམ་ཚིག་མཆོག་ཏུ་སྲུངས༔ ས་མ་ཡ་ཨི་དན་ན་ར་ཀན༔ བརྒྱད་པ་དབང་བསྐུར་དངོས་ལ་དྲུག༔ ད་ལ་བསྟན་དང་བྱིན་དབབ་དང༔ མེ་ཏོག་དོར་ལ་རང་རྟགས་བྱིན༔ ངོ་སྤྲད་བུམ་པ་ལ་སོགས་དབང༔ དང་པོ་ད་ལ་བསྟན་པ་ནི༔ ཡོལ་བ་བསྡུས་ལ་ལྷ་ངོ་སྤྲད༔ གཉིས་པ་བྱིན་རླབས་རིམ་པ་ནི༔ སློབ་མ་ཀུན་བཟང་རྡོར་སེམས་བསྐྱེད༔ དེ་ལ་ཡེ་ཤེས་སེམས་དཔའ་ནི༔ བརྒྱུད་པའི་བླ་མ་ཞི་ཁྲོ་རིགས་ལྔ་དང༔ རིགས་བརྒྱ་ལ་སོགས་སྤྱན་དྲངས་གཉིས་མེད་བསྟིམ༔ ཨོཾ་ཨཱཿཧཱུྃ༔ ཐོག་མའི་སངས་རྒྱས་ཀུན་བཟང་རིགས་ལྔ་དང༔ རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་དང༔ སེམས་དཔའ་ལྕམ་དྲལ་གསང་བདག་རྡོ་རྗེ་ཆོས༔ རྒྱལ་བ་དགོངས་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ སྐལ་ལྡན་འདི་ཡིས་རང་བྱུང་རིག་པ་ཡི༔ གནས་ལུགས་རང་གསལ་རྟོགས་པར་བྱིན་གྱིས་རློབས༔ དགའ་རབ་རྡོ་རྗེ་འཇམ་པའི་དཔལ་བཟང་དང༔ ཤྲཱི་སིཾ་ཧ་ཨོ་རྒྱན་པདྨ་འབྱུང༔ བྷི་མ་མི་ཏྲ་ལ་སོགས་སྤྲུལ་པ་ཡི༔ རིག་འཛིན་བརྡའ་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ སྐལ་ལྡན་འདི་ཡིས་རང་བྱུང་རིག་པ་ཡི༔ གནས་ལུགས་རང་གསལ་རྟོགས་པར་བྱིན་གྱིས་རློབས༔ རྒྱ་བོད་གྲུབ་ཆེན་ཁྲི་སྲོང་ལྡེ་བཙན་དང༔ ཡེ་ཤེས་མཚོ་རྒྱལ་བཻ་རོ་ཙ་ན་སོགས༔ གང་ཟག་སྙན་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ སྐལ་ལྡན་འདི་ཡིས་རང་བྱུང་རིག་པ་ཡི༔ གནས་ལུགས་རང་གསལ་རྟོགས་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི༔ ཛྙཱ་ན་ཏིཥྛ་ཨཱ་བེ་ཤ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་དྲི་བཟང་བདུག་སྤོས་དབུལ༔ རོལ་མོ་དཀྲོལ་ཞིང་ཉམས་བསྐྱང་བྱ༔ དེ་ཚེ་ལུས་གནད་རླུང་གནད་དང༔ རང་རིག་གཞག་ཐབས་ཁྲིད་བཞིན་བྱ༔ རང་གི་སྨིན་མཚམས་འཇའ་ཚོན་ནི༔ ཁ་དོག་ལྔ་ལྡན་མཐེབ་ཀོར་ཙམ༔ དབུས་སུ་ཐིག་ལེ་སྲན་འབྲུའི་ཚད༔ བཀྲག་དང་གཟི་འོད་དཔག་མེད་པ༔ ཉི་མའི་མདངས་ལྟར་གསལ་བ་ལ༔ རིག་པ་གཏད་ལ་མ་ཡེངས་བྱ༔ སླར་ཡང་འོག་མིན་ཆོས་དབྱིངས་སོགས༔ དག་པའི་ཞིང་ཁམས་དཔག་མེད་ནས༔ རྒྱལ་བ་སྲས་བཅས་རིག་འཛིན་ཚོགས༔ ཐུགས་རྗེ་བྱིན་རླབས་སྤྲིན་ལྟར་འདུས༔ མཁའ་ལ་འཇའ་ཚོན་ཚོམ་བུ་ལྔ༔ འཁྲིགས་ནས་ཐིག་ལེ་ལུ་གུ་རྒྱུད༔ ཆར་ལྟར་བབས་པ་རང་ཉིད་ཀྱི༔ ཚངས་བུག་སྨིན་ཕྲག་ནས་ཞུགས་ཏེ༔ ཙིཏྟའི་དབུས་སུ་ཐིམ་པར་བསམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་རྟགས༔ མ་བྱུང་བར་དུ་ཡང་དག་ཕབ༔ ཕེབས་རྟགས་ལུས་འཕར་ལྡེག་དང་འཁྲབ༔ གར་བསྒྱུར་བ་དང་འཕྱོ་ཞིང་ལྡིང༔ ངག་ནི་བརྡ་སྐད་སྣ་ཚོགས་སྒྲོག༔ ཡིད་ནི་འཛིན་མེད་རང་གསལ་འཆར༔ དེ་ནི་རང་རིག་རྩལ་དབང་ཡིན༔ བྱུང་རྒྱལ་ཕྱམ་མེ་ལུས་གཞུག་གོ༔ གསུམ་པ་མེ་ཏོག་དོར་བ་ནི༔ ཧོ༔ རང་བྱུང་རིག་པའི་ལྷ་ཚོགས་ལ༔ རང་རིག་མེ་ཏོག་འདི་དོར་བས༔ ཀུན་བཟང་དགོངས་པའི་ས་སྙོགས་ནས༔ ཡེ་བརྡལ་ཆེན་པོ་མངོན་གྱུར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ བཞི་པ་མེ་ཏོག་བྱིན་དབང་བསྐུར༔ དེ་རིང་ཕྱིན་ཆད་བུ་ཁྱོད་ནི༔ རྒྱལ་བ་ལྔ་བདག་ཅོད་པན་འཛིན༔ ཐུགས་སྲོག་ཅོད་པན་འདི་ཟུངས་ལ༔ རང་རིག་ཡེ་ཤེས་མངོན་གྱུར་ཤོག༔ པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་རིག་པ་ངོ་སྤྲོད་བྱ༔ ཧོ༔ རིགས་ཀྱི་བུ་རྣམས༔ རང་གི་རིག་པ་སལ་ལེ་བ་འདི་རང་ལས་རང་ཤར་བའི་སངས་རྒྱས་ཡིན་ནོ༔ དེ་རང་ངོ་ཤེས་པས་གཟུང་འཛིན་འཁོར་བའི་བག་ཆགས་ལས་གྲོལ་ཏེ༔ དོན་རྟོགས་པ་ཙམ་གྱིས་མ་རིག་པ་སངས༔ རིག་པའི་རང་རྩལ་རྫོགས་པས་ཡེ་ཤེས་རྒྱས༔ ཐོག་མའི་སངས་རྒྱས་མགོན་པོ་འོད་མི་འགྱུར་བ་ཡིན་ནོ༔ སེམས་ཅན་ཐམས་ཅད་དུས་གཅིག་ལ་མི་གྲོལ་ཏེ༔ སྐལ་ལྡན་རྣམས་རང་གི་སེམས་གཟུང་འཛིན་གྱི་རྟོག་པ་སྣ་ཚོགས་སུ་འཕྲོ་བ་འདི་རང་གར་མ་གཏང་བར༔ ཤེས་པ་གློད་དེ་རང་སར་བཞག་པས་རང་བྱུང་གི་རིག་པ་གསལ་ལ་རྟོག་པ་མེད་པ་རྗེན་ནེ་བ་ཞིག་འཆར༔ དེ་ལ་རྟོག་པ་སྔ་ཕྱིའི་དབང་དུ་མི་གཏང་ཞིང༔ གནས་ཆ་ལ་བྱིང་རྨུགས་དང༔ འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བར་སལ་ལེ་ཧུ་རེ་རྗེན་ནེ་རང་སར་བཞག་པས༔ རང་ལ་ཤར་བའི་ངོ་བོ་དེ་སེམས་གཟུང་འཛིན་བྲལ་བའི་ངོ་བོ་ཡིན༔ ངོ་བོ་ཤེས་པས་འཁོར་བའི་མཐའ་ལས་གྲོལ༔ དེ་ལ་ཡུན་རིང་དུ་གོམས་པས༔ ཀུན་ཏུ་བཟང་པོའི་དགོངས་པ་བྱ་རྩོལ་མེད་པའི་ས་ལ་བསླེབ་པ་ཡིན༔ དེའི་ངོ་བོ་ནི་སྟོང་པ་ཉིད་དུ་ཀ་ནས་དག་པ༔ རང་བཞིན་འོད་ལྔའི་ཐིག་ལེར་གསལ༔ ཐུགས་རྗེ་མ་འགགས་ཕྱོགས་རིས་མེད་པར་ཤར༔ ཡེ་ནས་རང་ལ་གནས་པའི་ཆོས་ཉིད་རང་སོར་བཞག་པས་རང་བཞིན་གསལ་བ་འཆར་ཏེ༔ ཆུ་རྙོག་མ་དང་བྲལ་བ་ལྟ་བུའོ༔ དེ་ཡི་དོན་རྟོགས་ཙ་ན༔ བདེ་སྡུག་ལ་སོགས་པའི་རྟོག་པ་ཐམས་ཅད་འཁྱག་པ་ཆུར་ཞུ་བའམ༔ ན་བུན་ནམ་མཁར་ཡལ་བ་ལྟར་ཆོས་ཉིད་ཀྱི་ཀློང་དུ་ཐིམ༔ རིག་པ་དྲི་མ་མེད་པའི་དོན་དེ་སངས་རྒྱས་ཀྱི་དགོངས་པའོ༔ དེ་རྟོགས་པས་འཁོར་འདས་ཀྱི་རྩ་བ་ཆོད༔ ཅིར་སྣང་རིག་རྩལ་དུ་ཤེས༔ རང་བྱུང་རིག་པ་ལ་རང་དབང་ཐོབ༔ ཆོས་ཐམས་ཅད་ཀྱི་དེ་ཉིད་རྟོགས༔ ཐམས་ཅད་དབང་དུ་འདུས་པས་རང་བྱུང་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ༔ ཞེས་སོགས་རྒྱས་པར་ངོ་སྤྲོད་བྱ༔ དྲུག་པ་དབང་བསྐུར་རིམ་པ་ལྔ༔ དང་པོ་དབུས་ཀྱི་བུམ་པ་བླང༔ སློབ་མའི་མགོར་བཞག་དབང་ཡང་བསྐུར༔ ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་དབྱིངས་རྣམ་དག་ཀློང༔ ཡེ་ཤེས་རླན་གྱི་བདུད་རྩིའི་ཆུ་བོ་འཁྱིལ༔ ཡོན་ཏན་ཀུན་རྫོགས་རང་རིག་དབང་བསྐུར་བས༔ རོལ་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ བོ་དྷ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་ཀུན་ཏུ་བཟང་པོ་རིག་པའི་རྩལ་དབང་བསྐུར་པས༔ རང་ལ་ཡོད་པའི་རིག་པ་སྐད་ཅིག་མ་སལ་ལེ་ཧྲིག་གེ་ཡེ་རེ་རྗེན་ནེ་ཝལ་ལེ་ཁྱུག་གེ་བ་འདི་རང་ངོ་རང་གིས་ཤེས་ཏེ༔ རྐྱེན་གང་གི་ཡང་དབང་དུ་མི་འགྲོ་བར་རང་གསལ་དུ་གནས་པར་གྱུར་ཅིག༔ ཅེས་བརྗོད་རིག་པའི་རྩལ་དབང་ངོ༔ གཉིས་པ་མན་ཤེལ་འོད་འབར་བ༔ ཉི་འོད་དག་གམ་ཡང་ན་ནི༔ ཕྱར་ཏེ་མངོན་སུམ་ཡེ་ཤེས་བསྟན༔ ཧོ༔ དྲི་མེད་ཤེལ་ལྟར་དག་པ་ཀུན་གཞིའི་གཤིས༔ འགགས་མེད་འཇའ་ལྟར་འཆར་བ་རིག་པའི་རྩལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་བརྡའ་འདི་ལས༔ ལྷུན་གྲུབ་དོན་གྱི་གནས་ལུགས་མཚོན་པར་ཤོག༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ སྔོན་ཚེ་རྒྱལ་བ་འོད་མི་འགྱུར་བ་ཆེན་པོས༔ རང་གི་ཐུགས་ཀ་ནས༔ རང་གསལ་ཡེ་ཤེས་ཀྱི་ད་ལ་ཡོད་པ་དེ་ཉིད་དང་དཔེ་མཐུན་པའི་རྡོ་རྗེ་སེམས་དཔའི་མེ་ལོང་མན་ཤེལ་འོད་འབར་བ་གཅིག་རྡོ་རྗེ་སེམས་དཔའ་ལ་གཏད་དེ༔ བཀའ་བསྩལ་པ༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་འཇིག་རྟེན་སྲིད་པའི་རྩེ་མོར་སོང་ལ་འཁོར་བའི་སེམས་ཅན་ཐམས་ཅད་ལ་མ་རིག་པའི་མུན་པ་སེལ་བའི་ནོར་བུ་ཡོད་པས་དེ་ངོ་ཤེས་པར་གྱིས་ཤིག༔ དཔེ་མན་ཤེལ་འདི་ལ་བརྟེན་ཅིག༔ ཅེས་གསུངས་སོ༔ དེ་ནས་སྟོན་པ་རྡོ་རྗེ་སེམས་དཔས༔ སུམ་ཅུ་རྩ་གསུམ་ལྷ་ཡི་གནས༔ རྡོ་ཨ་མོ་ལི་ཀའི་སྟེང་དུ་བྱོན་ཏེ༔ མན་ཤེལ་བསྟན་ཏེ་ངོ་སྤྲད་པས་ལྷ་རྣམས་ཀྱི་མུན་པ་བསལ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་རྒྱལ་ཚབ་ཏུ་དབང་བསྐུར༔ དེ་ནས་དགའ་རབ་རྡོ་རྗེས་འཛམ་བུ་གླིང་དུ་བྱོན་ཏེ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་དང༔ ཤྲཱི་སིཾ་ཧ་ལ་སོགས་པཎྜི་ཏ་ལྔ་བརྒྱ་ལ་མན་ཤེལ་གྱིས་ངོ་སྤྲད༔ དབང་བསྐུར༔ ཤྲཱི་སིཾ་ཧས་ཨོ་རྒྱན་པདྨ་ཉིད་དང༔ བི་མ་ལ་མི་ཏྲ༔ བཻ་རོ་བདག་དང་གསུམ་ལ་མན་ཤེལ་གཏད་དེ་ངོ་སྤྲད༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཆེན་པོར་བསྟན༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་དང༔ བི་མ་ལ་མི་ཏྲས་བོད་ཀྱི་ཡུལ་དུ་རྒྱལ་པོ་དང༔ ཇོ་མོ་དང༔ བདག་བཻ་རོ་ཙ་ན་ལ་ངོ་སྤྲད་དེ༔ མན་ཤེལ་འདིས་མཚོན་ནས་རྟོག་པའི་འཕྲང་བསལ༔ མི་རྟོག་པའི་སྒོ་ཕྱེ༔ རང་རིག་གི་ཡེ་ཤེས་མངོན་དུ་བསྟན༔ འཁོར་འདས་ཤན་ཕྱེ༔ ཆོས་ཀྱི་གནད་མ་ལུས་པ་མན་ཤེལ་གྱིས་བསྟན་ཏེ༔ འདི་ནི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྩལ་ལས་བྱོན་པ་ཡིན༔ དེ་ཡང་སྔོན་འཁོར་འདས་རྒྱབ་མ་གྱེས་པའི་དུས་ན༔ ཀུན་གཞི་མའི་ཀློང་ཞེས་བྱ་བ༔ ཅིར་ཡང་མ་ངེས་པ་ཞིག་ཡོད་པ་ལས༔ འཁོར་འདས་རྒྱབ་གྱེས་པའི་ཚེ༔ རང་སྣང་རང་ངོ་ཤེས་པས་ཀུན་ཏུ་བཟང་པོར་སངས་རྒྱས་ཏེ༔ ཡེ་ཤེས་རང་སྣང་གི་མཁའ་ལ་གཤེགས་སོ༔ རང་སྣང་རང་ངོ་མ་ཤེས་པར་ཐེ་ཚོམ་སྐྱེས་པ་ལས༔ རང་ལ་ཡོད་པའི་ཡེ་ཤེས་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་མ་རིག་པའི་མུན་པས་བསྒྲིབས་ནས༔ སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པ་ཡིན་ནོ༔ མན་ཤེལ་འདི་ཡེ་ནས་རང་བྱུང་བཅོས་སླད་མེད་པ་ནི༔ ཀུན་གཞི་ཡེ་ནས་རྣམ་པར་དག་ཅིང་མ་བཅོས་པའི་བརྡ་འོ༔ དེ་ཉིད་ཉི་ཟེར་གྱི་རྐྱེན་དང་འཕྲད་པ་ལས་འཇའ་ཚོན་ཁ་དོག་སྣ་ལྔ་མ་འགགས་པར་འཆར་བ་བཞིན་དུ་ཀུན་གཞི་ཆོས་ཀྱི་དབྱིངས་མན་ཤེལ་ལྟ་བུ་ལས་འཁོར་འདས་ཐམས་ཅད་འཆར་ཡང་མ་གོས་པའི་བརྡ་འོ༔ དེས་ན་འགྱུར་བ་མེད་པའི་དོན་དེ་ཉིད་རྟགས་ཕྱི་དང་ནང་གི་དབྱིངས་རྣམ་པ་གཉིས་ཀྱིས་མཚོན་པ་ཡིན་ནོ༔ ཞེས་ངོ་སྤྲད་དོ༔ གསུམ་པ་བདེ་གཤེགས་སྐུ་ཡི་དབང༔ རིགས་ལྔའི་ཚོམ་བུ་མེ་ལོང་དུ༔ ཤར་བ་སློབ་བུའི་མིག་ལ་བསྟན༔ ཧོ༔ འདི་ལྟར་མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་འཛིན་མེད་རིགས་ལྔའི་སྐུ་ཤར་བ༔ ཆོས་ཉིད་དབྱིངས་ལས་རང་བྱུང་ཡེ་ཤེས་རྩལ༔ འགག་མེད་ཅིར་ཡང་འཆར་བ་རྟོགས་པར་ཤོག༔ སརྦ་ཛྙཱ་ན་ཨ་ཏི་ཧོ༔ ཧོ༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ འདི་ལྟར་དཔེ་མེ་ལོང་དྭངས་པའི་ནང་དུ༔ བདེ་གཤེགས་རིགས་ལྔའི་སྐུ་གསལ་ལ་མ་འདྲེས་པ་མཚན་དཔེ་དང་སྐྱེ་མཆེད་སོགས་སྣང་བ་འགག་མེད་དུ་འཆར་བ་ལྟར༔ དོན་ཆོས་སྐུའི་དབྱིངས་ན་རིག་པ་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འདྲེས་པ་ལོངས་སྐུའི་ངོ་བོ་སྐུ་དང་ཐིག་ལེ་འོད་ཟེར་དང་བཅས་པ་སེམས་ཅན་ཐམས་ཅད་ལ་གནས་པ་སྟེ༔ གནས་པ་རང་བྱུང་ཙིཏྟའི་དཀྱིལ༔ ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ༔ གསལ་ལ་མ་འདྲེས་ངོ་བོ་ཉིད༔ ལམ་ནི་འགྱུ་བྱེད་རྩ་བཞི་རླུང༔ འཆར་བྱེད་སྒོ་ནི་མིག་གཉིས་པོ༔ ཞེས་གསུངས་པའི་དོན་རྟགས་དང་བཅས་པ་རིམ་གྱིས་འཆར་བ་ནི་བརྡའ་འདི་ཉིད་ཀྱིས་མཚོན་པ་ཡིན་ནོ༔ ཞེས་ངོ་སྤྲད༔ བཞི་པ་བསྟན་པ་བུ་གཅིག་དབང༔ གླེགས་བམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་དུ་བསྒོམས་ནས༔ ལན་གསུམ་བཟླས་པས་དབང་བསྐུར་ལ༔ ཧོ༔ ཕྱོགས་དུས་སངས་རྒྱས་ཀུན་གྱི་སྲས་གཅིག་པུ༔ དེང་འདིར་དབང་བསྐུར་བུ་ཡི་སྒོ་གསུམ་ལ༔ བྱིན་རླབས་སྨིན་གྲོལ་གང་ཞིང་རྒྱས་པ་དང༔ ཆེར་འཕེལ་སངས་རྒྱས་ཀུན་དང་དབྱེར་མེད་ཤོག༔ ཨོཾ་ཨཱཿཧཱུྃ་གྷ་ཛ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མཱཾ་ཧཱུྃ༔ ཞེས་གནས་བཞིར་བསྐུར༔ ཡང་ལག་ཏུ་གཏད་ལ༔ ཕྱོགས་དུས་བླ་མ་སངས་རྒྱས་རྣམས༔ མ་ལུས་བརྩེ་བས་དགོངས་སུ་གསོལ༔ བདག་གིས་སེམས་ཅན་དོན་དུ་ནི༔ གླེགས་བམ་འདི་བཅངས་བྱིན་རླབས་ཀྱིས༔ གང་ཞིག་མཐོང་ཐོས་དྲན་པ་དང༔ མཆོད་དང་བསྟོད་དང་བཟླས་ཀྱང་རུང༔ རེག་པར་གྱུར་པ་གང་ཡིན་པ༔ མྱུར་དུ་མངོན་པར་སངས་རྒྱས་ཤོག༔ ཅེས་གཏད་ནས་བཏགས་སོ༔ དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་སེམས་ཅན་གྱི་ཁམས་བཞིན་དུ་འཇུག་པ་དང་གྲོལ་བར་བྱེད་པའི་ཕྲིན་ལས་ལ་དབང་བསྐུར་པ་ཡིན་པས་རིགས་གང་དང་གང་གིས་འདུལ་བ་དེ་དང་དེའི་སྐུར་བསྒོམས་ནས་སྔགས་ཀྱི་སྒྲ་དང་འོད་ཟེར་སྤྲོས་པས་འགྲོ་བའི་དོན་བྱེད་པར་གྱིས་ཤིག༔ ཅེས་དུས་གནད་ཀྱི་མན་ངག་ཀྱང་བསྟན་ནོ༔ ལྔ་པ་བྷནྡྷ་བདུད་རྩིའི་དབང༔ ཀུན་བཟང་ཡབ་ཡུམ་བྱང་སེམས་སུ༔ ཞུ་བའི་བདུད་རྩི་བུ་ལ་བྱིན༔ ཧཱུྃ༔ བདེ་ཆེན་གདལ་བ་རང་བྱུང་ཀ་པཱ་ལ༔ ཆགས་པ་དངོས་དག་ཀུན་བཟང་ཐིག་ལེས་བཀང༔ རིགས་ཆེན་སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་རླུང་བྱང་སེམས་མཆོག་ལ་དབང་ཐོབ་ཤོག༔ ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོའི་སྔགས་བརྗོད་ནས་བྱིན་པ་འཁོར་ལོ་བཞིའི་དབུས་ན་གཞིར་གནས་ཀྱི་རིག་པ་ཀུན་བཟང་ཡབ་ཡུམ་བཞུགས་པ་རྣམས་བདུད་རྩི་མྱངས་པའི་རྐྱེན་གྱིས་སྙོམས་པར་ཞུགས་པས་གཅིག་ཏུ་འདྲེས༔ དེ་ལས་འཕེལ་ནས་ལུས་ཀྱི་རྩ་གནས་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ཅིང་དེའི་ངང་གནས་པ་ལ་བརྟན་པར་རྒྱས་འདེབས་པར་བྱའོ༔ དེ་ནས་གཏང་རག་འབུལ༔ ཚོགས་ཀྱི་དགའ་སྟོན་བྱ༔ གཏོར་མ་གཏང་བ་སོགས་མཐའ་བརྒྱན༔ རིག་པ་རྩལ་གྱི་དབང་རྫས་ལྔའི་བརྡའ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའི་གདམས་པ་སྐལ་ལྡན་སྙིང་གི་བུ་ལ་གདམས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་མེ་ཕོ་འབྲུག་གི་ལོར་བྱིང་མདའ་ཨོ་དཀར་བྲག་ནས་སྤྱན་དྲངས་པ་ལས་མི་ལོ་སོ་གསུམ་འདས་པ་ས་བྱི་ལོར་ཤོག་སེར་ལས་ཕབ་པའོ།། །།

RTZ-Tsagli-Dzongsar-SI-04-smin gter a ti zab don-01.JPG
RTZ-Tsagli-Dzongsar-SI-04-smin gter a ti zab don-02.JPG
RTZ-Tsagli-Dzongsar-SI-04-smin gter a ti zab don-03.JPG
RTZ-Tsagli-Dzongsar-SI-04-smin gter a ti zab don-04.JPG
RTZ-Tsagli-Dzongsar-SI-04-smin gter a ti zab don-05.JPG
RTZ-Mandala-Dzongsar-06-580-smin gter a ti zab don.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).