Terdzo-SI-011



Property "author" has been marked for restricted use.








Terdzo-SI-011.pdf
Click the picture above to view the Shechen manuscript.

ཟབ་མོ་སྙིང་ཐིག་གི་གནད་ཐམས་ཅད་བསྡུས་པའི་དོན་ཁྲིད་ལག་ལེན་གསལ་བ་

zab mo snying thig gi gnad thams cad bsdus pa'i don khrid lag len gsal ba

by  བུ་འབོར་བཀྲ་ཤིས་རྒྱ་མཚོ་ (Bubor Tashi Gyamtso)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་ (Kun tu bzang po dgongs pa zang thal)
parent cycle  བྱང་གཏེར་ (Byang gter)
Volume 58 (སི) / Pages 281-380 / Folios 1a1 to 50b3

Tibetan Text

༄༅། །ཟབ་མོ་སྙིང་ཐིག་གི་གནད་ཐམས་ཅད་བསྡུས་པའི་དོན་ཁྲིད་ལག་ལེན་གསལ་བ་བཞུགས་སོ། ། སྐུ་གསུམ་བརྒྱུད་པའི་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །འོད་གསལ་རྡོ་རྗེ་སྙིང་པོ་ཡི། །ཞལ་གདམས་ལག་ཁྲིད་འབྲི་བར་བྱ། །འདིར་ཐེག་པ་རྣམས་ཀྱི་རྩེ་མོར་གྱུར་པ་ཡང་གསང་བླ་མེད་འོད་གསལ་རྡོ་རྗེ་སྙིང་པོའི་ཡང་སྙིང་བཅུད་ཐིག་གི་ཞལ་གདམས་ལག་ཁྲིད་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ལ་གཉིས་ཏེ། རིང་བརྒྱུད་དང་ཉེ་བརྒྱུད་དོ། །དང་པོ་ལ་གཉིས་ཏེ། སྔ་འགྱུར་དང་ཕྱི་འགྱུར་གྱི་ལུགས་སོ། །དང་པོ་སྔ་འགྱུར་ལ་ཡང་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །སྤྱིར་ནི་རྒྱབ་ཆོས་སུ་ཤེས་སོ། །གཉིས་པ་ཁྱད་པར་ནི། དཔལ་ཀུན་བཟང་ཡབ་ཡུམ་གྱིས་ལོངས་སྐུ་རིགས་ལྔ་ཡབ་ཡུམ་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་བཤད། དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་བཤད། དེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་བཤད། དེས་སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན་ལ་བཤད། དེས་ཐུགས་ཀྱི་རིག་འཛིན་ཤྲཱི་སེང་ཧ་ལ་བཤད། དེས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་། མཁས་པ་བི་མ་ལ་མི་ཏྲ་དང་། སྒྲ་སྒྱུར་བཻ་རོ་ཙ་ན་དང་གསུམ་ལ་བཤད། རིག་འཛིན་རྣམ་པ་དེ་གསུམ་གྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། གཏེར་སྟོན་རིག་འཛིན་ཆེན་པོ་རྣམས་ལ་བཤད། དེས་ལས་ཅན་སྙིང་གི་བུ་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལ་བཤད། དེས་བརྒྱུད་འཛིན་བསོད་ནམས་མཆོག་བཟང་ལ་བཤད། དེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་བཤད། དེས་བྱང་སེམས་ཀུན་དགའ་ཉི་མ་ལ་བཤད། དེས་ཞེན་གྲོལ་རཏྣ་དྷྭ་ཛ་ལ་བཤད། དེས་རོང་པོ་དཀོན་མཆོག་རྡོ་རྗེ་ལ་བཤད། དེས་བླ་མ་ཤཱཀྱ་རྒྱལ་མཚན་ལ་བཤད། དེས་བླ་མ་བྱང་ཆུབ་སེང་གེ་ལ་བཤད། དེས་བླ་མ་བཀྲ་ཤིས་རྒྱ་མཚོ་ལ་བཤད། དེས་རྩ་བའི་བླ་མ་ལ་བཤད་དོ། །ཡང་ན། ཀུན་ཏུ་བཟང་པོ། དེས་དྲུག་པ་རྡོ་རྗེ་འཆང་ཆེན། དེས་སྟོན་པ་རྡོ་རྗེ་སེམས་དཔའ། དེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ། དེས་རིག་འཛིན་ཤྲཱི་སེང་ཧ། དེས་སློབ་དཔོན་པདྨ་འབྱུང་གནས། ཨུ་རྒྱན་རིན་པོ་ཆེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་དབང་དང་གདམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་གནང་བ་ཡིན་ཅིང་། དེ་མན་ཆད་གོང་དང་འདྲའོ།། །།གཉིས་པ་ཕྱི་འགྱུར་གྱི་ལུགས་ལ་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །སྤྱིར་ནི་རྒྱབ་ཆོས་སུ་ཤེས་སོ། །གཉིས་པ་ཁྱད་པར་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན། དེས་རྒྱལ་སྲས་ཏེ་ལོ་པ། དེས་མཁས་གྲུབ་ན་ཱརོ་པཿ དེས་སྒྲ་སྒྱུར་མར་པ་ལོ་ཙཱ། དེས་རྗེ་བཙུན་མི་ལ་རས་པ། དེས་མཉམ་མེད་དྭགས་པོ་ལྷ་རྗེ། དེས་དཔལ་ལྡན་ཕག་མོ་གྲུ་པ། དེས་ཆོས་རྗེ་སྨར་པ་རིན་ཆེན། དེས་མཚུངས་མེད་ཡང་དགོན་པ། དེས་སྐྱེས་མཆོག་སྤྱན་སྔ་བ། དེས་རྒྱལ་སྲས་དབུ་རྩེ་བ། དེས་སྤྲུལ་སྐུ་རིན་ཆེན་གླིང་པ། དེས་མཁན་ཆེན་འོད་ཟེར་བླ་མ། དེས་འགྲོ་མགོན་ཤིང་མགོ་བ། དེས་རྟོགས་ལྡན་ཆོས་ཀྱི་རྡོ་རྗེ། དེེས་མཁས་བཙུན་ཛྙཱ་ན་དྷྭ་ཛ། དེས་ཕྱོགས་མེད་བྱང་སེམས་ཆོས་རྗེ། དེས་ཞེན་གྲོལ་རཏྣ་དྷྭ་ཛ། དེས་མཚན་ལྡན་རཏྣ་བཛྲ། དེས་མཁས་མཆོག་ཤཱཀྱའི་མཚན་ཅན། དེས་རྩ་བའི་བླ་མ་ལའོ།། །།གཉིས་པ་ཤིན་ཏུ་ཉེ་བརྒྱུད་ནི། རང་རང་ལ་ཁྲེགས་ཆོད་ཐོད་རྒལ་གྱི་གདམས་པ་མ་ནོར་བར་བསྟན་པའི་རྩ་བའི་བླ་མ་དེ་ཉིད་དོ།། ༈ །།གཉིས་པ་དེ་ལས་བྱུང་བའི་གདམས་པ་ལ་གསུམ་སྟེ། གང་ཉམས་སུ་ལེན་པའི་དགོས་འབྲེལ་སྤྱིར་བསྟན་པ་དང་། ཅི་ལྟར་ཉམས་སུ་ལེན་ཐབས་རྒྱས་པར་བཤད་པ་དང་། དེ་ལྟར་ཉམས་ལེན་ཁྲིད་དུ་གདབ་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ནི། སྤྱིར་སངས་རྒྱས་བྱང་སེམས་བླ་མ་གྲུབ་ཐོབ་རྣམས་ཀྱིས་གསུངས་པའི་བཀའ་བསྟན་བཅོས་མན་ངག་བསམ་གྱིས་མི་ཁྱབ་པ་རྣམས་འབྲས་བུ་དོན་གཉིས་ཕུན་ཚོགས་ཀྱི་སངས་རྒྱས་འཐོབ་པའི་ཐབས་ཁོ་ན་ཡིན་ནོ། །སངས་རྒྱས་འཐོབ་པ་ལ་ཟབ་ལམ་ཐོད་རྒལ་གྱི་ཉམས་ལེན་གདམས་པས་གདོས་བཅས་ཀྱི་རྩོལ་རྟོག་ཟད་སར་ཕྱིན་དགོས། དེར་ཕྱིན་པ་ལ་རང་སྣང་གི་དཀྱིལ་འཁོར་གྱི་རྩལ་ཡོངས་སུ་རྫོགས་དགོས། དེ་རྫོགས་པ་ལ་མངོན་སྣང་གོང་དུ་འཕེལ་དགོས། དེ་འཕེལ་བ་ལ་ལམ་མངོན་སུམ་གྱི་སྣང་བ་མཐོང་དགོས། དེ་མཐོང་བ་ལ་གཞི་དོན་ཁྲེགས་ཆོད་ཀྱི་ཉམས་ལེན་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཉན་ཐོས་ལྟར་བཀག་མ་དགོས་པར་རྩ་བ་ནས་དག་ཅིང་ཟད་པ་ཞིག་དགོས། དེ་དག་པ་ལ་ཉོན་མོངས་པ་རང་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བར་ཡེ་ནས་གནས་པ་དེ་རྟོགས་དགོས། དེ་རྟོགས་པར་བྱེད་པ་ལ་ལྷག་མཐོང་གི་ཡེ་ཤེས་སྐྱེ་དགོས། དེ་སྐྱེ་བ་ལ་ཞི་གནས་སེམས་རྩེ་གཅིག་ཏུ་གནས་དགོས། དེ་གནས་པ་ལ་འཇིག་རྟེན་གྱི་བྱ་བ་སྤང་ཞིང་ཚེ་འདི་ལ་ཞེན་པ་ལོག་པ་ཞིག་དགོས། དེ་ལྟར་རིམ་པ་བཞིན་གཅིག་ལ་གཅིག་དགོས་ཀྱི་འབྲེལ་ཆགས་ན་སྐས་ཀྱི་ཐེམ་པ་ལྟར། ལམ་འོག་མ་ལ་བརྟེན་ནས་གོང་མ་མངོན་དུ་བྱེད་དགོས་པའོ།། ༈ །།རྩ་བའི་གཉིས་པ་ཅི་ལྟར་ཉམས་སུ་ལེན་ཐབས་རྒྱས་པར་བཤད་པ་ལ་གསུམ་སྟེ། སྔོན་དུ་འགྲོ་བའི་ཆོས་ཀྱིས་རྒྱུད་ལས་སུ་རུང་བར་བྱེད་པ་དང་། དངོས་གཞི་གནད་དོན་དུ་གཉེར་བ་མངོན་སུམ་རང་ཐོག་ཏུ་ཉམས་སུ་བླང་བ་དང་། རྗེས་བོགས་འདོན་ལས་སུ་རུང་བར་བྱེད་པ་སྣང་བ་མཆེད་པའི་ཐབས་ཀྱིས་ཆོས་ཟད་སར་བསྐྱལ་བའོ། །དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ། ཞེན་འཛིན་གྱི་ཁང་བུ་བཤིག་པའི་ཐེག་པ་ཐུན་མོང་གི་སྔོན་འགྲོ་དང་། ཐོག་མའི་ཁམས་ཀྱི་ཡོན་ཏན་རྣམས་ཀྱི་སྣ་བསུ་ཞིང་ཁྲིད་དེ་རང་ཞལ་མཇལ་བར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་འོ། །དང་པོ་ལ་བདུན་ཏེ། འཇིག་རྟེན་ཚེ་འདིའི་ཆོས་ལ་ཞེན་པ་ལྡོག་ཅིང་ངེས་འབྱུང་གི་སེམས་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བློ་ལྡོག་རྣམ་པ་བཞིའི་ཁྲིད་དང་། འཁོར་བ་ངན་སོང་གི་སྡུག་བསྔལ་དང་ལམ་ལོག་པའི་ལྟ་བ་ལས་སྐྱོབ་པར་བྱེད་པ་སྐྱབས་འགྲོའི་ཁྲིད་དང་། ཐེག་ཆུང་རང་དོན་ཆོས་ལ་མི་གནས་ཤིང་ཆོས་ཅི་བྱེད་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བར་བྱེད་པ་ལ་སེམས་བསྐྱེད་ཀྱི་ཁྲིད་དང་། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ལ་ཚོགས་གསག་མཎྜལ་གྱི་ཁྲིད་དང་། སྣོད་ཀྱི་སྡིག་སྒྲིབ་འདག་པར་བྱེད་པ་ལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་དང་། བཅུད་བླ་མའི་བྱིན་རླབས་ཀྱིས་གང་བར་བྱེད་པ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་། ཟབ་ལམ་ལ་འཇུག་པའི་གང་ཟག་གི་བློ་བྲོད་པ་སྐྱེ་བར་བྱེད་པ་ལ་བསྒོམས་པའི་ཕན་ཡོན་གྱི་ཁྲིད་དོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་དང་། བློ་སྦྱོང་དངོས་སོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བསམ་པ་དང་། འཆི་བ་མི་རྟག་པ་སྒོམ་པ་དང་། ལས་རྒྱུ་འབྲས་སྤང་བླང་བྱེད་པ་དང་། འཁོར་བའི་ཉེས་དམིགས་བསམ་པ་དང་བཞི་ལ་ཡང་ནས་ཡང་དུ་བློ་སྦྱངས་ན། འཇིག་རྟེན་ཚེ་འདིའི་ཆོས་ལ་ཞེན་པ་ལྡོག་ཅིང་བློ་ཆོས་སུ་འགྲོ་བའི་དགོས་པ་ཡོད་དོ།། །།གཉིས་པ་བློ་སྦྱོང་དངོས་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ་བསམ་པ་ལ་བློ་སྦྱོང་བ་དང་། འཆི་བ་མི་རྟག་པ་སྒོམ་པ་ལ་བློ་སྦྱོང་བ་དང་། ལས་རྒྱུ་འབྲས་སྤང་བླང་ལ་བློ་སྦྱོང་བ་དང་། འཁོར་བའི་ཉེས་དམིགས་བསམ་པ་ལ་བློ་སྦྱོང་བ་དང་བཞིའོ། །དང་པོ་ནི། གང་རྙེད་པར་དཀའ་ན། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྙེད་པར་དཀའ། གང་ལས་རྙེད་པར་དཀའ་ན། རིགས་དྲུག་གི་སེམས་ཅན་རྣམས་མི་ཁོམ་པའི་གནས་བརྒྱད་ནས་རྙེད་པར་དཀའ། གང་དུ་རྙེད་པར་དཀའ་ན། ལྷོ་འཛམ་བུའི་གླིང་གི་ཡུལ་དབུས་སུ་རྙེད་པར་དཀའ། རྒྱུ་གང་གིས་རྙེད་པར་དཀའ་ན། དལ་འབྱོར་གྱི་རྒྱུ་དགེ་བ་རྣམ་དག་ཅིག་ངེས་པར་དགོས་ཏེ། ངན་སོང་གི་གནས་ན་དལ་འབྱོར་གྱི་ལུས་ལ་རྒྱུ་བསོད་ནམས་ཀྱི་དགེ་བ་གསོག་པའི་སྐབས་མེད་དེ། སྡུག་བསྔལ་གཅིག་པུ་ལས་མེད་པས་རྙེད་པར་དཀའ། རྣམ་གྲངས་ཅི་ཙམ་གྱི་སྒོ་ནས་རྙེད་པར་དཀའ་ན། སྤྱིར་སེམས་ཅན་གཞན་གྱི་རྣམ་གྲངས་ལ་ལྟོས་ན། དལ་འབྱོར་གྱི་མི་ལུས་ཀྱང་ཤིན་ཏུ་ཉུང་བས་ན་རྙེད་པར་དཀའ། ཚུལ་ཅི་ལྟར་རྙེད་པར་དཀའ་ན། ཞལ་བའི་ལོགས་ལ་སྲན་མ་གཏོར་བས་གཅིག་ཆགས་སྲིད་པ་ཙམ་དུ་རྙེད་པར་དཀའ། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ནས་དོན་མེད་དུ་ཆུད་ཟོས་ན། ཕྱིས་དལ་འབྱོར་འདི་འདྲ་ཐོབ་པར་དཀའ་བས། ལམ་ཟབ་མོ་ལ་བརྩོན་པ་གལ་ཆེའོ། །དེ་ལ་ཞག་གསུམ་བྱའོ།། །།གཉིས་པ་འཆི་བ་མི་རྟག་པ་སྒོམ་པའི་བློ་སྦྱོང་ལ་གསུམ་སྟེ། འཆི་ངེས་པ་ཅན་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་གང་གིས་ཀྱང་ཕན་པ་མེད་པའོ། །དང་པོ་ནི། སྔར་སྐྱེས་པ་ཐམས་ཅད་ལུས་པ་མེད་པས་འཆི་ངེས་པ་ཅན་ཡིན་ཏེ། ད་ལྟའི་སྐྱེ་འགྲོ་མཐོང་ཐོས་གང་ཡང་མི་རྟག་པས་འཆི་བར་ངེས་ལ། ལུས་སེམས་འདུས་བྱས་ཡིན་པས་འཆི་ངེས་ཤིང་། ཚེ་ལ་བསྣན་པ་མེད་ཅིང་བྲི་བ་ཡོད་པས་འཆི་བར་ངེས་སོ། །འཆི་ངེས་པའི་དཔེ་ནི། སྐྱེས་བུའི་ལྟེ་བར་མཚོན་ཕོག་པ་ལྟ་བུའོ། །གཉིས་པ་ནམ་འཆི་ཆ་མེད་པ་ནི། འོ་སྐོལ་འཛམ་བུའི་གླིང་པའི་མི་ལ་ཚེ་ཚད་ཀྱང་མེད་པས་ནམ་འཆི་ཆ་མེད་དེ། འཆི་བའི་རྐྱེན་མང་བས་ཀྱང་ནམ་འཆི་ཆ་མེད་ལ། ཚེ་ལ་དུས་བཏབ་མེད་ཅིང་རྐྱེན་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཅིང་། འདུས་བྱས་འཇིག་པའི་རང་བཞིན་ཡིན་པས་ནམ་འཆི་ཆ་མེད་དེ། ནམ་འཆི་ཆ་མེད་པའི་དཔེ་ནི། རྩྭ་ཁའི་ཟིལ་པ་ལྟ་བུའོ། །གསུམ་པ་འཆི་བ་ལ་གང་གིས་ཀྱང་ཕན་པ་མེད་པ་ནི། འཚོ་བའི་སྨན་གྱིས་འཆི་བ་ལ་མི་ཕན་ཏེ། འབྲེལ་བའི་གཉེན་གྱིས་འཆི་བའི་དུས་སུ་མི་ཕན་ལ། བསགས་པའི་ནོར་གྱིས་ཀྱང་འཆི་བ་ལ་མི་ཕན་ཞིང་། བརྩིགས་པའི་མཁར་དང་སྲུང་བའི་དམག་གིས་ཀྱང་འཆི་བ་ལ་མི་ཕན་ཏེ། འཆི་བ་ལ་གང་གིས་ཀྱང་མི་ཕན་པའི་དཔེ། ཉི་མ་རྒས་པའི་གྲིབ་སོ་ལྟ་བུའོ། །དེས་ན་སྤྱིར་ཟབ་ལམ་ཉམས་ལེན་གྱི་དང་པོ་དང་། བར་དང་། ཐ་མར་མི་རྟག་པ་འདི་ཁོ་ན་གནད་དུ་བསྣུན་པ་གལ་ཆེའོ། །དེ་ལ་ཞག་གསུམ་བྱའོ།། །།གསུམ་པ་ལས་རྒྱུ་འབྲས་ཀྱི་སྤང་བླང་ལ་བློ་སྦྱོང་བ་ནི། གཅིག་ཏུ་དཀར་བའི་ལས་དང་། ནག་པའི་ལས། འདྲེས་མའི་ལས་དང་གསུམ་གྱིས། གོ་རིམ་བཞིན་དུ་འབྲས་བུ་བདེ་བ་དང་། སྡུག་བསྔལ་དང་། བདེ་སྡུག་འདྲེས་མར་མྱོང་བར་གསུངས། ཡང་བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས་དང་། བསམ་སྦྱོར་གཉིས་ཀ་དཀར་བའི་འབྲས་བུས་བདེ་བ་མྱོང་ཞིང་། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་དང་། བསམ་སྦྱོར་གཉིས་ཀ་ནག་པའི་ལས་ཀྱི་འབྲས་བུས་སྡུག་བསྔལ་འབའ་ཞིག་ཏུ་མྱོང་བར་གསུངས་ལ། ཡང་། དགེ་སྡིག་གང་ལ་སྦྱོར་རྗེས་གཉིས་ཚང་ན། དངོས་གཞི་མ་ཚང་ཡང་བྱས་ལ་བསགས་པའི་ལས་སུ་གསུངས། སྦྱོར་རྗེས་གཉིས་མ་ཚང་ན། དངོས་གཞི་ཆེན་པོ་བྱས་ཀྱང་བྱས་ལ་མ་བསགས་པའི་ལས་སུ་གསུངས། གཞན་གྱི་དགེ་བ་དང་སྡིག་པ་ལ་རྗེས་སུ་ཡི་རང་བྱས་པ་ནི། མ་བྱས་པ་ལ་བསགས་པའི་ལས་སོ། །གཞན་མཐོང་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་དང་གསུམ་གྱིས་གོ་རིམ་བཞིན་དུ་རྣམ་སྨིན་གྱི་འབྲས་བུ་ཚེ་འདི་དང་། ཕྱི་མ་དང་ལན་གྲངས་གཞན་ལ་མྱོང་བར་གསུངས། ཚུར་བསྡུ་ན་ནག་པོ་མི་དགེ་བ་དང་། དཀར་པོ་དགེ་བའོ། །དེ་གཉིས་སྤང་བླང་བྱེད་ཚུལ་ནི། སྡིག་པ་མི་དགེ་བ་ཐམས་ཅད་དུག་བཞིན་དུ་སྤོང་ཞིང་དེའི་གཉེན་པོར་དགེ་བ་རྣམས་སྨན་ཆ་བཞིན་དུ་དང་དུ་བླང་བ་ནི། བྲམ་ཟེ་སྒྲ་མཁན་གྱིས་རང་སེམས་དགེ་མི་དགེར་རྡིལ་འབྲུ་དཀར་ནག་བཞག་པས། དང་པོ་ནག་པོ་རྐྱང་བྱུང་། གཉེན་པོ་བསྐྱེད་དེ་སྤང་བླང་བྱས་པས། བར་དུ་ཕྱེད་མ་ཙམ་བྱུང་། མཐར་དཀར་པོ་རྐྱང་བྱུང་ཟེར་བ་བཞིན་དུ་ཉམས་སུ་བླང་ངོ་། །དེ་ལ་ཞག་གསུམ་སོགས་ཅི་རིགས་སུ་བློ་སྦྱོང་།། །།བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་བློ་སྦྱོང་བ་ནི། འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ། དེ་དག་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ། རྩ་བའི་སྡུག་བསྔལ་བཞི་ནི་ལུ་གུ་རྒྱུད་དང་འདྲ་སྟེ། གཅིག་གཤམ་དུ་གཅིག་འབྲེལ་དང་གཉིས་འབྲེལ་དུ་ཡོང་བའོ། །ཡན་ལག་གི་སྡུག་བསྔལ་རིགས་དྲུག་ནི། རྒྱ་མཚོའི་རླབས་དང་འདྲ་སྟེ། བུད་པ་དང་སང་བ་མེད། ཉིང་ལག་གི་སྡུག་བསྔལ་ནི་སྐར་མ་དང་འདྲ་སྟེ་གྲངས་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང་། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཡང་སྡུག་བསྔལ་གྱི་གནས། གང་དང་ཅི་ཡིན་པ་ཐམས་ཅད་སྡུག་བསྔལ་གྱི་སྣོན་མར་འདུག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ། མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་མིན་པ་གཅིག་ཀྱང་མེད་དོ། །དེ་ལྟར་འཁོར་བའི་ཆོས་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཐོག་མཐའ་མེད་ཅིང་། དུས་ད་རེས་ཐར་པའི་ལམ་སྐབས་རྙེད་པའི་ཐབས་ལ་བརྩོན་པ་གལ་ཆེའོ། །འདི་ལ་ཡང་ཞག་གསུམ་སོགས་ཇི་རིགས་སུ་སྦྱོང་ངོ་།། ༈ །།གཉིས་པ་འཁོར་བ་ངན་སོང་གི་སྡུག་བསྔལ་དང་ལམ་ལོག་པའི་ལྟ་བ་ལས་སྐྱོབ་པར་བྱེད་པ་སྐྱབས་འགྲོའི་ཁྲིད་ལ་གཉིས་ཏེ། སྐྱབས་སུ་འགྲོ་བའི་དགོས་ཆེད་དང་། སྐྱབས་འགྲོ་དངོས་སོ། །དང་པོ་ནི། ཕྱི་རོལ་པ་རྣམས་ཀྱི་འཇིག་རྟེན་པའི་ལྷ་ཕྱྭ་དང་དབང་ཕྱུག་ལ་སོགས་པ་དང་། དེའི་རྗེས་འཇུག་ལོག་ལམ་ལ་ཞུགས་པ་རྣམས་དང་། འཚེ་བ་ཆོས་སུ་སྨྲ་བ་ལ་སོགས་པའི་གཞུང་ལུགས་དང་། དེ་རྣམས་ལ་སྐྱབས་གནས་སུ་འཛིན་ན་ནི་ངེས་པར་བསླུ་བ་ལས། དཀོན་མཆོག་གི་ཡོན་ཏན་མི་བསླུ་ངེས་པའི་གོ་འཕང་ལ་རེག་པའི་དགོས་ཆེད་དང་། འཇིག་རྟེན་འཁོར་བའི་ཆོས་ཀྱི་ཉེས་དམིགས་ལ་བློ་ལྡོག་ཅིང་རྣམ་གྲོལ་དཀོན་མཆོག་གི་ཡོན་ཏན་ལ་ཡིད་ཆེས་ཏེ། བློ་ཆོས་སུ་འགྲོ་བའི་དགོས་ཆེད་ཡོད་དོ། །གཉིས་པ་སྐྱབས་འགྲོ་དངོས་ལ་གཉིས་ཏེ། སྐྱབས་གནས་ངོས་གཟུང་བ་དང་། སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་ནི། སངས་རྒྱས་སྤངས་རྟོགས་ཕུན་སུམ་ཚོགས་པ། ཆོས་དཀོན་མཆོག་ལུང་ཆོས་དང་རྟོགས་ཆོས། དགེ་འདུན་དཀོན་མཆོག་རིག་གྲོལ་གཉིས་ལྡན། བླ་མ་དཀོན་མཆོག་ཤེས་རབ་གསུམ་ལྡན། ཡི་དམ་དཀོན་མཆོག་ཡེ་ཤེས་ལྔ་ལྡན། མཁའ་འགྲོ་དཀོན་མཆོག་མཚན་ཉིད་ལྔ་ལྡན། ཆོས་སྐུ་དཀོན་མཆོག་དག་པ་གཉིས་ལྡན། ལོངས་སྐུ་དཀོན་མཆོག་ངེས་པ་ལྔ་ལྡན། སྤྲུལ་སྐུ་དཀོན་མཆོག་མ་ངེས་དོན་མཛད་དོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། སངས་རྒྱས་སམ་སྐུ་གསུམ་ལ་སྟོན་པའི་འདུ་ཤེས། ཆོས་ལམ་གྱི་འདུ་ཤེས། དགེ་འདུན་ལམ་གྲོགས་ཀྱི་འདུ་ཤེས། བླ་མས་ལམ་གྱི་འདྲེན་པ། ཡི་དམ་གྱིས་རྒྱུད་བྱིན་གྱིས་རློབ་པ། མཁའ་འགྲོས་ལམ་གྱི་བར་ཆད་སེལ་བ་སྟེ། དེའང་སྐྱབས་སུ་འགྲོ་ཚུལ་མང་སྟེ། ད་ལན་སྔོན་འགྲོའི་སྐབས་འདིར་ལས་དང་པོའི་སྐྱབས་སུ་འགྲོ་ཚུལ་ནས་བྱེད་དགོས་པའི་ཕྱིར། སྐྱབས་ཡུལ་མདུན་གྱི་ནམ་མཁར་དམིགས་ཏེ། ཕྱི་ནང་གསང་བའི་སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ། སྐུ་གསུམ་གྱིས་ནམ་མཁའ་གང་ནས་བཞུགས་པར་བསམ་ལ། དེ་རྣམས་ལ་རང་རང་གིས་བློ་ངེས་པར་བཀལ་ཏེ་ཁ་ཞེ་འཕྲོད་པར་བྱས་ལ། རྒྱས་འབྲིང་བསྡུས་གསུམ་ངག་འདོན་གང་སྤྲོ་བ་ལོགས་སུ་བཀོལ་བ་ལྟར་བྱས་ལ། དེ་ལ་ཞག་གསུམ་བར་བློ་སྦྱོང་ངོ་།། ༈ །།གསུམ་པ་ཐེག་ཆུང་རང་དོན་ཆོས་ལ་མི་གནས་ཤིང་ཆོས་ཅི་བྱེད་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བར་བྱེད་པའི་སེམས་བསྐྱེད་ཀྱི་ཁྲིད་ལ་གཉིས་ཏེ། དགོས་ཆེད་དང་བློ་སྦྱོང་དངོས་སོ། །དང་པོ་ནི། ཐེག་ཆེན་བླ་མེད་ཀྱི་ཁྱད་ཆོས་སུ་བཞག་སྟེ། ཐེག་ཆུང་རྣམས་ཀྱི་ཆོས་ཅི་བྱེད་རང་ཉིད་གཅིག་པུ་ཐར་པ་འཐོབ་པའི་དོན་དུ་བྱེད་པའོ། །ཐེག་པ་ཆེན་པོའི་ཆོས་ཅི་བྱེད་ཀྱང་གཞན་དོན་དུ་བྱེད་དོ། །སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པར་སྨོན་ཅིང་ལམ་ལ་འཇུག་པ་ན། ཐེག་ཆེན་ལམ་གྱི་ཁོངས་སུ་གཏོགས་པའི་དགོས་ཆེད་ཡོད་དོ། །གཉིས་པ་སེམས་བསྐྱེད་དངོས་ལ་གཉིས་ལས། དང་པོ་སྨོན་པ་སེམས་བསྐྱེད་ནི། ཕ་མས་གཙོ་བྱས་སེམས་ཅན་རྒྱ་ཆེ་ཞིང་གྲངས་མང་བ་འདི་རྣམས་སྡུག་བསྔལ་གྱི་མནར་པ་འདི་དང་བྲལ་ཞིང་། བདེ་བ་དང་ལྡན་ན་རེ་དགའ་སྙམ་པ་ཞེ་ཐག་པ་ནས་བསམ་སྟེ། སྨོན་པ་ནི་ངག་འདོན་རྒྱས་འབྲིང་བསྡུས་སོགས་གང་སྤྲོ་ལོགས་སུ་བཀོལ་བ་ལྟར་བྱའོ། །གཉིས་པ་འཇུག་པ་སེམས་བསྐྱེད་ནི། རང་འདོད་མེད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལམ་ཟབ་མོ་ལ་བློ་གཞོལ་ཏེ་ཉམས་སུ་བླང་བའོ། །འདི་ནས་ལམ་གྱི་ཆོས་ཐམས་ཅད་ལ་སེམས་བསྐྱེད་ཀྱིས་ཟིན་པ་ནི། ཆོས་ཅི་བྱེད་ལམ་དུ་འགྲོ་ཞིང་། ལམ་བགྲོད་པའི་གྲོགས་ཐེག་ཆེན་ཐབས་ཀྱི་ཟབ་ལམ་ཞེས་བྱའོ། །ཟབ་མོ་ཁམས་ཀྱི་ཡོན་ཏན་རྣམས་ཀྱི་སྣ་བསུ་ཞིང་གཟུགས་སྐུའི་ས་བོན་འདི་ནས་ཐེབས་ཏེ། བློ་ཆེན་རྣམས་ཀྱིས་སྤྱོད་པར་འོས་སོ། །དེ་ལ་ཞག་གསུམ་མམ་ལྔ་བདུན་ལ་སོགས་སྐབས་དང་སྦྱར་ལ་བྱའོ།། ༈ །།བཞི་པ་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཚོགས་གསག་མཎྜལ་གྱི་ཁྲིད་ལ་གཉིས་ཏེ། དགོས་ཆེད་དང་དངོས་སོ། །དང་པོ་ནི། གང་ཟག་རང་གི་དོན་དུ་འབྱོར་བའི་དགོས་པ་ཡོད་དོ། །གཉིས་པ་ཚོགས་གསག་མཎྜལ་འབུལ་བ་དངོས་ལ། དངོས་འབྱོར་དང་ཡིད་སྤྲུལ་གཉིས་ལས། དང་པོ་ནི། ས་ཤིང་ངམ། རིན་པོ་ཆེ་ཚད་ལྡན་གང་རུང་ལ། རིན་པོ་ཆེ། སྨན། འབྲུ་ལ་སོགས་གང་འབྱོར་བཀོད་ལ་འབུལ་ཞིང་། གཞན་ཡང་རང་ལ་བསོད་ནམས་ཀྱི་འབྱོར་པ་ཡོད་ན། རང་གི་སྒྲུབ་པའི་ཆ་རྐྱེན་མ་འཛོམ་ཡང་མཐའ་གཉིས་སུ་མ་ལྷུང་བ་ཙམ་དུ་ཚགས་ཤིང་། ལྷག་མ་གཞན་ཐམས་ཅད་ཡར་དཀོན་མཆོག་གི་ཞིང་ས་བཟང་པོ་ལ་ཚོགས་གསོག་པ་དང་། མར་རེ་ལྟོས་མེད་པའི་མ་ནུས་པ་ལ་སྦྱིན་གཏོང་ལ་འབད་པར་བྱའོ། །དེ་འདྲའི་བསོད་ནམས་ཀྱི་འབྱོར་པ་མེད་ནའང་། གཉིས་པ་ཡིད་སྤྲུལ་གྱི་ཚོགས་གསག་སྟེ། རང་གི་གནས་ལུགས་ཁམས་ཀྱི་བཞུགས་ཚུལ་ལ་ཡོན་ཏན་སྐུ་གསུམ་གྱི་ཞིང་བཀོད་རང་བྱུང་དུ་བཞུགས་པ་རྣམས་བློ་ཡུལ་དུ་གསལ་གདབ་སྟེ། བླ་མ་སྐུ་གསུམ་རྡོ་རྗེ་འཆང་གི་བདག་ཉིད་ཅན་ལ་འབུལ་ཏེ་ཚོགས་བསགས་པ་ནི། ཚོགས་གསག་ཡན་ལག་བཅུ་པའམ། བདུན་པས་ཚོགས་གསག་པ་དང་། རང་ལུས་ཀྱི་ཤ་ཁྲག་ཀྱང་བདུད་རྩིར་བྱིན་གྱིས་བརླབས་ལ་ཚོགས་གསག་པ་ཡང་ཚིག་གི་རྗེས་སུ་དོན་བསམ་ལ། འབུལ་ཚིག་རྒྱས་འབྲིང་བསྡུས་གསུམ་གང་འཕྲོད་ཞག་གསུམ་མམ། ལྔ་བདུན་སོགས་སྐབས་དང་སྦྱར་ལ་གཏང་ངོ་།། ༈ །།ལྔ་པ་སྣོད་ཀྱི་སྡིག་སྒྲིབ་འདག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་གཉིས་ཏེ། དགོས་ཆེད་དང་སྒོམ་བཟླས་དངོས་སོ། །དང་པོ་ནི། བཅུད་སེང་གེ་དཀར་མོའི་འོ་མ་དེ། སྣོད་དག་པ་རིན་པོ་ཆེའི་སྣོད་མིན་པ། གཞན་གང་གིས་ཀྱང་མི་ཐུབ་པ་བཞིན་དུ། བཅུད་བླ་མའི་རྣལ་འབྱོར་གྱི་སྣོད་སྒྲིབ་པ་འདག་དགོས་པ་ནི། སྒྲིབ་སྦྱོང་གི་དགོས་ཆེད་དོ། །གཉིས་པ་སྒོམ་བཟླས་དངོས་ནི། ཚིགས་བཅད་ལྷུག་དང་རྒྱས་འབྲིང་བསྡུས་སོགས་གུད་དུ་བཀོལ་བ་ལྟར་ལ་ཞག་གསུམ་མམ། ལྔ་བདུན་དུ་སྦྱོང་ངོ་།། ༈ །།དྲུག་པ་བཅུད་བླ་མའི་བྱིན་རླབས་ཀྱིས་གང་བར་བྱེད་པ་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་གཉིས་ཏེ། དགོས་པ་དོན་ཆེ་བར་བསམ་པ་དང་། ལམ་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བ་དངོས་སོ། །དང་པོ་ནི། བསྐལ་པ་འབུམ་གྱི་སངས་རྒྱས་བས་ཀྱང་བླ་མའི་བཀའ་གཉན་ཞིང་དོན་འགྱུར་ཆེ་བ་ཡིན་ཏེ། རྒྱུ་མཚན་ཉིད་ཀྱི་རང་བཞིན་ལམ་ལ་བསྐལ་པ་གྲངས་མེད་གསུམ་དུ་བྱ་དཀའ་སྤྱོད་པས་སྒྲིབ་པ་སྦྱང་ཞིང་ཚོགས་གསག་དགོས་པ་ལ། འདིར་བླ་མའི་མན་ངག་གིས་ཚོགས་གཉིས་ཉེ་ལམ་གྱིས་ཚེ་འདིར་ཚོགས་རྫོགས་ཤིང་། གསང་སྔགས་ཕྱི་ནང་གི་བསྐྱེད་རིམ་གྱི་ལྷ་སྐུ་འབུམ་ཕྲག་བསྒོམས་ཀྱང་ཐུན་མོང་གི་དངོས་གྲུབ་ཙམ་ལས་མི་ཐོབ་ཅིང་། བླ་མའི་སྐུ་གཅིག་བསྒོམས་ན་མཆོག་གི་དངོས་གྲུབ་ཐོབ་པས་བསོད་ནམས་ཆེ་ལ། དཀོན་མཆོག་ལ་མཆོད་པ་ཐམས་ཅད་ཕུལ་ཀྱང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ཙམ་ཡིན་གྱི། བླ་མ་ལ་མཉེས་པའི་མཆོད་པ་ཕུལ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་ཏེ། བསྐལ་པ་དུ་མར་ཐོས་བསམ་ལ་བློ་སྦྱངས་ཀྱང་། བླ་མའི་སྒོམ་བྱུང་མན་ངག་གིས་མ་ཟིན་ན་རྒྱུད་གྲོལ་བའི་གནད་མེད་ལ། བཀའ་མདོ་རྒྱུད་ཀྱི་བརྗོད་བྱ་ཟབ་ཅིང་རྟོགས་དཀའ་བའི་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་བླ་མའི་བརྡ་ཐབས་ལ་རག་ལས་ཤིང་། མཚན་ཉིད་དང་ལྡན་པའི་ཡོན་ཏན་མ་ལུས་ཡོངས་སུ་རྫོགས་པའི་བླ་མ་ནི་སངས་རྒྱས་དངོས་དང་འདྲ་བས། དད་མོས་གུས་པའི་སྒོ་ནས་ནན་ཏན་དུ་བསྟེན་དགོས་ཏེ། གང་ཞིག་གིས་བླ་མ་ལ་བསྙེན་བཀུར་ཞབས་ཏོག་བསྒྲུབས་ནས་མོས་གུས་ཀྱིས་བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་བཏབ་ན། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་བླ་མས་གནང་བས་དོན་ཆེ་བའོ། །གཉིས་པ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་དངོས་ལ་གསུམ་སྟེ། ཕྱི་བརྡ་དོན་ངོ་སྤྲོད་པའི་བླ་མ། ནང་ཡིན་ལུགས་གོ་མྱོང་གི་བླ་མ། གསང་བ་རྟོགས་པ་དོན་གྱི་བླ་མའོ། །ལས་དང་པོ་པ་རྣམས་ལ། དངོས་པོ་ཕྱིའི་བླ་མ་ཁག་ཤིན་ཏུ་ཆེ་སྟེ། དེ་ཡང་བརྒྱུད་པའི་བླ་མ་རྣམས་ནི་སྤྱིའི་བླ་མ་ཡིན་ཏེ། རང་རང་ཆོས་སྒོར་འཛུད་མཁན་དེ་འདྲེན་པའི་བླ་མ་ཡིན་ལ། སོ་ཐར་སྡོམ་པ་འབོགས་པ་དང་གསང་སྔགས་ཀྱི་དབང་བསྐུར་བ་དེ་དམ་ཚིག་དབང་གི་བླ་མ་ཡིན་ཞིང་། སྡོམ་པ་ལ་ཉམས་ཆག་སོང་ན་གསོ་ཞིང་སྐོང་མཁན་དེ་ཆག་ཉམས་སྐོང་བའི་བླ་མ་ཡིན་ལ། རྒྱུད་སོགས་བཤད་ཅིང་ཐོས་བསམ་བསླབ་མཁན་དེ་ཤེས་རྒྱུད་འགྲོལ་བའི་བླ་མ་ཡིན་ཏེ། སྙན་བརྒྱུད་ཞལ་གདམས་མན་ངག་བསྟན་མཁན་དེ་མན་ངག་ལུང་གི་བླ་མ་ཡིན་ནོ། །བླ་མ་དྲུག་ཏུ་དབྱེ་ཡང་རང་གི་དྲིན་ཅན་རྩ་བའི་བླ་མ་ཁོ་ན་ལ་འདུས་ཏེ། བརྡ་དོན་ངོ་སྤྲད་པའི་བླ་མ་ཡོན་ཏན་ཀུན་འདུས་ཀྱི་བདག་ཉིད་ཅན་དེ་རང་གིས་ཅི་ལྟར་སྒོམ་ཞེ་ན། དེ་ལ་གཉིས་ཏེ། བླ་མ་རང་དེ་ཀ་ལྟར་སྒོམ་པ་དང་། ཆ་ལུགས་བསྒྱུར་ནས་སྒོམ་པའོ། །དང་པོ་ནི། བླ་མའི་ཡོན་ཏན་ཟབ་མོ་ལ་ཐེ་ཚོམ་མེད་ན། གཞོན་པ་དང་། བགྲེས་པ་དང་། ཁྱིམ་པ་དང་། རབ་བྱུང་གི་ཆ་ལུགས་གང་ཡིན་པ་ལྟར་བསྒོམས་ཀྱང་མི་འགལ་ལོ། །གཉིས་པ་ཆ་ལུགས་བསྒྱུར་ནས་སྒོམ་པ་ནི། བླ་མའི་ཡོན་ཏན་ཟབ་མོ་ལ་ངེས་པ་མ་ཐོབ་ཅིང་ཐེ་ཚོམ་མ་ཆོད་ན། ཐུབ་པའི་དབང་པོའམ། རྡོ་རྗེ་འཆང་ངམ། པདྨ་འབྱུང་གནས་ལ་སོགས་རང་གང་མོས་པའི་ཆ་ལུགས་སུ་བསྒྱུར་ནས་སྒོམ་པའོ། །དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་པ་ལྟར་སྒོམ་པའི་ལུགས་ལ་གཉིས་ཏེ། སྔ་འགྱུར་རྫོགས་ཆེན་ལུགས་ལྟར་སྒོམ་པ་དང་། ཕྱི་འགྱུར་ཕྱག་ཆེན་ལུགས་ལྟར་སྒོམ་པའོ། །དེ་ཡང་སྒོམ་ཐབས་ངག་འདོན་བསླབ་བྱ་རྒྱས་འབྲིང་བསྡུས་གསུམ་གང་སྤྲོ་བ་ལོགས་སུ་བཀོལ་བ་བཞིན་ཞག་གསུམ་མམ། ལྔ་བདུན་དུ་སྦྱོང་ངོ་། །གཉིས་པ་ནང་ཡིན་ལུགས་གོ་མྱོང་གི་བླ་མ་དང་། གསུམ་པ་རྟོགས་པ་དོན་གྱི་བླ་མ་དང་གཉིས། འོག་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་སྐབས་སུ་གསལ་ལོ།། ༈ །།བདུན་པ་ཟབ་ལམ་ལ་འཇུག་པའི་གང་ཟག་རྣམས་བློ་བྲོད་པ་སྐྱེ་བར་བྱེད་པ་བསྒོམས་པའི་ཕན་ཡོན་བསྟན་པ་ལ་གཉིས་ཏེ། ཕན་ཡོན་དངོས་དང་། མ་བསྒོམ་པའི་སྐྱོན་ནོ། །དང་པོ་ནི། ཟབ་ལམ་དངོས་སུ་སྒོམ་མ་ནུས་ཀྱང་། སྒོམ་པ་ལ་མོས་པ་ཡི་རང་བྱས་པས་ཡང་སེམས་ཅན་ཐམས་ཅད་དཀར་པོའི་དགེ་བ་བཅུ་ལ་བཀོད་པ་བས་བསོད་ནམས་ཆེ་ཞིང་། ཕྱི་མར་སེམས་ཉིད་རྟོགས་ནས་རིམ་གྱིས་གོམས་པས་སངས་རྒྱས་འཐོབ་པའི་རྒྱུ་བྱེད་པའོ། །ཚེ་འདིར་ལམ་ལ་འཇུག་ཅིང་ཞི་གནས་སེམས་རྟོག་མེད་ཐུན་གཅིག་གནས་པ་དེ་ཡང་། ཁམས་གསུམ་གང་བའི་མི་ལ་སྲོག་བྱིན་པ་བས་བསོད་ནམས་ཆེ་བར་མདོ་ལས་གསུངས་སོ། །སེམས་རྟོག་མེད་དུ་གནས་པ་དེ་ཞེན་པ་མེད་པར་བསྐྱངས་པས་ལྷག་མཐོང་གི་རྟོགས་པ་ཤར་བའོ། །རྟོགས་པ་དེའི་ངང་ལ་ཡུན་སེ་གོལ་རྡེབ་པའི་བར་ཙམ་གཅིག་གནས་ན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་སྦྱིན་པ། ཚུལ་ཁྲིམས། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རྒྱུན་དུ་གཞུག་ནས། རང་བྱང་ཆུབ་ལ་བཀོད་པ་བས་བསོད་ནམས་ཆེ་བར་བཀའ་ལས་གསུངས་སོ། །དེ་ལྟར་རྟོགས་པ་ཤར་བའི་ངང་ལ་སྐད་ཅིག་མ་རེ་ལ་གནས་པས་སྤང་བྱ་མཐའ་དག་རིམ་པས་ཆོད་ནས་བསྒྲུབ་བྱ་སངས་རྒྱས་མངོན་དུ་བྱེད་པའོ། །འོ་ན་སྒོམ་དེ་ཡང་ཐོས་བསམ་དང་འབྲེལ་དགོས་སམ་ཞེ་ན། སྤྱིར་ཚིག་བཞི་ཚིགས་སུ་གཅད་པ་གཅིག་གི་སྟེང་དུ་ཡང་ཐོས་བསམ་སྒོམ་གསུམ་འཛོམ་ཤིང་རྒྱུད་ཐོག་ན་འབྲེལ་ཐུབ་པ་གཅིག་སངས་རྒྱས་ཀྱི་བསྟན་པ་ཡིན། དེ་ལ་དང་པོ་ཐོས་དགོས། མ་ཐོས་ན་བསམ་རྒྱུ་མེད། མ་བསམ་ན་དོན་རྒྱུད་ཐོག་ཏུ་མི་གོ །མ་གོ་ན་བསྒོམ་མི་ཤེས། མ་བསྒོམ་ན་ཐོས་པས་གོ་བའི་ཚིག་ཐ་དད་ཅིང་ཉམས་སུ་མ་བླང་ན་ནང་དུ་སེམས་ཀྱི་དོན་མི་རྟོགས་པས། ཕྱི་རུ་འདོད་ཡོན་གྱི་ཞེན་པ་མི་ཆོད། བར་དུ་ཉོན་མོངས་པའི་གཡུལ་ངོ་མི་ཟློག་པས། ཚིག་མཐའ་ལ་ཞེན་པའི་ཐོས་བསམ་མང་པོ་བས། བླང་དོར་གྱི་གནད་ཤེས་པ་དང་། དེའི་དོན་ལ་སྒོམ་པ་གལ་ཆེའོ། ཁ་ཅིག་ཐོས་པ་ཆུང་བའི་སྐྱོན་གྱིས་སྒྲོ་འདོགས་མ་ཆོད་པར། མན་ངག་གི་ཁྲིད་གཅིག་ཞུས་པས་གནས་པ་ལུང་མ་བསྟན་ཞིག་སྐྱེས་ཀྱང་། རྟོགས་པ་མ་ཤར་བ་ལ་ཆོས་སྐུ་ཡིན་སྙམ། རྟུག་པ་གསེར་དུ་བསྒོམས་ནས་ཁྱི་རྟ་ཤོག་རྒྱུག་བྱེད་པ་དེ། ཐོས་པ་མི་དགོས་ཟེར་ནས་སྐྱོན་དུ་བལྟ། ཐོས་པ་རྒྱ་ཆེ་ཆུང་མིན་པ་མ་ཐོས་ན་གཏན་ནས་སྒོམ་ཐབས་མེད། སྒོམ་པ་རང་ལ་ཡང་དང་པོ་ཐོས་དགོས། ཁ་ཅིག་ཐོས་པ་ཞེས་པ་སྒྲ་ཚད་ལ་སོགས་པའི་པོ་ཏི་མི་ཁ་གཅོད་པའི་ཐ་སྙད་མང་པོ་ཞིག་མ་ཤེས་ན་ཐོས་པ་མེད་པར་ཁ་ཚོན་བཅད། སྤྱིར་པོ་ཏི་མང་པོ་མ་ཤེས་ཀྱང་། མན་ངག་གི་ཁྲིད་གཞུང་འདི་རྣམས་བཀའ་བསྟན་བཅོས་རྣམས་ཀྱི་གནད་འགགས་ཟབ་མོའི་དོན་ཐམས་ཅད་གྲུབ་ཆེན་རྣམས་ཀྱིས་བསྡུས་ནས་སེམས་ཐོག་ན་གཏན་ལ་ཕབ་པ་ཡིན། པོ་ཏི་བརྒྱ་ཤེས་པ་དེ་ཡང་སེམས་གཏན་ལ་དབབ་ཐབས་ཡིན། དེའི་དོན་ཡང་བླ་མ་མཚན་ལྡན་གཅིག་གིས་མང་པོ་གཅིག་ཏུ་བསྡུས་ནས། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གི་སྟེང་དུ་མདོ་རྒྱུད་མན་ངག་དང་བཅས་པའི་དོན་བསྡུས་ནས་སློབ་མའི་སེམས་རྒྱུད་དང་བསྟུན་ཏེ། ཁ་སློབ་རྣ་དུལ་བྱེད་པ་དེ་ཐོས་པ་ཡིན། སྤྱིར་ཤེས་བྱ་ལ་རྒྱ་ཆེ་ཞིང་གྲངས་མང་ཡང་གཞི་ལམ་འབྲས་གསུམ་དུ་བསྡུ་བ་ཡིན། ཐོས་པ་རྒྱ་ཆེ་ཡང་དེའི་དོན་སྟོན་པ་ཡིན། ཆུང་ཡང་དེའི་དོན་སྟོན། གཞི་ལ་གནས་ལུགས་དང་འཁྲུལ་ལུགས། ལམ་ལ་སྤོང་གཉེན་གྱི་ཕྲ་རགས་དང་། འབྲས་བུ་མཁྱེན་གཉིས་དབྱེར་མེད་གཅིག་ཏུ་བསྟན་པ་ཁོ་ནར་འདུས་པས་རྣ་དུལ་བྱེད་པ་ཐོས་པ་ཡིན། ཐོས་པ་ཆེ་བ་ཡང་སངས་རྒྱས་ཐོབ་པའི་གནད་འགགས་ཟིན་པ་ལ་ཟེར། དེ་ཟིན་ན་ཐོས་པ་ཆུང་ཡང་བཟོད། ཚེ་དང་ལྡན་པ་ལམ་ཕྲན་བསྟན་དང་། གླེན་པ་ལྟེང་རྒྱས་འོད་སྲུང་ལ་སོགས་པ་རྣམས་ཚིག་རྐང་རེ་རེའི་ཐོག་ནས་གྲོལ་བར་བཤད་དོ། །གཉིས་པ་མ་བསྒོམ་པའི་སྐྱོན་ནི། ཐོས་པ་ཆེ་གོ་བ་བཟང་ཡང་མ་བསྒོམ་ན་ནང་དུ་བདག་འཛིན་གྱི་རྟོག་པ་མི་ཆོད་པས། གཞན་ལ་བདག་མེད་པར་བཤད་ཀྱང་རང་བདག་འཛིན་གྱི་རྫོང་ལ་ཞེན་པས། ཆུས་ཁྱེར་ཆུ་ནང་དུ་སྐོམ་གྲིར་ཤི་བའམ། ཡང་ན་གཞན་ལ་ཟས་སྐོམ་བྱིན་ཀྱང་རང་ཟ་རྒྱུ་མེད་པར་ཤི་བའམ། ལོང་བ་རོལ་མོ་དང་གར་སྟབས་མཁས་པས་གཞན་མིག་ཡོད་དགའ་ཐུབ་ཀྱང་རང་གི་མིག་མེད་པས་མི་མཐོང་བ་ལྟར། བཀའ་བསྟན་བཅོས་མན་ངག་ལ་ཐོས་བསམ་བྱས་པའི་གོ་བ་དེ་གཞན་ལ་བཤད་པས་གཞན་དགའ་བ་སྐྱེས་ཀྱང་། རང་གི་ཉམས་སུ་མ་མྱོང་བས་བདག་འཛིན་གྱི་རྟོག་པ་རང་ཁར་སོང་ནས་ཆོད་མ་ཐུབ་པས། ཆུ་ནང་དུ་སྐོམ་པས་ཤི་བ་དང་འདྲའོ། །ཐོས་པ་ཆེ་ཡང་བདག་འཛིན་གྱི་གཉེན་པོར་མ་སོང་ན་དམྱལ་བར་སྡུག་བསྔལ་མྱོང་སྟེ། དཔེར་ན་ལྷས་སྦྱིན་དང་། ལེགས་སྐར་དང་། ཀོ་ཀ་ལི་ཀའི་གཏམ་རྒྱུད་ལྟ་བུའོ། །དེས་ན་ཐོས་པ་རྒྱས་བསྡུས་གང་ཡིན་དེའི་དོན་དེ་རང་གི་རྒྱུད་ཐོག་ལ་སྦྱར་ནས་བསྒོམ་དགོས་སོ།། ༈ །།གཉིས་པ་ཐོག་མའི་ཁམས་ཀྱི་ཡོན་ཏན་རྣམས་ཀྱི་སྣ་བསུ་ཞིང་ཁྲིད་དེ་རང་ཞལ་མཇལ་བར་བྱེད་པའི་ཐབས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། གཞི་ཁྲེགས་ཆོད་བློ་འདས་ཀྱི་དོན་རང་ཐོག་ཏུ་ངོ་འཕྲོད་པའི་ཐབས་ལ། འཁོར་འདས་རུ་ཤན་ཕྱེ་ཞིང་དབུ་རྫོགས་ཕྱག་གསུམ་གྱི་དོན་ཅིག་ཆར་དུ་ངོ་སྤྲོད་པ་དང་། ཕྱག་རྫོགས་ཐུན་མོང་ཁྲེགས་ཆོད་ཀྱི་ཉམས་ལེན་རིམ་གྱིས་ཁྲིད་ཐབས་རྒྱས་པར་བསྟན་པ་དང་། ཟབ་ལམ་འོད་གསལ་ཐོད་རྒལ་གྱི་སྔོན་འགྲོས་ལུས་ངག་ཡིད་གསུམ་གྱི་གནད་སྦྱོང་བའོ། །དང་པོ་ནི། ཐུན་མོང་བ་རྣམས་ཀྱི་ཤིང་བུའམ། རྡིལ་བུ་དང་། ཡི་གེ་དང་། ལྷའི་ཕྱག་མཚན་དང་། སྐུ་ཕྲ་མོ་རྣམས་མིག་ཡུལ་དུ་བྱས་ཏེ་སེམས་འཇོག་པའོ། །དེ་རྣམས་ཡིད་ལ་བསམས་ཏེ་སེམས་གཟུང་ཞིང་། གནས་པའི་ཐབས་ལ་བརྩོན་ཀྱང་། གནས་བྱེད་ཀྱི་མཁན་པོ་དེ་རང་འཕྲོ་བའི་རྒྱུར་སོང་སྟེ། ཅི་བྱེད་ཀྱང་གནས་སུ་མ་བཏུབ་པའི་སྐབས་ལ་སྣ་སུན་ཁུར་ཏེ། སླར་ཡང་ལམ་ལ་འཇུག་སྙིང་མི་འདོད་པའི་སྐྱོན་འོང་བ་ལ། ཐུན་མོང་མ་ཡིན་པའི་སྐབས་འདིར་རང་ཐོག་ཏུ་མི་གནས་པའི་རྒྱུ་སེམས་ཀྱི་བག་ཆགས་རྐྱེན་ལུས་ངག་ཡིད་ཆེད་རྩོལ་འབྲས་བུ་སྐད་ཅིག་ཀྱང་རང་ཐོག་ཏུ་མི་སྡོད་པར་ཡུལ་གཞན་སྣང་གཅིག་ལ་ཤེས་པ་ཛ་ལང་ལང་དུ་འཕྲོ་བའོ། །དེ་ལྟར་འཕྲོ་བའི་རྟོག་པ་དེ་རང་མལ་དུ་བཞག་པས་མི་སྡོད་པར་འཕྲོ་ན། སླར་ལུས་ངག་ཡིད་གསུམ་ཨར་ལ་གཏད་ཅིང་རུ་ཤན་དབྱེ་སྟེ། གཉུག་མ་ཀ་དག་བློ་འདས་ཀྱི་དོན་རང་ཐོག་ཏུ་ངོ་སྤྲད་པར་བྱའོ། །དེ་ཡང་ལུང་སྟོང་རི་ཁྲོད་དབེན་པའི་གནས་གཅིག་ཏུ་དཔོན་སློབ་གཉིས་ཀ་འཚོགས་ཏེ། ཐབས་སྣ་ཚོགས་ཀྱིས་ཐུགས་མཉེས་པའི་བླ་མ་དེའི་མདུན་དུ། དང་པོ་ལུས་རུ་ཤན་དབྱེ་བ་ནི། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་དང་འཁོར་བ་རུ་ཤན་ཕྱེ་ལ། ལུས་འདི་འཁོར་བར་མི་ལྡོག་པ་བྱ་སྙམ་དུ་སེམས་བསྐྱེད་ནས་དེ་ནས་ཡིད་ལ་འདི་ལྟར་བསམ་པར་བྱའོ། །རྣམ་རྟོག་ཡུལ་ལ་འཕྲོ་བའི་རྐྱེན་རང་གི་ལུས་འདིས་བྱས་ཏེ། སྒུལ་སྐྱོད། འགྲོ་འོང་། འདུག་སྡོད། རྩོལ་སེམས་སྐད་ཅིག་ཀྱང་རང་མལ་དུ་འདུག་པར་མ་སྟེར། ཀྱེ་མ་འདི་ཡང་སྔོན་ཐོག་མ་མེད་པ་ནས་རིགས་དྲུག་གི་ལུས་སྣ་ཚོགས་བླངས་ཏེ། འདུ་བྱེད་ལུས་ཀྱི་བག་ཆགས་འདི་འདྲའི་རྒྱུ་མཐུན་ཡིན་པ་འདྲ་ན། ད་འདིའི་མཚང་བཙལ་ན་ལུས་སྒུལ་སྐྱོད་འདིའི་ཕུགས་གང་ཙམ་ན་ཐུག་ཅིང་གདའ། ཕྱི་མའི་མཐའ་གར་ཟད་ཅིང་འདུག་སྙམ་སྟེ། ལུས་རང་མལ་ན་འདུག་སྙིང་འདོད་པའི་ཚེ་ངལ་སྐད་ཅིག་ཀྱང་མི་གསོ་བར། སླར་དམྱལ་བའི་སྤྱོད་པ་དང་། ཡི་དྭགས་ཀྱི་སྤྱོད་པ་དང་། དུད་འགྲོའི་སྤྱོད་པ་དང་། ལྷ་མ་ཡིན་གྱི་སྤྱོད་པ་དང་། ལྷ་དང་མི་ལ་སོགས་པའི་ལུས་སྤྱོད་ཤེས་ཚད་བྱའོ། །ཡང་སངས་རྒྱས་ཀྱི་བཞུགས་སྟངས་དང་། ཞི་བ་དང་ཁྲོ་བོའི་བཞུགས་སྟངས་ཤེས་ཚད་བྱའོ། །མཐར་ངལ་ཞིང་དུབ་སྟེ་ལུས་སྒུལ་སྐྱོད་མི་འདོད་པར། དུར་ཁྲོད་ཀྱི་རོ་བཞིན་དུ་འགྱུར་ཏེ་ཧྲིལ་ལེར་འདུག་གོ །དེའི་ཚེ་བླ་མས་འདི་སྐད་བརྗོད་པར་བྱ་སྟེ། ཀྱེ་མ་སྐལ་ལྡན་ཐར་པ་དོན་དུ་གཉེར་བའི་བསམ་པ་ཅན་བདག་ལ་ཚུར་ཉོན་དང་། ད་ལྟ་ཁྱོད་ཀྱི་ལུས་སྒུལ་སྐྱོད་དང་བྲལ་བ་འདི་སངས་རྒྱས་སྤྲུལ་སྐུའི་ལུས་ཡིན། རྩོལ་རྟོག་ཟད་པར་བྱེད་པའི་ཐབས་ལ་ལམ་གྱི་མན་ངག་ཟེར། རྩོལ་རྟོག་ནམ་མེད་པའི་དུས་སངས་རྒྱས་སོ། །ཞེས་འཁོར་འདས་ཀྱི་རུ་ཤན་རྩོལ་རྟོག་ཡོད་མེད་ཀྱི་མཚམས་ནས་དབྱེ་སྟེ། མུན་ནག་གི་ནང་དུ་མཛུབ་བཙུགས་བྱེད་པ་འདྲ་མ་བྱེད་ལ། ངོ་སྤྲོད་མཁས་པ་དག་གིས་ལེགས་པར་གདབ་བོ། །ངག་དང་སེམས་གཉིས་ཀྱང་དེ་བཞིན་དུ་ངོ་སྤྲད་དེ། དེ་ནས་ངག་རུ་ཤན་དབྱེ་བ་ནི། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངག་དང་འཁོར་བ་གཉིས་རུ་ཤན་དབྱེ་ལ། ཕྱིར་མི་ལྡོག་པར་བྱ་སྙམ་སྟེ་སེམས་བསྐྱེད་ནས། དམྱལ་བ་ལ་ཨ་ཚ་ཨ་ན་ཀྱི་ཧུད་ཀྱི་སྐད་དང་། ཡི་དྭགས་ལ་བཀྲེས་སྐོམ་གྱི་གདུང་བའི་སྐད་དང་། དུད་འགྲོ་ལ་ཨུད་སྒྲ་དང་འབའ་སྒྲ་མ་དག་པའི་སྐད་དང་། ལྷ་མ་ཡིན་ལ་རྒྱོབ་དང་སོད་ཀྱི་སྐད་དང་། ལྷ་ལ་དགའ་བ་དང་བདེ་བ་དང་སྙན་པའི་སྐད་དང་། མི་ལ་བདག་གཅེས་དང་མངོན་པར་ཞེན་པའི་སྐད་དང་། རིགས་དྲུག་གི་སྨྲ་བརྗོད་ཤེས་ཚད་དང་། ཞི་བའི་གསུང་དབྱངས་དྲུག་ཅུ་དང་། ཁྲོ་བོའི་གད་རྒྱངས་བཅོ་བརྒྱད་དང་། འབྱུང་བའི་སྒྲ་སྐད་ཤེས་ཚད་ཐམས་ཅད་ངལ་མི་གསོ་བར་ངག་ཏུ་བརྗོད་པས་སྨྲ་བའི་ཉམས་སོ་མེད་པར་པི་ཝང་རྒྱུན་ཐག་ཆད་པ་བཞིན་དུ་ཧད་དེ་ལུས་སོ། །དེའི་ཚེ་འཁོར་འདས་ཀྱི་ས་མཚམས་ངག་རྩོལ་རྟོག་ཡོད་མེད་ཀྱི་མཚམས་ནས་རུ་ཤན་ཕྱེ་སྟེ། ངག་བརྗོད་མེད་སངས་རྒྱས་ཀྱི་གསུང་དུ་ངོ་ལེགས་པར་སྤྲད་དོ། །དེ་ནས་ཡིད་རུ་ཤན་དབྱེ་བ་ནི། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་དང་འཁོར་བ་རུ་ཤན་དབྱེ་ལ། ཕྱིར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་། དུད་འགྲོ་གཅིག་གིས་གཅིག་ཟ་བ་དང་བཀོལ་སྤྱོད་ཀྱི་དུ་ཁ་དང་། ལྷ་ལ་གཡེང་བ་དང་ལྟུང་བའི་དུ་ཁ་དང་། མི་ལ་སྐྱེ་རྒས་ན་འཆིའི་སྡུག་བསྔལ་སྣ་ཚོགས་པ་ཡོད་པ་ཡིད་ལ་བསམ་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཁམས་རྣམས་དང་། དྲན་རྟོག་ཤེས་ཚད་ངལ་མི་གསོ་བར་ཡིད་ལ་བསམ་སྟེ། མཐར་དྲན་བསམ་གྱི་ཉམས་སོ་མེད་དེ་ཅི་ཡང་ཡིད་ལ་དྲན་རྒྱུ་མེད་པར་རང་སོ་རང་མལ་ན་སྐྱེངས་ནས་འདུག་པ་ཞིག་འོང་། དེའི་ཚེ་རྣམ་པར་ཤེས་པ་དྲན་རྟོག་གི་འཕྲོ་འདུ་ཡོད་མེད་ཀྱི་མཚམས་ནས་འཁོར་འདས་ཀྱི་རུ་ཤན་དབྱེ་སྟེ། དྲན་མེད་སངས་རྒྱས་ཀྱི་དགོངས་པར་ངོ་སྤྲད་དོ། །དབུ་རྫོགས་ཕྱག་གསུམ་གྱི་དོན་ཅིག་ཆར་དུ་ངོ་སྤྲད་པ་ནི་ལོགས་སུ་ཤེས་སོ།། ༈ །།གཉིས་པ་ཕྱག་རྫོགས་ཐུན་མོང་ཁྲེགས་ཆོད་ཀྱི་ཉམས་ལེན་རིམ་གྱིས་ཁྲིད་ཐབས་རྒྱས་པར་བསྟན་པ་འདི་ལ་གསུམ་སྟེ། སྒོམ་མ་སྐྱེས་པ་སྐྱེ་བར་བྱེད་པ་གནད་བཞིའམ་གཞག་ཐབས་གསུམ། སྐྱེས་པ་ཉམས་སུ་བླང་བ་ཞི་ལྷག་ཟུང་འཇུག་གི་ཁྲིད། དེ་ལ་བོགས་དབྱུང་བ་གཅུན་ཐབས་མན་ངག་གི་ཉམས་ལེན་མཐར་བསྐྱལ་བའོ། །དང་པོ་ནི། འཕྲུལ་འཁོར་ལུས་ཀྱི་གནད་དམ་གཞག་ཐབས་ནི། དེ་ཡང་ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་དྲང་། སེམས་དྲང་ན་སངས་རྒྱས་ཀྱི་དགོངས་པ་ལ་སློབ་པའི་དགོས་ཆེད་ཡོད་པས། ལུས་ཕྱིའི་བྱ་བ་སོ་ནམ་ལ་སོགས་པ་འཁོར་བའི་བྱ་བྱེད་ཐམས་ཅད་སྤང་། ནང་གི་བྱ་བ་ཕྱག་དང་བསྐོར་བ་ལ་སོགས་འདས་པའི་ཆོས་སྤྱོད་ཐམས་ཅད་སྤང་། གསང་བའི་བྱ་བ་ལུས་ཀྱི་སྒུལ་སྐྱོད་ཙམ་ཡང་མི་བྱ་བར། ལུས་རྣམ་སྣང་གི་ཆོས་བདུན་གྱི་འཕྲུལ་འཁོར་བཅའ་བ་ནི། སྟན་བདེ་བའི་སྟེང་དུ་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་གཉིས་མཉམ་གཞག་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅའ། རྐེད་པ་མདའ་ལྟར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ལྕགས་ཀྱུ་ལྟར་བག་ཙམ་བཀུག །ལྕེ་ཡར་སྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་བར་སྣང་ལ་བྱ་རྒྱུ་ཅི་ཡང་མེད་པར་ཧྲིག་གེ་བལྟའོ། །ལུས་གནད་དེ་ལ་གཞག་ཐབས་གཉིས་ཏེ། སྤང་ལ་ཕུར་པ་གདབ་བཞིན་ཡ་ཡོ་དགྱེ་རྒུ་མེད་པར་གཞག །སོག་ཕོན་ཐག་པ་བཅད་པ་ལྟར་གྲིམ་ཆ་མི་འདོན་པར་རང་མལ་དུ་བདེ་ཕྱམ་མེར་གཞག་པར་བྱའོ། །འཕྲུལ་འཁོར་རྣལ་མར་བཅའ་ཤེས་ན་སྒོམ་རང་བབས་སུ་སྐྱེ་ཞིང་། མ་ཤེས་ན་བསྒོམས་ཀྱང་ཡོན་ཏན་མི་སྐྱེ་ལ། སླར་གེགས་སུ་འགྲོ་བས་དེ་ལ་གཟབ་དགོས་པས་ཞག་གསུམ་བྱ། གཞན་ཅི་ཡང་བསྒོམ་རྒྱུ་མེད་དོ། །ལྟ་སྟངས་མིག་གི་གནད་ནི། མིག་དང་ཤེས་པ་གནད་གཅིག་པའི་ཕྱིར་མིག་ཚམ་ཚུམ་མི་བྱ། ཁྱར་ཁྱུར་མི་བྱ། ལོགས་དང་ཟུར་ལ་མི་བལྟ། ཧ་ཅང་མི་མཐོ། ཧ་ཅང་མི་དམའ་བར་རང་གི་ཐད་ཀྱི་སོར་བཞི་ཙམ་ལ་མདུང་ཚུགས་སུ་བལྟའོ། །ལྟ་སྟངས་གནད་དང་ལྡན་ན་སྒོམ་རང་བབས་སུ་སྐྱེ། གནད་དང་མ་ལྡན་ན་སྒོམ་ཚུལ་དང་མཐུན་པ་མི་སྐྱེ་བས། དེས་ན་ལྟ་སྟངས་གལ་ཆེའོ། །རླུང་གནད་དམ་ངག་གི་གཞག་ཐབས་ནི། རླུང་སེམས་གཉིས་ཟུང་དུ་གནས་པས་རླུང་གི་གནད་གལ་ཆེ་སྟེ། གོང་ལྟར་ལུས་གནད་ཆོས་བདུན་དང་ལྡན་པའི་ངང་ནས། རླུང་རོ་ལན་གསུམ་ཕྱིར་དབྱུང་ཞིང་། འཇམ་རླུང་གསར་པ་དལ་གྱིས་རྒྱུ་རིང་ཐུང་རན་པར་བཟུང་སྟེ། རྙིང་པ་དབྱུང་སྟེ་གསར་པ་བསྐྱིལ། དེས་སྒོམ་རང་བབས་སུ་སྐྱེའོ། །དེ་ལྟར་མ་ཡིན་ན་རླུང་རྒོད་པས་སེམས་རང་བབས་སུ་མི་སྡོད་པར་ཡུལ་ཕྱིར་འཕྲོ་ནས་སྒོམ་ཚད་ལྡན་མི་སྐྱེའོ། །ངག་གི་སྒོ་ནས་ངག་ཕྱིའི་བྱ་བ་འཇིག་རྟེན་གྱི་འཁྲུལ་གཏམ་བྲེ་མོ་ལ་སོགས་པ་དང་། ནང་གི་བྱ་བ་འཇིག་རྟེན་ལས་འདས་པའི་ཆོས་སྤྱོད་ཐམས་ཅད་སྤང་། གསང་བའི་བྱ་བ་བཟླས་བརྗོད་སྔགས་བཟླས་པ་ཙམ་ཡང་མི་བྱ་བར་ངག་སྨྲ་བརྗོད་དང་ཕྲལ་ཏེ། ངག་གི་གཞག་ཐབས་ལ་གཉིས་ཏེ། ལྐུགས་པ་ལྟར་མི་སྨྲ་བར་གཞག་ཐབས། བྲིས་སྐུའི་མཆུ་བཞིན་ཕྱེ་བཙུམ་མི་བྱེད་པར་འཛུམ་ཤིག་གེ་གཞག་གོ །སེམས་ཀྱི་གནད་དམ་གཞག་ཐབས་ནི། སེམས་ཕྱིའི་བྱ་བ་འཇིག་རྟེན་གྱི་འཁྲུལ་བསམ་ལོག་རྟོག་ལ་སོགས་པའི་ངན་རྟོག་ཐམས་ཅད། ནང་གི་བྱ་བ་འཇིག་རྟེན་ལས་འདས་པའི་ལྷ་བསྐྱེད་པ་ལ་སོགས་པའི་བཟང་རྟོག་ཐམས་ཅད། གསང་བའི་བྱ་བ་སེམས་འཛིན་ལྟ་སྒོམ་ཡིད་བྱེད་ཐམས་ཅད་སྤངས་ཏེ། སེམས་ཀྱི་གཞག་ཐབས་ལ་གསུམ་སྟེ། རྣམ་རྟོག་སྔར་འདས་ཀྱི་རྗེས་མི་གཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་སོ་མ་རང་ལུགས་གཏད་མེད་བཟོ་མེད་རྟོག་མེད་ལྷུག་པ་མི་རོ་བཞིན་དུ་གཞག །དེའི་ངང་ལ་རིག་པ་བཞག་མཁན་གྱི་རྩོལ་བས་སྤྲོ་བསྡུ་མེད་པར་ཁྱུང་ནམ་མཁར་ལྡིང་བ་བཞིན་དུ་གཞག །དེའི་ངོ་བོ་ལུང་མ་བསྟན་དུ་མ་ལུས་པར་རིག་པ་རང་ཐོག་ཏུ་གསལ་ལ་དྭངས་པའི་མདངས་ཆགས་པ། ཉི་ཟླ་སྤྲིན་དང་བྲལ་བ་ལྟར་གཞག་གོ །དེ་ལྟར་གནད་བཞིའམ། གཞག་ཐབས་གསུམ་ལ་ཞག་བདུན་ནམ་ལྔ་གསུམ་སོགས་བྱའོ།། །།གཉིས་པ་སྐྱེས་པ་ཉམས་སུ་བླང་བ་ཞི་ལྷག་ཟུང་འཇུག་གི་ཁྲིད་ལ་གསུམ་སྟེ། རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཁྲིད་དང་། མི་རྟོག་པའི་ཡེ་ཤེས་ལྷག་མཐོང་གི་ཁྲིད་དང་། དེ་གཉིས་སུ་མེད་པའི་ཉམས་ལེན་ངོ་སྤྲད་པའོ། །དང་པོ་ལ་གཉིས་ཏེ། དགོས་པ་དང་། ཁྲིད་ཐབས་དངོས་སོ། །དང་པོ་ནི། བློ་ཡང་རབ་རྣམས་ལ་ཐོག་བབས་སུ་ཁྲིད་པའི་ལུགས་གོང་གི་གཞག་ཐབས་རྣམ་གསུམ་གྱི་ངོ་སྤྲད་ཅིང་ཉམས་སུ་བླངས་པས་ཆོག་གོ །བློ་འབྲིང་མཐའ་རྣམས་ལ་དང་པོ་ནས་ཐོག་བབས་ཁྲིད་ལུགས་བྱས་ན་གོ་ཡུལ་དུ་ལུས་སོ། །དེས་ན་འོ་སྐོལ་གྱི་སེམས་ཞེས་བྱ་བ་རིག་རིག་ཏུར་ཏུར་མི་དྲན་དགུ་དྲན་འདི་འཁོར་འདས་ཀུན་གྱི་གཞི་བྱེད་པས་ཀུན་གཞི་ཞེས་མིང་བཏགས་སོ། །དེ་ཡང་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་འདི་ཡིན་ཏེ། ཐོག་མར་གཏན་ལ་ཕབ་པ་གལ་ཆེ་ཞིང་། ལས་དང་པོའི་སེམས་འདི་ནི་རྟ་དམུ་རྒོད་དང་འདྲ་སྟེ། དཔེར་ན་དམུ་རྒོད་ཀྱི་རྟ་དེ་འཛིན་པ་ལ་ཡང་ཁོའི་ཐོག་ཏུ་དྲག་པོར་རྒྱུག་ན་འདྲོགས་ནས་མི་ཟིན་པས། ཐབས་སྣ་ཚོགས་ཀྱིས་ཁྲིད་ཅིང་དལ་གྱིས་བཟུང་བས་ཟིན་ནས་ཁོལ་དུ་ཐེབས་པ་ལྟར། སེམས་དམུ་རྒོད་འདི་ཡང་དྲག་ཏུ་འཛིན་ན་རྟོག་པ་ཇེ་མང་དུ་འགྲོ་ཞིང་སྙིང་རླུང་ལ་སོགས་མི་འདོད་པ་དུ་མ་བསྐྱེད་པའི་གེགས་སུ་འགྲོ་བ་སྟེ། ཐབས་སྣ་ཚོགས་ཀྱི་དམིགས་པས་དལ་གྱིས་རྣལ་དུ་ཕབ་པས་ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་ཁྲིད་ཐབས་དངོས་ལ་གསུམ་སྟེ། ཞི་གནས་ཀྱི་དམིགས་པ་དང་། ངོ་བོ་དང་། དབྱེ་བའོ། །དང་པོ་ལ་གཉིས་ཏེ། མཚན་བཅས་ཞི་གནས་ཀྱི་དམིགས་པ་དང་། མཚན་མེད་ཞི་གནས་ཀྱི་དམིགས་པའོ། །དང་པོ་ལ་ལྔ་སྟེ། དངོས་པོ་ཕྲ་མོ་ལ་སེམས་འཛིན་པ་དང་། འོད་ཀྱི་ཐིག་ལེ་རྣམས་ལ་སེམས་འཛིན་པ་དང་། ཡིག་འབྲུ་དང་ཕྱག་མཚན་རྣམས་ལ་སེམས་འཛིན་པ་དང་། ལྷའི་སྐུ་རྣམས་ལ་སེམས་འཛིན་པ་དང་། རླུང་ལ་བསླབ་ཅིང་སེམས་འཛིན་པའོ། །དང་པོ་ནི། འཕྲུལ་འཁོར་ལུས་ཀྱི་གནད་གོང་བཞིན་བཅའ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་བསྒོམ་སྙམ་དུ་སེམས་བསྐྱེད་ལ། བླ་མའི་རྣལ་འབྱོར་དང་ལྡན་པས་དེ་རྣམས་ཁྲིད་ཐམས་ཅད་ཀྱི་གཞི་བཞག་ཏུ་ཤེས་པར་བྱ། དེའི་ངང་ནས་མདུན་དུ་ཤིང་བུ་རྡིལ་བུ་ལ་སོགས་པའམ། དངོས་པོ་ཕྲ་མོ་གཅིག་བཞག་ལ་མིག་མི་བཙུམ་པར་ཅེ་རེ་དེ་ལ་བལྟ་བ་དང་ལྷན་ཅིག་ཏུ་སེམས་གང་དུ་མི་ཡེངས་པར་དེ་ཐོག་ཏུ་ཧྲིག་གེ །ས་ལེ། ལྷན་ནེར་གཞག །དེ་ལ་མདུང་ཚུགས་ཙེར་ཟིན་དུ་ཡང་མི་བྱེད། ཐ་མལ་དུ་ཡེངས་སུ་མི་འཇུག་པར་རིག་པ་མི་ཡེངས་པའི་རྟེན་ཙམ་དུ་ཡེ་རེ་གཞག་གོ །སྒོམ་ལ་བཟང་གྱེས་བྱེད་པ་གལ་ཆེ་བས། ལྷན་ནེར་གནས་བདོ་བ་ལ་ཤིག་གེར་བཤིག་ལ་ཅུང་ཟད་ངལ་གསོ། ཡང་དེ་ཀ་ལྟར་བསྒོམ། དེ་ལྟར་ཐུན་ཐུང་ལ་གྲངས་མང་བར་བྱེད་ནས་ཐུན་བཞིར་སྒོམ་མོ། །ཐུན་འཇོག་པའི་ཚེ་ཡང་ཧར་ལངས་མི་བྱ་བར་བག་ཡོད་དང་ལྡན་པས། དེའི་ངང་མ་ཤོར་བར་དལ་བུས་སྤྱོད་ལམ་བཞིར་བསྲེ་ཞིང་ལམ་དུ་ཁྱེར་རོ། །མིག་ཀྱང་སྣ་ལས་མི་རིང་བར་བལྟ། འགྲོ་འདུག་ལ་སོགས་སྤྱོད་ལམ་ཐམས་ཅད་དུ་མགོ་ཆག་གི་ནད་པ་འགྲམ་དུ་དོགས་པ་ལྟར། སྒོམ་གྱི་ངང་དེ་འཚོ་ཞིང་བག་ཡོད་དང་ལྡན་པར་བྱའོ། །དེ་ལ་ཞག་གསུམ་བསྒོམ་པར་བྱའོ། །དེ་ཁྲིད་ཕོག་གཅིག་ཡིན། དེས་བློ་རིག་ཁྱད་ཀྱི་ཁ་ཅིག་གནས་པ་སྐྱེ་བ་འོང་། ཁ་ཅིག་རྟོག་པ་མང་དུ་འགྲོ་བ་འོང་། དེ་དག་གང་ཡིན་ཀྱང་ཁྱད་མེད། གཉིས་པ་འོད་ཀྱི་ཐིག་ལེ་རྣམས་ལ་སེམས་འཛིན་པ་ནི། དེ་ནས་ཡང་ལུས་གནད་ལ་སོགས་སྔར་དང་འདྲ་བ་ལས། དམིགས་པ་ནི། བློ་རྨུགས་ཅན་འཐིབ་པོ་དང་བྱིང་པོ་དང་། ཧད་པོའི་རིགས་རྣམས་སྨིན་ཕྲག་མཚམས་ཀྱི་ནམ་མཁའ་ལ་མདའ་གང་ཙམ་དུ། འོད་དཀར་པོའི་ཐིག་ལེ་རང་གི་མགོ་ཙམ་ཞིག་ལ་རྣམ་པར་ཤེས་པ་མ་ཡེངས་པར་མདུང་ཚུགས་སུ་གཏད་དེ། གཞན་གང་དུ་ཡང་མ་འཕྲོ་བར་མཉམ་པར་གཞག །བློ་རྒོད་པ་དང་། འཕྲོ་བ་དང་། བྱེར་པོ་དང་། གཟིང་པོའི་རིགས་རྣམས་ཀྱིས་ལྟེ་བའི་གནས་སུ་འོད་སེར་པོ་རང་གི་ཁུ་ཚུར་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་གཏད་ཅིང་མཉམ་པར་གཞག །བློ་རང་བབས་སུ་གནས་པའི་རིགས་རྣམས་ཀྱིས་རང་གི་སྙིང་གར་འོད་ཀྱི་ཐིག་ལེ་མཐིང་ག་སྲན་མ་ཙམ་ཞིག་ལ་རྣམ་ཤེས་མ་ཡེངས་པར་མདུང་ཚུགས་སུ་གཏད་དེ། གསལ་བདོ་བ་ལ་ལྷོད་ཀྱིས་གློད་ལ་སེམས་མ་ཡེངས་པར་རང་བབས་སུ་མཉམ་པར་བཞག་ཅིང་། རྟོག་པས་བར་མ་ཆོད་པར་བྱ། ཡང་དེ་ཀ་ལྟར་སྒོམ་པ་དེ་ལྟར་བྱ་བ་ལ། ཐུན་ཐུང་ལ་གྲངས་མང་བ་གོང་བཞིན་བྱའོ། །དེ་ལྟར་ཞག་གསུམ་བསྒོམ། རང་ཉམས་དང་བསྟུན་ལ་སྒོམ་དུ་བཅུག །ཁྲིད་ཕོག་རེའི་སྐབས་སུ་ཅི་བྱུང་ཉུལ་བར་བྱའོ། །ཉམས་གཏན་ལ་ཕེབས་པ་ནི། རྣམ་པར་ཤེས་པ་དེ་ཀ་ལྟར་གནས་ཤིང་གང་དུའང་མི་འཕྲོ་ན་ཕེབས་པ་ཡིན་པས་མ་བརྟན་གྱི་བར་དུ་ནན་ཏན་དུ་བྱའོ། །དེས་ཀྱང་སྐྱེར་མ་འདོད་ནས་འཕྲོ་ན། དེ་ནས་ཡང་གཞན་སྔར་ལྟར་ལས། རང་གི་ལུས་ཕྲུ་མ་ཕུས་བརྒྱངས་པ་ལྟར་སྟོང་སང་ངེ་བའི་སྙིང་གའི་ཐད་ཀར་རླུང་སེམས་འདྲེས་པའི་ངོ་བོའམ། འོད་ཀྱི་ཐིག་ལེ་མར་མེ་འབྲིང་པོ་ཙམ་ཞིག་རབ་ཏུ་འཚེར་བ། ཁ་དོག་སྔོ་ལ་གསལ་བ། རེག་བྱ་ཚ་བ། ཕར་སྒལ་པ་ལ་མ་རེག་པ། ཚུར་བྲང་ལ་ཡང་མ་རེག་པ། སྙིང་གའི་ཚོད་དུ་གསལ་ཡེ་རེ་བསྒོམ། དེ་ལ་ཤེས་པ་ཡུད་དེ་གཏད་ལ། གསལ་བདོ་བ་ལ་འཕྲོ་གཅད། ཡེངས་ན་དམིགས་པ་གསལ་གདབ་བོ། །དེའི་ངང་ལ་སེམས་རང་ལུགས་སུ་གཞག་སྟེ་གཞན་སྔར་དང་འདྲ། དེ་ལ་ཞག་གསུམ་བྱའོ། །དེ་རྣམས་ལ་གནས་པའི་ཁ་མ་ཟིན་ན། གསུམ་པ་ཡིག་འབྲུ་དང་ཕྱག་མཚན་རྣམས་ལ་སེམས་འཛིན་པ་ནི། དེ་ལ་ཡང་ལུས་གནད་ལ་སོགས་སྔར་ལྟར་ལས། དམིགས་པ་ནི། ཨའམ་ཧཱུྃ་སོགས་ཡིག་འབྲུ་ལ་རིག་པ་གཏད་དོ། །དེའི་ངང་ལ་སེམས་རང་ལུགས་སུ་བཞག་སྟེ་ཐུན་ཐུང་ལ་གྲངས་མང་བར་བྱ། དེ་ལ་ཞག་གསུམ་མོ། །དེས་སེམས་མ་ཟིན་ན་ཡང་ལུས་གནད་སོགས་འདྲ་བ་ལས། དམིགས་པ་ནི། རྡོ་རྗེ་པདྨ་ལ་སོགས་ཕྱག་མཚན་ལ་ཤེས་པ་གཏད་དེ། དེའི་ངང་ལ་སེམས་རང་ལུགས་སུ་གཞག །ཐུན་བར་གྱི་སྤྱོད་ལམ་གོང་བཞིན་ནོ། །དེའི་དུས་སུ་ཤེས་པ་ཟ་ཟིར་གྱུར་ནས་དམིགས་པ་མ་ཟིན་ན། རླུང་ཁམས་སྐྱེ་བ་ཡིན་པས། ཟས་བཅུད་ཅན་གཏང་། དམིགས་པ་ཅུང་ཟད་གློད་ལ་ཞག་རེ་ཙམ་ལ་ངལ་གསོ་ནས། གཟོད་སྒོམ་པས་ཡང་བསིང་བ་ཡིན། ཡང་སྐྱོ་བའམ་འཚེར་བ་བྱུང་ན་ཤེས་པ་འཁྱོག་པ་བྱ་བ་ཡིན་པས། སྐབས་སུ་བཀའ་བརྒྱུད་ཀྱི་རྣམ་ཐར་དང་། ངོ་མཚར་ཅན་གྱི་སྒྲུང་རྒྱུད་དང་ངེས་འབྱུང་སྐྱོ་བ་སྐྱེ་བའི་ཆོས་ཀྱང་བཤད་པར་བྱའོ། །དེ་རྣམས་ཀྱིས་ཞི་གནས་རྒྱུད་ལ་སྐྱེ་བ་ཡང་ཡོད། དེ་ལ་མ་བྱུང་ན། བཞི་པ་ལྷའི་སྐུ་རྣམས་ལ་སེམས་འཛིན་པ་ནི། དེ་ནས་ཡང་གཞན་སྔར་ལྟར་ལས། དམིགས་པ་ནི། མདུན་གྱི་ནམ་མཁར་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསེར་བཙོ་མའི་མདོག་ལྟ་བུ་འོད་དང་འོད་ཟེར་གྱིས་ཀུན་ནས་མཛེས་པ་ལམ་མེ་བ་ལ་དམིགས་པ་གཏད་ཅིང་མཉམ་པར་གཞག་གོ །དེ་ལ་ཞག་གསུམ་བྱའོ། །ཡང་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་དཀར་པོ་ལམ་མེར་གསལ་བའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་ཅན་ལ་སེམས་མ་ཡེངས་པ་ཙམ་དུ་ལྷན་ནེར་གཏད། དེ་ལ་ཞག་གསུམ་བྱའོ། །ཡང་མདུན་གྱི་ནམ་མཁར་རྡོ་རྗེ་སེམས་དཔའི་སྐུ་མཐོ་གང་བ་ཙམ་ཞིག་སྣང་ལ་རང་བཞིན་མེད་པ་ཤེལ་ཕྱིས་པ་ལྟ་བུ་དཀར་ལ་གསལ་བ་འོད་ཀྱི་རང་བཞིན་ཅན་གསལ་ལྷམ་མེར་བསྒོམ། དེའི་ཐུགས་ཀར་རིག་པ་གཏད་ལ་གསལ་ཡེ་རེ་བསྒོམ། དེ་ཡུན་ཐུང་ལ་གྲངས་མང་བ་དེ་ལྟར་བསྒོམ་མོ། །དེ་ལ་ཞག་གསུམ་བྱའོ། །དེ་རྣམས་ལ་བློ་རིག་ཐ་དད་པས། ལ་ལ་ཁྲིད་ཕོག་རེ་རེ་གཉིས་གཉིས་གསུམ་གསུམ་ཙམ་གྱིས་གནས་པའི་རྐང་ཟིན་པ་འོངས། ལ་ལར་ཁྲིད་ཕོག་དུ་མ་དགོས་པ་འོངས། གཅིག་ཏུ་ངེས་པ་མེད་པས། ཕལ་ཆེར་ཁྲིད་ལུགས་འདིར་བཀོད་པ་རྣམས་ཀྱིས་གནས་པ་སྐྱེ་བ་འོང་བར་འདུག །སློབ་མའི་ཉམས་དང་བླ་མའི་ཉམས་བསྟུན་ལ་བྱའོ། །འགའ་ཞིག་རྟོག་པ་མང་དུ་འགྲོ་ཞིང་ཇེ་རྒོད་དུ་འགྲོ་བར་འོངས་ཏེ། དེ་ནི་སེམས་ཅུང་ཟད་ཟིན་པའི་རྟགས་ཡིན་ནོ། །འདི་ཡི་དུས་སུ་སྒོམ་གྱིས་སྣ་སུན་ཁུར་ནས་སྒྱིད་ལུགས་པའམ། ང་ལ་སྒོམ་མི་སྐྱེ་བར་འདུག །རྟོག་པ་ཇེ་རགས་སུ་སོང་སྙམ་ནས་འཕྲོ་སྐྱུར་ཉེན་ཡོད་པས་སྣ་མ་སུན་པར་དལ་བུས་ཁྲིད་ལ་སྐྱོང་དུ་བཅུག་གོ །རྟོག་པ་མང་དུ་སོང་བ་དེ་སྒོམ་གྱི་སྣ་ཟིན་པ་ཡིན། སྔར་སེམས་མི་གནས་པའི་གོང་དུ་རྣམ་རྟོག་སྐྱེས་ཚད་རྒྱ་ཡན་དུ་སོང་ཡང་དྲན་པའི་བྱ་ར་མེད་པས་རང་ཁར་ཤོར་བ་ཡིན་ནོ། །ད་མང་དུ་སོང་བ་དེ་དྲན་པའི་བྱ་ར་བས་མཐོང་ནས་ངོས་ཟིན་ཏེ་སྒོམ་སྐྱེ་འདོད་པའི་རྟགས་ཡིན། དལ་བུས་རྟོག་པ་དེ་ངོས་ཟིན་པར་བྱས་ལ་བཀག་ཀྱང་མི་བཀག །རྗེས་སུ་ཡང་མི་འབྲང་བར་དམིགས་པ་ལ་སེམས་གཏད་པས་རྟོག་པ་ཇེ་ཕྲ་ཇེ་ཉུང་དུ་འགྲོ་བ་ཡིན་ནོ། །ཅི་བྱས་ཀྱང་རྟོག་པ་ངན་ལངས་ཅན་ཐོ་ལེར་འཕྲོ་ན། རྣམ་རྟོག་ཁོ་རང་དམིགས་པའི་རྟེན་བྱས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། བག་ཆགས་ངན་གོམས་གང་ཤར་དེ་ངོས་བཟུང་ལ་དེ་ཀའི་ཐོག་ཏུ་སེམས་ལྷོད་ཀྱིས་གློད་ལ་གཞག །རེས་རྟོག་པ་གཅིག་སྐྱེས་ངོས་ཙིར་གྱིས་བཟུང་ནས་རང་གྲོལ་དུ་ཁྲོལ་ཁྲོལ་གཏང་། གཉིས་སྐྱེས་ངོས་བཟུང་གང་ཤར་གྱི་རྗེས་སུ་མི་འབྲང་བར་རང་གྲོལ་དུ་གཏང་། རྗེས་སུ་མ་བཅོས་པའི་ངང་དུ་ལྷོད་དེ་གློད། དེ་རེས་མོས་བྱས་པས་རྣམ་རྟོག་ལུ་གུ་རྒྱུད་དུ་མ་འབྲེལ་བར་རྟོག་པ་དུམ་བུར་སོང་སྟེ། ངན་རྟོག་ཇེ་ཉུང་དུ་སོང་བས་གནས་པ་བཟང་པོ་སྐྱེའོ། །དེ་ལ་ཞག་གསུམ་སོགས་ཉམས་དང་བསྟུན་ལ་སྒོམ་མོ། །དེ་རྣམས་ལ་ཞི་གནས་མཚན་ཉིད་པ་རྒྱུད་ལ་མ་སྐྱེས་ན། ལྔ་པ་རླུང་ལ་བསླབ་ཅིང་སེམས་འཛིན་པ་ནི། རླུང་ལ་བསླབ་སྟེ། རླུང་ལ་བགྲང་བ་དང་། གཏང་བ་དང་། དགང་བ་དང་། ཁ་སྦྱོར་དང་བཞི་ལས། འདིར་བགྲང་བ་དང་དགང་བ་གཉིས་ཏེ། བགྲང་བ་ནི། སྲོག་རྩོལ་ཕྱི་ནང་དུ་རྒྱུ་བ་ལ་ཤེས་པ་ལྷན་ནེར་གཏད། ཕྱི་རུ་འགྱུ་དུས། ནང་དུ་འགྱུ་ཟུང་དུ་བཟུང་ནས་དེའི་ངང་ནས་སེམས་རང་ལུགས་སུ་འཇོག །ཐུན་ཐུང་ལ་གྲངས་མང་བར་བྱ། ཐུན་བར་ཐམས་ཅད་ལ་ངང་མ་ཤོར་བར་བྱའོ། །དེ་ལ་ཞག་གསུམ་བསྒོམ། དགང་བ་ནི། རླུང་ཕྱི་རུ་ལན་གསུམ་འབུད། དེ་ནས་ནང་དུ་ལན་གསུམ་རྔུབས་ལ་ཐུབ་ཐང་དུ་གནན། མ་ཐུབ་པ་དང་སངས་ཀྱིས་གཏང་། དར་རེ་ངལ་གསོའོ། །དེ་ལ་ཞག་གསུམ་བྱའོ།། །།གཉིས་པ་མཚན་མ་མེད་པའི་ཞི་གནས་ལ་གསུམ་སྟེ། སྒྲིམ་པ་དང་། གློད་པ་དང་། སྒྲིམ་གློད་རེས་མོས་སོ། །དང་པོ་ནི། ལུས་གནད་སོགས་སྔར་ལྟར་ལས། མིག་མདུན་གྱི་ནམ་མཁའ་ལ་ཅེ་རེ་བལྟ་བའི་ངང་ནས། དམིགས་པ་ཅི་ཡང་མི་བསྒོམ་པར་ཤེས་པ་མདུན་གྱི་ནམ་མཁར་ཡེངས་པ་མེད་པར་ཧྲིག་གེ་བསྒྲིམ། གནས་བདོ་བ་ལ་ཡང་ངལ་གསོའོ། །སྐབས་སུ་སྒྲིམ་མཁན་གྱི་ཤེས་པ་དེ་ཅི་འདྲ་ཞིག་འདུག་གང་ཡིན་རྩད་གཅད། ཡང་ཧྲིག་གེ་བསྒྲིམས་ལ་རྩད་གཅད། དེ་གཉིས་རེས་མོས་སུ་བྱ། དེས་བྱིང་རྨུགས་ཀྱི་སྐྱོན་ཡོད་ནའང་སེལ་ལོ། །སྤྱོད་ལམ་ཐམས་ཅད་དུ་དྲན་པ་ཡེངས་མེད་དུ་བརྟེན་ནོ། །དེ་ལ་ཞག་གཅིག་གམ་གསུམ་བྱའོ། །གཉིས་པ་གློད་པ་ནི། དེ་ནས་ཡང་ལུས་གནད་སོགས་སྔར་ལྟར་ལས། ལྟ་སྟངས་ཐུར་དུ་དབབ་སྟེ་སེམས་ལྷོད་ཀྱིས་གློད་ལ་འདི་སྒོམ་བྱ་བའི་དམིགས་པ་ཅི་ཡང་མེད་པར་གློད་དེ་རང་ལུགས་སུ་ཁོང་གློད་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། མ་ཡེངས་ཙམ་དུ་རང་བབས་རང་གདངས། གཤིས་ལུགས། ཇི་བཞིན་དེ་ཉིད་ཀྱི་ངང་ལ་བཅོས་བསླད་དང་བྲལ་བར་གཞག །ལྷན་ནེར་གནས་པ་དང་ཤིག་གེར་བཤིག་ལ་གློད་དེ་གཞག་གོ །དེས་གང་དུ་གློད་མཁན་དེ་གང་ཡིན་པར་འདུག་བལྟ། སེམས་མ་ཡིན་པར་འདུག་ན་སེམས་གློད་མཁན་དེ་ཁོ་རང་ཅི་འདྲར་འདུག་རང་གིས་རང་ལ་ཅེ་རེ་བལྟ། ཡང་གློད་པར་བྱའོ། །དེས་གནས་པ་བཟང་པོ་སྐྱེ། རིག་པ་ངོ་འཕྲོད་ཀྱང་སྲིད་དོ། །དེ་ལ་ཞག་གཅིག་གམ་གསུམ་བྱའོ། །གསུམ་པ་སྒྲིམ་གློད་རེས་མོས་ནི། དེ་ནས་ཡང་ལུས་གནད་སོགས་སྔར་ལྟར་ལས། ཤེས་པ་གྲིམ་གྱིས་བསྒྲིམས་ལ་ཡེངས་མེད་དུ་ཕྲི་ལི་ལི་བསྒྲིམ། ཡང་ལྷོད་ཀྱིས་གློད་ལ་གུ་ཡངས་སུ་ཕྱམ་གྱིས་གཞག །ཡང་བསྒྲིམ། ཡང་གློད། དེ་ལྟར་སྒྲིམ་གློད་སྤེལ་ཞིང་བསྒོམ། རེས་ལྟ་སྟངས་ནམ་མཁའི་དབྱིངས་སུ་ཅེ་རེ་བལྟ། རིག་པ་ཡང་བསྒོམ་རྒྱུ་མེད་ཀྱང་འདུན་པ་དེ་ཧྲིག་གེ་གཏད། ཡང་གློད། རེས་གཡས་སུ་ལྟ་སྟངས་ཧྲིག་གེ་དབྱིངས་རིག་མ་ཡེངས་པར་གཏད། རེས་གཡོན་དུ་གཏད། རེས་ཐུར་དུ་གཏད་པ་རྣམས་རེས་མོས་སུ་ཐུན་རེ་རེ་འཁོར་མར་བསྒྱུར། སྐབས་སུ་འདུན་པ་གཏད་མཁན་གྱི་རིག་པ་དེ་ཅི་འདྲ་ཞིག་འདུག་རིག་པ་ཁོ་རང་གིས་ཁོ་རང་ལ་བལྟ། རེས་སེམས་སྙིང་གི་དཀྱིལ་དུ་བབ་པར་ཕྱམ་མེར་གཞག །རེས་ནམ་མཁས་གར་ཁྱབ་ཏུ་ཕྱམ་གྱིས་བཏང་བར་གཞག །དེ་ལྟར་རེས་མོས་སྣ་ཚོགས་སུ་བསྒྱུར་པས་སེམས་རྣལ་དུ་ཕེབས་པའི་རྟགས་སུ། རིག་པ་གར་གཞག་བཞག་ཕྱམ་མེ། ལྷན་ནེ། ཧྲིག་གེར་གནས་པ་བྱུང་ན་ཞི་གནས་སྐྱེ་བ་ཡིན། དེ་ཡང་དྲན་པ་མེད་པར་ལྟེང་པོར་སོང་ན་བྱིང་བའམ། འཐིབས་པའི་སྐྱོན་ཡིན་པས། རིག་པ་གཡེར་བཏོན། གཟེངས་བསྟོད། ལྟ་སྟངས་བསྒྱུར། གཡེང་ཞིང་རྒོད་ན། ལྟ་སྟངས་ཐུར་ལ་ཕབ། གློད་པ་གལ་ཆེ། སྒོམ་འདི་ཡིན་དང་རྟོག་པ་འདི་ཡིན་མེད་པའི་ཐོམ་མེ་བ་བྱུང་ན་ལྟེང་པོའི་སྐྱོན་ཡིན་པས། སྒྲིམ་གློད་རེས་མོས་སུ་བསྒོམ་ཞིང་སྒོམ་མཁན་ངོས་གཟུང་ངོ་། །གཞན་ཡང་ཞི་གནས་ཀྱི་སྐྱོན་ངོས་གཟུང་ཞིང་། ཐད་ཀ་ཐད་ཀའི་སྐྱོན་བསལ་བར་བྱའོ། །དེ་ལ་ཞག་གསུམ་སོགས་བྱའོ།། །།གཉིས་པ་ཞི་གནས་ཀྱི་ངོ་བོ་ནི། མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ། རྣམ་རྟོག་གང་ཤར་སྐད་ཅིག་མ་རང་ཐོག་ན་རང་ལུགས་སུ་ལྷན་ནེར་གནས་པ། རིག་པ་གར་གཞག་བཞག་ཏུ་གཡོ་བ་མེད་པར་བརྟན་པ། བྱིང་རྨུགས་འཐིབས་གསུམ་གྱིས་མ་གོས་པར། རིག་པ་གསལ་ཡེ་རེ་གསལ་བ། རིག་པ་གར་གཏད་དུ་ཧྲིག་གེ་རྩེ་མོ་རྣོ་བ། གློ་བུར་གྱི་རྟོག་པས་མི་སྐྱོད་པ་སྟེ་དྲང་བའོ། །དེ་ལ་ཚོགས་ལམ་གྱི་བདེ་གསལ་མི་རྟོག་པ་གསུམ་ཤར་ཏེ། སེམས་རྟོག་མེད་དུ་གནས་པ་ཞི་གནས། དེའི་ངོ་བོ་ལ་ཡུལ་འཛིན་གྱི་རྟོག་པ་མེད་པས་མི་རྟོག་པ། དེའི་ངང་ལ་དབང་པོའི་ཡུལ་སྣང་མ་འགགས་པར་གསལ་བ་རྟོག་པའི་ཟུག་རྔུ་མེད་པར་རང་བདེ་ལྷན་ནེ་གནས་པ་དེ་བདེ་བའོ། །དེ་གསུམ་ལ་ཞེན་ན་གོལ་ལ། མ་ཞེན་པར་སྐྱོང་ན་རྟོགས་པ་མངོན་དུ་བྱེད་པའོ།། །།གསུམ་པ་ཞི་གནས་ཀྱི་དབྱེ་བ་ལ་གཉིས་ཏེ། ཟག་བཅས་དང་ཟག་མེད་དོ། །དང་པོ་ནི། གོང་གི་བདེ་གསལ་མི་རྟོག་པའི་ཉམས་མཚན་མ་ཅན་དེ་རྣམ་གྲངས་སྙོམས་འཇུག་དགུ་སྟེ། འདོད་ཁམས་ཀྱི་རྣམ་པར་རྟོག་པ་སྤང་བ་ལ་བསམ་གཏན་གྱི་སྙོམས་འཇུག་བཞི། གཟུགས་ཁམས་ཀྱི་རྣམ་པར་རྟོག་པ་སྤང་བ་ལ་གཟུགས་མེད་ཀྱི་སྙོམས་འཇུག་བཞི། ཚོགས་དྲུག་འགོག་པའི་སྙོམས་འཇུག་གོ །བསམ་གཏན་གྱི་སྙོམས་འཇུག་བཞི་ནི། ལྷག་མཐོང་སྐྱེ་བར་བྱེད་པའི་ཞི་གནས་ཏེ། བསམ་གཏན་བཞི་པའི་ཏིང་འཛིན་གཤིས་དང་མཐུན་ཞིང་། འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་མཆོག་གོ །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། ཏིང་ངེ་འཛིན་གྱི་གོལ་ས་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི། ཉན་ཐོས་ཞི་བའི་ཏིང་ངེ་འཛིན་ནོ། །འདིར་གཉིས་པ་ཟག་མེད་སྙོམ་འཇུག་མ་ཚང་འདྲ། མཆན། དེ་ལྟར་དེ་རྣམས་ངོ་ཤེས་པས་ཏིང་ངེ་འཛིན་གྱི་བྱེ་བྲག་ཕྱེད་ཅིང་རང་གི་སྒོམ་པ་ལ། དེ་དག་གི་གོལ་ས་བསྟན་པས་གོལ་ས་གང་ཡང་མི་འབྱུང་བ་ཡིན་ནོ།། །།གཉིས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་མཐོང་གི་ཁྲིད་ལ་གསུམ་སྟེ། ལྷག་མཐོང་གི་དམིགས་པ་དང་། ལྷག་མཐོང་གི་ཉམས་དང་། ལྷག་མཐོང་གི་རྟོགས་པའོ། །དང་པོ་ནི། དེ་ལྟར་བདེ་གསལ་མི་རྟོག་པར་གནས་པའི་ཞེན་པ་དག་པ་ལ་ལྷག་མཐོང་གི་དམིགས་པས་དཔྱད་དགོས་སོ། །དེ་ལ་གཉིས་ཏེ། སྣང་བ་སེམས་སུ་ཆོད་པའི་ཚུལ་དང་། སེམས་སྟོང་པར་ཆོད་པའི་དཔྱོད་ཚུལ་ལོ། །དང་པོ་ནི། དེ་ཡང་ལུས་གནད་སོགས་སྔར་ལྟར་ལས། ལྟ་སྟངས་གལ་ཆེ་ཞིང་མིག་མདུན་གྱི་ནམ་མཁར་རང་གི་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ཙབ་ཙུམ་གྱ་གྱུ་མེད་པར་ཐད་སོར་ཅེ་རེ་ཧྲིག་གེ་བལྟ་བ་ལ་སེམས་རང་ལུགས་སུ་གཞག་གོ །དེའི་ངང་ལ་ཕྱི་དབང་པོའི་ཡུལ་དུ་སྣང་བའི་ཡིད་དུ་མི་འོང་གང་ཤར་ཡང་ཤར་མ་ཐག་བཟོ་བཅོས་མ་བྱས་པའི་རང་ཐོག་ན་རྩོལ་མེད་དུ་བཞག་ནས། བསམ་མཁན་ཁོ་རང་གི་རང་གཟུགས་མིན་པའི་གཞན་ཡུལ་སྣང་གཅིག་ལོགས་སུ་ཨི་སྣང་ངང་གིས་བསམ་མཁན་ཁོ་རང་གི་རྒྱུད་ནས་རྒྱང་འཚོ་བྱེད། དེ་ཡང་བསམ་མཁན་དང་བསམ་ཡུལ་གཉིས་སྐད་ཅིག་མའི་སྟེང་དུ་འཛོམ་པ་དེ་འཆུག་མ་ཤོར་བར་རང་ཐོག་ནས་ཆོད་དགོས། སྐད་ཅིག་དང་པོ་སྣང་སེམས་ཡ་མ་བྲལ་བར་ཡོད་པ་དེ་རང་ཐོག་ན་རྩོལ་མེད་དུ་འཚོ་བ་གཅིག་གིས་ཆོད་ནས་བློ་ཡུལ་དུ་སྣང་བར་ཤར་ཚད་སེམས་སུ་ཆོད་པའི་གནད་ཅིག་ཡོད། དེ་ལྟར་མ་ཤེས་ན་སྣང་བ་གང་ཤར་སྐད་ཅིག་མའི་ངང་ནས་སྣང་སེམས་ངོ་བོ་གཅིག་པ་མ་རིག་ནས་སྐད་ཅིག་མ་གཉིས་པར་སོང་ན་སྣང་བ་ཕར་ལུས། རིག་པ་ཚུར་ལུས་ནས་ཡུལ་ཡུལ་ཅན་གྱི་འཁྲུལ་པ་རང་ཁ་མ་ལ་བློ་རྩེ་གཏད་ནས་ཆོད་པའི་དུས་མེད། དེས་ན་གང་ཤར་གྱི་སྐད་ཅིག་མ་ཡ་མ་བྲལ་བའི་སྟེང་དུ་དཔྱོད་ཤེས་པ་གལ་ཆེའོ། །དེ་ལ་ཞག་གསུམ་བྱའོ། །གཉིས་པ་སེམས་སྟོང་པར་རྟོགས་པའི་དཔྱོད་ཚུལ་ལ་ལྔ་སྟེ། བྱུང་གནས་འགྲོ་གསུམ་ལ་དཔྱོད་པ་དང་། དབྱིབས་ཁ་དོག་ལ་དཔྱོད་པ་དང་། གཅིག་དང་དུ་མ་ལ་དཔྱོད་པ་དང་། བདེ་གསལ་མི་རྟོག་པའི་ཉམས་ཞེན་ལ་དཔྱོད་པ་དང་། གནས་འགྱུ་གཉིས་ལ་དཔྱོད་པའོ། །དང་པོ་སེམས་བྱུང་གནས་འགྲོ་གསུམ་ལ་དཔྱོད་པ་ནི། དེ་ལྟར་ཡུལ་མཐའ་སེམས་སུ་ཆོད་པ་དང་། ཆོད་མཁན་སྐད་ཅིག་མ་དེ་སྤང་ཡང་མི་སྤང་། ཕར་ཕར་ཡང་མི་དེད་ནས་རང་ཐོག་ན་རྩོལ་མེད་དུ་ཆགས་པའི་ངང་ནས། ཐོག་མར་སེམས་བྱུང་ས་དཔྱོད་པ་ནི། སྣང་བ་ལས་བྱུང་ངམ་སྟོང་པ་ལས་བྱུང་། སྣང་བ་ལས་བྱུང་ཞེ་ན། ས་ལ་སོགས་གང་ནས་བྱུང་། སྟོང་པ་ལས་བྱུང་ཞེ་ན། ནམ་མཁའི་སྟེང་འོག་ཕྱོགས་མཚམས་གང་ལས་བྱུང་ལེགས་པར་བརྟག་གོ །བར་དུ་སེམས་གནས་ས་དཔྱོད་པ་ནི། ཁྱོད་ཀྱི་སེམས་རྟེན་ཅན་དུ་གནས་ནས་འདུག་གམ། རྟེན་མེད་དུ་གནས་འདུག །རྟེན་ཅན་དུ་གནས་ནས་འདུག་ན། ཕྱིའི་གཟུགས་ལ་སོགས་ལ་གནས་ནས་འདུག་གམ། ནང་གི་ལུས་ཕྱི་ནང་མགོ་མཇུག་ལ་སོགས་ལ་གནས་འདུག་གམ། གནས་ཚུལ་ཅི་ལྟར་གནས་ཤིང་འདུག །རྟེན་མེད་དུ་གནས་པར་འདུག་ན། འོ་ན་མེད་པ་ལ་གནས་ནས་འདུག་རྒྱུ་ཅི་ཡོད་ལེགས་པར་བརྟག་གོ །མཐའ་མར་སེམས་ཀྱི་འགྲོ་ས་དཔྱོད་པ་ནི། ཁྱོད་ཀྱི་སེམས་འགྲོ་འོང་ཅན་དུ་འདུག་གམ་མི་འདུག །འདུག་ན་གང་དུ་འདུག །གང་ནས་འོང་། ཚུལ་ཅི་ལྟར་འགྲོ་འོང་བྱེད་དྲིའོ། །འགྲོ་འོང་མེད་ཅེ་ན། འོ་ན་ཚུར་ང་ལ་བཤད་མཁན་སོགས་ཅི་ལགས་བྲི། ལེགས་པར་བརྟགས་ཤིང་དཔྱད་དོ། །དེ་ལ་ཞག་གསུམ་བྱའོ། །གཉིས་པ་དབྱིབས་གཟུགས་དང་ཁ་དོག་ལ་དཔྱོད་པ་ནི། ཁྱོད་ཀྱི་སེམས་བྱུང་མཁན། གནས་མཁན། འགྲོ་མཁན་ལ་སོགས་པའི་སེམས་དེ་དངོས་པོ་ཅན་དུ་འདུག་གམ། དངོས་མེད་དུ་འདུག་དྲི། དངོས་པོ་ཅན་དུ་འདུག་ཅེ་ན། དབྱིབས་ཀྱི་རྣམ་པ་ཟླུམ་པོ་ལ་སོགས་པར་འདུག་གམ་དྲི། ཁ་དོག་གི་རྣམ་པ་དཀར་པོ་ལ་སོགས་པར་འདུག་གམ། དེ་བཞིན་དུ་སྦོམ་ཕྲ། རིང་ཐུང་། ཕོ་མོ་མ་ནིང་། ཆེ་ཆུང་ཕྱོགས་རིས། ཕྱི་ནང་ལ་སོགས་པ་འདུག་གམ། དེ་རྣམས་ཀྱང་རྒྱུ་གང་གིས་བྱས། རྐྱེན་ཅིས་བྱེད། ཞེས་དྲི་ཞིང་རྩད་བཅད་དོ། །དེ་དག་བྱུང་མཁན། གནས་མཁན། འགྲོ་མཁན་གྱི་སེམས་དེ་དངོས་མེད་དུ་འདུག་ཅེ་ན། མེད་པ་ལ་བྱུང་མཁན་གནས་མཁན་འགྲོ་མཁན་རྙེད་པ་མཚར། ཞེས་རྩད་བཅད་དོ།། དེ་ལ་ཞག་གསུམ་བྱའོ། །གསུམ་པ་གཅིག་དང་དུ་མ་ལ་སོགས་དཔྱོད་པ་ནི། སེམས་དེ་དག་འཚོལ་མཁན་དང་འཚོལ་རྒྱུ་གཅིག་གམ་ཐ་དད། གཅིག་ན་སོར་མོའི་རྩེ་མོས་རང་གིས་རང་ལ་མི་རེག་གམ། རལ་གྲིའི་སོ་ཡིས་རང་གིས་རང་མི་གཅོད་པ་བཞིན་དུ་འཚོལ་མཁན་དང་འཚོལ་རྒྱུ་གཅིག་མི་སྲིད་དོ། །ཐ་དད་ན། འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ་བས། དེ་བཞིན་དུ་བསམ་མཁན་ཁོ་རང་གི་རྒྱུད་ནས་རྒྱང་འཚོ་བྱེད་དོ། །དེ་ཞག་གསུམ་བྱའོ། །བཞི་པ་བདེ་གསལ་མི་རྟོག་པའི་ཉམས་ཞེན་དཔྱོད་ཚུལ་ནི། བདེ་གསལ་མི་རྟོག་པའི་མྱོང་ཚོར་བློ་ཡུལ་དུ་བྱུང་བ་དེ་མ་ཐག་ངོས་བཟུང་ནས། རྟོག་མེད་དུ་མི་བཞག་པར་བདེ་ན་བདེ་མཁན་ཁོ་རང་མིན་པའི་བདེ་ཡུལ་གཅིག་དང་། བདེ་རྒྱུ་གཅིག་ལོགས་སུ་ཨི་སྣང་ངང་གིས་འཚོ། གསལ་ན་གསལ་མཁན་གྱི་ཕྲ་བ་དེ་ངོས་བཟུང་ནས་གསལ་སྙམ་མཁན་ཁོ་རང་མིན་པའི་གསལ་ཡུལ་གཅིག་དང་། གསལ་རྒྱུ་གཅིག་ལོགས་ནས་འོང་རྒྱུ་ཨི་སྣང་ངང་གིས་འཚོ། མི་རྟོག་པར་གནས་ན་གནས་དུས་གནས་སྙམ་མཁན་ཁོ་རང་མིན་པའི་གནས་ཡུལ་གཅིག་དང་། གནས་རྒྱུ་ཞིག་གནས་པའི་མྱོང་རྒྱུ་ཅི་འདྲ་གཅིག་སྣང་ངང་གིས་རྒྱང་འཚོ་བྱེད། དེ་ཡང་བདེ་མཁན། གསལ་མཁན། གནས་མཁན་སྐད་ཅིག་མ་དེ་རང་ཐོག་ན་ཆགས་པའི་ངང་ནས། བདེ་ཡུལ། གསལ་ཡུལ། གནས་ཡུལ་དེ་ཅི་འདྲ་ངང་འཚོ་ཤེས་དགོས། དེ་ལ་ཞག་གསུམ་བྱའོ། །ལྔ་པ་གནས་འགྱུ་གཉིས་ལ་དཔྱོད་པ་ནི། གནས་པ་རང་གི་ངོ་བོ་དེ་ཅི་འདྲ་ཞིག་འདུག་ངང་གིས་འཚོ། དེ་ལྟར་གནས་པས་རྟོག་མེད་ཀྱི་ངོ་བོ་ཡུལ་མེད་དུ་ཧྲིག་གེ་འོང་། འགྱུ་བ་ཤར་དུས་རྟོག་པ་གྲ་མ་ཉམས་པ། རང་གི་ངོ་བོ་དེ་ཨི་བྱུང་འཚོ། གནས་དུས་སུ་འགྱུ་བ་དེ་རང་ཨི་བྱུང་འཚོ། དེ་ལྟར་བློ་ཡུལ་དུ་བདེ་མི་བདེ་དང་། བྱིང་རྨུགས་རྒོད་འཐོར་ལ་སོགས་པའི་མྱོང་ཚོར་གང་བྱུང་བ་དེ་དང་། ཚོར་མཁན་སྐད་ཅིག་མའི་སྟེང་དུ་དབྱེར་མེད་པའི་གསང་ཡོད་པས། རྩོལ་མེད་ཀྱི་ངང་ནས་བབ་འཚོ་རྒྱང་སྲུང་བྱེད། དེ་ལ་ཞག་གསུམ་བྱའོ།། །།གཉིས་པ་ལྷག་མཐོང་གི་ཉམས་ནི། གོང་དུ་རྟོག་དཔྱོད་ཀྱིས་མ་གྲུབ་པར་གཏན་ལ་ཕབ་པའི་ཤེས་པ་དེའི་ངང་ལ་མཉམ་པར་བཞག་པས། ཞི་གནས་ཀྱི་སྙིགས་མ་རིམ་པར་དག་ནས། དྭངས་ཆ་སྐད་ཅིག་མ་རང་ཐོག་ན་ཆགས་ཤིང་། རྟོག་མེད་ཀྱི་ངང་དུ་སྐྱེ་མེད་ཀྱི་ངེས་ཤེས་ལྷག་གིས་སྐྱེའོ། །དེའི་སྟེང་ན་སྦྱོར་ལམ་ལྷག་མཐོང་གི་ཉམས་བདེ་གསལ་མི་རྟོག་པ་གསུམ་ལས། རྣམ་རྟོག་རྒྱུན་ཆད་མེད་པའི་ངང་ནས་གསལ་ལ་མ་འགགས་པའི་ཤེས་པ་རྗེན་ནེ་བ། རང་རིག་རང་གསལ་སང་ངེ་ཡེ་རེ་གསལ་བ། དེ་ལ་ཡུལ་ཡུལ་ཅན་གྱི་བསྒོམ་བྱ་སྒོམ་བྱེད་མེད་པ་དེ་མི་རྟོག་པ། དེ་ལ་འབད་རྩོལ་མེད་པར་རང་ལུགས་སུ་གནས་པ་དེ་བདེ་བའོ།། །།གསུམ་པ་ལྷག་མཐོང་གི་རྟོགས་པ་ནི། གོང་དུ་ཡུལ་ཡུལ་ཅན་གྱི་མྱོང་ཚོར་རིམ་པར་དག་ནས། གང་ཤར་གྱི་སྐད་ཅིག་སོ་མ་ཡུལ་མེད་རང་རིག་ཏུ་ཤར་བའོ། །དེའི་སྟེང་དུ་མཐོང་ལམ། ལྷག་མཐོང་རྟོགས་པའི་བདེ་གསལ་མི་རྟོག་པ་གསུམ་ཆར་གཉུག་མ་ཡུལ་མེད་དུ་ཤར་བས་གསལ་བ། གསལ་བྱ་གསལ་བྱེད་ཀྱི་རྟོག་པ་མེད་པས་མི་རྟོག་པ། རིག་སྟོང་དབྱེར་མེད་དུ་བདེ་བས་ན་བདེ་བའོ།། །།གསུམ་པ་གཉིས་སུ་མེད་པའི་ཉམས་ལེན་ངོ་སྤྲད་པ་ལ་གཉིས་ཏེ། འདྲ་ནོར་ཤན་དབྱེ་བ་དང་། མ་ནོར་བར་ངོ་སྤྲད་པའོ། །དང་པོ་ནི། དེ་ལྟར་རྟོགས་པ་དེ་ཡང་མྱོང་ཐོག་ནས་འདྲ་ནོར་ལ་མ་ཤོར་བ་གལ་ཆེ་སྟེ། དེ་ཡང་རང་སྣང་གི་ཤར་ལུགས་རིག་པ་སྐད་ཅིག་མའི་འགྱུར་ལྡོག་སྤུ་རྩེ་རླུང་གིས་བསྐྱོད་པ་ཙམ་ཞིག་ཡིན་པས། རང་གི་ཐད་སོའི་དུས་རིག་པ་མིན་བླ་མ་ཉམས་མྱོང་ཅན་གཅིག་དགོས། རྟོགས་པ་རྒྱུད་ལ་མ་སྐྱེས་པ་ལ་ནོར་ནས་ངོ་སྤྲད་པ་ཡང་ཡོད། སྐྱེས་པ་ངོ་མ་སྤྲད་པས་ཉམས་ཐོག་ཏུ་ལུས་པ་ཡང་ཡོད། སྐྱེ་བདོ་བ་ལ་ངོ་སྤྲད་སྔ་ནས་གོ་ཡུལ་དུ་ལུས་པ་ཡང་ཡོད་པས་ཤིན་ཏུ་དཀའ་འོ། །འདྲ་ནོར་ངོས་གཟུང་བ་ནི། དང་པོ་རགས་ཆོད་ཀྱི་མགོ་ཟུག་པ་དང་། མཉམ་གཞག་དུས་སྐད་ཅིག་མའི་ཕྲ་མཐའ་སེམས་སུ་ཆོད་པ་དང་གཉིས་འདྲ་ནོར། རྟོགས་པ་ངོས་བཟུང་བས་རང་ཞིར་རྟོག་མེད་དུ་འགྲོ་བ་ཉམས་ཡིན་པ་དང་། རྣམ་རྟོག་སྐད་ཅིག་མ་དེ་དྲན་པས་ཟིན་པ་དེ་གནས་མི་དགོས་པར་བློ་འདས་སུ་ཤར་བའི་རྟོགས་པ་གཉིས་འདྲ་ནོར། རྣམ་རྟོག་སྤྲོས་བྲལ་དུ་གོ་བས་རྟོག་པ་གོ་མཁན་དུ་ལངས་ནས་ཡུལ་མེད་པ་དང་། སྐད་ཅིག་མའི་ངོ་བོ་རང་གསལ་དུ་ཤར་བས་འཁོར་འདས་ཀྱི་བློ་ཡུལ་ཟད་པ་གཉིས་འདྲ་ནོར་ཆེའོ། །དེས་ན་གོང་མ་རྣམས་ཐག་བཅད་དགོས། འདྲ་ནོར་དེ་རྣམས་ལ་མ་ཤོར་བར་ངེས་པར་རྟོགས་པ་དང་། བཀའ་དང་བསྟན་བཅོས་མཐུན་པར་ངོ་སྤྲད་དོ། །གཉིས་པ་མ་ནོར་བར་ངོ་སྤྲད་པ་དངོས་ནི། ཁྱོད་ཀྱི་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས། སེམས་རང་ལུགས་སུ་ལྷན་ནེ་གནས་པ་ཞིག་མི་འདུག་གམ། དེ་ལ་ཞི་གནས་ཟེར་བ་ཡིན། ད་ལྟ་སྒོམ་ཆེན་པ་སྐད་པ་ཕལ་ཆེར་དེ་ཀ་ལ་སྒོམ་དུ་བྱེད། རང་ཡང་བརླམས་གཞན་ལ་ཡང་དེ་བསྟན་པ་མང་སྟེ། དེས་སྒོམ་དུ་ཅུང་མི་བཏུབ་པ་ཡིན། དེ་མེད་ཐབས་ཀྱང་མེད་པ་ཡིན་ནོ། ཁྱོད་ཀྱི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ལྟོས་དང་། དེའི་ངང་ལ་རྨུགས་པའམ། ལུང་མ་བསྟན་ནམ། བཏང་སྙོམས་སུ་མ་ལུས་པར་སེམས་ཀྱི་ངོ་བོ་འདི་འདྲ་ཞིག་འདུག །བྱ་རྒྱུའམ། ངག་ཏུ་སྨྲ་རྒྱུའམ། ཡིད་དུ་བསམ་རྒྱུའམ། ཚིག་ཏུ་བརྗོད་རྒྱུའི་ངོས་གཟུང་རང་མེད་ལ། ངོས་གཟུང་མེད་བཞིན་དུ་གསལ་ལ་མ་འགགས་པའི་ཤེས་པ་སང་ངེ་། ཡེ་རེ། རྗེན་ནེ། ལྷང་ངེ་བ་དེ་མ་མཐོང་བའི་མཐོང་རྒྱུ། མ་མྱོང་བའི་མྱོང་རྒྱུ། རིག་པ་ཡོད་རྒྱུ་གཅིག་ཡོད་ལ། ཁར་འདོན་དུ་མི་བཏུབ་པའི་གསལ་ལ་ངོས་གཟུང་མེད་པ་ཞིག་མི་འདུག་གམ། དེ་ལ་ལྷག་མཐོང་ཟེར་བ་ཡིན། འདི་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་ཐ་དད་མེད་པར་སྒོམ་སྐད་ཅིག་མའི་ཐོག་ན་ཚང་བ་དེ་ལ་སྒོམ་སྐྱོན་མེད་སྐྱེས་པ་ཟེར་བ་ཡིན། སེམས་ཀྱིས་སེམས་ལ་བལྟས་ཙམ་ན། རང་སེམས་དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པ་ཅི་ཡང་མེད་པའི་སྟོང་ལྷང་ངེ་བ་འདི་ལ་ངོ་བོ་སྐྱེ་མེད་སྟོང་པའི་ཡེ་ཤེས་ཟེར་བ་ཡིན། སེམས་སྐྱེ་མེད་སྟོང་པའི་རྩལ་དེ་རང་བཞིན་གསལ་ལ་གོ་མ་འགགས་པའི་ཅིར་ཡང་གསལ་བར་འཆར་བ་འདི་ལ་རང་བཞིན་གསལ་བའི་ཡེ་ཤེས་ཞེས་བྱའོ། །སེམས་སྐྱེ་བ་མེད་པའི་ངོ་བོ་སྟོང་པ་ཅིར་ཡང་མ་གྲུབ་པ་དང་། རྩལ་ཅིར་ཡང་མ་འགགས་པར་སྣ་ཚོགས་སུ་འཆར་བ་འདི་གཉིས་མིང་དང་ཚིག་ཙམ་ལས། དོན་ལ་གཉིས་སུ་མེད་པའི་རིག་པ་ཧྲིག་གེ་བ་འདི་ལ་ཐུགས་རྗེས་ཀུན་ལ་ཁྱབ་པའི་ཡེ་ཤེས་ཞེས་བྱ་བ་ཡིན། རིག་པ་སྐད་ཅིག་མ་འདི་ལ་དབྱིབས་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། དེ་བཞིན་དུ་གསལ་བ་སུས་ཀྱང་མ་བྱས་པའི་རང་བཞིན་གྱི་གསལ་བས་ཆད་པའི་མཐའ་དང་བྲལ། དུས་འདི་ཙམ་ནས་བྱུང་རྐྱེན་འདི་ལས་བྱུང་བྱ་བ་མེད་པས་སྐྱེ་བའི་མཐའ་དང་བྲལ། དུས་འདི་ཙམ་ནས་སེམས་ཤི་བའམ་འགགས་བྱ་བ་མེད་པས་འགག་པའི་མཐའ་དང་བྲལ། མེད་བཞིན་དུ་འགག་མེད་ཀྱི་རྩལ་ཅིར་ཡང་འཆར་བས་གཅིག་གི་མཐའ་དང་བྲལ། སྣ་ཚོགས་སུ་སྣང་ཡང་རང་བཞིན་མེད་པར་གྲོལ་བས་དུ་མའི་མཐའ་དང་བྲལ། དེ་ལ་མཐའ་བྲལ་དབུ་མའི་ལྟ་བ་ཞེས་བྱ་བ་ཡིན། གོ་མཁན་མྱོང་མཁན་བལྟ་མཁན། སྒོམ་མཁན་སྤྱོད་མཁན་ཤེས་མཁན་སྐད་ཅིག་མ་ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན། ཚོགས་དྲུག་གི་སྣང་བ་གང་ཤར་ལ་ཡིད་བྱེད་ཀྱི་སྤང་བླང་དགག་སྒྲུབ་བཟོ་བཅོས་མི་དགོས་པར། སྣང་སྟོང་ཟུང་འཇུག་མངོན་དུ་གྱུར་ཅིང་། སྐད་ཅིག་སོ་མ་རང་ས་རང་སར་རང་འགྲོས་སུ་ཤེས་པས། ཕྱག་རྒྱ་ཆེན་པོ་ཞེས་ཟེར་བ་ཡིན། རང་གི་སེམས་སུ་སྣང་སྲིད་འཁོར་འདས་ཀྱི་རྣམ་པ་མ་འདྲེས་གང་འཆར་ཡང་། འཆར་དུས་ཉིད་ལ་རིག་པ་སྐད་ཅིག་མའི་ངོ་བོར་ཡོངས་སུ་རྫོགས་པས། རྫོགས་པ་ཆེན་པོ་ཞེས་ཟེར་བ་ཡིན། རྣམ་རྟོག །བག་ཆགས། སེམས། སེམས་བྱུང་གི་དྲི་མ་ཐམས་ཅད་འགགས་པའམ། སོང་བའམ། དག་ཅིང་རིག་པ་ཡེ་ཤེས་དྲི་བྲལ་ཀ་དག་ཆོས་སྐུར་རྟོགས་པས་གཞི་དོན་ཁྲེགས་ཆོད་ཀྱི་དགོངས་པ་ཞེས་བྱ་བ་ཡིན། སྐད་ཅིག་མའི་ངོ་བོའི་ཐད་ནས་མ་རིག་པ་ཞེས་བྱ་བའི་མིང་ཡང་མེད་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཆོས་ཉིད། ཡོངས་གྲུབ། དེ་བཞིན་ཉིད། དོན་དམ་པ། བདེ་གཤེགས་སྙིང་པོ། ཁམས་རང་བཞིན་རྣམ་དག །མཐའ་བྲལ། ཟུང་འཇུག །བློ་འདས། ཐིག་ལེ་ཉག་གཅིག །དབྱིངས། ཡེ་ཤེས་སྟོང་པ་ཉིད། ཞི་བྱེད། དོན་དམ་སྐྱེ་མེད། གསང་སྔགས། རིག་པའི་རྩལ་དབང་། རང་བྱུང་ཡེ་ཤེས། ཀ་དག་ལ་སོགས་པ་ཞེས་ཟེར་བ་ཡིན། རྟོག་པ་ཤར་མ་ཐག་གི་རང་རིག་པའི་ཡེ་ཤེས་འདི་ཡང་། གློ་བུར་གྱི་དྲི་མ་རང་སར་དག་པའི་ཐད་ནས་ལམ་བདེན་གྱི་ཡེ་ཤེས་ཟེར་བ་ཡིན། རྟོགས་པའི་དུས་ཀྱི་ངོ་བོ་ལ་མ་རིག་པའི་དྲི་མ་མེད་པས་སངས་རྒྱས་ཀྱི་མཁྱེན་ལྡན་ཡེ་ཤེས་དང་འདྲ་ཞེས་ཟེར་བ་ཡིན། རྣམ་པ་གང་ཤར་གྱི་སྐད་ཅིག་མའི་ངོ་བོ་བློ་ལས་འདས་པ་དེ་རང་ངོ་ཤེས་པས་ལྟ་བ་ཞེས་བྱ། རང་ཐོག་ནས་ཆགས་པས་སྒོམ་པ་ཞེས་བྱ། སྤྱོད་ལམ་རྣམ་བཞིར་དེའི་ངང་ལས་ཁྱེར་བས་སྤྱོད་པ་ཞེས་བྱ། སྐད་ཅིག་མའི་རང་ངོ་ཤེས་པ་ལ་ཤེས་བྱའི་ཡུལ་དང་། ཤེས་བྱེད་ཀྱི་ཤེས་པ་དེ་ལ་གོ་བ་ཞེས་བྱ། ཡིད་ཆེས་ཤིང་ངེས་ཤེས་སྐྱེ་བ་དེ་ལ་མྱོང་བ་ཞེས་བྱ། ཤེས་བྱ་ཤེས་བྱེད་དེ་ལ་བརྟེན་མ་དགོས་པ་དེ་ལ་རྟོགས་པ་ཞེས་བྱ་བ་ཡིན། རྟོགས་པའི་ངང་དུ་སྡོད་པ་ལ་ཡེ་ཤེས་ཀྱི་ཚོགས་ཞེས་བྱ། རིག་པའི་ཐད་དེ་བྱམས་སྙིང་རྗེར་ཤར་བས་བསོད་ནམས་ཀྱི་ཚོགས་ཞེས་བྱ། དེ་གཉིས་སྐད་ཅིག་མའི་སྟེང་དུ་དབྱེར་མེད་པས་ཚོགས་གཉིས་ཟུང་འཇུག་ཞེས་བྱ། ཉོན་མོངས་པའི་ངོ་བོ་རྟོགས་ཤིང་ཟག་མེད་དུ་ཤར་བ་ལ་སྔགས་ཀྱི་སྡོམ་པའམ་ཤེས་རབ་ཀྱི་བསླབ་པ་ཡིན། དེའི་ངང་ལ་གནས་པ་དེ་བྱང་སེམས་ཀྱི་བསླབ་པ་ཡིན། དེ་ལྟར་གནས་ཙ་ཉོན་མོངས་པའི་མཚན་མ་དག་པའི་ཐད་དེ་སོ་ཐར་གྱི་སྡོམ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན། དེ་ལྟར་སྡོམ་གསུམ་སྐད་ཅིག་མའི་སྟེང་དུ་དབྱེར་མེད་པས་ཟག་མེད་ཀྱི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །རིག་པ་ལྷ་རུ་གསལ་བ་ལ་བསྐྱེད་རིམ་ཞེས་བྱ། ལྷ་ངོ་བོ་སྟོང་པ་ལ་རྫོགས་རིམ་ཞེས་བྱ། དེ་གཉིས་སྐད་ཅིག་མའི་སྟེང་དུ་དབྱེར་མེད་པས་བསྐྱེད་རྫོགས་ཟུང་འཇུག་ཅེས་བྱ་བ་ཡིན་ནོ། །སྐད་ཅིག་མའི་ངོ་བོར་སྤྲོས་དང་བྲལ་བ་ལ་གཞི་ཞེས་བྱ། དེ་རང་ངོ་མ་ཤེས་པ་རང་ངོ་ཤེས་པ་ལམ་ཡིན་པས་གཞི་ལམ་དང་འབྲེལ་ཞེས་བྱ། རང་ངོ་ཤེས་པའི་ངང་ལ་བརྟན་པ་ཐོབ་ཅིང་མ་རིག་པ་དག་པས་ལམ་འབྲས་བུ་དང་འབྲེལ་ཞེས་བྱའོ། །སྐད་ཅིག་མ་སྟོང་པའི་ཐད་དེ་ནས་སངས། རིག་པའི་ཐད་ནས་རྒྱས་པས་སངས་རྒྱས་ཞེས་བྱ་བ་ཡིན། སྐད་ཅིག་མ་རིག་པའི་ཐད་ནས་སྤྲུལ་སྐུ་ཞེས་བྱ། སྟོང་པའི་ཐད་ནས་ཆོས་སྐུ་ཞེས་བྱ་བ་ཡིན། དེ་གཉིས་ཟུང་དུ་འཇུག་པའི་ཐད་ནས་ལོངས་སྐུ་ཞེས་བྱ་བ་ཡིན་ནོ།། །།གསུམ་པ་བོགས་འདོན་གཅུན་ཐབས་མན་ངག་གི་ཉམས་ལེན་མཐར་བསྐྱལ་བ་ནི། དེ་ལྟར་རྟོགས་པ་ཤར་ནས་མཉམ་རྗེས་གཉིས་བྱུང་བའི། རྗེས་ཤེས་ཀྱི་རྟོག་པ་བྱུང་དུས་མཐོང་ལམ་གྱི་ངོ་བོ་རང་དེ་འགྱུར་བས་རྟོགས་པ་རེད་པ་མིན། མཚན་མའི་མྱོང་བ་དེས་ངོ་བོ་བསྒྲིབས་ནས་རྗེས་ཤེས་རེད་པ་ཡིན། དེ་རྟོགས་པའི་ངང་ལ་སྡོད་ཙ་རིག་པ་ཡུལ་ལ་མི་འཛིན་པར་རང་གསལ་དུ་གནས་པས། སྔ་མ་མཚན་མ་ཡོད་མ་མྱོང་བའི་ཐད་དེ་རིག་པས་མཚན་མ་མ་སྤང་རང་སར་དག་ནས། རྟོགས་པའི་བོགས་ཉམས་ཀྱིས་འདོན། དེ་ལྟར་རྟོགས་པས། གནས་པའི་ཉམས་དང་འགྱུ་བ་གཉིས་གཅིག་ལ་གཅིག་ལྟོས་ནས་བྱུང་བ་ཡིན་པས། སྐད་ཅིག་མའི་ངོ་བོར་གནས་རྒྱུ་དང་མྱོང་རྒྱུ་ཡོད་མ་མྱོང་བའི་དོན་རྟོགས་ཙ། ཉམས་ཀྱི་དྲི་མ་དག་བྱེད་རྟོགས་པས་བྱེད་དེ། རིམ་པ་ལྟར་མཐར་ཕྱིན་པའི་ལམ་མན་ཆད་ཀྱི་རྗེས་སྣང་ཕྲ་རགས་ཡང་ཕྲ་རྣམས་མ་སྤང་རང་ངོ་ཤེས་པས་དག་པའོ། །དེ་ཡང་མཉམ་གཞག་སྐད་ཅིག་མ་གཅིག་གི་ཐོག་ན་གཅུན་གློད་གཉིས་སྤྲད་ཤེས་དགོས་ཏེ། རིག་པ་སྐད་ཅིག་མ་རང་ཐོག་ནས་ཆགས་པ་དེ་གཅུན་པས། དེ་འོག་འགྱུས་སུ་མི་ཤོར། རང་ཐོག་ན་ཆགས་པའི་ངང་ནས་སྒྲིམ་པའི་རྩོལ་བ་མེད་པས་ཀློད་པ་དེས་དོན་རིག་ཅིང་གསལ་བས་གནད་དུ་འགྲོའོ། །རྗེས་སུ་སྐད་ཅིག་མ་གཅིག་གི་ཐོག་ཏུ་སྐྱོན་ཡོན་གཉིས་ངོས་ཟིན་དགོས་ཏེ། རྗེས་ཤེས་སུ་རྟོགས་པ་གང་རུང་ཞིག་ཐོལ་གྱིས་སྐྱེས་པ་དེ་མ་འགགས་བར་དེ་སྐད་ཅིག་ཡིན། དེའི་སྟེང་དུ་སྐྱོན་ཡོན་གཉིས་ངོས་གཟུང་བ་ལ་སྐད་ཅིག་མའི་ངོ་བོ། ཡེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བར་ཡོད་པ་ཡོན་ཏན་ཡིན། དེ་རང་ངོ་མ་ཤེས་པའི་ཐད་དེ་སྐྱོན་ཡིན། ཡོན་ཏན་ངོས་བཟུང་བས་རྣམ་རྟོག་གང་ཤར། ཉན་ཐོས་ལྟར་བཀག་མ་དགོས་པར་ཆོས་སྐུར་ཤར་བ་ཡིན་པས། གཞི་ལམ་དུ་བསླངས་ནས་སྐྱོན་ངོས་བཟུང་བས། རྟོག་པ་ཕྲ་རགས་ཆོད་ནས་ལམ་རིམ་པར་བགྲོད་དེ། མཐར་ས་བཅུ་རྒྱུན་མཐའི་བར་དུ་ཡང་ངོས་གཟུང་དགོས་ཏེ། དེར་ཡང་རྟོག་མེད་ངོ་མ་ཤེས་ཡུན་སེ་གོལ་རྡེབ་པའི་བར་ཙམ་རེ་འོང་བར་གསུངས་པ་དེའི་ངོ་མ་ཤེས་པ་དེའི་ཐད་དེ་སྐྱོན་ཡིན་པས། ངོས་བཟུང་ནས་ལམ་འབྲས་བུ་དང་འབྲེལ་ཐུབ་པ་ཡིན་ནོ། །སྤྱིར་ལམ་གྱི་སྐབས་སུ་ཐབས་ཀྱི་དགེ་བ་ལ་བོགས་མེད་ན། དེ་ཐབས་རྐྱང་པར་སོང་བས་དངོས་པོ་དང་མཚན་མར་ཞེན་པའི་རྟགས་ཡིན་པས། ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་ཤེས་པར་བྱས་ལ། འཁོར་གསུམ་ཡོངས་སུ་རྟོག་པ་དང་བྲལ་བར་བྱའོ། །དེས་ཐབས་ཤེས་རབ་ཟུང་དུ་ཚུད་དེ་བོགས་འདོན་དུ་འགྲོ། ཤེས་རབ་ཀྱི་དགེ་བ་ལ་བོགས་མེད་ན་ཤེས་རབ་རྐྱང་པ་སྟོང་པ་ཕྱོགས་གཅིག་པར་གོལ་བའི་རྟགས་ཡིན་པས་རྒྱུ་འབྲས་ལ་གཙོ་བོར་བྱས། རྟེན་འབྲེལ་ལ་གོ་བ་བསྐྱེད། ཐབས་ལམ་གནད་དུ་བསྣུན་པས་བོགས་འདོན་དུ་འགྲོ། ཞི་གནས་ལ་བོགས་མེད་ན་གནས་ལུགས་དང་ཞལ་མ་མཇལ་གནས་པ་རྐྱང་པར་ཤོར་བའི་རྟགས་ཡིན་པས། རང་སེམས་ལ་རང་གིས་བལྟ་སྟེ་ལྷག་མཐོང་གི་བོགས་འདོན། ལྷག་མཐོང་ལ་བོགས་མེད་ན་གནས་པའི་ཉམས་མྱོང་གི་རླན་ཆུང་བས་འཕྲོ་རྒོད་ཀྱི་རྣམ་རྟོག་མ་ཞི་བའི་སྐྱོན་ཡིན་པས། མ་ཡེངས་རྟོག་ཆོས་ཀྱི་དྲན་པ་བརྟེན་ཏེ། ཞི་གནས་ཀྱི་བོགས་འདོན་ནོ། །མདོར་ན་ཐབས་ཤེས་གང་ཞན་པ་དེ་ལ་སྟོབས་བསྐྱེད་དེ་ཟུང་དུ་ཆུད་པར་བྱའོ། །སྤྱིར་ཡང་སྒོམ་པ་ཡུན་བསྲིང་སྟེ་རྒྱུན་ཆད་མེད་པར་བྱེད་པ་བོགས་འདོན་གྱི་མཆོག་ཡིན་གསུངས། གཞན་ཡང་བཟང་ངན་བར་གསུམ་གྱི་རྣམ་རྟོག །ཉོན་མོངས་ཕྲ་རགས་སྦོམ་གསུམ། ན་ཚ་སྡུག་བསྔལ་ཁམས་འདུས། འཇིག་རྟེན་ཆོས་བརྒྱད། ལྷ་འདྲེ་མི་གསུམ་འགལ་རྐྱེན་མཐུན་རྐྱེན་གང་དང་གང་རང་རྒྱུད་དུ་བྱུང་ཡང་རྗེས་སུ་མི་འབྲང་། སྤང་ཡང་མི་སྤང་། འགེགས་ཀྱང་མི་འགེགས། སྦྱོང་ཡང་མི་སྦྱོང་། བསྒྱུར་ཡང་མི་བསྒྱུར་བར་ཐད་ཀ་ཐད་ཀར་ངོས་གཟུང་ཞིང་གང་ཤར་སྐད་ཅིག་གྲྭ་མ་ཉམས་པར་རང་བབས་རང་ལུགས་སུ་ལམ་དུ་ཁྱེར་བས་བོགས་ཐོན་ཏེ་ལམ་མཐར་ཕྱིན་ཏོ།། ༈ །།གསུམ་པ་ཟབ་ལམ་འོད་གསལ་ཐོད་རྒལ་གྱི་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་གནད་སྦྱོང་བར་གསུམ་སྟེ། ལུས་འདུག་སྟངས་རྟེན་འབྲེལ་གྱིས་ཆུན་པའི་ཕྱིར་སྔོན་དུ་ལུས་སྦྱོང་བ་དང་། ཁམས་གནས་ལུགས་ཀྱི་འོད་གསལ་མངོན་སུམ་དུ་སྣ་ཁྲིད་པའི་ཕྱིར་འོད་གསལ་གྱི་རྣམ་པ་ཡི་གེའི་ཚོགས་སུ་ངག་ཡིད་སྦྱོང་བ་དང་། དྲན་མེད་བློ་འདས་ཀྱི་གཞི་ཐོག་ཏུ་མངོན་སུམ་འོད་གསལ་གྱི་རིག་པ་རང་སྣང་དུ་བསྐྱལ་དགོས་པའི་ཕྱིར་ལུས་ངག་སེམས་རྣམས་རྣལ་རང་ཐོག་ཏུ་ཕབ་སྟེ་རྩོལ་མེད་རང་ལུགས་འདུག་པ་ལ་བསླབ་པའོ། །དང་པོ་ནི། ལུས་རྡོ་རྗེའི་སྐྱིལ་ཀྲུང་གིས་རྐང་མཐིལ་གཉིས་སྤྲད་དེ། རྟིང་པ་གསང་བར་གཏད་ནས། ལུས་དྲང་པོར་བསྲང་། ལག་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ཞིང་། ཡར་རྩེ་མར་རྩེ་གཉིས་རྡོ་རྗེའི་རྭ་གསུམ་པ་འདྲ་བ་ལ་འབད་དོ། །དེ་ཡང་རང་རང་གི་འབྱུང་བ་དང་མཐུན་པའི་ཁ་དོག་ཏུ་བསྒོམ་སྟེ། བྱི་གླང་སྟག་གསུམ་ནི་ཆུ་ལུས་དཀར་པོར་བསྒོམ་སྟེ། ཡོས་འབྲུག་སྦྲུལ་གསུམ་ནི་ས་ལུས་སེར་པོར་བསྒོམ་ལ། རྟ་ལུག་སྤྲེལ་གསུམ་ནི་མེ་ལུས་དམར་པོར་བསྒོམ་ཞིང་། བྱ་ཁྱི་ཕག་གསུམ་ནི་རླུང་ལུས་ལྗང་གུར་བསྒོམ་མོ། །ཡང་ན་ཁ་དོག་ལྔ་ལྡན་རྡོ་རྗེ་རྩེ་གསུམ་པའམ། རྩེ་ལྔ་ཆེན་པོ་གཅིག་ཏུ་རང་ལུས་བསྒོམ་མོ། །དེ་ལྟར་རབ་ཞག་གསུམ། འབྲིང་བདུན། ཐ་མ་བཅུ་གཅིག་ཏུ་བསྒོམས་པས། འབྱོངས་པའི་རྟགས་ནི་ལུས་ཁོལ་བུར་ན་བ་དང་། ཁང་རུལ་ཞིག་པ་བཞིན་ནམ། ཚུགས་མི་ཐུབ་ཅིང་དྲོད་སྐྱེ་བ་དང་རྣམ་རྟོག་མེད་པ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ།། །།གཉིས་པ་ཁམས་གནས་ལུགས་ཀྱི་འོད་གསལ་མངོན་སུམ་དུ་སྣ་ཁྲིད་པའི་ཕྱིར་འོད་གསལ་གྱི་རྣམ་པ་ཡི་གེའི་ཚོགས་སུ་ངག་ཡིད་སྦྱོང་བ་ལ་གཉིས་ཏེ། སྣང་བཞིའི་གོ་རིམ་དང་ཆ་མཐུན་དུ་སྣ་ཁྲིད་པར་བྱེད་པ་ལ་ངག་ཧཱུྃ་གིས་སེམས་སྦྱོང་བ་དང་། ལུས་ངག་ཡིད་གསུམ་གྱི་འཁྲུལ་རྒྱུ་དང་ས་བོན་རྩ་བ་ནས་ཟད་ཅིང་ཡེ་ཤེས་གསུམ་གྱི་སྣ་ཁྲིད་པར་བྱེད་པ་སྐུ་གསུང་ཐུགས་ཀྱི་ཡི་གེས་རིགས་དྲུག་གི་ས་བོན་དྲུག་སྦྱོང་བའོ། །དང་པོ་ལ་བཞི་སྟེ། རྒྱས་གདབ་པ་དང་། མཉེན་བཙལ་བ་དང་། ལམ་དུ་གཞུག་པ་དང་། རྩལ་སྦྱོང་བའོ། །དང་པོ་རྒྱས་གདབ་པ་ནི། ལམ་མངོན་སུམ་གྱི་སྣང་བ་མཆེད་པ་ལ་གདོས་བཅས་ཀྱི་སྣང་བས་བསྒྲིབས་པ་དང་ཆ་མཐུན་དུ། སྔོན་འགྲོ་ལ་ཡང་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ལུས་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་རིང་པོ་དབུགས་ཀྱི་ཐུབ་ཚད་བརྗོད་ཅིང་སྣ་བུག་གཡས་ནས་ཡི་གེ་ཧཱུྃ་གི་རྣམ་པ་མང་པོ་གཅིག་རྟིང་ལ་གཅིག་ཐོན་ནས། དང་པོ་ཁྱིམ་དང་། དེ་ནས་མཐོང་བའི་ཡུལ་དང་། དེ་ནས་རྒྱལ་ཁམས། དེ་ནས་འཛམ་བུ་གླིང་། དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པར་བསམ་མོ། །དེ་དུས་རླུང་ཅི་ནས་ཀྱང་ཕྱིར་ཕུལ་བ་གནད་ཡིན་ནོ། །དེ་ནས་སྣང་བ་ཐམས་ཅད་བན་བུན་དུ་སོང་བ་དང་། ཧཱུྃ་གིས་གང་བ་སྙམ་པ་འཆར་ན་རྒྱས་ཐེབས་པའི་རྟགས་སོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །དེ་ནས་ནང་ཕུང་ཁམས་ལ་རྒྱས་གདབ་པ་ནི། ཡང་སྐྱིལ་ཀྲུང་བྱས་ཏེ། ངག་ཏུ་ཧཱུྃ་ཞེས་རིང་བར་བརྗོད་ཅིང་། ཕྱིའི་ཡི་གེ་ཧཱུྃ་གི་རྣམ་པ་ཀུན་གཅིག་བྱུང་གཉིས་བྱུང་ལ་སྣ་བུག་གཡོན་ནས་ཁོང་པར་ཞུགས་ཏེ། ཁོང་པའི་ནང་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་ཁེངས་པར་བསམ་མོ། །རླུང་ཐུབ་ཚད་ནང་དུ་འཛིན་པ་གནད་ཡིན་ནོ། །རྟགས་ནི་ལྟོ་བ་མི་བདེ་བ་སྙམ་པ་དང་། ཧཱུྃ་གིས་གང་བ་སྙམ་པ་འབྱུང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ། །དེ་ནི་མངོན་སུམ་གྱི་སྣང་བ་མཆེད་པ་དང་ཆ་མཐུན་དུ་སྦྱོང་བའོ། །གཉིས་པ་མཉེན་བཙལ་བ་ནི། དངོས་གཞི་ཉམས་གོང་འཕེལ་གྱི་སྐབས་སུ། དང་པོ་དངོས་པོ་དྭངས་པའི་རྫས་གཅིག་ལ་འབེན་བྱས་ཏེ། མངོན་སུམ་གྱི་སྣང་བ་མཆེད་པ་དེ་འབེན་དང་ཕྲལ་ཏེ་གཡས་གཡོན་རྒྱབ་ཕྱོགས་སམ་གང་དུ་ཁྲིད་ཀྱང་རང་དབང་ཐོབ་པ་དང་ཆ་མཐུན་དུ། སྔོན་འགྲོ་ལ་ཡང་རང་གི་མདུན་དུ་མདུང་ཤིང་ནམ་མཁའི་དབྱིངས་སུ་སླེབ་པ་ཞིག་ལ་ལུས་སྐྱིལ་ཀྲུང་དུ་བྱས་ཏེ། ངག་ཏུ་ཧཱུྃ་རིང་པོ་བརྗོད་ཅིང་། ཡིད་ཧཱུྃ་གི་ཐག་པ་ན་ར་རའི་ཡར་སྣེ་རྩེ་མོའི་བར་དཀྲིས་ཤིང་། སྟེང་ནས་ཧཱུྃ་ཡེ་རེ་འདུག་སྙམ་པ་ལ་དར་ཅིག་གཞག །དེ་ནས་ཡང་ཧཱུྃ་ཞེས་བརྗོད་ཅིང་། ཧཱུྃ་གི་ཐག་པ་མར་རྟིང་པའི་བར་འགྲོལ་བ་དང་། ཡང་ཧཱུྃ་ལ་ཤེས་པ་གཏད། དེ་ལྟར་ཡང་ཡང་བློ་སྦྱོང་བ་ལ་ནན་ཏན་དུ་འབད་པར་བྱས་པས། སེམས་གར་གཏད་དུ་ཟིན་པ་སྙམ་པ་འབྱུང་། མ་བྱུང་གི་བར་དུ་བསྐྱར་རོ། །གསུམ་པ་ལམ་དུ་གཞུག་པ་ནི། དངོས་གཞི་ཚད་ཕེབས་ཀྱི་དུས་སུ་ཁྲེགས་ཆོད་བློ་འདས་གཞིའི་ཡོན་ཏན་འཁོར་འདས་ཀྱི་ཞིང་ཁམས་ཐམས་ཅད་རྩལ་སྣང་ཡོངས་སུ་རྫོགས་པ་དང་ཆ་མཐུན་དུ་སྔོན་འགྲོ་ལ་ཡང་ལུས་སྐྱིལ་ཀྲུང་བྱས་ཏེ། ངག་ཏུ་ཧཱུྃ་རིང་བར་བརྗོད་པས། ཡིད་ཧཱུྃ་གི་རྣམ་པ་མཐིང་ནག་ཁྲུ་གང་བ་ཞིག་རི་མོ་སྲིན་བུའི་འགྲོས་ཀྱི་ལམ་ལ་ཕར་འཁྱོག་ཚུར་འཁྱོག་ལྟ་བུ་མཐོང་ཡུལ་གྱི་རི་ལ་སོགས་པའི་བར་ནས་མི་མཐོང་བའི་ས་ཕྱོགས་དང་བཅས་པ་ན་ཕར་མགྲོན་པོ་དོན་གཉེར་བ་བཞིན་དུ་ཞུགས་ནས་སོང་བས། འཇིག་རྟེན་གྱི་ཞིང་ཁམས་ཐམས་ཅད་ཀུན་ཏུ་ཀོར་ཚེ་མེད་པར་ཀུན་ཏུ་ཁྱབ་པར་རྒྱུག་སྟེ། ཐམས་ཅད་ཀྱི་རྒྱུ་མཚན་ཧཱུྃ་གིས་ཤེས་ཏེ། ལྐོག་གྱུར་གྱི་ཆོས་མེད་པར་བསམ་ལ་ནན་ཏན་དུ་སྦྱོང་ངོ་། །བཞི་པ་རྩལ་སྦྱོང་བ་ནི། ཡང་དངོས་གཞི་ཟད་སར་བསྐྱལ་བའི་སྐབས་ལ་ཕྱི་ནང་གི་ཞེན་སྣང་གདོས་བཅས་ཐམས་ཅད་འཇའ་ལུས་སུ་གྲོལ་ཏེ་འོད་ཀྱི་ནང་ནས་ལག་སོར་བཀྲམ་པ་ཙམ་ལས་མེད་པ་དང་ཆ་མཐུན་དུ། འདིར་སྔོན་འགྲོའི་སྐབས་སུ་ཡང་ལུས་སྐྱིལ་ཀྲུང་དུ་བྱས་ཏེ། ངག་ཏུ་ཧཱུྃ་དྲག་ལ་ཐུང་བར་བརྗོད་ནས། ཡིད་ཧཱུྃ་མཐིང་ནག་ཡེ་ཤེས་ལྔའི་མེ་འོད་དང་ལྡན་པ་ཆེ་ཆུང་གང་ལ་དམིགས་པའི་ཡུལ་དང་འཚམ་པ་དེ་རེག་པ་ཙམ་གྱིས། མིག་ཡུལ་དུ་མཐོང་བའི་དངོས་པོ་ཐམས་ཅད་ཕར་ཐལ་ཚུར་ཐལ་ཀོར་ཚེ་མ་ལུས་པར་ཕུག་པས་གདོས་བཅས་ཀྱི་བྱ་བ་བྱེད་རྒྱུ་མེད་པར་བསམ་སྟེ་ནན་ཏན་དུ་སྦྱངས་པས། རྟགས་ནི་ཕྱིའི་སྣང་བ་འདི་སང་སིང་ཁྲལ་ཁྲོལ་དུ་སོང་བ་སྙམ་པ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ། །དེ་ནས་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། ངག་ཏུ་ཧཱུྃ་དྲག་ལ་ཐུང་བ་བརྗོད་པས་ཡིད་ཧཱུྃ་མཐིང་ནག་མཐོ་གང་བ་གཅིག་གི་རང་གི་ལུས་ཀོར་ཚེ་མ་ལུས་པ་ཡར་ཐལ་དང་མར་ཐལ་དང་། ཕར་ཐལ་ཚུར་ཐལ་དུ་ཕུག་པས་གདོས་བཅས་ཀྱི་བྱ་བ་བྱེད་རྒྱུ་མེད་པར་བསམ་ཞིང་ནན་ཏན་དུ་སྦྱོང་བས། འབྱོངས་རྟགས་ནི། ལུས་ཀྱི་ཤ་ཀོར་ཚེར་འཕར་བ་དང་། ཁྲལ་ཁྲོལ་དུ་སོང་སྙམ་པ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ། །དེ་རྣམས་རབ་ཀྱིས་ཞག་རེ་རེ། འབྲིང་གིས་ཞག་གཉིས་གཉིས། ཐ་མས་ཞག་བཞི་བཞི་བྱས་པས་ཉམས་སུ་ལོན་པ་ཡིན་ནོ།། །།གཉིས་པ་ལུས་ངག་ཡིད་གསུམ་གྱི་འཁྲུལ་རྒྱུ་ས་བོན་རྩ་བ་ནས་ཟད་ཅིང་ཡེ་ཤེས་གསུམ་གྱི་སྣ་ཁྲིད་པར་བྱེད་པ་སྐུ་གསུང་ཐུགས་ཀྱི་ཡི་གེས་རིགས་དྲུག་གི་ས་བོན་དྲུག་སྦྱོང་བ་ནི། སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྦྱོང་བྱེད་ཡི་གེ་གསུམ་གྱིས་ས་བོན་དྲུག་སྦྱོང་བ་ནི། རང་གི་ལུས་ཀྱི་སྤྱི་བོར་ཨཿདཀར་པོ་ལ་ལྷའི་བག་ཆགས་ཐམས་ཅད་དཀར་མོག་སྒྲིབ་པའི་རྣམ་པ་ཅན་དུ་འདུས་པར་བསམ། དེ་བཞིན་དུ་མགྲིན་པར་སུཾཿལྗང་སེར་ལ་ལྷ་མ་ཡིན་གྱི་བག་ཆགས་རྣམས་འདུས་པ། སྙིང་གར་ནྲྀཿསྔོ་སྐྱ་ལ་མིའི་བག་ཆགས་རྣམས་འདུས་པ། ལྟེ་བར་ཏྲིཿདམར་ནག་ལ་དུད་འགྲོའི་བག་ཆགས་རྣམས་འདུས་པ། གསང་བར་པྲེཿལྗང་གུ་ལ་ཡི་དྭགས་ཀྱི་བག་ཆགས་རྣམས་འདུས་པ། རྐང་མཐིལ་དུ་དུཿདུད་ཁ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པ། སྤྱི་བོར་སྐུའི་ས་བོན་ཨཱོྃ་དཀར་པོ་འོད་ཟེར་འཕྲོ་བ། མགྲིན་པར་གསུང་གི་ས་བོན་ཨཱཿདམར་པོ་འོད་ཟེར་འཕྲོ་བ། སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོ་བ། དེའི་འོད་ཀྱིས་ས་བོན་དྲུག་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་རིག་པ་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་ཐུལ་ཚིག་པར་བསྒོམ་ཞིང་། ཨཱོྃ་ཨཱཿཧཱུྃ་གསུམ་འབུམ་ཚོ་བདུན་དབྱངས་སྙན་གླུ་དང་བཅས་པས་ཞག་བདུན་དུ་བཟླའོ། །དེའི་དུས་སུ་བདག་ཅི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་མེ་འབར་ཏེ་ས་བོན་དྲུག་ཚིག་པར་བསམ་ཞིང་། ཡང་བཟླའོ། །འབྱོངས་པའི་རྟགས་སུ་སྡིག་སྒྲིབ་ཟད་པའི་རྨི་ལམ་མཚན་མ་སྣ་ཚོགས་དང་། ལུས་ངག་ཡིད་གསུམ་ཐ་མལ་གྱི་ཞེན་པ་འགགས་ཏེ། ཤེལ་གོང་དག་པ་ལྟར་སལ་སལ་སོང་བ་སྙམ་བྱེད་པའོ། །དེ་ལྟར་མ་བྱུང་གི་བར་དུ་བསྐྱར་རོ།། །།གསུམ་པ་དྲན་མེད་བློ་འདས་ཀྱི་གཞི་ཐོག་ཏུ་མངོན་སུམ་འོད་གསལ་གྱི་རིག་པ་རང་སྣང་དུ་བསྐྱལ་དགོས་པའི་ཕྱིར། ལུས་ངག་སེམས་རྣམས་རྣལ་རང་ཐོག་ཏུ་ཕབ་སྟེ་རྩོལ་མེད་རང་ལུགས་སུ་འདུག་པ་ལ་གཉིས་ཏེ། བློ་རྩོལ་ཞེན་འཛིན་གྱི་དྲི་མ་དང་ཕྲལ་དགོས་པའི་ཕྱིར་རྣལ་རང་ཐོག་ཏུ་དབབ་པ་དང་། རྣལ་དབབ་བྱ་བྲལ་གྱི་དོན་དང་རྟེན་འབྲེལ་ལུས་ཀྱི་གནད་འཛོམ་ན་གཞི་དང་གཞི་སྣང་གི་ཉམས་ལེན་ངོ་སྤྲད་ཀྱི་སྒོ་དེ་ནས་ཡོད་པའི་ཕྱིར་འདུག་སྟངས་སོ་སོར་འཇོག་པའོ། །དང་པོ་ནི། གོང་གི་སྔོན་འགྲོ་རྣམས་ལ་བར་མ་ཆོད་པར་བརྩོན་པའི་སྟོབས་ཀྱིས་ལུས་སེམས་རྣམས་དུབ་པའི་ཚེ། ལུས་དུར་ཁྲོད་ཀྱི་རོ་བཞིན་རང་མལ་དུ་བསྐྱུར། ངག་པི་ཝང་རྒྱུན་ཐག་ཆད་པ་བཞིན་བརྗོད་མེད་དུ་བསྐྱུར་རོ། །ཡིད་རང་འཐག་ཆུ་བཅད་པ་བཞིན་དྲན་བསམ་འཛིན་པ་དང་བྲལ་བར་བསྐྱུར་བ་ནི་རྣལ་དབབ་ཀྱི་དོན་ནོ། །དེ་ལྟར་རྣལ་དབབ་ལ་ཞག་གཅིག་གམ་གསུམ་སྦྱོང་བས་ལུས་ངག་ཡིད་གསུམ་རྣལ་དུ་ཕེབས་པའི་རྟགས་ནི། ལུས་རྣལ་དུ་ཕེབས་པས་མི་འགུལ་བར་སྡོད་པ་དང་། ངག་རྣལ་དུ་ཕེབས་པས་སྨྲ་སྙིང་མི་འདོད་པ་ད་ང། ཡིད་རྣལ་དུ་ཕེབས་པས་འཇིག་རྟེན་གྱི་བྱ་བ་ལ་ཡིད་མི་འཇུག་པའོ། །མ་བྱུང་གི་བར་དུ་བསྐྱར་རོ། །གཉིས་པ་རྣལ་དབབ་ཉིད་འདུག་སྟངས་སོ་སོར་འཇོག་པ་ལ་གསུམ་ལས། དང་པོ་ཉན་ཐོས་ཀྱི་འདུག་སྟངས་ལ་བསླབ་པ་ནི། ལུས་སྐྱིལ་ཀྲུང་མཉམ་གཞག་དྲང་པོར་བསྲངས་ལ། མིག་སྣ་རྩེར་ཕབ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་མཉམ་པར་བཞག་ཅིང་བསམ་བརྗོད་གང་ཡང་མི་བྱའོ། །གཉིས་པ་བྱང་སེམས་ཀྱི་འདུག་སྟངས་ལ་བསླབ་པ་ནི། ལུས་འདུག་སྟངས་གོང་དང་འདྲ་བ་ལས། མིག་ཐད་ཀར་ཧད་དེ་བལྟ་ཞིང་སེམས་གང་དུ་ཡང་མི་གཡོ་འོ། །གསུམ་པ་ཁྲོ་བོའི་འགྱིངས་སྟངས་ལ་བསླབ་པ་ནི། རྐང་པ་གཡས་བསྐུམ་གཡོན་བརྐྱང་། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་པ། ཞལ་གདངས་མཆེ་བ་གཙིགས་པ་ལྟ་བུའི་སྟངས་སྟབས་བྱས་ཏེ། མིག་བར་སྣང་ལ་གྱེན་དུ་བགྲད། ངག་ཏུ་ཧ་ཧ་ཧི་ཧི་ལ་སོགས་པ་བརྗོད་ཅིང་། སེམས་སྤྲོས་པ་དང་བྲལ་བར་གཞག་གོ །དེ་ལྟར་སོར་འཇོག་པ་ལ་ཞག་གཅིག་གམ་གསུམ་སྦྱངས་པས། ལུས་ངག་ཡིད་གསུམ་སོར་ཆུད་པས་ལུས་ངག་ཡིད་གསུམ་དགེ་སྦྱོར་ལས་འབྲལ་མི་ཕོད་པ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ། །དེ་རྣམས་ཀྱིས་སྔོན་འགྲོའི་སྐོར་སོང་ངོ་།། ༈ །།གཉིས་པ་དངོས་གཞིའི་གནད་དོན་དུ་གཉེར་བ་མངོན་སུམ་རང་ཐོག་ཏུ་ཉམས་སུ་ལེན་པ་ལ་གཉིས་ཏེ། ཉིན་སྣང་ཉི་མའམ་དངོས་པོ་དྭངས་པའི་རྫས་གཅིག་ལ་བརྟེན་ནས་ཉམས་སུ་བླང་བ་དང་། མཚན་སྣང་མུན་པའི་ཁང་བུ་ལ་བརྟེན་ནས་ཉམས་སུ་བླང་བའོ། །དང་པོ་ལ་གསུམ་སྟེ། འདུ་ཤེས་ཀྱི་རྟོག་པ་འགག་ཕྱིར་སྒོ་གསུམ་གྱི་གནད་གཟིར་བ་དང་། བྱར་མེད་ཀྱི་དོན་རྒྱུད་ལ་གནས་ཕྱིར་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང་ཚུལ་དང་། མངོན་སུམ་བློ་འདས་ཀྱི་རང་སྣང་རང་ཞལ་མཇལ་ཕྱིར་སྒོ་ཡུལ་རླུང་རིག་གིས་གནད་བསྣུན་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ལུས་གནད་དུ་གཟིར་བ་དང་། ངག་གནད་དུ་གཟིར་བ་དང་། ཡིད་གནད་དུ་གཟིར་བའོ། །དང་པོ་ལ་གཉིས་ཏེ། དེ་ཡང་སྐུ་གསུམ་གྱི་འདུག་སྟངས་དང་། སྐུ་ལྔའི་འདུག་སྟངས་དང་། གཞན་ཡང་འདུག་སྟངས་ཀྱི་བྱེ་བྲག་མང་དུ་ཡོད་དེ། འདིར་ལན་གཅིག་ལུས་གནད་ཆུན་ཆེ་བའི་ཕྱིར་གཙོ་བོ་སྐུ་གསུམ་གྱི་འདུག་སྟངས་དང་། ངལ་གསོ་རྒྱུན་ཁྱེར་གྱི་ཉམས་ལེན་ཡན་ལག་གམ་འཁོར་གྱི་འདུག་སྟངས་ཀྱིས་ཉམས་སུ་བླང་ངོ་། །དེ་ཡང་འདི་ལྟར་དབྱར་མ་སྟོན་དང་། དགུན་ཆུང་དཔྱིད་ཀྱི་དུས་སུ་སྤྲིན་དང་ན་བུན་ཁུ་རླངས་མེད་པའི་ནམ་མཁའ་ཤིན་ཏུ་དྭངས་པའི་ཚེ། སྔ་དྲོ་ཉི་མ་སྤང་ཤར་དང་། ཕྱི་དྲོ་ཉི་མ་སྤང་ཐལ་གཉིས་ཀྱི་འགྲོས་དང་མཐུན་པ་དེ་རུ་གཙོ་བོ་དང་འཁོར་གྱི་འདུག་སྟངས་ཀྱིས་ཉམས་སུ་བླངས་ཏེ། དང་པོ་གཙོ་བོའི་འདུག་སྟངས་ནི། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་སྟེ། གདན་གྱི་སྟེང་དུ་སེང་གེ་འགྱིངས་ཚུགས་སུ་འདུག་ལ། ལག་སོར་གཉིས་ནང་དུ་མཐེ་བོང་བཅང་སྟེ། རྐང་མཐིལ་གཉིས་མདུན་དུ་སྤྲད་པའི་དབུས་སུ་ས་ལ་བཙུགས། རོ་སྟོད་སེང་གེ་ལྟར་སང་ངེ་བ་བྱ། མཇིང་པ་ཡིད་ཙམ་གྱེན་དུ་བཏེགས་ཏེ། མིག་མི་མགུལ་བར་ནམ་མཁའ་ལ་བལྟ་བའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། གདན་གྱི་སྟེང་དུ་ལུས་ཁ་སྦུབས་ཏེ། པུས་བྲང་སྦྱར་ལ་རྐང་མཐིལ་གཉིས་ཕྱིར་བསྟན། གྲུ་མོ་གཉིས་ས་ལ་བཙུགས་ནས། ལག་མཐིལ་གཉིས་ཀྱིས་ཨོག་ཀོ་བཏེགས་ལ་སོར་མོ་འགྲམ་པ་ལ་སྦྱར། སྒལ་པ་བསྲང་སྟེ་མིག་ནམ་མཁའ་ལ་ཟུར་གྱིས་ཧྲིག་གེ་མི་འགུལ་བར་བལྟའོ། །གསུམ་པ་སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། གདན་གྱི་སྟེང་དུ་རྐང་པའི་ལོང་བུ་གཉིས་གཤིབ་སྟེ། ཙོག་པུར་འདུག་པའི་པུས་མོའི་སྟེང་ནས་ལག་པ་གཉིས་བསྣོལ་ཏེ། ཐལ་མོས་གྲུ་མོ་གཉིས་བཀབ་ལ། སྒལ་ཚིགས་དྲང་པོར་བསྲང་། མིག་ཟིམ་བུས་བར་སྣང་ལ་བལྟ་བར་བྱའོ།། །།གཉིས་པ་ངལ་གསོ་རྒྱུན་ཁྱེར་གྱི་ཉམས་ལེན་ཡན་ལག་གམ་འཁོར་གྱི་འདུག་སྟངས་ལ་བརྒྱད་དེ། དང་པོ་ཁྱུང་གི་འདུག་སྟངས་ནི། རྐང་མཐིལ་གཉིས་མདུན་དུ་སྤྲད་དེ། ལུས་དྲང་པོར་བསྲང་། ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས་ཏེ་བརླ་ཡི་སྟེང་དུ་དབབ། ལྟག་རྩ་འཐེན། མཇིང་པ་ཅུང་ཟད་དགུག །མིག་གཉིས་སྨིན་ཕྲག་མཁའ་ལ་ཟིམ་བུར་གཏད་དེ་ཉམས་སུ་བླང་ངོ་། །གཉིས་པ་གཅན་གཟན་སྟག་གི་འདུག་སྟངས་ནི། ཡང་རྐང་མཐིལ་གཉིས་མདུན་དུ་སྤྲད་དེ། ལག་གཉིས་རྡོ་རྗེ་ཁུ་ཚུར་སྒྲོ་བའི་རྩར་དབབ། ལྟག་རྩ་འཐེན། མགྲིན་པ་དགུག །མིག་གཡས་གཡོན་སྨིན་ཕྲག་ལ་དྲིལ་ཏེ་ཐད་སོར་བལྟའོ། །གསུམ་པ་སྐྱེས་བུའི་འདུག་སྟངས་ནི། ལུས་གནད་འདུག་ཚུལ་དྲང་སྲོང་ལྟ་བུ་ལ། ལག་གཉིས་སོར་མོ་བསྣོལ་ཏེ་བརླའི་ལྷུ་གཉིས་ཀྱི་ཞབས་ལ་འཁྱུད་དེ། མཇིང་པ་བག་ཙམ་གྱེན་དུ་བཏེགས་ལ། མིག་སྨིན་ཕྲག་གཡས་གཡོན་ལ་དྲིལ་ཏེ་བལྟའོ། །བཞི་པ་ཝའི་འདུག་སྟངས་ནི། རྐང་པ་གཉིས་ལོང་བུ་གཤིབ་སྟེ། མཐིལ་གཉིས་ས་ལ་དབབ། ལག་གཉིས་མཐེ་བོང་བཅང་བའི་ཁུ་ཚུར་བྱས་ཏེ་རྐང་མགོའི་གཞོགས་གཉིས་སུ་ཕབ། དཔུང་མགོ་འཐེན་ཅིང་བརྒྱང་། སྒལ་ཚིགས་དྲང་པོར་བསྲང་། མིག་གཉིས་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེ་བལྟའོ། །ལྔ་པ་བྱ་རྒོད་ཀྱི་འདུག་སྟངས་ནི། རྐང་པ་རྡོ་རྗེའི་འདུག་སྟངས་ལ་ཅུང་ཟད་མདུན་དུ་བརྐྱང་བར་བྱ། ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས་ཏེ་རྒྱབ་ཏུ་དཔྱི་མགོའི་ཐད་དུ་བཙུགས་ཏེ། སྒལ་ཚིགས་དྲང་པོར་བསྲང་། ལྟག་རྩ་འཐེན། མིག་གཉིས་ཟིམ་བུར་བྱས་ཏེ་ཟུར་གཉིས་སུ་ཁྲིད་དེ་བལྟའོ། །དྲུག་པ་གྱད་ཀྱི་འདུག་སྟངས་ནི། རྐང་གཉིས་སྐྱིལ་ཀྲུང་ལུས་དྲང་པོར་བསྲངས་ཏེ། གྲུ་མོ་གཉིས་བརླ་ཡི་སྟེང་དུ་གཟུག །ལག་མཐིལ་གཉིས་ཀྱིས་འགྲམ་པ་སྐྱོར་ཏེ་མིག་གཉིས་ཟིམ་བུར་བྱས་ཏེ། ཕབ་པ་དང་བཟློག་པའི་ཐབས་ཀྱིས་གཡོན་ཟུར་དུ་བལྟའོ། །བདུན་པ་ཆུ་སྲིན་གྱི་འདུག་སྟངས་ནི། རྐང་པ་སྐྱིལ་ཀྲུང་། ལག་མཐིལ་གཉིས་པུས་མོ་ལ་བཀབ་སྟེ། ལུས་དྲང་པོར་བསྲང་། མཇིང་པ་ཅུང་ཟད་དགྱེ་བས་ཟུར་ལ་ཟིམ་བུས་ཁྲིད་དེ་བལྟའོ། །བརྒྱད་པ་སྐྱེས་བུ་གན་རྐྱལ་དུ་ཉལ་ཏེ། རྐང་པ་གཉིས་ཤད་ཀྱིས་བརྐྱངས་ཏེ་བརྟན་པོ་གཅིག་ལ་གཏད། ལག་པ་གཉིས་ཀྱི་སོར་མོ་རྣམས་བསྣོལ་ཏེ་མགོའི་རྒྱབ་ནས་སྐྱོར། མིག་གཉིས་ཉི་མ་ལ་བལྟ་ཞིང་ཟུར་དུ་ཁྲིད་དོ། །འདུག་སྟངས་འདི་རྣམས་གང་ལ་ཡང་གཞུང་བསྲང་ཞིང་། མཇིང་པ་ཅུང་ཟད་བཀུག་པ་གལ་ཆེའོ། །སྤྱིར་བཞུགས་སྟངས་གང་བཅའ་ཡང་བསྡམ་པ་བཙིར་པ་མ་ཡིན་པར། ཆ་ཆ་ནས་གློད་ཆགས་པ་གནད་དམ་པའོ། །ཡང་བོགས་འདོན་ལ་གྲང་ཤས་ཆེ་ན་སྤྲུལ་སྐུའི་བཞུགས་སྟངས་བྱས་པས་དྲོད་འབྱུང་། ཡང་ནད་ཚ་ཤས་ཆེ་ན་ཆོས་སྐུའི་བཞུགས་སྟངས་ཀྱིས་སེལ། འབྱུང་བ་སྙོམས་ན་ལོངས་སྐུའི་བཞུགས་སྟངས་བྱས་པས་འགྲུབ་བོ། །དེ་ཡང་ཉིན་ཞག་གཅིག་གིས་ཉམས་སུ་བླང་ཚུལ་ནི། སྔ་དྲོ་གླང་ཆེན་གྱི་འདུག་སྟངས། གུང་ལ་སེང་གེ །ཕྱི་དྲོ་དྲང་སྲོང་དུ་གནས་པར་བྱའོ། །སྲོད་ལ་དྲང་སྲོང་དང་། གུང་ལ་གླང་ཆེན། ཐོ་རངས་སེང་གེའི་འདུག་སྟངས་ཀྱིས་ཉམས་སུ་བླང་ངོ་།། །།གཉིས་པ་ངག་གནད་དུ་གཟིར་བ་ལ། དང་པོ་བསླབ་པ་ནི། ཐོག་མར་སྨྲ་བཅད་ཐུན་ཆུང་ངུ་ལ་བསླབ། དེ་ནས་ཡུན་རིང་པོ་ལ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་སྨྲ་ཞིང་སུན་འབྱིན་ནོ། །གཉིས་པ་གནས་པ་ནི། དགེ་སྦྱོར་གྱི་ཚིག་མི་དགག །གཞན་ཅི་ཡང་མི་སྨྲ་ཞིང་ལག་པས་བརྡ་བྱའོ། །གསུམ་པ་ལ་བཟླ་བ་ནི། ལྐུགས་པ་ལྟར་བྱས་ཏེ་དགེ་སྦྱོར་གྱི་ཚིག་དང་ལག་པའི་བརྡ་ཡང་སྤང་། དེ་ལྟར་རྒྱུན་དུ་བརྗོད་པ་མེད་པར་གནས་པར་བྱའོ། །གསུམ་པ་ཡིད་གནད་དུ་གཟིར་བ་ནི། ངོ་བོ་སྟོང་པ་ཉིད་ཀྱི་ངང་ལ་རང་བཞིན་གསལ་བའི་རིག་པ་ལ་བལྟ་ཞིང་། ཐུགས་རྗེ་འཛིན་མེད་སྤང་བླང་དང་བྲལ་བ་ལས་མ་ཡེངས་པར་བལྟའོ། །ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་ལ་ཞག་གསུམ་སྦྱངས་པས། འབྱོངས་རྟགས་ནི། ལུས་བཞུགས་སྟངས་ལ་མི་བདེ་བ་མེད་པ་དང་། ངག་ལྐུགས་པ་ལྟར་འགྲོ་བ་དང་། སེམས་གཏད་པའི་འབེན་ལ་རྟག་ཏུ་གནས་པ་བྱུང་ན་འབྱོངས་རྟགས་སོ། །དེ་ལྟར་མ་བྱུང་བར་དུ་བསྐྱར་རོ།། །།གཉིས་པ་བྱར་མེད་ཀྱི་དོན་རྒྱུད་ལ་གནས་ཕྱིར་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང་ཚུལ་ནི། དང་པོ་ལུས་ཀྱི་གསུམ་ལས། ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་དང་སོ་ནམ་ལ་སོགས་པ་དང་། ནང་དམན་པའི་ཕྱག་དང་བསྐོར་བ་ལ་སོགས་པ་དང་། གསང་བ་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པའོ། །ངག་ལ་གསུམ་ལས། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་ལ་སོགས་པ་དང་། ནང་བཟླས་བརྗོད་མདོ་འདོན་ལ་སོགས་པ་དང་། གསང་བ་སྨྲ་བརྗོད་བསྙེན་པ་ལ་སོགས་པ་བཀག་ནས་ལྐུགས་པ་ལྟར་གནས་པར་བྱའོ། །ཡིད་ལ་གསུམ་ལས། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས་དང་། ནང་ཆོས་སྤྱོད་ཀྱི་བསམ་བློ་སྣ་ཚོགས་དང་། གསང་བ་རྣམ་རྟོག་གི་འཕྲོ་འདུ་བཀག་ནས་དྲན་བསམ་རྣམ་རྟོག་དང་བྲལ་བར་གནས་པའོ། །དེ་ལྟར་ལུས་ངག་ཡིད་གསུམ་བྱ་བ་གཏང་བ་ལ་ཞག་གསུམ་སྦྱངས་པས། བྱ་བ་ཐོངས་པའི་རྟགས་ནི། ལུས་ངག་ཡིད་གསུམ་བྱ་བ་གང་དུའང་འཇུག་སྙིང་མི་འདོད་པ་འབྱུང་ངོ་། །མ་བྱུང་གི་བར་དུ་བསྐྱར་རོ།། །།གསུམ་པ་མངོན་སུམ་བློ་འདས་ཀྱི་རང་སྣང་རང་ཞལ་མཇལ་ཕྱིར་སྒོ་ཡུལ་རླུང་རིག་གི་གནད་བསྣུན་ཚུལ་ལ་གསུམ་སྟེ། གནད་བསྣུན་ཚུལ་དངོས་དང་། གནད་ལ་བརྟེན་ནས་རང་སྣང་གི་བྱེ་བྲག་འཆར་ཚུལ་རྣམས་ངོ་སྤྲད་པ་དང་། ངོ་འཕྲོད་པའི་དོན་དེ་ཉམས་སུ་བླང་བའོ། །དང་པོ་སྒོའི་གནད་ནི། གོང་དུ་བསྟན་བཞིན་འདུག་སྟངས་ཀྱི་གནད་རྣམས་དང་ལྡན་པར་བྱས་ལ། ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་རྣམ་པར་བལྟ་བ་ལྟ་བུ། ལོངས་སྐུའི་གཟིགས་སྟངས་ཟུར་ལ་བྲམ་ཟེས་སྨྱུག་མ་སྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཟུར་ལ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའོ། །གཟིགས་སྟངས་གང་ལ་ཡང་ཧ་ཅང་རྩོལ་བས་བསྒྲིམས་ཏེ་བསྡམས་པ་ནི། རླུང་བཙན་ཐབས་སུ་གཅུན་པའི་གེགས་སུ་འགྱུར་བའི་ཕྱིར། མིག་དལ་བུས་མི་འགུལ་གློད་པ་གནད་ཀྱི་དམ་པའོ། །དེ་ལྟར་སྒོ་ཡི་གནད་ལ་ཞག་གསུམ་སྦྱངས་པས། འབྱོངས་པའི་རྟགས་སུ་མིག་ཡུལ་ལ་ཅི་ཙམ་གཏད་ཀྱང་ཚུགས་པའོ། །མ་བྱུང་གི་བར་དུ་བསྐྱར་རོ། །དེ་ལ་རྣལ་འབྱོར་པ་མིག་ཤས་ངན་པས་སྤྲུལ་སྐུའི་གཟིགས་སྟངས་དང་བསྟུན་ནོ། །གཉིས་པ་ཡུལ་གྱི་གནད་ནི། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་རབ་ཏུ་དབེན་པའི་ཚེ་ན་མཐོང་བའོ། །ཡུལ་གྱི་གནད་འབྱོངས་པའི་ཚེ་ན་རྟགས་སུ་ཡུལ་ལ་གཏད་པ་ཙམ་གྱིས་ཡེ་ཤེས་འཆར་རོ། །མ་བྱུང་གི་བར་དུ་བསྐྱར་རོ། །གསུམ་པ་རླུང་གི་གནད་ནི། རབ་ཏུ་དལ་བ་སྟེ། དེ་ཡང་སྣ་ནས་མི་གཏང་བར་ཁ་ནས་དྲང་ཞིང་ཕྱི་ནང་གི་རྒྱུ་བ་ཆ་སྙོམས་པ་ལས། ལས་དང་པོའི་དུས་སུ་ཅུང་ཟད་བསྡམ་པ་སྟེ། རྩོལ་བ་དང་བཅས་པ་རང་མ་ཡིན་པ་བྱའོ། ཁྱད་པར་དད་པ་དང་ངེས་འབྱུང་དང་། ཏིང་ངེ་འཛིན་འཕེལ་དུས་དལ་བུས་ནང་དུ་རང་ལུགས་སུ་གཟུང་ལ། རྫོགས་པར་ཕྱིར་མི་གཏང་ལ། ཉོན་མོངས་པ་སྐྱེས་པ་དང་། སྙིང་མི་དགའ་བ་ལ་སོགས་པའི་ཚེ། ཧ་དྲག་པོས་ཕྱིར་འཕངས་ལ། ཅུང་ཟད་ཕྱིར་གཟུང་བ་གནད་དོ། །དེ་ལྟར་རླུང་གི་གནད་ལ་ཞག་ཅི་རིགས་པར་སྦྱངས་པས། ལུ་གུ་རྒྱུད་མགུལ་འཕྲིག་མེད་པར་སྡོད་པའོ། །མ་བྱུང་གི་བར་དུ་བསྐྱར་རོ།། །།གཉིས་པ་གནད་ལ་བརྟེན་ནས་རང་སྣང་གི་བྱེ་བྲག་འཆར་ཚུལ་རྣམས་ངོ་སྤྲད་པ་ནི། རྒྱས་པར་གཞན་དུ་ཤེས། མདོར་བསྡུས་ཏེ་བསྟན་ན། རྒྱང་ཞགས་ཆུའི་སྒྲོན་མ་གོང་གི་གཟིགས་སྟངས་གང་རུང་གིས་གཅུན་ཏེ། རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་བར་སྣང་གི་འཇའ་འམ། རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེ་དག་གི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཆུ་གོར་མོར་རྡོ་བརྒྱབ་པའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་ནང་དུ་ཐིག་ལེ་ཉུངས་འབྲུ་ཙམ་མམ། སྲན་མ་ཙམ་དུ་འཆར་རོ། །དེའི་ནང་དུ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུའམ། མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུའམ། ལྕགས་ཐག་བརྒྱངས་པ་ལྟ་བུའམ། མེ་ཏོག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་སུ་འཆར་རོ། །དེ་ནི་རང་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཡིན་ནོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པ་ཉི་ཟླ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་ཀྱང་གནས་ལུགས་ཙིཏྟ་རིན་པོ་ཆེ་ན། ངོ་བོ་ཀ་ནས་དག་པ། རང་བཞིན་སྐུ་དང་ཞིང་ཁམས་འོད་དུ་གསལ་བ། ཐུགས་རྗེས་ཀུན་ལ་ཁྱབ་པར་བཞུགས་ཏེ། ལམ་དབང་པོས་མངོན་སུམ་འཆར་ཞིང་མཐོང་བར་ཡོད་དེ། དེས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་བསྣུབས་པའོ། །དེ་ལྟར་སྒྲོན་མ་བཞི་ལྡན་མངོན་སུམ་གྱི་སྣང་བ་ཁྲ་ཤིག་གེ་བ་འདི་ལ་སྣང་ཐོག་གི་སྐུ་གསུམ་དབྱེར་མེད་དུ་ངོ་སྤྲད་དེ། ངོ་བོ་འོད་གསལ་སྣང་ལ་རང་བཞིན་མེད་པ་གསལ་ལམ་མེ་བ་འདི་ལོངས་སྐུ་ཡིན། གསལ་དུས་ཉིད་ན་གསལ་བྱེད་ཀྱི་མཁན་པོ་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཆོས་སྐུ་ཡིན། གསལ་སྟོང་དབྱེར་མེད་ཀྱི་སྣང་བ་འདི་གོང་ནས་གོང་དུ་འཕེལ་ཞིང་རྣམ་པ་སྣ་ཚོགས་སུ་ཤར་བ་འདི་སྤྲུལ་སྐུ་ཡིན་ནོ། །དེ་ཡང་རྡོ་རྗེ་ལུ་གུ་རྒྱུད་འཁོར་ཐིག་ལེ་ཐིག་ཕྲན་གྱིས་བསྐོར་བར་བཞུགས་ནས་དབྱིངས་སྣང་གི་ར་བ་དང་བཅས་པ་དེ་ནི། རང་རིག་པའི་ངོ་བོ་ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱའོ། །སངས་རྒྱས་དང་ཞལ་དངོས་སུ་མཇལ་བ་ཞེས་བྱ་བའོ། །མཁའ་འགྲོ་སྡེ་ལྔའི་ཞལ་དངོས་སུ་མཇལ་བ་ཞེས་བྱའོ། །ཡེ་ཤེས་ཀྱི་སྣང་བ་མཇལ་ཏེ་ལས་དང་སྡིག་སྒྲིབ་ཟད་པ་ཞེས་བྱའོ། །འཁོར་བ་དང་རྒྱབ་གྱེས་པའོ། །དུག་ལྔ་ཡེ་ཤེས་སུ་ཤར་བའོ། །ཉོན་མོངས་པ་མ་སྤང་གནས་སུ་དག་པའོ། །ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་ཞེས་བྱའོ། །སངས་རྒྱས་སྟོང་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་དབང་དུས་གཅིག་ལ་བསྐུར་པ་ཞེས་བྱའོ། །རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཐོང་བ་ཞེས་བྱའོ། །བྱིན་རླབས་ཀྱང་རང་བཞིན་གྱིས་འབྱུང་ངོ་། །མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་གི་བཞག་སོ་ནི། རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པའི་སྣང་བ་འདི་ཁོ་ན་ཡིན་ནོ། །དེ་ལྟར་ཚིག་དེ་དག་ལས་ཅན་ལ་བསྟན་ན་ཚིག་གསུམ་པོ་འདི་ཡིན་ནོ། །ཀྱེ་མ་རིགས་ཀྱི་བུ། ལུས་སེང་གེ་ལྟ་བུར་བྱས་ནས། མིག་དང་རིག་པ་རང་གི་སྨིན་མཚམས་ཀྱི་ནམ་མཁའ་ལ་མི་འགྱུར་བར་བལྟའོ། །རིག་པ་དངོས་རྡོ་རྗེ་ལུ་གུ་རྒྱུད་ཁྲ་ཁྱུག་ཁྱུག་འདི་ལ་ལྟོས་དང་། སྣང་བ་འོད་དུ་ཤར་བ་འདི་སྐུ་གསུམ་གྱི་སྣང་བ་འདི་ཡིན་པས། དེ་རིང་ཕན་ཆད་ནས་རྡོ་རྗེ་སེམས་དཔའ་དང་ཁྱད་པར་རྡུལ་ཙམ་ཡང་མེད་ཅེས་བསྟན་པའི་ཚིག་གསུམ་མོ།། །།གསུམ་པ་ངོ་འཕྲོད་པའི་དོན་དེ་ཉམས་སུ་བླང་བ་ནི། ལུས་སེམས་ངག་གི་བྱ་རྩོལ་ཕྲལ་ཏེ། གཞི་དོན་མངོན་སུམ་གྱི་སྣང་བ་ཉམས་སུ་བླང་བ་སྟེ། དེ་ཡང་མིག་གི་གཟི་མ་དབུས་སུ་དྲིལ་ཏེ་གཟུགས་སྡུད་པའི་སྒོ་མ་ཡིན་པར་མངོན་སུམ་འོད་གསལ་འཆར་བའི་སྒོ་དང་འཕྲོད་པར་བྱས་ལ། ཉི་ཟླ་ལ་སོགས་དངོས་པོ་དྭངས་པའི་རྫས་གང་རུང་གཅིག་ལ་མིག་གི་ཟུར་གཏད་དེ། ཁ་དོག་ལྔའི་བྱེ་བྲག་ཐིག་ལེ་ཐིག་ཕྲན་རྡོ་རྗེ་ལུ་གུ་རྒྱུད་ཁོར་ཡུག་མུ་ཁྱུད་དང་བཅས་པ་འཆར་བ་ངོ་སྤྲད་དོ། །ཟབ་མོ་མངོན་སུམ་གྱི་སྣང་བ་དེ་ལྟ་བུ་འཆར་ན་ངོ་འཕྲོད་པ་ཡིན་པས། ཐོག་མར་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ནས་མར་ཁྲུ་གང་གི་སར་གཏད་ལ། མིག་མི་འགུལ་བར་དབྱིངས་རྣམ་དག་གི་སྒྲོན་མ་འཇའ་ཚོན་ལྟར་སྣང་བའི་དབུས་སུ། ཐིག་ལེ་སྟོང་པའི་སྒྲོན་མ་ཕུབ་འཁོར་ལྟ་བུར་བཞུགས་པའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་འོང་བར་བྱས་ལ་དར་ཅིག་བལྟའོ། །ལོངས་སྐུའི་གཟིགས་སྟངས་ཀྱིས་ཟུར་ནས་ཉི་མ་དང་ཁད་ཀྱིས་ཕྲལ་ལ་གཡས་ཕྱོགས་སུ་གཏད་དེ་བལྟའོ། །དེ་ནས་ཆོས་སྐུའི་གཟིགས་སྟངས་དང་། གཞན་གཉིས་པོ་ཐུར་དང་ཐད་སོར་གང་མོས་གཏད་དེ་བལྟས་པས་དབྱིངས་ཀྱི་སྣང་བ་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་མཐོང་ཞིང་། སྒྲོན་མའི་སྣང་བ་ཐིག་ལེ་ཟླུམ་པོ་ཁྲིགས་སུ་མཐོང་ཞིང་། རིག་པའི་སྣང་བ་ལུ་གུ་རྒྱུད་ཕྲ་ལ་འགྱུ་བ་མཐོང་ངོ་། །དེ་ལྟར་བལྟས་ཀྱང་དབྱིངས་དང་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱིས་དྲངས་ལ་བལྟའོ། །དེ་ནས་དཀར་ཤས་ཆེ་ན་གཡས་སུ་བཟློག་པ་དང་། སེར་ཤས་ཆེ་ན་གྱེན་ལ་བཟློག་པ་དང་། ལྗང་ཤས་ཆེ་ན་གཡོན་ལ་བཟློག་པ་དང་། དམར་ཤས་ཆེ་ན་ཐུར་དུ་དབབ་པ་དང་། མཐིང་ཤས་ཆེ་ན་དབུས་སུ་དྲིལ་བ་དང་། ལྔ་ལྡན་སྙོམས་པར་གསལ་ན་གཟིགས་སྟངས་གང་ཡིན་དེ་ལས་མི་འགྱུར་བ་གནད་ཡིན་ནོ། །དེ་བཞིན་དུ་གོམས་འདྲིས་བྱས་པས། དབྱིངས་སྣང་དུམ་བུ་དང་གྱེན་འགྲེང་དུ་མཐོང་ན་ཐུར་དུ་བལྟའོ། །རྩིབས་ཤར་དུ་མཐོང་ན་མདུན་དུ་དྲིལ་ལ་བལྟའོ། །གྲུ་བཞིར་མཐོང་ན་གཡས་སུ་བལྟའོ། །ཟླུམ་པོར་མཐོང་ན་གཡོན་དུ་གཅུན་ནོ། །ཟླ་གམ་དུ་མཐོང་ན་སྟེང་དུ་བལྟའོ། །གྲུ་གསུམ་མཐོང་ན་ཐུར་དུ་དབབ་བོ། །ཡེ་ཤེས་ལྔའི་དབྱིབས་གཙོ་འཁོར་ལ་སོགས་པ་གསལ་ན་དེ་ཉིད་ལས་མི་འགྱུར་བར་བལྟ་ཞིང་ཉམས་སུ་བླང་ངོ་། །དེ་ཡང་ཉི་ཟླ་མར་མེ་འདི་རྣམས་ལ་བལྟ་མ་ཤེས་ན་འོད་ལྷིང་ལྷིང་ཕྲིག་ཕྲིག །ལྡེམ་ལྡེམ་ལ་སོགས་ཀྱིས་འགགས་ནས་ལུ་གུ་རྒྱུད་ངོས་མི་ཟིན་པར་རིག་པ་པྲ་ཡས་ཟིན་ལང་དང་། སྣང་བ་ཡུལ་ཕྱིར་འབྲང་བ་ལ་སོགས་པ་འབྱུང་ཉེན་ཡོད་པས། གནད་ནས་ཟིན་པ་ཁག་ཆེའོ། །བལྟ་མ་ཤེས་ན་ཉི་མས་མིག་འཚིག་སྟེ་དམར་པོར་སོང་། ཟླ་བའི་རླུང་ཟེར་གྱིས་ཆུ་འགགས། མར་མེའི་མདངས་ཀྱིས་སྐྱ་རིབ་ཏུ་འགྲིབ་པ་ལ་སོགས་འབྱུང་བས་མཁས་པར་བྱའོ། །དེ་ཡང་ཕྱོགས་གང་དུ་ཁྲིད་ཀྱང་མངོན་སུམ་གྱི་སྣང་བ་དེ་མ་ཡལ་གྱི་བར་བལྟ་ཞིང་ཉམས་སུ་བླང་ངོ་། །སྣང་ཆ་དེ་ཡལ་བ་དང་ཉི་མ་ལ་སོགས་སྔོན་གྱི་འབེན་ལ་བསྙགས་ཏེ་སྔོན་བཞིན་ཁྲིད་དེ་ཉམས་སུ་བླང་ངོ་། །དེ་ལ་མངོན་སུམ་གྱི་ཡེ་ཤེས་སྒྲིབ་མེད་དུ་ཤིག་གེར་འཆར་བའི་ཚེ། དྲན་རིག་གི་རྩོལ་རྟོག་གང་ཡང་མེད་པའི་གནད་གཅིག་ལ་བློ་འདས་ཀྱི་ཉམས་ལེན་ཟབ་མོ་ཡོད་པས། འཆར་སྣང་དེ་རྣམས་ཀྱི་བྱེ་བྲག་གང་ལ་ཡང་འདུ་ཤེས་ཀྱི་མིང་མ་བཏགས། ངོས་མ་བཟུང་ལ་རྟོག་མེད་དུ་ས་ལེ་ཤིག་གེར་ཉམས་སུ་བླང་ངོ་། །དེ་ཡང་ལས་དང་པོ་པ་རྣམས་ཀྱིས་འཇམ་རླུང་ཕྱིར་ཕུལ་བ་དང་། ནང་དུ་གཟུང་བའི་ཡུན་ལ་བསྐྱལ་ཏེ་ཉམས་སུ་བླང་ངོ་། །གོང་དུ་ངོ་སྤྲོད་ཀྱི་སྐབས་སུ་བཤད་པ་བཞིན་གཞི་དང་གཞི་སྣང་གི་དོན་རིམ་གཉིས་ཟུང་འཇུག་གི་དགོངས་པ་མདོ་རྒྱུད་ཀུན་གྱི་བརྗོད་བྱ་ཟབ་མོ་ངོ་སྤྲད་དེ་ཤེས་རབ་ཀྱི་གནད་ཟབ་དོན་ལ་ཐེ་ཚོམ་ཆོད་པར་བྱས་ཏེ་ཉམས་སུ་བླང་ངོ་། །གཞན་ཡང་མངོན་སུམ་གྱི་སྣང་བའི་སྒོ་འཕྲོད་པའི་ཚེ། དེ་ལས་གཞན་གྱི་ཨི་འཆར་གྱི་རེ་བ་དང་། མི་འཆར་གྱི་དོགས་པ་རྣམས་སྤངས་ཏེ་ཉམས་སུ་བླང་ངོ་། །དེ་ལྟར་མངོན་སུམ་གྱི་དུས་སུ་གཙོ་བོ་སྐུ་གསུམ་གྱི་འདུག་སྟངས་ལ་བསླབ་ཅིང་། འཁོར་གྱི་འདུག་སྟངས་རྣམས་ཞོར་ལ་ངལ་གསོའི་རྟེན་ཙམ་དུ་བྱའོ། །ཉམས་གོང་འཕེལ་གྱི་སྐབས་སུ་རང་སྣང་གི་ཡེ་ཤེས་ལས་སུ་རུང་བའི་ཚེ། གཙོ་བོའི་འདུག་སྟངས་ཞོར་ལ་བྱ་ཞིང་འཁོར་གྱི་འདུག་སྟངས་ལ་གཙོ་བོར་བསླབ་བོ། །གཞན་ཡང་གནད་དུ་གང་འགྲོ་བ་ཞིག་ལ་བརྟེན་ཏེ་དབྱིངས་སྣང་བློ་འདས་ཀྱི་མངོན་སུམ་གྱི་འཆར་སྒོ་དང་། དུར་ཁྲོད་ཀྱི་རོ་བཞིན་རྩོལ་རྟོག་བྲལ་བར་ཉམས་སུ་བླང་ངོ་། །ཕྱི་ནམ་མཁའ་སྟོང་པ་ལ་བརྟེན་ཏེ་དབྱིངས་སྣང་ཕྲ་བ་རེ་ཁ་ནག་པོ་སྣང་བ་སྐྲའི་ཉག་མ་ཙམ་ནས་གཟུང་སྟེ། རང་སྣང་གི་དཀྱིལ་འཁོར་མ་རྫོགས་ཀྱི་བར་ཐམས་ཅད་ཤེས་རབ་རང་བྱུང་གི་སྒྲོན་མ་ཐེ་ཚོམ་མེད་པར་བྱས་ལ། ལུས་སེམས་ངག་གི་བྱེད་རྩོལ་ཐམས་ཅད་བོར་ཏེ། མངོན་སུམ་གྱི་བྱེ་བྲག་གང་འཆར་ཡང་བྱ་བྲལ་བློ་འདས་ཀྱི་ཡེ་ཤེས་རང་སྣང་ཉག་གཅིག་གི་གནད་དུ་འགྲོ་བར་བྱས་ལ་ཉམས་སུ་བླང་ངོ་།། །།གཉིས་པ་མཚན་སྣང་མུན་པའི་ཁང་བུ་ལ་བརྟེན་ནས་ཉམས་སུ་བླང་བ་ལ་གཉིས་ཏེ། སྔོན་དུ་མུན་པའི་ཁང་བུ་བཞེངས་པ་དང་། ཁང་བུའི་ནང་དུ་ཅི་ལྟར་ཉམས་སུ་བླང་ཚུལ་ལོ། །དང་པོ་ནི། གནས་དྭངས་ཤིང་མཐོ་བ་བརླན་གཤེར་མེད་པའི་སར། མུན་ཁང་གི་ཚད་རབ་འབྲིང་གཉིས་ནི་གཞུང་དུ་ཤེས་སོ། །འདིར་བྱ་སླ་བའི་ཕྱིར་ཐ་མའི་ཚད་དུ་བཞེངས་ན། འོག་ཁང་འཁོར་ལོ་འགེབས་ཀྱི་ཐོག་ཏུ་ལོགས་རེ་ལ་འདོམ་གང་དང་མདའ་གང་བ། ཡར་མར་དུ་མི་ལངས་ནས་ལག་པ་བརྐྱངས་པའི་ཚད་དུ་བྱའོ། །སྟེང་འོག་ཕྱོགས་མཚམས་སུ་ཞལ་བ་བྱི་དོར་དང་ལྡན་པ། དཀར་བའི་གསེང་བུག་ཅུང་ཟད་ཀྱང་མེད་པ། སྒོ་ཡི་དཔངས་སུ་མཐོ་བཞི་པ། འབྱོར་ན་སྒོ་ཡོལ་རིམ་པ་གསུམ་དང་ལྡན་པ། དེ་ཙམ་མ་འབྱོར་ན། འཛུལ་སྒོ་ཅན་བྱས་ཏེ། སྒོམ་ཁང་གི་ནང་ཐམས་ཅད་ལ་དྲི་བཟང་གིས་ཆག་ཆག་གདབ་བོ། །སྤོས་ཀྱིས་བདུག །དབུས་དྲང་པོར་མལ་བྱ། གཞན་ཡང་གེགས་སེལ་གྱི་ཁུང་སྒོ་བཏོད་ཅིང་། བཟའ་བཏུང་བསྐྱལ་བའི་སྒོ་འཁྱུད་སྒོ་འཁྱོག་ཅན་བྱ་ཞིང་། ཞབས་ཕྱོགས་སུ་བཤང་ལྕི་འདོར་བའི་བུ་ག་འདེས་དང་བསྟུན་ལ་བྱའོ། །སྐབས་འདིར་ཁྲ་ཁྲིད་གསལ་བུག་ལ་བསླབ་ན། དེ་དག་གི་ལག་ལེན་གསལ་སྒོ་བཏོད་ཚུལ་ནི། དེ་ཡང་གྲུབ་ན་ཕྱོགས་བཞི་གཞན་ལ་མ་གཏད་པའི་རང་ལོགས་བཞིར་ཡོད་པའི་ཤར་དུ། རང་གི་ལྟ་སྟངས་ཐད་ཀར་འོང་སར། རྒྱ་སྐར་གཉུགས་སུ་མཐོ་དོ། ཞེང་དུ་མཁྱིད་གང་བ་ལ་ཞལ་བ་དང་བཅས་པ་བྱ། ལྷོར་རང་གི་སྙིང་གའི་ཐད་དུ་སྐར་ཁུང་གྲུ་བཞི་མགོ་ཤོང་བ་ཙམ་བྱ། ནུབ་ཏུ་ལྟེ་བའི་ཐད་ཀར་གསལ་བུག་ཟླ་གམ་ལག་མགོ་ཤོང་བ་ཙམ་བྱ། བྱང་དུ་ས་མཚམས་སུ་བུག་པ་ཟླུམ་པོ་མཐེ་བོང་ཤོང་བ་ཙམ་བྱའོ། །གལ་ཏེ་སྒོམ་ཁང་རང་ལོགས་སུ་མེད་ན། ལོགས་དུ་ཡོད་དང་བསྟུན་པའི་གསལ་བུག་བཞི་ཚད་ཆེ་ཆུང་མཐོ་དམན་རྣམས་གོང་ལྟར་རིག་པས་དཔགས་ཏེ་ཤེས་པར་བྱའོ། །གཞན་སྐར་ཁུང་སྐྲ་ཉག་ཤོང་བ་ཙམ་ཡང་མེད་ཅིང་སྒོ་ཡོལ་དང་ལྡན་པར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་ཕྱི་ནང་གི་རྣམ་གཡེངས་དང་བྲལ་བར་ལུས་ཀྱི་བསྐུ་བྱུག་འཇམ་རྩི་བཟའ་བཏུང་གི་ཚད་ལ་ཕབ་པ་རྣམས་བརྟེན་པ་ཞག་གསུམ་ཙམ་ཅི་བདེར་སོར་གཞུག་ལ། དེ་རྣམས་གྲུབ་ནས་སྒོམ་ཁང་གི་ནང་དུ་སྔ་དྲོ་དང་པོ་ལ་ཞུགས་ཤིང་ནང་ཚངས་ཅན་གྱི་གདན་ལ་གནས་པས། ཐོག་མར་ཆོས་སྐུའི་བཞུགས་སྟངས་དང་ལྟ་སྟངས་ཀྱིས་སྐར་ཁུང་གཞན་རྣམས་དམ་དུ་བཀག །ཉི་ཤར་ཟེར་ལ་ཤར་ཕྱོགས་ཀྱི་སྐར་ཁུང་ཕྱེས་ཏེ། དེ་ལ་གཏད་ལ་མི་འགུལ་བར་གཟིར་རོ། །དེ་ནས་སྔ་དྲོའི་ཆ་ལ་ལྷོ་ཕྱོགས་ཀྱི་བུག་པ་ཕྱེས་ལ། ལོངས་སྐུའི་བཞུགས་སྟངས་དང་ལྟ་སྟངས་ཀྱིས་གཟིར་རོ། །གུང་ལ་ཅི་བདེར་གནས་སོ། །ཉི་མ་དགོང་མོར་བབས་པའི་ཚེ། ནུབ་ཀྱི་གསལ་བུག་ཕྱེས་པ་ལ། སྤྲུལ་སྐུའི་བཞུགས་སྟངས་དང་གཟིགས་སྟངས་ཀྱིས་ཉམས་ལེན་བྱའོ། །ཉི་མ་ནུབ་པ་དང་། བྱང་བུག་ཕྱེས་ལ། ལུས་རྣམ་སྣང་གི་ཆོས་བདུན་བཅའ་བའི་མིག་དྭངས་མ་བྱང་གི་ས་མཚམས་ཀྱི་བུ་གར་གཏད་དེ། མངོན་སུམ་དུ་གཟིར་བས་དབྱིངས་རིག་ཨི་གསལ་བལྟའོ། །དེ་མ་ཟིན་གྱི་བར་དུ་སྐར་ཁུང་རྣམས་ལ་གོང་བཞིན་དུ་བསླབ་བོ། །དེ་ལྟར་རྒྱ་སྐར་རྣམས་མཐོང་ནས་མར་རིམ་པར་དབབ་ཅིང་། གཅིག་ལ་བལྟས་ཚེ་གཞན་རྣམས་རིམ་གྱིས་བཀག་པ་གནད་དོ། །དེ་ནས་བྱང་གི་གསལ་བུག་ལ་ལུ་གུ་རྒྱུད་ཟིན་པ་དང་། སྐར་ཁུང་ཐམས་ཅད་བཀག་ལ་མཚན་སྣང་མུན་པའི་མན་ངག་འོག་ནས་བྱུང་བ་ལྟར་བསྒོམ་མོ། །ལོགས་བཞི་རང་ལོགས་སུ་མེད་པའི་སྐར་ཁུང་གཅིག་མ་སོགས་པ་ལའང་། བལྟ་ཚུལ་གོང་ལྟར་རིམ་པ་ནས་ཕབ་ཅིང་། ཇེ་ཆུང་དུ་གཏང་བའི་གནད་ཤེས་པར་བྱས་ཏེ་ལག་ཏུ་བླང་ངོ་། །དེ་རྣམས་གང་ལའང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟ་ཞིང་དེ་ཉིད་ཟིན་པ་གལ་ཆེའོ། །དེ་ལྟར་རིམ་པ་བཞིན་ཉམས་སུ་བླངས་པས། མཐར་གསལ་བུག་ཕྲ་ཞིང་ཕྲ་བ་ལ་བརྟེན་ནས་ཀྱང་རྡོ་རྗེ་ལུ་གུ་རྒྱུད་སྣང་བའོ། །གལ་ཏེ་སྔར་ནས་ཉིན་སྣང་ལ་ཉམས་སུ་བླངས་ཏེ་ཆེར་གོམས་པས་ན། དེ་དག་ལ་མ་བརྟེན་པར་མུན་ཁང་དུ་གཞུག་ཀྱང་རུང་ངོ་། །དེ་དག་ལས་ལོག་པ་ནི་མུན་ཁང་དུ་མི་འཇུག་གོ །ཅི་སྟེ་གོམས་ཤུགས་མེད་པས་སྐྱོན་གེགས་མང་བའི་ཕྱིར་རོ། །དེ་བས་རིམ་སྐྱེས་པ་ལས་དང་པོ་པ་རྣམས་ལ་འདི་ལྟར་ཁྲིད་པས་གེགས་སྐྱོན་མི་འབྱུང་བ་ཡིན་ནོ། །རང་སྣང་གི་བྱེ་བྲག་འཆར་ཚུལ་དང་། ཉམས་སུ་བླང་ཚུལ་གོང་འོག་ཉིན་སྣང་མཚན་སྣང་གི་སྐབས་དང་མཐུན་ནོ།། །།གཉིས་པ་ཁང་བུའི་ནང་དུ་ཅི་ལྟར་ཉམས་སུ་བླང་ཚུལ་ལ་གསུམ་སྟེ། འོད་རྩ་ཨར་ལ་གཏད་པ་དང་། དེ་ལས་བྱུང་བའི་རང་སྣང་གི་བྱེ་བྲག་རྣམས་ངོ་སྤྲད་པ་དང་། ངོ་འཕྲོད་པའི་དོན་དེ་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ཏེ། འཇུག་ཐབས་དང་། ཨར་གཏད་དངོས་སོ། དང་པོ་ནི། རང་ཉིད་ནང་དུ་ཞུགས་ནས་སྟན་བདེ་བ་ལ་འདུག་སྟེ། ཡི་དམ་དྲག་པོའི་ལྷ་གང་རུང་ཞིག་ལ་ང་རྒྱལ་གཟུང་སྟེ་བགེགས་བསྐྲད་པའི་སྔགས་བརྗོད་ཅིང་། གུ་གུལ་གྱི་དུད་པས་བདུག་ལ་མཚམས་བཅད་དེ། མཚོན་ཆ་དང་མེ་རིའི་གུར་ཁང་དུ་བསྒོམ་མོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་བླ་མའི་རྣལ་འབྱོར་བསྒོམ་ཟིན་པའི་རྗེས་ལ། ཁྲེགས་ཆོད་བློ་འདས་ཀྱི་དགོངས་པ་ལ་ཡུན་ཅི་རིགས་སུ་བཞག་གོ །གཉིས་པ་ཨར་གཏད་དངོས་ནི། དྲང་སྲོང་ཙོག་པུའི་འདུག་སྟངས་བྱས་ཏེ། ལག་པའི་གྲུ་མོ་གཉིས་བརླའི་པུས་མོའི་སྟེང་གར་བདེར་གཏད་ལ། རང་གི་རླུང་ཐུབ་ཚད་གཅིག་བཟུང་སྟེ། ལག་པ་གཡས་གཡོན་གྱི་མཐེབ་མཛུབ་གསུམ་ཡི་གེ་འབྲུ་གསུམ་དུ་བསྒོམས་ལ། མིག་མཐའ་གཉིས་ནས་ཅུང་ཟད་བཙིར་བའམ་མིག་གི་འབྲུའི་སྟེང་ནས་པགས་པ་དང་བཅས་པ་དལ་བུས་གནན་ནོ། །ཡུན་འགའ་ཞིག་གིས་འོད་གསལ་འཆར་བའི་ཚད་གཟུང་སྟེ། ཅུང་ཞིག་ནི་མ་ཡིན་ནོ། །འོ་ན་ཅི་ལྟར་ཡིན་ཞེ་ན། དང་པོ་མཐའ་ནས་དལ་བུས་གནན་ཏེ་མ་ནའི་བར་དུ་གནན། ཅུང་ཟད་ན་བ་དང་དལ་བུས་གློད་ལ་ཕྲལ་ལོ། །དེའི་རྗེས་རླུང་རོ་ཡང་གཏང་ངོ་། །དེ་ཡང་སྐབས་སུ་སྒྲོན་མ་དྭངས་སུ་གཞུག་ཅིང་ཨར་གཏད་ནི། ཚོད་དང་བསྟུན་པ་གལ་ཆེ་སྟེ། ཧ་ཅང་དྲགས་ན་མིག་ན། མགོ་ན། སྐྱུགས་ལོག་པ་ལ་སོགས་འབྱུང་ཉེན་ཡོད་པས་མཁས་པར་བསླབ་བོ།། །།གཉིས་པ་དེ་ལས་བྱུང་བའི་རང་སྣང་གི་བྱེ་བྲག་འཆར་ཚུལ་རྣམས་ངོ་སྤྲད་པ་ནི། དང་པོ་དུ་བ་ལྟ་བུ་དང་། སྨིག་སྒྱུ་ལྟ་བུ་དང་། སྤྲིན་དང་། ཁུ་རླངས་ལྟ་བུ་དང་། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྟ་བུ་དང་། ཆུ་བོ་འབབ་པ་ལྟ་བུ་དང་། མེ་འབར་བ་ལྟ་བུ་དང་། རླུང་འཚུབ་མ་ལངས་པ་ལྟ་བུ་དང་། ནམ་མཁའ་དྭངས་པ་ལྟ་བུ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། གློག་འགྱུ་བ་ལྟ་བུ་དང་། འགྲོ་བ་རིགས་དྲུག་གི་གཟུགས་དང་། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་། ལྷའི་གནས་ལ་སོགས་པ་དང་། འོད་སྣང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་དང་། སྣ་ཚོགས་པ་དང་། དྲྭ་མིག་རིས་དང་། ཟ་འོག་རིས་དང་། རྨ་བྱའི་མདོངས་ལྟ་བུ་དང་། ཐིག་ལེ་དང་། ཐིག་ཕྲན་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་ལྟ་བུ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའི་སྐུ་མང་པོ་སྣང་བ་དང་། འཇའ་འོད་ཀྱི་བར་དང་མཚམས་རྣམས་སུ་ལྷ་སྐུ་ཆེ་བ་དང་། ཆུང་བ་དང་། བར་པ་སྣ་ཚོགས་སུ་འཆར་བ་མཐོང་བར་འགྱུར་རོ། །མདོར་ན་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའི་རྣམ་པ་དང་། ཤེས་བྱའི་ཡུལ་དུ་ཡོད་ཚད་དང་སྲིད་ཚད་ཀྱི་འཁོར་འདས་ལམ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་རྣམ་པ་འཆར་རོ། །དེ་རྣམས་རྣམ་སྨིན་ཨ་འཐས་ཀྱི་བག་ཆགས་དངོས་སོ། །གདོས་བཅས་ཀྱི་སྣང་བ་མ་ཡིན། དེ་དང་འདྲ་བའི་རྣམ་པ་སྣང་བ་ཡི་གེར་ཡང་བྲི་མི་བཏུབ་བོ། །དེ་ཡང་ཅི་སྣང་ཅི་སྲིད་བཟང་ངན་གྱི་རྣམ་པ་ཐམས་ཅད་བློ་འདས་རང་སྣང་ཡེ་ཤེས་ཀྱི་ངོ་བོ་ཉག་གཅིག་ལས་གཞན་གྱི་སླད་རྡུལ་ཙམ་ཡང་མི་སྲིད་དེ། འོ་ན་བྲལ་བ་འབྲས་བུ་གཞན་རྒྱུད་ཀྱི་ཡེ་ཤེས་དེ་རང་སྣང་གི་ཆ་ལ་མཐོང་ངམ་ཞེ་ན། དེ་ནི་མཐོང་བ་མེད་དེ་རང་སྣང་གི་ལུགས་སུ་བཞག་ན་ཐམས་ཅད་རང་སྣང་མིན་པ་གཞན་མེད་པའོ། །རང་སྣང་གི་དཀྱིལ་འཁོར་དེ་རྣམས་ཀྱང་འདུ་ཤེས་ཀྱི་རྩོལ་རྟོག་ཆ་ཕྲ་བ་དང་བཅས་པ་བྲལ་ནས་རྩོལ་མེད་རང་བཞིན་གྱིས་ཤར་ཏེ། ཟབ་ལམ་ཐབས་མཁས་པའི་གནད་ཀྱིས་ཉམས་ལེན་དོན་གཉེར་བའི་ཚེ། ཉི་ཟླའི་དཀྱིལ་དུ་མུན་པ་མི་སྲིད་པ་བཞིན་དུ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་ལས་གཞན་གྱི་ཞེན་འཛིན་དང་གདོས་བཅས་ཀྱི་སྣང་བའི་མིང་ཡང་མི་སྲིད་དོ། །སྣང་བ་འདིའི་བྱེ་བྲག་རྣམས་ནི་ཐོག་མའི་ཁམས་བདེ་གཤེགས་སྙིང་པོའི་ཡོན་ཏན་རང་སྣང་གི་གདངས་མངོན་སུམ་དུ་གསལ་བ་ཙམ་ལས་གཞན་གང་ནས་རྩོལ་ཞིང་སྒྲུབ་ཏུ་མེད་པའོ། །དེ་ནས་སྣང་བ་དེ་རྣམས་ཀྱི་བཟང་ངན་ཕན་གནོད་མེད་པའི་ཕྱིར། སྤང་བླང་དགག་སྒྲུབ་ཀྱི་ཞེན་པ་མེད་པར་མཁས་དགོས་སོ། །དེ་རྣམས་ཀྱི་སྣང་བའི་ངོ་བོ་ནི། ཕན་གནོད་མེད་པའི་རོལ་པ། དགག་སྒྲུབ་མེད་པའི་ཆོས་ཉིད། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོ། མ་འཁྲུལ་པའི་སེམས་ཅན། མ་གྲོལ་བའི་སངས་རྒྱས། ལམ་མེད་པའི་ལམ་སྣང་། ཚ་སྲེག་མེད་པའི་མེ། རླན་གཤེར་མེད་པའི་ཆུ། མི་སྟོང་པའི་ནམ་མཁའ། སྲ་བ་མེད་པའི་ས། དངོས་པོར་འདེགས་མི་ནུས་པའི་རླུང་། སྡུག་བསྔལ་མེད་པའི་དམྱལ་བ། བཀྲེས་སྐོམ་མེད་པའི་ཡི་དྭགས། གླེན་ལྐུགས་མེད་པའི་དུད་འགྲོ། བྲེལ་ཕོངས་མེད་པའི་སྡེ་རིགས། འཁོན་སེམས་ཕྲག་དོག་མེད་པའི་ལྷ་མ་ཡིན། དགའ་སེམས་འདོད་འཇོ་མེད་པའི་མཐོ་རིས་ལྷ། འདྲེན་སྟོན་མི་ནུས་པའི་སྟོན་པ། གསུང་མི་ཤེས་པའི་ཆོས་འཆད། ཡོན་ཏན་མི་ཤེས་པའི་ཆོས་ཉན། བཟང་ངན་མེད་པའི་སྟོན་འཁོར། རྣམ་པ་ཡུལ་ན་མེད་པའི་འཇིག་རྟེན་བརྟན་གཡོ། ཞེས་གསུངས་པ་ལྟ་བུའམ། དོན་དེ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། མདོ་རྒྱུད་རྣམས་ཀྱི་ལུང་གིས་ངེས་པའི་ཕྱིར་ཐེ་ཚོམ་མེད་ཚུལ་གྱི་ཁུངས་དྲངས་ན་མང་དུ་ཡོད་ཀྱང་ཡི་གེ་མང་གིས་དོགས་ནས་ལུང་སྦྱོར་ཐམས་ཅད་མ་བྲིས། དེའི་ཚེ་འཁྲུལ་པ་གནས་སུ་དག་ནས་ཡེ་ཤེས་ཀྱི་རང་སྒྲ་འུར་འུར་སིང་སིང་པོ་དེ་ཆོས་ཀྱི་སྒྲ་སྒྲོག་ཏུ་ཐོས་པར་འགྱུར་རོ། །འཁྲུལ་པའི་དྲི་གནས་སུ་དག་ནས་ཡེ་ཤེས་ཀྱི་དྲི་ཟག་པ་མེད་པ་ཚོར་བར་འགྱུར་རོ། །འཁྲུལ་པའི་རོ་གནས་སུ་དག་ནས་ཡེ་ཤེས་ཀྱི་རོ་མཆོག་བརྒྱ་དང་ལྡན་པའི་རོ་ཉམས་སུ་མྱོང་བར་འགྱུར་རོ། །འཁྲུལ་པའི་རེག་བྱ་གནས་སུ་དག་ནས་ཡེ་ཤེས་ཀྱི་རེག་བྱ་བདེ་བ་ཆེན་པོའི་དྲོད་ལ་སྤྱོད་པར་འགྱུར་རོ། །དེ་ཡང་ཡེ་ཤེས་རང་སྣང་དང་། རྣམ་ཤེས་འཁྲུལ་སྣང་གཉིས་ཀྱི་ཁྱད་པར་ནི། ད་ལྟ་གློ་བུར་བག་ཆགས་ཀྱི་འཁྲུལ་གཟུགས། སྒོ་ལྔ་རྣམ་ཤེས་ཀྱི་གསལ་ཆ། ས་ཆུ་མེ་རླུང་གི་གཟུགས་བརྙན། རྣམ་ཤེས་འཁྲུལ་སྣང་གི་ངོ་ཁ་ཙམ་ལས་གཞན་ཕྱི་ནང་བར་གསུམ་གང་ནའང་མི་སྲིད་དོ། །གནས་ལུགས་རང་སྣང་གི་བྱེ་བྲག་རྣམས་ནི། གཉེན་པོས་བཤིག་ཏུ་མེད་ཅིང་འགྱུར་བ་མེད་ལ། རྣམ་ཤེས་འཁྲུལ་སྣང་གི་ལུས་གཟུགས་སམ། བག་ཆགས་སེམས་ཀྱི་སྣང་བ་འདུས་པ་འདི་བྲལ་བའི་ཆོས་ཅན། དཔྱད་མི་བཟོད་གློ་བུར་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། འདི་མ་ནོར་བར་ངོ་སྤྲད་དགོས་པའོ།། །།གསུམ་པ་ངོ་འཕྲོད་པའི་དོན་དེ་ཉམས་སུ་བླང་བ་ནི། དེའི་ཚེ་འོད་གསལ་གྱི་སྣང་བ་གང་འཆར་བ་དེ་མ་ཡལ་གྱི་བར་དུ་ལུས་སེམས་ངག་གི་བྱ་བ་ཕྲལ་ཏེ་བྱ་བྲལ་བློ་འདས་ཉག་གཅིག་གི་དྲན་སྣང་ལྷུག་པར་འཆར་བའི་ངང་དེའི་ཐོག་ཏུ་བཞུགས་ཏེ་ཉམས་སུ་བླང་ངོ་། །ཡལ་བ་དང་སྔར་བཞིན་འོད་གསལ་གྱི་ཨར་ལ་གཏད་དོ། །དེ་བཞིན་དུ་ཞག་བདུན་ཚན་ཙམ་ལ་རྩོལ་བས་འབད་ཅིང་ཉམས་སུ་བླང་ངོ་། །དེ་ཕྱིན་ཆད་ནས་རྩོལ་བ་མ་བྱས་ཀྱང་ཟབ་མོ་བློ་འདས་ཀྱི་སྣང་བ་ཤིག་ཤིག་ལམ་ལམ་དུ་འཆར་ནས། ལུས་འདུག་སྟངས་ཀྱི་ཚད་དང་ལྡན་པའི་ཨོག་མཁར་གྱི་སྟེགས་ནས་ཉམས་སུ་བླང་ཚུལ་ནི། དེ་ཡང་སྟན་མདའ་གང་གྲུ་བཞི་ནང་ཚངས་ཅན། གཡས་གཡོན་ལ་སྡར་སྐྱོར་ཐག་ཐུག་མེད་པར། ལུས་གནད་རྐང་པ་ཅུང་ཟད་བསྣོལ་བས་སྒོམ་ཐག་ཕོ་བ་དང་པུས་མོའི་བར་ལ་བཏང་ལ་པུས་མོ་གཉིས་ཅུང་ཟད་བསྡམ། ལག་པ་གཡས་གཡོན་གཉིས་ཀྱི་དཔུང་རྩ་དམ་གློད་རན་པར་བསྡམ་པ་བསྣོལ་མར་བྱ། ཡང་ན་དྲང་སྲོང་ལྟར་འཁྱུད་དོ། །སྒོམ་མཁར་དྲི་བཟང་གི་ཤིང་དྲོད་དང་ལྡན་པ་དྲང་པོ་ལ། རང་གི་མཐོ་གསུམ་སོར་གསུམ་པ་སྦོམ་ཕྲ་སྦ་ལྕག་ཕྲ་ཤོས་ཙམ་ལ། རྐེད་པ་བུམ་ལྡིར། རྩ་བ་ཟླུམ་པོ། རྩེ་མོ་ཨོག་སྟེགས་ཟླ་གམ་ལག་མཐིལ་དང་མཉམ་པ། དར་རམ་རས་བལ་གྱི་འབོལ་ལྕིབས་ཅན་དེ་སྒྲོ་བ་ནས་སོར་བཞིའི་སར་བཙུགས་ཏེ། ཨོག་གོར་བཙུགས་ལ། དེ་ལ་བརྟོད་ཕུར་སྲོག་ཤིང་གི་ཚུལ་དུ་བྱས་ནས་གཡོ་འགུལ་དང་ཕྲག་ཕྲིག་མེད་པར་མིག་ཐད་སོ་དྲང་པོའི་ནམ་མཁར་མདུང་ཚུགས་སུ་གཏད་ཅིང་། རླུང་དལ་བར་བྱས་ལ་སེམས་ཀ་དག་འཕྲོ་རྟོག་དང་བྲལ་བའི་ངང་ནས་ལྷུན་གྲུབ་འོད་གསལ་གྱི་སྣང་བ་དེ་ལ་རྟོག་དཔྱོད་དེར་འཛིན་མེད་པར་ཉམས་སུ་བླང་ངོ་། །དེ་ཡང་བློ་འདས་ཀྱི་ངང་དུ་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླང་ངོ་། །གལ་ཏེ་སེམས་བྱུང་གི་རྗེས་ལ་ཡེངས་ཐབས་སུ་ཤོར་ན་ཟབ་མོ་མངོན་སུམ་སྣང་བ་ཡལ་ནས་མེད་དོ། །དེའི་ཚེ་སྔར་རྩོལ་བའི་ཆེད་དུ་མི་གཉེར་ཏེ། གུང་མཛུབ་ཀྱི་རྩེ་མོ་གཉིས་ཀྱི་ཐོག་ཏུ་ཐུག་པ་ཙམ་རེ་མནན་ནོ། །དེ་ལྟར་བྱས་པས་ཟབ་མོ་འོད་གསལ་གྱི་སྣང་བ་ཁྲ་ལམ་ལམ་གསལ་ཤིག་ཤིག་ཏུ་འཆར་ཏེ། གཞི་དོན་རང་བྱུང་གི་སྣང་བ་དེ་ལ་དགག་སྒྲུབ་ངེས་གཟུང་གི་འདུ་ཤེས་ཀྱིས་མ་བསླད་པར། རྩོལ་མེད་གཞི་དོན་ཉག་གཅིག་ཏུ་རྡོ་རུས་སྤྲད་དེ་ཉམས་སུ་བླང་ངོ་། །ཡང་སྐབས་སུ་ལག་མཐིལ་གཉིས་ཀྱིས་བཀབ་ལ་བལྟའོ། །ལར་ཕྱི་ནང་གི་གདོས་བཅས་ཐམས་ཅད་བསྒྲིབས་ཏེ་མི་མཐོང་བའི་སྐབས་ལ་ཅི་དང་ཅི་འཆར་བ་ཐམས་ཅད་བཟོ་བཅོས་དགག་སྒྲུབ་མེད་པར་ཉམས་སུ་བླང་ངོ་། །འདི་ནས་གྲོལ་བའི་ཚད་དུ་མ་ཕེབས་ཀྱི་བར་དུ་ཉིན་སྣང་དང་མཚན་སྣང་གི་ཡེ་ཤེས་གང་ལ་ཡང་ཤེས་རབ་རང་བྱུང་གི་སྒྲོན་མ་ཐེ་ཚོམ་མེད་པར་བྱས་ཏེ་བྱ་བྲལ་རྩོལ་མེད་དུ་ཉམས་སུ་བླང་བ་ལས་གཞན་མེད་དོ། །དེ་རྣམས་ཀྱིས་དངོས་གཞི་གནད་དོན་དུ་གཉེར་བ་མངོན་སུམ་རང་ཐོག་ཏུ་ཉམས་སུ་བླང་ཚུལ་སོང་ངོ་།། ༈ །།གསུམ་པ་རྗེས་ཀྱི་བོགས་འདོན་ལས་སུ་རུང་ཕྱིར་སྣང་བ་མཆེད་ཐབས་ཀྱིས་ཆོས་ཟད་ཀྱི་སར་བསྐྱལ་བ་ལ་གསུམ་སྟེ། ཉིན་སྣང་གི་ཉམས་ལེན་བོགས་འདོན་མཆེད་ཐབས་དང་། མཚན་སྣང་གི་ཉམས་ལེན་བོགས་འདོན་མཆེད་ཐབས་དང་། ཉིན་མཚན་བསྲེ་བའི་ཉམས་ལེན་བོགས་འདོན་མཆེད་ཐབས་སོ། །དང་པོ་ནི། འདུག་སྟངས་ཀྱི་སྒོ་སྤྲད་པ་དང་ཟུར་དུ་ཁྲིད་པ་ལ་བསླབ་པ་ལ་གནད་ཆེའོ། །ཟབ་མོ་འོད་གསལ་གྱི་བྱེ་བྲག་ཅི་ལྟར་འཆར་ན་ཡང་ངོས་གཟུང་དང་། ངོ་ཤེས་དང་། རེ་དོགས་ཀྱི་བློ་རྩོལ་ཕྲལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་རྟོག་མེད་དུ་ཧད་དེ་ཤིག་གེར་ཉམས་སུ་བླངས་ན་མངོན་སུམ་མཆེད་པའི་གནད་འདི་ལས་ཆེ་བ་མེད་དོ། །ཡང་བར་བར་དུ་གྲིབ་མའི་ནང་དུ་ཁྲེགས་ཆོད་བློ་འདས་ཀྱི་དོན་ལ་ལུས་ངག་སེམས་ཀྱི་རྩོལ་བ་ཐམས་ཅད་རྣལ་རང་ཐོག་ཏུ་དབབ་སྟེ་ངལ་ཡུད་ཙམ་རེ་གསོ་བ་དང་། ཉི་མ་སོགས་འབེན་གྱི་ཟུར་ལ་ཁྲིད་དེ་འདུག་སྟངས་གསར་པ། ཤེས་པ་སོ་མ། གློད་སོ་མ། ཟབ་མོ་མངོན་སུམ་གྱི་ཡེ་ཤེས་ཀྱང་སོ་མ། སྐད་ཅིག་དང་པོའི་སྣང་བ་བཅད་དེ་ལས་དང་པོ་པས་ཡུན་ཐུང་ལ་རྣམ་གྲངས་མང་དུ་མཐུད་ཅིང་ཉམས་སུ་བླང་ན། རིག་པའི་བཀྲག་མདངས་སྨིན་པའི་དགོས་ཆེད་ཡོད་དོ། །ཡང་ག་པུར་གྱི་ཆུ་མིག་ཏུ་བསྐུས་ཏེ་ཕྱིས་ཤིང་ཉི་མའི་ཟུར་ལ་ཁྲིད་ན་ཡེ་ཤེས་ཀྱི་བཀྲག་མདངས་རྒྱས་པའི་དགོས་ཆེད་ཡོད་དོ། །གཞན་ཡང་ཟླ་བ་དང་། མེ་ལོང་དང་། མར་མེ་དང་། ཤེལ་དང་། ཁང་པའི་གློ་སྐར་དང་། འཁར་ཕོར་ཆུའི་བཀང་བ་རྣམས་ལ་བལྟ་ཞིང་ཟུར་དུ་ཁྲིད་ལ་ཉམས་སུ་བླང་ངོ་། །དེ་རྣམས་ལ་ཁ་དོག་ལྔ་ལྡན་གྱི་བཀྲག་མདངས་མེད་ན་ཉི་ཟླ་ལ་ཁྲིད་ཅིང་། ཡང་འདི་རྣམས་ལ་བལྟ་ཞིང་ཁྲིད་དོ། །ཡང་ཟླ་བ་ལ་བལྟ་དུས་མིག་གི་ཤུལ་ན་བྱ་མོ་ནག་མོའི་སྒོང་རྩི་སེར་པོ་བྱུགས་ན་འཕེལ་ཆེའོ། །ཉིན་མོ་སཱུརྻའི་སྐབས་སུ་སིང་རས་དམར་ནག་གམ། རྒྱ་ཁ་ལྟ་བུས་བཀབ་པས་འཕེལ་ཆེ་འབྱུང་བ་ཡང་སྙོམས་པར་འགྱུར་རོ། །མར་མེ་ལ་བལྟ་དུས་མིག་ལ་ག་པུར་དང་ཙནྡན་གྱི་ཆུ་བྱུགས་པས་ཤེད་མེད་ཚག་པོར་མི་འགྱུར་རོ། །ཐམས་ཅད་ཀྱི་གནད་དུ་རླུང་དལ་བས་ཕྱིར་འཛིན་པ་དང་། འགྲོ་འོང་ཁ་ལ་བྱེད་པ་དང་། ལུས་སྐུ་གསུམ་གྱི་འཕྲུལ་འཁོར་དང་མི་བྲལ་མི་འགུལ་བ་གནད་དོ། །དེ་ལྟར་བྱ་ཞིང་ཉམས་སུ་བླངས་པས་མངོན་སུམ་གྱི་ཡེ་ཤེས་གསར་དུ་སྨིན་ཏེ་འཆར་བའི་ཚེ། ངོ་ཤེས་ངོས་གཟུང་གི་རྩོལ་བ་མ་ཤོར་ན་སྐད་ཅིག་དང་པོའི་རང་མདངས་སྨིན་པ་ཡིན་པས་དྲན་མེད་དུ་ཤིག་གེར་ཉམས་སུ་བླང་ངོ་། །དེ་ཡང་ངོ་ཤེས་དང་ངོས་གཟུང་གི་དྲན་རྩོལ་སྐད་ཅིག་ཙམ་གྱིས་ཡེ་ཤེས་བསྒྲིབས་ཏེ་མེད་དོ། །དེས་ན་དྲན་མེད་ངང་ལ་རྩོལ་མེད་དུ་མངོན་སུམ་ཡེ་ཤེས་ཀྱི་སྣང་བ་ཉམས་སུ་བླང་བའི་གནད་ལ་མཁས་དགོས་སོ། །གཞན་ཡང་ལུས་ཀྱི་གེགས་སེལ་བཟའ་བཏུང་གི་བཅུད་བརྟེན་ཚུལ་ནི། ནད་ཚ་བ་ལ་དྲི་ཆུ་མང་པོ་གཏང་། གྲང་བ་ལ་སྒ་སྐྱ་དང་པི་པི་ལིང་གཉིས་ཆང་བཀོལ་དུ་གཏང་། རླུང་ལ་ཞུན་ཆེན་ཛཱ་ཏི་དང་སྦྱར་ལ་གཏང་། བད་ཀན་ལ་འུ་སུ་ཆུ་གྲང་དང་སྦྱར་ལ་གཏང་། མཁྲིས་པ་ལ་ཨ་བར་སྐྱུར་གསུམ་གྱི་བསྡུས་གྲང་གཏང་། ལུས་ཀྱི་བསྐུ་བྱུགས་བྱ་ཐབས་ནི། མངོན་གསུམ་གནད་ལ་སྦྱོང་བའི་དུས་སུ། ལུས་ལྗིད་ཅིང་འཐིབ་པ་དང་། སྟོད་རྣམས་བསྡམས་ཤིང་དབུགས་མི་བདེ་བ་དང་། ཤེས་པ་འཐིབ་ཅིང་དབང་པོ་བསྒྲིབས་ན། དེ་ཡང་རྩ་ཁམས་རྣམས་འཁྲུགས་པ་དང་། བསྒྲིབས་ཤིང་ཆུ་སེར་གནས་པའི་རྟགས་ཡིན་པས། དེ་ལ་རྩ་ཤད་འདི་ལྟར་བྱ་སྟེ། ཨ་བར་སྐྱུར་གསུམ་གྱི་ཐང་བྱས་ནས་སྐབས་སྐབས་སུ་གཏང་བར་བྱའོ། །དེ་བཞིན་དུ་མར་རྙིང་འབྲི་མར་གྱིས་སྐབས་སྐབས་སུ་ཉི་མར་བསྐུ་མཉེ་བྱས་ན། དེས་རྩ་ནད་ཐམས་ཅད་སེལ་ཞིང་སྒྱུ་ལུས་བདེ་སྟེ། ཤེས་པ་ཁམས་ཡང་དྭངས་པ་དང་། ཉམས་ཀྱི་མངོན་སུམ་མཆེད་པར་འགྱུར་རོ། །སྒོའི་གེགས་སེལ་སྨན་སྦྱོར་བྱ་ཐབས་ནི། དུས་གཉན་ནམ་མིག་ལ་ཟན་བསྒྲེས་པའི་གཏོར་མ་བརྒྱ་རྩ་བརྒྱད་བཏང་ན་མིག་ནི་ལོང་བར་མི་འགྱུར་རོ། །ཡང་ནངས་པར་སྔ་མོ་ལངས་པའི་དུས་སུ། ལག་མཐིལ་གཉིས་ཤུགས་ཀྱིས་འཕུར་བས་དྲོད་འབར་བ་དང་། མིག་ལ་ཡང་ཡང་ལྷན་ནས་མི་སྐྱག་བསལ་ཞིང་རྡེབ་ཚུམ་བྱའོ། །དེ་བཞིན་དུ་རྒྱུན་དུ་བྱས་ན་མིག་གི་ཤེད་སྐྱེ་ཞིང་གྲིབ་མི་འབྱུང་ངོ་། །གཞན་ཡང་ནངས་པར་སྔ་བའི་ཚེ་ན། ཁ་རུལ་མཆིལ་མ་བྱུགས་པས་ཀྱང་མིག་གི་རབ་རིབ་སེལ་བ་ཡིན་ནོ། །གཞན་ཡང་ཟླ་བ་ཕྱེད་པའི་མིག་སྨན་བསྟན་པ་ནི། རྩྭ་ཨ་ཝ། སྔོ་རྟག་ངུ་། གོ་སྙོད། བཅའ་བ། ར་མོ་ཤག་གི་རྩ་བ་རྣམས་ཞིབ་ཏུ་བརྡུངས་ཏེ། བ་གསར་གྱི་འོ་མ་ཕུལ་བཅུ་དྲུག་ནང་དུ་བསྡུས་ལ། ཚ་ཤས་ཆེ་ན་བཟང་དྲུག་དང་། གྲང་ཤས་ཆེ་ན་བུར་དཀར་དང་། སྙོམས་ན་སེང་ལྡེང་དང་། ཙནྡན་དཀར་དམར་དང་དྲུག་ཁྱོར་གང་ཙམ་བཏབ་ནས། མཛོ་མོའམ། བ་གསར་གྱི་མར་སྲང་ལོ་གྲངས་ཙམ་དུ་བྱ་མོ་ནག་མོའི་གསེར་སྒོང་སྦྱར་བའི་སྨན་མར་ཐུར་མགོ་རེ། ཚེས་བཅུ་དྲུག་གི་ཐོ་རངས་བཞིན་ཟོས་པས་མིག་གསལ་ཞིང་འགྲིབ་པ་ཡང་ཕྱེད་པ་ཡིན་ནོ། །ཕྱིས་མིག་ལ་ནད་གང་ཡང་མི་འཇུག་གོ །གཞན་ཡང་སྣང་བ་ལ་བལྟ་བའི་ཚེ། ཁྲ་ཁྲིད་ཀྱི་ཨ་ཝ་དགུ་པོ་རྒྱུན་དུ་བརྟེན། བྱ་མོ་ནག་མོའི་སྒོང་རྩི་སེར་མོ་དང་། བ་སེར་མོའི་ཞུན་མར་དང་། ཨ་རུ་ར་གསེར་མདོག་དང་། གི་ཝཾ་དང་། ཡུང་བ་དང་། མེ་ཏོག་ལུག་མིག་པའི་ལྟེ་བ་སེར་པོ། མེ་ཏོག་ལུག་རུ་སེར་པོ། ཁ་ཆེ་གུར་ཀུམ་དང་། ཉའི་མིག་རྣམས་སེར་པོ་དགུ་སྦྱོར་ཞེས་བྱ་སྟེ། ཞིབ་ཏུ་བྱས་ལ་མིག་ལ་བྱུགས་ན་མིག་ཤེད་སྐྱེ་ཞིང་མིག་སྐྱོན་ཐམས་ཅད་དག་པར་འགྱུར་རོ། །ཡང་སྲིན་བུ་མེ་ཁྱེར་དང་། ལྷང་མ་ལྷང་ཚེར་དང་། བྱ་མོ་ནག་མོའི་གསེར་སྒོང་བསྲེས་པ་མིག་གི་སྟེང་དུ་བྱུགས་ནས། ཨཱོྃ་ཆེན་ཀོང་ཆེན་བྷ་ཧ་ན་ཞུན་ཆེན་གྷ་མེ་སྟོན་ཡང་། ཅེས་འབུམ་བཟླས་ན་ཡེ་ཤེས་ཀྱི་སྤྱན་དུ་གསལ་བས་འོད་སྣ་ཚོགས་སུ་འཆར་ཞིང་། འོད་ཀོར་ཕོར་པ་ཙམ་དུ་འཆར་བར་འགྱུར་རོ། །རྫས་མེད་ཀྱང་ཞག་རེ་བཞིན་བརྒྱ་རྩ་བརྒྱད་རེ་བརྗོད་ན་སྣང་བ་གོང་འཕེལ་དུ་འཆར་རོ། །དེ་རྣམས་ཀྱིས་བླ་མའི་མན་ངག་ཕྱག་ལེན་གྱི་ཁྲིད་གནད་ཀྱི་ཞལ་ཤེས་ཏེ། ཉིན་སྣང་གི་བོགས་འདོན་བྱེ་བྲག་འགའ་ཞིག་ཐལ་ལོ།། །།གཉིས་པ་མཚན་སྣང་གི་ཉམས་ལེན་བོགས་འདོན་མཆེད་པའི་ཐབས་ནི། གནད་ཀྱི་མན་ངག་ལ་བརྟེན་ཏེ་ཟབ་མོ་མངོན་སུམ་རང་རིག་ཡེ་ཤེས་ཀྱི་སྣང་བ་གང་དང་གང་གི་རྣམ་པ་འཆར་ཟིན་པ་ཐམས་ཅད་མ་ཡལ་གྱི་བར་དུ་ལུས་ངག་སེམས་ཀྱི་རྩོལ་བ་དྲན་རིག་ཐམས་ཅད་ཕྲལ་ཏེ། དྲན་མེད་རང་བྱུང་བློ་ལས་འདས་པའི་གཞི་ཐོག་ཏུ་བསྐྱལ་བ་ལ་མཁས་ན། མངོན་སུམ་གྱི་སྣང་བ་འདི་ལས་འཕེལ་ཆེ་བ་མེད་དོ། །བྱེ་བྲག་ཏུ་འཇིག་རྟེན་གྱི་ཞིང་ཁམས་རྣམས་ལ་བལྟ་བར་འདོད་ན། གདོང་པ་ཕྲ་བའི་ཉག་ནས་མཐེབ་མཛུབ་ཀྱིས་གཟུང་ཞིང་། མིག་ཟུར་སྔ་སོ་གཉིས་ཀྱི་པགས་ཤུན་ཐོག་ཏུ་མི་ན་བ་ཙམ་གྱིས་མནན་ཏེ། གཞན་གྱི་རྩོལ་རྟོག་བྲལ་བར་འདུག་ན། ཡུལ་ཁམས་མི་འདྲ་བའི་སྣང་བ་མང་དུ་འཆར་ཏེ། རྣམ་རྟོག་གི་འཕྲོ་ཆ་མ་ཤོར་བ་གལ་ཆེའོ། །ཡང་སྲིན་བལ་ལམ། ཕྱིང་འབོལ་ཧྲིལ་མོ་མིག་འབྲས་ཙམ་པ་གཉིས་མིག་ལ་ལྷན་ལ་སྣམ་བུ་ནག་པོའམ་དམར་པོ་ཞེང་སོར་བཞི་པས་དམ་གློད་རན་པར་ལྟག་ཁུང་དུ་བཅིངས་ལ་ལུས་དྲང་པོར་བསྲང་། རླུང་དལ་བར་ཁ་ནས་གཏང་ཞིང་དབང་པོ་ཐད་ཀར་གཏད་དེ་ཉིན་མཚན་དུ་གནས་པར་བྱའོ། །ཡང་སྐབས་སྐབས་སུ་ཕྱིང་བུ་ནག་པོ་ལ་བྱ་མོ་ནག་མོའི་གསེར་ཐིག་དང་། ག་པུར་དང་། ཙནྡན་གྱི་ཆུས་བྱུགས་པ་དེ་མིག་ལ་བཀབ་ལ་དམ་གློད་མཚམས་པར་བཅིངས་ལ་སྔར་བཞིན་ཉམས་སུ་བླང་ངོ་། །གཞན་ཡང་དུ་བ་ལྟ་བུ། སྨིག་སྒྱུ་ལྟ་བུ། མར་མེ་ལྟ་བུ། གཟུགས་མཛེས་པ་དང་མི་མཛེས་པའི་རྣམ་པ་གང་ལ་ཡང་ཞེ་འདོད་དང་དགག་སྒྲུབ་ཀྱི་བློ་རྩོལ་མི་ཤོར་བ་གནད་ཆེའོ། །ཅིའི་ཕྱིར་ན་གཉིས་སྣང་བློའི་ཡུལ་མ་ཡིན་ཏེ། བློ་འདས་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ཐབས་ཀྱིས་མན་ངག་རྩ་རླུང་འདུག་སྟངས་ཀྱི་གནད་གཅིག་ལ་བརྟེན་པའི་བརྡ་ཐབས་མ་གཏོགས། བསམ་བྱུང་གི་ཡུལ་ན་ཡེ་ཤེས་མངོན་པའི་ཐབས་མེད་དོ། །ཅུང་ཞིག་ཕྱིས་ཕྱིས་ནས་གོམས་པ་དང་། ཡིག་འབྲུ་རྡོ་རྗེ་རིན་པོ་ཆེ་པདྨ་ལ་སོགས་ཡིད་ལ་བྱའོ། །ཡང་རི་མོ་མཁས་པས་བྲིས་པ་འདྲ་བའི་སྐུའམ་ཞིང་ཁམས་བཀོད་པ་རྣམས་ཡིད་ལ་བྱའོ། །གཞན་ཡང་དག་མ་དག་གི་ཞིང་ཁམས་རྣམས་ཡིད་ལ་བྱ་སྟེ། ཡིད་ལ་ཤིག་ཤིག་འཆར་བ་དང་མ་ཡལ་གྱི་བར་དུ་ཀློད་པ་གནད་ཡིན་ནོ། །འོ་ན་གོང་དུ་ཡེ་ཤེས་ཀྱི་སྣང་བ་བློའི་ཡུལ་ན་མེད་ཚུལ་བཤད་པ་དང་། འདིར་ཡིད་ལ་བྱེད་པ་གཉིས་འགལ་བ་ཅན་དུ་འདུག་སྟེ། ཡིད་ལ་བྱེད་པ་ཞིག་བློ་སྣང་ཡིན་མོད་ཞེ་ན། འདིར་ཡིད་ལ་བྱེད་པ་ནི་ཡིད་ལ་བྱེད་པ་དང་སྣང་བ་འཆར་བ་དུས་མཉམ། སྣང་བ་འཆར་བ་དང་འཛིན་རྟོག་བྲལ་བ་དུས་མཉམ་སྟེ། སྐད་ཅིག་དང་པོའི་སྣང་བ་ཅན་ཡིན་པའི་ཕྱིར། སྔ་ཕྱིར་གཉིས་སྣང་མ་ཡིན་པས་འགལ་བ་མེད་དོ། །འདི་རྣམས་ཀྱི་དུས་སྐབས་ཀུན་ཏུ་ལུས་སེམས་ཕྲལ་ཏེ་བར་དོའི་སྐབས་ཆོས་ཉིད་ལྷུན་གྲུབ་ཀྱི་སྣང་བར་འདུག་སྟེ་ཉམས་སུ་བླང་བ་ནི་གནད་གལ་པོ་ཆེའོ། །དེ་ནས་ཞག་ལྔའམ་བདུན་ནས་མཐེབ་མཛུབ་ཀྱི་རྩོལ་བ་བཞག་ཀྱང་རང་སྣང་བ་ནི་ཨར་གཏད་འབྱོངས་པའི་ཚད་དོ། །དེ་ནས་དྭངས་སུ་གཞུག་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་རྣམ་སྣང་གི་ཆོས་བདུན་ལྟར་བྱས་ལ། མིག་གཟིགས་སྟངས་ཐུར་དུ་བལྟ་བ་ཞག་བདུན། ཐད་དྲང་དུ་བལྟ་བ་ལ་ཞག་བདུན། གྱེན་དུ་བལྟ་བ་ལ་ཞག་བདུན་དུ་ཉམས་སུ་བླང་ངོ་། །ཡང་མུན་ཁང་དུ་ཞུགས་ནས་འོད་གསལ་ཉམས་སུ་ལེན་པའི་ཚེ། ཕྱི་ནང་གསང་བའི་གེགས་བསལ་བ་ལ། དང་པོ་ཕྱི་ལུས་ཀྱི་གེགས་ནི། ཐོས་ཆུང་འདོད་སེམས་བརྩོན་འགྲུས་ཅན་མུན་སྒོམ་ལ་ཞུགས་པས། གཞི་ཁྲེགས་ཆོད་ཀ་དག་གི་དོན་ཅི་ལྟ་བ་བཞིན་ཤེས་རབ་ཆུང་བས་མ་རྟོགས། ཐོད་རྒལ་གྱི་བཤད་པ་སྙན་པོ་ཐོས་པ་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་མྱུར་འདོད་ཀྱིས་བརྩོན་འགྲུས་ཆེར་བསྐྱེད་དེ་བསྒྲིམས་པས། ལུས་ཧ་ཤ་ཆད་ནས་གོབ་ཚེ་ཞ་འཁུམ་ལྟ་བུར་འགྱུར་བ་དང་། གཟེར་འཆུས་དང་། རེངས་པ་དང་། ནད་བཙན་ཐབས་སུ་ལངས་པ་ལ་སོགས་པ་འབྱུང་སྟེ། དེ་ལ་ནི་ཐོག་མར་ཁྲེགས་ཆོད་ཀྱི་དོན་ལེགས་པར་གནད་དུ་ཚུད་པར་གདབ། དེ་ནས་ལུས་ལྷོད་ཀྱིས་གློད་ལ་ཅུང་ཞིག་སོར་བཞག་སྟེ། ཉི་མ་ལ་བསྲོ་ཞིང་ཏིལ་མར་ལ་སོགས་ཀྱི་བྱུགས་པ་བྱ། ནད་ལངས་ན་རབ་ཀྱིས་ནད་ཐོག་ཏུ་རོ་སྙོམས། རླུང་མདུང་ཚུགས་སུ་གཏད་དེ་སྒོམ། འབྲིང་གིས་ན་ས་དེར་བླ་མ་བསྒོམས་ཏེ་དེ་ལ་མོས་གུས་ཀྱི་སེམས་ཟིན་པ་དང་། རྗེས་སུ་བདུད་རྩིར་བཞུ་ལ་བདེ་ཁྲིལ་ལེ་བར་བསྒོམ། ཐ་མས་ནད་ལ་གང་འཕྲོད་ཀྱི་སྨན་དཔྱད་བརྟེན་རང་བབས་སོར་འཇོག་གིས་ཉམས་སུ་བླང་ངོ་། །ཡང་སྤུན་པོ་བློ་མང་བྱ་བློ་ཅན་མུན་ཁང་ལ་ཞུགས་པས། ལུས་གནད་མ་ཆུན་པར་ཚབ་ཚུབ་མང་བས། ལུས་ཟ་ཟི་དང་ཁོལ་བུར་ན་བ་དང་། གཟེར་བ་དང་། གཉིད་མེད་པ་ལ་སོགས་འབྱུང་བས། དེ་ལ་ལུས་གནད་ཆུན་པའི་ཐུན་ཐུང་ལ་གྲངས་མང་བར་བྱས་ནས་གཉུག་བསྲིང་ཞིང་བསྒོམ་པར་བྱའོ། །ཡང་མི་ཉོར་པོ་ཤེད་མེད་བཏང་སྙོམས་ཅན་མུན་ཁང་དུ་ཞུགས་པས། ལུས་རྨྱ་བ་དང་། གཉིད་པ་དང་། ལུས་གནད་འཆུགས་པ་ལ་སོགས་འབྱུང་བས། དེ་ལ་བསིང་ཞིང་བསྒྲིམས་ཏེ། གོས་སྲབ་པ། མལ་ཆུང་ལ་མཐོ་བ་བྱའོ། །ཡང་གླེན་པ་ཨུ་ཚུགས་སྙིང་རུས་ཅན་མུན་ཁང་དུ་ཚོད་མེད་ནན་ཞུགས་བྱས་པས་ལུས་སྟོད་སྨད་ཁྱབ་པར་ན་བ་དང་། གཟེར་བ་དང་། རྩ་ལ་ཟུག་ནས་གཟེར་བ་དང་། སྣ་སུན་ནས་མི་འཇུག་པ་དང་། ཐོམ་པོ་སྨྱོ་ཐབས་རིགས་འབྱུང་བས། དེ་ལ་ངེས་འབྱུང་དང་། སྐྱོ་ཤས་བློ་ལྡོག་བསྒོམ། གཙོ་ཆེར་སྒོམ་འཁར་ལ་བརྟེན། ཉིན་མོ་དང་བསྲེས་ཏེ་བསིང་ཞིང་ལུས་ལ་དྲི་ཆུ་བྱུགས། ཁུ་ཚུར་སྙིང་གར་བརྡེག་གམ། མཁལ་རྩ་བཅིང་ངོ་། །ཡང་ལས་ངན་སྐལ་མེད་དམ། དམ་སེལ་ལམ། སྡིག་ཅན་སྒྲིབ་གཡོགས་ཅན་མུན་ཁང་དུ་ཞུགས་པས། ལུས་ལ་གེགས་ཀྱི་རྣམ་པ་མང་དུ་འབྱུང་ཞིང་། རྩ་ཐིག་རླུང་གསུམ་དང་། ཉམས་ཀྱི་གེགས་མང་པོ་འབྱུང་བས། དེ་ལ་སྐབས་སུ་ཕྱག་དང་བསྐོར་བར་ཞུགས། སྐོང་བཤགས་དང་། ཡིག་བརྒྱ་དང་། བླ་མ་ལ་དབང་ཞུ། འབུལ་བ་དང་། ཚོགས་འཁོར་བྱ། ལུས་གནད་ཀྱིས་དྲག་ཏུ་གཅུན་ཅིང་གནད་ལ་བོར་བ་ལ་སོགས་རྣམས་གང་རིགས་ཤེས་པར་བྱའོ། །གཞན་ཡང་ལུས་ལ་གྲང་རྔུལ་འབྱུང་ཞིང་འདར་ན། ཕྱེ་མར་གྱིས་ཕྱིས་པའི་རྗེས་ལ་རང་ངམ་གྲོགས་ཀྱིས་དྲག་ཏུ་འཕུར་ལ་གོས་དྲོད་ཅན་བརྟེན། ལུས་ཚ་ཡལ་ཡལ། ཟ་སྦིར་སྦིར། རྩི་ཡམ་ཡམ། ཟ་ཕུང་གི་ཁྲོད་དུ་ལྷུང་བ་ལྟ་བུར་བྱུང་ན། ཆང་ན་ལོན་གར་མོ་བྲེ་གང་དང་། མར་ཁུ་ཆུ་ཆོད་ཕུལ་གང་བསྲེ་ཞིང་བསྐོལ་ནས་ཕུལ་དོར་གྱུར་པའི་ནང་དུ་ཕྱེ་ཅུང་ཟད་བཏབ་སྟེ། ལུག་ཞོ་ཙམ་བྱས་ལ་དྲོད་མ་ཡལ་བ་ལ་བརྟེན་ནས་གོས་དྲོན་མོ་གོན། ཡང་ལུས་བྱིང་ཟ་ཞིང་ཕྲུག་དགོས་པའི་མི་བཟོད་པ་བྱུང་ན་ཆང་གི་སྦང་གླད་དང་། ཚྭ་མར་དང་། ལྕི་བ་སེར་ཀ་མའི་ཐལ་བ་བསྲེས་པའི་སྐྱོ་མ་བྱུགས་ཏེ་མེ་ཉི་ལ་བསྲོ་ཞིང་དྲག་ཏུ་འཕུར། རྗེས་ལ་རྩམ་པས་ཕྱིའོ། །ཡང་ལུས་ཀྱི་ཚིགས་པ་ན་བ་དང་། སྐྲངས་པར་གྱུར་ན། ཉི་མ་ལ་བྱུགས་ཤིང་ཆང་གི་སྙིང་པོ་དང་། ཏིལ་མར་རམ། འབྲི་མར་ཕྱེད་མར་བསྲེས་པས་ཅུང་ཟད་བསྐོལ་བ་ལ། སྤང་སྤོས་དང་གོ་སྙོད་ཀྱི་ཕྱེ་མ་ཐུན་རེ་བཏབ་པས་བྱུགས་ཤིང་འཕུར། རྗེས་ལ་རྩམ་པས་ཕྱིའོ། །ཡང་མགོ་ན་བ་དང་། འཐོམ་པ་དང་། སྐྱུགས་ལོག་པ་རྣམས་ལ་ཕལ་ཆེར་ཅུང་ཟད་གཡེང་བས་ཕན། དེས་མ་ཕན་ན། མཐིལ་བཞི་དང་ཐོད་སྲུབས་རྣམས་ལ་སྣུམ་ཚན་བྱུག་གོ །ཡང་མིག་རྩ་ལ་སོགས་པ་མ་བདེ་ན། ལག་པའི་མཐིལ་གཉིས་དྲག་ཏུ་འཕུར་པའི་དྲོད་ཡང་ཡང་མིག་ལ་སྦྱར། དེས་མ་ཕན་ན་གཞན་ནས་བྱུང་བ་ལྟར་མིག་གི་སྨན་སྦྱོར་གང་འཕྲོད་བརྟེན་པར་བྱའོ། །མདོར་ན་རླུང་མཁྲིས་བད་ཀན་ལ་སོགས་གང་ལ་གང་ཕན་གྱི་ཟས་དང་སྨན་བརྟེན་ནོ། ཁམས་རིགས་ཀྱི་གེགས་སེལ་ལ། མེ་ཤས་ཆེ་བའི་མིས་གོས་སྲབ་གདན་མལ་དམའ་བར་བྱའོ། །རླུང་ཤས་ཆེ་ན་ཟས་དྲོད་ཅན་བརྟེན། ལྟ་སྟངས་ཕབ་བོ། །ས་ཤས་ཆེ་ན་མལ་སྤོ་ཅུང་ཟད་ཉི་མ་དང་སྤེལ་ལོ། །ཆུ་ཤས་ཆེ་ན་བསིལ་དྲོད་སྙོམས་པ་དང་། ལུས་གནད་ཅུང་ཟད་ཐུན་དུམ་བུར་མཐུད་དོ། །མདོར་ན་བླ་མ་ཉམས་རྟོགས་དང་ལྡན་པ་གཅིག་གིས་ཁྲིད་དེ་གང་འོས་ལམ་དུ་གང་འགྲོ་ཐམས་ཅད་ལ་རིག་པའི་མདའ་བསྣུན་ནོ། །ནང་རྩ་ཐིག་རླུང་གསུམ་གྱི་གེགས་སེལ་ནི་ཆགས་ལམ་གསང་ཁྲིད་རྣམས་ཀྱི་སྐབས་སུ་ཤེས་སོ། །གསང་བ་ཉམས་ཀྱི་གེགས་སེལ་བ་ནི། མུན་པའི་རྣལ་འབྱོར་ལ་ཞུགས་ནས། བློ་ཡིད་གཉིས་ཐེ་ཚོམ་གྱི་བསམ་པ་རྟོག་དཔྱོད་མང་པོ་ལ་འཕྲོ་ན། ཐག་ཆོད་ཀྱི་གདེངས་བརྟེན་ཏེ་ལེགས་རུང་ཉེས་རུང་དེ་ཉིད་ལ་བློ་ལྷན་གྱིས་བཀལ་ལ་ཉམས་སུ་ལེན་ནོ། །ཡང་རྩ་མདུད་གྲོལ་བའམ། གནས་དྲུག་གི་རླུང་གནད་དུ་ཚུད་པས། བར་དོ་དང་རིགས་དྲུག་གི་གནས་འབྱོངས་ཤར་ཞིང་སྔངས་སྐྲག་སྐྱེས་ན། བླ་མའམ་གྲོགས་ཀྱིས་རིགས་དྲུག་ཏུ་སྣང་བ་རང་གི་སེམས་ལས་དོན་ལོགས་ན་གྲུབ་ཏུ་མེད་དོ། །མེད་བཞིན་སྣང་བ་རྨི་ལམ་དང་སྒྱུ་མ་ལྟ་བུའི་དཔེ་བཤད། ལུས་སྟོང་པ་ཕྲུ་མ་ལྟར་བསྒོམ་ཞིང་བག་ཡངས་སུ་གློད། འཇིགས་སྣང་སྐྱེ་དུས་མཆན་རྩ་གཉིས་ལག་པས་བསྣོལ་མར་བསྡམ་ཞིང་རྡོ་རྗེའི་རྦ་རླབས་བྱའོ། །ཡང་རྟོག་པ་འོག་འགྱུ་ལུང་མ་བསྟན་དང་། ཉམས་ལ་འབྱམས་ནས་ཡུན་སོང་བ་མ་ཚོར་གནས་འབྱམས་ལ་སོང་ན། སྐྱོ་ཤས་དང་ངེས་འབྱུང་གི་རིག་པ་ལ་ངར་བཏགས། དབང་པོ་ལ་ཧུར་ཕྱུང་། ཤེས་པ་གཟེངས་བསྟོད་ལ་བསྒོམ། ཐུན་ཆུང་ལ་གྲངས་མང་བ་ལ་བསླབ་ཅིང་ལུས་གནད་བསྒྲིམ་མོ། །ཡང་རྟོག་པ་པྲ་ཡས་དང་། ཧ་ཅང་རྒོད་ཅིང་འཕྲོ་བ་ལ། སྤྲུལ་སྐུའི་ལྟ་སྟངས་བྱ། ཨོག་བཏེགས་ཕབ། ཤེས་པ་འཕང་སྨད་དོ། །ཡང་འདོད་ལོག་ཆགས་སེམས་སྙིང་རྗེ་སྐྱོ་ཤས་ལ་སོགས་ལེགས་ཉེས་ཀྱི་བསམ་མནོ་མང་པོ་ལ་འཕྲོ་ན། ཁྲེགས་ཆོད་ཀྱི་ལྟ་ཐོག་ཏུ་ངར་བསྐྱེད། བོགས་སུ་གང་འགྲོ་རིག་པའི་མདའ་བསྣུན་ནོ། །ཡང་ན་ཡི་དམ་གྱི་བསྐྱེད་རིམ་གསལ་རེ་གདབ། ཞེན་ལོག་དང་དགོས་མེད་མི་སྡུག་པ་ལ་སོགས་གཉེན་པོའི་གནད་གང་འགྲོ་རེ་གཏང་ངོ་། །ཡང་མངོན་སུམ་གྱི་སྣང་བ་དབྱིངས་རིག་འོད་གསལ་བཀྲག་དང་ལྡན་པ་ལ། རྟག་ལྟ་དང་མངོན་ཞེན་ཅུང་ཟད་བྱུང་ན། དེ་ལྟ་བུའི་གསལ་སྣང་ཐམས་ཅད་ཆུ་ཟླའམ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་འཛིན་བློ་དང་ཕྲལ་ལ་ངོ་སྤྲད་པར་བྱའོ། །ཡང་ཁྲེགས་ཆོད་གཞི་སྣང་གི་ཏིང་ངེ་འཛིན་ལ་འབྱམས་ནས། ཐོད་རྒལ་མངོན་སུམ་འོད་གསལ་གྱི་སྣང་བ་མི་ཟིན་པ་སྲིད་པས། དེ་ལ་ཕྱོགས་ཀྱི་སྐར་ཁུང་ཅུང་ཟད་རེ་ཕྱེ་ལ་ཨར་གཏད་དང་སྤེལ་ཞིང་ཐུན་དུམ་བུར་བྱས་པས། འབྱམས་པའི་འཕྲོ་ཆོད་དེ་ཟིན་ནས་སྣང་སྟོང་གི་ཉམས་རྨད་དུ་བྱུང་བ་འཆར་ཞིང་གོང་དུ་འཕེལ་བར་འགྱུར་རོ། །གཞན་ཡང་བདེ་གསལ་མི་རྟོག་པའི་ཉམས་ཀྱི་གོལ་ས་དང་། གེགས་སེལ་ཚུལ་རྣམས་མྱོང་བ་ཅན་གྱི་བླ་མས་ཅི་ལྟར་རིགས་པའི་ཚུལ་གྱིས་བསལ་བར་བྱའོ། །གཞན་ཡང་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་ལུས་ངག་ཡིད་གསུམ་ལ་ལམ་རྟགས་ཀྱི་འཆར་ཚུལ་ལས། སྐྱོན་ཡོན་ཏན་དུ་འགྱུར་བ་དང་། ཡོན་ཏན་སྐྱོན་དུ་འགྱུར་བ་ལ་སོགས་པ་རྣམ་གྲངས་མང་དུ་འབྱུང་བ་རྣམས། རྣམ་དཔྱོད་དང་། གཞུང་དང་། རང་གི་མྱོང་བ་རྣམས་སྤྲད་ལ་ལེགས་པར་བརྟགས་ཏེ། བླང་དོར་གྱི་མཚན་ཉིད་ཤེས་པར་བྱེད་པ་གལ་ཆེ་ཞིང་། ཉམས་རྟགས་ཕལ་མོ་ཆེ་རྣམས་ནི་ཇི་མི་སྙམ་ཙམ་གྱིས་ལྦུ་བ་ཆུར་ཞིག་པ་ལྟར་འགྱུར་རོ། །མུན་པའི་རྣལ་འབྱོར་དུ་འཇུག་པ་ལ། དང་པོ་འཇུག་སྒོ་ལ་དལ་གྱི་ཐབས་མཁས་པས་བསླབ་ཅིང་ཉམས་སུ་བླང་བས་གེགས་མི་འབྱུང་། ཅུང་ཟད་བྱུང་ཡང་སེལ་སླའོ། །དང་པོ་འཇུག་སྒོ་ཉེས་ན་བར་ཆད་གེགས་ཀྱི་རྒྱུ་མང་ཞིང་གོལ་ས་ཆེ་བས། འཇུག་པ་ལ་མཁས་པ་གནད་ཤིན་ཏུ་ཆེའོ། །དེ་རྣམས་ཀྱིས་མཚན་སྣང་བོགས་འདོན་གྱི་གནད་འགའ་ཞིག་ཐལ་ལོ།། །།གསུམ་པ་ཉིན་མཚན་བསྲེ་བའི་ཉམས་ལེན་བོགས་འདོན་མཆེད་ཐབས་ནི། སྔོན་གྱི་ཉམས་ལེན་དེ་རྣམས་ལ་བསླབས་པས་གོམས་པའི་ཚེ་བར་བར་དུ་མིག་བཙུམ་ཏེ་གློད་ན་ཉིན་སྣང་བཞིན་འཆར་རོ། །མི་འཆར་ན་སྔོན་བཞིན་ཉི་མ་ལ་བསླབ་པ་དང་། ཡང་མིག་བཙུམ་ནས་གློད་དོ། །དེ་ནི་ཉིན་སྣང་མཚན་སྣང་ལ་ཁྲིད་ཐབས་སོ། །ཡང་མཚན་སྣང་མུན་ཁང་དུ་ཞུགས་པའི་ཚེ། ཉིན་སྣང་གི་བྱེ་བྲག་རྣམས་ཡིད་ལ་བྱས་ཏེ་གློད་དོ། །གཞན་ཡང་ཐོ་རངས་དང་ནམ་ལངས་ཀྱི་དུས་སུ་ཉིན་སྣང་གི་འོད་གསལ་རྣམས་ཡིད་ལ་བྱས་ཏེ་གློད་ཅིང་གཉིད་དང་སྦྲེལ་ལ་རྨི་ལམ་འོད་གསལ་དུ་ཆོད་པའི་ཉམས་ལེན་ལ་བརྩོན་པ་གལ་ཆེའོ། །དེ་རྣམས་ཀྱིས་ཉིན་མཚན་བསྲེ་བས་འོད་གསལ་ཁོར་ཡུག་ཏུ་འགྲོ་བའི་དགོས་པ་ཡོད་དོ། །མཉམ་རྗེས་བསྲེ་ཞིང་བོགས་དབྱུང་བ་ནི། དེ་ལྟར་མུན་པའི་རྣལ་འབྱོར་ལ་ཉམས་སུ་བླངས་པས། རབ་ཉིན་མཚན་འདྲེས་པ། འབྲིང་མུན་སྣང་དུ་དལ་ཡོངས་སུ་རྫོགས་པ། ཐ་མ་ཡང་མུན་ཁང་དུ་རྡོ་རྗེ་ལུ་གུ་རྒྱུད་འོད་ཁྱིམ་དང་བཅས་པ་མངོན་སུམ་དུ་རྗེན་ཅེ་རེ་མཐོང་བ་ཙམ་དུ་གྱུར་པ་དང་། རྣམ་གཡེང་རབ་ཏུ་ཆེ་བའི་ས་ཕྱོགས་ཏེ། དེ་ཡང་མིའི་རྣམ་གཡེང་གྲོང་ཁྱེར་ཆེན་པོའི་འདུས་སའམ། མི་མ་ཡིན་པའི་རྣམ་གཡེང་དུར་ཁྲོད་ཆེན་པོའི་དཀྱིལ་ལམ། གཉིས་ཀའི་རྣམ་གཡེང་ཚོང་དུས་ཆེན་པོའི་གནས་གང་འཕྲོད་དུ། རབ་སྐྱོར་མེད་རྗེན་པ། འབྲིང་སྐྱོར་ཅན། ཐ་མ་སྒོམ་ཁང་མུན་པ་ཅན་ནམ། བསམ་གཏན་གྱི་ཁང་བུ་སྤྱི་རྒྱུག་ལྟར་གང་འཕྲོད་ལ་བརྟེན་ཏེ། ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ལ་གཞུང་ལྟར་རང་གི་ཉམས་སུ་ཇི་ལྟར་དབེན་པའི་གནས་སུ་བླངས་པ་བཞིན་དུ། དེ་ལྟར་ཉམས་སུ་བླངས་པས་ཚོགས་དྲུག་ཡུལ་སྣང་གང་ལ་ཡང་དབང་པོ་མི་སྤྲོ་བར་མངོན་གསུམ་གྱི་གནད་ལ་གཡོ་བ་མེད་པར་འདུག་ཕན་ཆད་རྣལ་འབྱོར་པས་ཉམས་ལེན་ལ་བརྟན་པ་ཐོབ་ཏེ། འཁོར་བའི་གཡང་ས་སྒྲོལ་བ་ཞེས་ཀྱང་བྱ། ཚེ་གཅིག་ལུས་གཅིག་གིས་རྣལ་འབྱོར་གྲོལ་བ་ཞེས་བྱའོ། །དེ་ལྟར་མ་གྱུར་ཅིང་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པར། ཚོགས་དྲུག་ཡུལ་སྣང་ལ་འབྱམས་ན། སླར་དབེན་པའི་གནས་སུ་ཉམས་སུ་ལེན་པའམ། དེ་ཉིད་དུ་བསྲེ་ཞིང་ཉམས་སུ་བླང་བ་གང་འཐད་ཀྱིས་ཉམས་སུ་བླང་བར་བྱའོ། །མདོར་ན་ཐོག་མར་ཉིན་སྣང་གི་རྣལ་འབྱོར་ལ་བརྟེན་པར་བྱ། དེ་ནས་མཚན་སྣང་གི་རྣལ་འབྱོར་ལ་བརྟེན་པར་བྱ། གང་ལ་ཡང་དྲོད་ཚད་རྣམས་མ་ཡེངས་པར་བརྟགས་པར་བྱའོ། །ཚུལ་དེ་རྣམས་ཀྱིས་རྗེས་ཀྱི་བོགས་འདོན་མཆེད་པའི་ཐབས་འགའ་ཞིག་གོ །དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞི་ཚད་དུ་ཕྱིན་ནས་གདོད་མའི་དབྱིངས་སུ་བརྩོན་འགྲུས་རབ་རྣམས་ཚེ་འདི་ཉིད་ལ་གྲོལ་ལ། འབྲིང་རྣམས་བར་དོའི་རང་སྣང་ལ་བརྟན་པ་ཐོབ་ཅིང་། ཐ་མ་ཡང་རང་བཞིན་སྤྲུལ་སྐུའི་ཞིང་དུ་བར་དོ་མེད་པར་སངས་རྒྱས་པའོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་རང་སྣང་རྫོགས་པར་བྱེད་པའི་ཐབས་ཁྲིད་ཀྱི་རིམ་པ་རྣམས་སོང་ངོ་།། ༈ །།རྩ་བའི་གསུམ་པ་དེ་ལྟར་ཉམས་ལེན་ཁྲིད་དུ་གདབ་ཚུལ་གྱི་ཞབས་བསྡུ་བ་ལ་གསུམ་སྟེ། དང་པོ་རབ་ཉམས་ཁྲིད་དུ་གདབ་པ་ནི། དེ་ཡང་སྔོན་འགྲོ་ནས་གཟུང་སྟེ་མཐར་ཉམས་རྟགས་ཀྱི་རིམ་པ་བཅུ་གཉིས་ཐུག་བར་དཔོན་སློབ་ལྷན་ཅིག་ཏུ་རེ་རེ་ཞིང་རྟགས་ཚད་ལ་ཕབ་པར་ཉམས་སུ་བླང་བར་བྱས་ཏེ། དབང་པོའི་ཁྱད་པར་དང་མཐུན་པར་གྲོལ་བར་འགྱུར་ཞིང་། དེ་ལ་ནི་ལོ་ཟླ་ཚེས་གྲངས་ཀྱི་དུས་མི་འཛིན་པར། རབ་རྟགས་མ་རྫོགས་ཀྱི་བར། འབྲིང་རིག་པ་ཚད་ལ་མ་ཕེབས་ཀྱི་བར། ཐ་མ་ཡང་ཉམས་ལེན་གཅིག་རྐྱ་ཕེར་བ་ཙམ་མ་བྱུང་གི་བར་དུ་གདབ་པར་བྱའོ།། །།གཉིས་པ་འབྲིང་ཚིག་ཁྲིད་དུ་གདབ་པ་ནི། དེ་ཡང་ཐུན་མོང་གི་སྔོན་འགྲོ་བདུན་གྱི་དམིགས་རྐང་རེ་ལ་ཞག་རེའམ། གང་ཟག་གི་ཉམས་ཚོད་དང་བསྟུན་ལ་བྱའོ། །དེ་ནས་འཁོར་འདས་རུ་ཤན་དབྱེ་ཞིང་ཁྲེགས་ཆོད་ཀྱི་དོན་ངོ་སྤྲད་པ་ལ་ཞག་ལྔ་ལ་སོགས་གང་འཐད་གང་ཟག་གི་དབང་པོ་རབ་འབྲིང་དུ་བསྟུན་ལ་བྱའོ། །དེ་ནས་ལུས་སྦྱོང་ལ་ཞག་གཅིག་གམ་གསུམ་དུ་བསླབ། དེ་ནས་ངག་ཡིད་སྦྱོང་བ་ལ་ཞག་གཉིས་གཉིས་སམ། བཞི་བཞིའོ། །དེ་ནས་ཡི་གེ་འབྲུ་གསུམ་ལ་ཞག་བདུན་དུ་བཟླའོ། །དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་ཕབ་པ་དང་སོར་གཞུག་པ་གཉིས་ལ་ཞག་གསུམ་རེ་བྱའོ། །དེ་ནས་ཐོད་རྒལ་གྱི་དངོས་གཞི་སྒོ་གསུམ་གྱི་གནད་གཟིར་བ་ལ་ཞག་གསུམ་མོ། །དེ་ནས་ལུས་ངག་ཡིད་གསུམ་བྱ་བ་གཏང་བ་ལ་ཞག་གསུམ་མོ། །དེ་ནས་སྒོ་ཡུལ་རླུང་རིག་གི་གནད་བསྣུན་པ་ལ་ཞག་གསུམ་མོ། །དེ་ལྟར་ཐོད་རྒལ་མངོན་སུམ་གྱི་ངོ་སྤྲོད་ཐེབ་པར་བྱ་ཞིང་། སྣོད་ཀྱི་མཚན་ཉིད་ཤེས་པར་བྱས་ལ། ཨར་གཏད་ཀྱི་ལག་ཁྲིད་དང་། རྒྱུན་ཁྱེར་ཉིན་མཚན་གྱི་རྣལ་འབྱོར་ཀྱང་གདབ་པར་བྱ་བ་ནི། ཐུན་མོང་དུ་མི་གདབ་པ་གནད་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་སྣང་བ་ངོ་སྤྲད་ཅིང་མཐོང་བ་དེ་ལས་མི་འབྲལ་བར་ཉམས་སུ་བླངས་ཏེ། སྣང་བ་བཞི་མ་རྫོགས་བར་དུ་མཐའ་རྟེན་རྒྱབ་རྟེན་བྱས་ཏེ་ཉམས་སུ་བླང་། དེ་ཡང་རབ་ཉམས་ལེན་གྱི་གནད་ཤེས་པ། འབྲིང་དོན་གོ་བ། ཐ་མ་ཡང་རིམ་པ་གོ་མ་ལོག་ཙམ་གྱིས་ཚིག་ཟིན་ཅིང་ཉམས་ལེན་གནད་ཤེས་པར་བྱའོ།། །།གསུམ་པ་ཐ་མ་ལུང་ཁྲིད་དུ་གདབ་པ་ནི། རབ་ཟླ་བ་གཅིག །འབྲིང་ཞག་བཅུ་གསུམ། ཐ་མ་ཞག་བདུན་གྱི་ཁོངས་སུ་ཁྲིད་ལུང་རྫོགས་པར་གདབ་པས་དེས་ཀྱང་གང་ཟག་དབང་པོ་རྣོན་པོའམ། སྔོན་གྱི་ལས་འཕྲོ་ཡོད་པ་རྣམས་ནི་ངོ་འཕྲོད་པར་འགྱུར་རོ། །འབྲིང་བརྩོན་འགྲུས་དང་ལྡན་ཞིང་མོས་གུས་ལ་ལྟེམ་རྐྱང་མ་ཞུགས་ན། ཉམས་སུ་ལེན་པའི་ཕྱོགས་རྟོགས་རྙེད་པར་འགྱུར་རོ། །ཐ་མ་རྣམས་ཀྱང་འབྲེལ་པ་ཐོབ་པའི་བྱིན་རླབས་ཀྱིས་དེང་ཕྱིན་ཆད་ངན་སོང་དུ་ལྟུང་མི་སྲིད་ཅིང་། སྐྱེ་བ་འདིའི་འོག་རོལ་དུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཆོས་འདི་ལྟ་བུ་ལ་སོགས་པ་དང་མཇལ་ཞིང་ཉམས་སུ་ཚུལ་བཞིན་དུ་ལོན་ནས་རང་གཞན་ལ་ཕན་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །མདོར་ན་དཔོན་སློབ་ཐམས་ཅད་ཀྱིས་ཉམས་ཁྲིད། ཚིག་ཁྲིད། ལུང་ཁྲིད་གསུམ་གང་བྱེད་ཀྱང་། ཉམས་ཁྲིད་ལ་ཉམས་ལེན་གྱི་སྲང་དུ་ཚུད་པ། ཚིག་ཁྲིད་ལ་ཚིག་དོན་འབྲེལ་བས་ཉམས་ལེན་གྱི་གནད་གོ་བ། ལུང་ཁྲིད་ལ་དོན་འབྲུ་ཐོག་ཏུ་མ་ལུས་ཤིང་བཀའ་ལུང་རྗེས་གནང་རྫོགས་པར་གདབ། ཐམས་ཅད་ཀྱང་བཤད་ལོ་ཉན་ལོ་ཙམ་གྱིས་ལོ་འདོད་ཀྱི་དབང་དུ་མ་སོང་བར། གནད་ཐོག་ཏུ་ཕེབས་པ། རྒྱུད་ཐོག་ཏུ་ཁེལ་བ། དོན་ཐོག་ཏུ་འདྲིལ་བ་གལ་ཆེ་བ་ཡིན་ནོ། །ཞེས་གསུངས་སོ།། །།ཟབ་མོ་སྙིང་ཐིག་ཆོས་སོ་ཅོག་རྣམས་ལས། །ཟབ་ཁྲིད་མི་འདྲ་རྒྱ་ཆེ་གྲངས་མང་ཡང་། །ཟབ་གནད་ཀུན་འདུས་ལག་ལེན་འདི་ཁོ་ན། །ཟབ་ཟབ་ཡིག་ཚོགས་མང་པོས་དགོས་མེད་སྙམ། །འདི་ནི་མཚུངས་མེད་ཤཱཀྱའི་མཚན་ཅན་གྱི། །ཟབ་དོན་མངོན་སུམ་གསལ་བྱེད་མན་ངག་ལས། །བླ་མས་ཞལ་ཤེས་ལག་ཁྲིད་བྱས་པ་རྣམས། ཁོ་བོས་་་བུ་འབོར་བཀྲ་ཤིས་རྒྱ་མཚོ།གུད་དུ་ཕྱུང་ནས་བྲིས་པ་ལ། །དོན་དུ་མ་གྱུར་ཉེས་སྐྱོན་གང་ཡོད་རྣམས། །བླ་མ་ཡབ་སྲས་གཉིས་ལ་བཟོད་པར་གསོལ། །དོན་དུ་གྱུར་པའི་དགེ་བ་ཡོངས་བསྔོ་ཞིང་། །རང་གཞན་ཐམས་ཅད་ཚེ་འདིར་གྲོལ་བར་ཤོག །སརྦ་མངྒ་ལཾ།། །། ༈ འདིའི་ཁྲིད་ལུང་གི་བརྒྱུད་པ། མཛད་པ་པོ་ནས་ཧེ་པ་ཆོས་འབྱུང་། སྟོན་པ་རྒྱལ་མཚན། ཀུན་བཟང་ཤེས་རབ་ནས་དཔལ་ཡུལ་སྤྱི་བརྒྱུད་ལྟར་ལ། ཀརྨ་འགྱུར་མེད། ཀརྨ་ཀུན་བཟང་བསྟན་འཛིན་ཞལ་སྔ་ནས་ནོས།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).