Terdzo-PI-019



Property "author" has been marked for restricted use.








Terdzo-PI-019.pdf
Click the picture above to view the Shechen manuscript.

ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕུད་རབས་རྒྱས་པ་འདོན་སྩོལ་རེ་སྐོང་བཀླག་ཆོག་ཏུ་བཀོད་པ་

kun mkhyen chen po dri med 'od zer gyis mdzad pa'i phud rabs rgyas pa 'don stsol re skong bklag chog tu bkod pa

by  ཀློང་ཆེན་རབ་འབྱམས་ (Longchen Rabjam)
in cycle  ཕུད་རབས་རྒྱས་པ་ (Phud rabs rgyas pa)
Volume 43 (པི) / Pages 375-412 / Folios 1a1 to 19b6

Tibetan Text

༄༅། །ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས་མཛད་པའི་ཕུད་རབས་རྒྱས་པ་འདོན་སྩོལ་རེ་སྐོང་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། དགོས་འདོད་མ་ལུས་འབྱུང་བའི་གནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །ཕུད་རབས་མཆོད་པའི་ཆོ་ག་བྲི། །དེ་ལ་དང་པོ་ལེགས་པར་བཤམ་པ་ནི། རིན་པོ་ཆེ་ལ་སོགས་པའི་མཆོད་གཞོང་གཙང་མར། གསང་བཤོས་ཟླ་གམ་རྩེ་ལྔ་པ་མར་ཐུད་ལ་སོགས་པས་བརྒྱན་པའི་མཐར་ཤ་དང་ཁུར་བ་ལ་སོགས་པས་བསྐོར་ཞིང་། གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པའི་མཆོད་རྫས་མང་པོ་དང་། སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། མཆོད་འབྲུ་དང་ཕུད་ཕོར་ལ་སོགས་པ་སྟ་གོན་བྱས་ལ་མཆོད་རྫས་ཐམས་ཅད་ལ་རོལ་མོས་བྱིན་དབབ་བོ། །དེ་ནས་བདག་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཐལ་མོ་སྦྱར་ཞིང་སྐྱབས་སུ་འགྲོ་བ་ནི། རྒྱུ་སྦྱོར་བས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་བར་བགྱིའོ། །ལན་གསུམ། ན་མོ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཆེན་པོ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་ཉིད་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཅིང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། འོད་ཟེར་མུ་མེད་པ་འཕྲོ་བའི་འོད་ཀྱིས་ཤར་ཕྱོགས་རི་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བདག་ལ་ཐིམ་པས་རང་ཉིད་སྤྱན་རས་གཟིགས་དངོས་སུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ལས་མེ་འབར་མཆོད་རྫས་སོ་སོའི་འབགས་བཙོག་དང་སེར་སྣ་ལ་སོགས་པའི་མ་དག་པ་ཐམས་ཅད་བསྲེགས། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། མཆོད་རྫས་སུ་སྣང་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་མཆོད་རྫས་ཀྱི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨ་ལས་བདུད་རྩི་དེ་ཉིད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ལས་འདོད་ཡོན་དེ་དག་མགྲོན་སོ་སོའི་ཅི་བཞེད་པའི་ལོངས་སྤྱོད་དུ་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ལས་འོད་འཕྲོས་ལོངས་སྤྱོད་དེ་དག་མགྲོན་སོ་སོའི་སྤྱན་ལམ་དུ་འབབ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཛཿལས་སྤྱན་ལམ་དུ་བབས་པའི་ལོངས་སྤྱོད་རྣམས་མགྲོན་ཐམས་ཅད་ཀྱིས་ཕམ་རྒྱལ་མེད་པར་ཐོབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། མཆོད་ཡོན་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་གཏེར་མཁོ་དགུ་འབྱུང་བས་འཕགས་པ་སྤྱན་རས་གཟིགས་དང་། འདོད་ཡོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་ས་གཞི་བར་སྣང་ཐམས་ཅད་གང་བར་གྱུར། དེ་ནས་ཡུལ་ཁམས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་བྷྲཱུྃ་ཛྙཱ་ན་ཙཀྲ་བྷྲཱུྃ་ལས་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ས་གཞི་ལ། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པས་བརྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་གནས་སུ་གྱུར་པ། རྒྱ་ཚད་མེད་པ། ཉེ་འཁོར་མཐའ་ཡས་པ། ཕྱི་ནང་ཀུན་ན་མགྲོན་སོ་སོའི་གནས་དང་གདན་དང་བཀོད་པ་མཐའ་ཡས་པ། ས་གཞི་དང་བར་སྣང་ཐམས་ཅད་པདྨ་རིན་པོ་ཆེའི་ཁྲི་དང་དར་ཟབ་རྣམས་བརྩེགས་པའི་ཁྲི་དང་། གདུགས་དང་། རྒྱལ་མཚན་དང་། བླ་རེ་དང་། འཕན་ལྡིང་དཔག་ཏུ་མེད་པའི་ཚོགས་དང་། རོལ་མོའི་ཚོགས་མཐའ་ཡས་པ་དང་། འདོད་པའི་ཡོན་ཏན་དཔག་ཏུ་མེད་པའི་སྤྲིན་ཕུང་འཁྲིགས་པས་རབ་ཏུ་བརྒྱན་པར་གྱུར། ཨོཾ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །ཕུང་པོ་ཐམས་ཅད་སངས་རྒྱས་ཞིང་། །རྣམ་དག་རིན་ཆེན་ས་གཞི་ལ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཀུན་ཏུ་བཀོད་པ་ཚད་མེད་དེ། །གདན་ཁྲི་རིན་ཆེན་པདྨ་དང་། །དར་ཟབ་ལྷ་ཡི་གོས་ཀྱིས་བརྒྱན། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་འཁྲིགས། །ཕྱོགས་ཀྱི་ཉེ་འཁོར་ཐམས་ཅད་ཀྱང་། །དཔག་བསམ་ཤིང་དང་ལྗོན་པའི་ཚལ། །རིན་ཆེན་ཆུ་མཚོ་པདྨས་བརྒྱན། །གསེར་དངུལ་ལ་སོགས་རིན་ཆེན་རི། །འོད་འབར་ལྷ་ཡི་ཁང་བརྩེགས་འབར། །ཀུན་ནས་མཛེས་པའི་བཀོད་པས་བརྒྱན། །ས་དང་བར་སྣང་ཁམས་ཀུན་ཏུ། །ལྷ་དང་མི་ཡི་འདོད་ཡོན་གང་། །སྤོས་དང་རོལ་མོའི་སྤྲིན་ཕུང་འཕྲོ། །གྲངས་མེད་བསམ་གྱིས་མི་ཁྱབ་པ། །སྣ་ཚོགས་ཞིང་གི་ཡོན་ཏན་མཆོག །སེམས་ཀྱི་ཏིང་འཛིན་རོལ་མོ་ཡིས། །མངོན་སྤྲུལ་དག་པའི་གནས་མཆོག་འདིར། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །མགྲོན་རྣམས་བཞུགས་པའི་གཞིར་གྱུར་ཅིག །ཨོཾ་རཏྣ་མཎྜ་ལ་ས་མ་ཡེ་ཙཀྲ་བྷྲཱུྃ། དེ་ནས་མགྲོན་སྤྱན་དྲང་བ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནང་བར་བསམ་སྟེ། སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲང་བ་ནི། ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ་ལོ། །ཧོ། དཀྱིལ་འཁོར་དབང་ཕྱུག་གདོད་མའི་མགོན་པོ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བགེགས་དང་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །ལྷག་མར་གྱུར་པའི་མགྲོན་རིགས་ཡན་ཆད་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །བྱང་ཆུབ་སེམས་བསྐྱེད་སེམས་དང་བཅས་ཏེ་བྱོན། །འཕགས་དགུ་བསྙེན་བཀུར་སེམས་དང་བཅས་ཏེ་བྱོན། །སྐྱེ་དགུ་ཕན་མཛད་སེམས་དང་བཅས་ཏེ་བྱོན། །གཙུག་ལག་སྐྱོང་བའི་སེམས་དང་བཅས་ཏེ་བྱོན། །མདོར་ན་དཀོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །འཁོར་འདས་ཐམས་ཅད་མགྲོན་དུ་སྤྱན་འདྲེན་གྱིས། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །བསོད་ནམས་རིན་ཆེན་གླིང་འདིར་མྱུར་དུ་བྱོན། །ལྷ་རྣམས་འདྲེས་མའི་ཚལ་དུ་འདུ་བ་ལྟར། །ལོངས་སྤྱོད་འདྲེས་པའི་ཚལ་འདིར་མྱུར་དུ་བྱོན། །རིག་འཛིན་དཔག་བསམ་ཀུན་རར་རྒྱུ་བ་ལྟར། །མཆོད་སྦྱིན་དཔག་བསམ་ཀུན་རར་མྱུར་དུ་བྱོན། །ཨོཾ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བཾ། བཛྲ་ས་མ་ཡ་ཧོཿ ཞེས་པས་སེ་གོལ་དཔུང་པར་བརྡབས་ལ་རོལ་མོའི་སྒྲ་དང་བཅས་པས། མགྲོན་ཐམས་ཅད་ཕྱོགས་ཐམས་ཅད་ནས་ས་གཞི་དང་བར་སྣང་ཁྱབ་པ་བྱོན་པར་བསམས་ནས་བཞུགས་སུ་གསོལ་བ་ནི། པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། ཧོཿ ཐམས་ཅད་ཀུན་ནས་བྱོན་ཅིང་གཤེགས་པ་རྣམས། །ཏིང་འཛིན་དངོས་བཤམས་དག་པའི་གནས་མཆོག་འདིར། །སོ་སོའི་མགྲོན་རིགས་དགྱེས་པའི་གདན་ཁྲི་ལ། །མི་འགྱུར་བདེ་ཆེན་ངང་དུ་བཞུགས་ནས་ཀྱང་། །བདག་གི་མཆོད་སྦྱིན་དམ་པ་བཞེས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་སེ་གོལ་དང་བཅས་པས། མགྲོན་ཐམས་ཅད་སྔར་བསྐྱེད་པའི་གཞལ་མེད་ཁང་དུ་གཙོ་འཁོར་སོ་སོའི་གདན་ལ་ཆེ་ཆུང་སྟེང་འོག་ཕྱི་ནང་གི་ཚུལ་གྱིས་ཁྱབ་པར་བསམ་ལ། སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། ཨོཾ། བསོད་ནམས་རིན་ཆེན་གླིང་འདིར་གཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་གྱུར་པ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆག་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད། །ཅེས་སོ་སོའི་ཕྱག་དང་། དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །དེ་དག་ནི་མགྲོན་སྤྱན་དྲངས་ཤིང་སྤྱིར་མཆོད་པའོ། ༈ །དེ་ནས་བྱེ་བྲག་ཏུ་ཕུད་ཀྱིས་མཆོད་པ་དང་པོ་ནི། བསང་བཤོས་ཀྱི་རྩེ་མོ་ལྔ་དབུས་ནས་བཅད་ཁ་བཅད་པ་ཕུད་ཕོར་དུ་རིམ་པས་མཆོད་འབྲུའི་ཕུད་དང་བསྡེབས་ལ་བླུགས་ཏེ་གཅིག་ལངས་ནས་བཟུང་ལ། མཚམས་མཚམས་སུ་རོལ་མོའི་སྒྲ་དང་བཅས་པས་གནམ་ཕུད་འཐོར་ཞིང་གདངས་སྙན་པོས་འདི་སྐད་དོ། །ཧོ། ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས། ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། ཀུན་གྱི་སྤྱི་ཕུད་དམ་པར་གྱུར་པ་དང་། བླ་ན་མ་མཆིས་པའི་འཕགས་པ་དཀོན་མཆོག་གསུམ་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་ཡོན་མཆོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པའི་མངའ་ཐང་ཆེན་པོས་དབང་དང་འབྱོར་པ་དང་འདོད་དགུའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཆོས་ཐམས་ཅད་ཀྱི་འབྱུང་གནས། དགེ་འདུན་ཐམས་ཅད་ཀྱི་རང་བཞིན། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་སུ་བརྒྱུད་པ་ཐམས་ཅད་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། འདོད་ཡོན་རྒྱན་གྱི་རོལ་པ། དགྱེས་ཤིང་སྒྲུབ་པའི་དམ་རྫས། ཕྱི་ནང་གསང་བའི་མཆོད་པ། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་བཀང་སྟེ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་བསམ་དགུའི་རེ་བ་ཐམས་ཅད་སྒྲུབས་ཤིག །འདོད་དགུའི་དངོས་གྲུབ་ཐམས་ཅད་སྩོལ་ཅིག །འགལ་འཁྲུལ་དང་ཉམས་ཆག་ཐམས་ཅད་སྐོངས་ཤིག །དགོངས་ཀློང་དང་ཏིང་འཛིན་སྤེལ་ཅིག །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༈ ཧོ། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཕྱིན་མ་ལ། སྲས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཧོ། གནས་མཆོག་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྟོན་པ་དཔལ་རྡོ་རྗེ་སེམས་དཔའ་ལ། འཁོར་རིགས་ལྔའི་སངས་རྒྱས་ཞི་དང་ཁྲོ་བོའི་རོལ་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གནས་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་ན། ཆོས་སྐུ་རྡོ་རྗེ་འཆང་ལ། འཁོར་ས་ལ་གནས་པ་དང་། གྲུབ་པ་ཆེན་པོ་དང་། རིག་པ་འཛིན་པ་དང་། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་ལ་སོགས་པས་བསྐོར་བ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གནས་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱས་བསྐོར་བ་ན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། ཁྱད་པར་དུ་གནས་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་རྣམ་པ་བཞི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པས་བསྐོར་བ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སྔ་རབས་འདས་པའི་སངས་རྒྱས་མར་མེ་མཛད། སླད་ཀྱིས་འབྱོན་པའི་སངས་རྒྱས་བྱམས་པ། ད་ལྟར་བཞུགས་པའི་སངས་རྒྱས་མི་འཁྲུགས་པ་དང་། འོད་དཔག་མེད་ལ་སོགས་པ་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་སྲས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་འདི་དང་ཕྱི་མའི་རེ་སྨོན་དམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་རང་བཞིན། ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་དང་། ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པས་རང་གཞན་གྱི་དོན་གཉིས་རྫོགས་པར་མཛད་དུ་གསོལ། ༈ ཧོ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་དུའང་བདེ་གཤེགས་ཞི་བའི་ལྷ་ཚོགས། འབར་བ་ཁྲོ་བོའི་ལྷ་ཚོགས། འདུས་པ་མདོའི་ལྷ་ཚོགས། སྒྱུ་འཕྲུལ་རྒྱན་གྱི་ལྷ་ཚོགས། ཨ་ཏི་སེམས་ཀྱི་ལྷ་ཚོགས། འཆི་མེད་ཚེའི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་དང་། བཅོམ་ལྡན་འདས་གསང་བ་འདུས་པ། གཤིན་རྗེའི་གཤེད། བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ། དུས་ཀྱི་འཁོར་ལོ་ལ་སོགས་གསང་སྔགས་ཕྱི་ནང་གི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་དམ་པའི་ཆོས་དཀོན་མཆོག་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ཚིག་གི་རང་བཞིན། ས་བཅུ་དང་ལམ་ལྔ། འཕགས་པའི་སྤངས་རྟོགས་ཁྱད་པར་ཅན་གསུང་རབ་ཡན་ལག་བཅུ་གཉིས་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་དགེ་འདུན་དཀོན་མཆོག །ཐེག་པ་གསུམ་གྱི་ལམ་ལ་ཞུགས་པ། ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། གདུང་བ་སེལ་བ་ལ་སོགས་རང་སངས་རྒྱས་ཀྱི་དགེ་འདུན་ཐམས་ཅད་དང་། བཟང་སྐྱོང་དང་དྲྭ་བ་སྦྱིན་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། ཁྱད་པར་དུ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་ལ་སོགས་པ་རིག་སྔགས་ཀྱི་བདག་པོ་ཐམས་ཅད་དང་། འཕགས་མ་སྒྲོལ་མ། འོད་ཟེར་ཅན། རྨ་བྱ་ཆེན་མོ། གཟུངས་ཀྱི་སྙེ་མ། ཀུ་རུ་ཀུལླེ། ནོར་རྒྱུན་མ་ལ་སོགས་པ་གཟུངས་སྔགས་ཀྱི་ལྷ་མོ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པས་གསང་སྔགས་དང་། རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཡོངས་སུ་གྲུབ་པ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལ་སོགས་ཡོན་ཏན་གྱི་འབྱོར་པ་དཔག་ཏུ་མེད་པ་འགྲུབ་པ་དང་། ཚེ་དང་དབང་ཕྱུག་དང་། འཁོར་དང་ཡོ་བྱད་དང་། དབང་དང་གྲགས་པ་དང་། མངའ་ཐང་དང་འབྱོར་པ་ཆེན་པོ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ༈ ཧོ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་བཅས་པ་དང་། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ཕྱག་དྲུག་པ། གྲི་གུག་པ། མཐར་སྐྱེས་པ། ལེགས་ལྡན་ནག་པོ། གུར་མགོན། གདོང་བཞི་པ། སྟག་ཞོན། སེང་གེའི་གདོང་ཅན་ལ་སོགས་པ་དྲེགས་པ་ཕོ་རྒྱུད་ཐམས་ཅད་དང་། ཁྱད་པར་དུ་ཡང་དཔལ་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ་ཊི། ཏྲག་ཤད་ལྕམ་དྲལ། རེ་མ་ཏི་མཆེད་ལྔ། ཤན་པ་སྲོག་སྒྲུབ་ནག་མོ། གཟའི་དགེ་བསྙེན་རཱ་ཧུ་ལ། གནོད་སྦྱིན་དམར་ནག །དམ་ཅན་རྡོ་རྗེ་ལེགས་པ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་དང་། གཞན་ཡང་གུ་རུ་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཡབ་ཡུམ། ཉང་ཏིང་འཛིན་བཟང་པོ། རིག་འཛིན་ཀུ་མ་རཱ་ཛ། རྒྱལ་སྲས་དྲི་མེད་འོད་ཟེར། རྒྱལ་དབང་རིན་ཆེན་ཕུན་ཚོགས། རྗེ་བཙུན་སྣ་ཚོགས་རང་གྲོལ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་བཅས་པ་རྣམས་ཀྱི་བཀའ་དང་འཁོར་ན་གནས་པའི་སྲུང་མ་མཚན་ནས་མ་ཐོན་པ་རྣམས་དང་། རྣལ་འབྱོར་པ་བདག་གི་ཕ་མེས་རྒྱུད་ཀྱི་སྲུང་མ། སྒོས་སུ་རྣལ་འབྱོར་པ་བདག་ལ་འགོ་ཞིང་སྡོངས་གྲོགས་བྱེད་པའི་སྲུང་མ་མཐུ་བོ་ཆེ་མིང་དང་མཚན་ནས་མ་ཐོན་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པར་ཉིན་གསུམ་གྱི་བྱ་ར་མཛོད་ཅིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །མགོན་སྐྱོབ་དང་དཔུང་གཉེན་མཛོད་ཅིག །གཞི་ལ་སྡོད་ན་ལེགས་པ་སྒྲུབས་ཤིག །བྱེས་སུ་འགྲོ་ན་མགོན་སྐྱབས་མཛོད་ཅིག །ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད་ཅིག མི་ལ་ན་ཚ་མ་གཏང་། རྟ་ཕྱུགས་ལ་གོད་ཁ་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། མི་ཁ་གླེང་བརྗོད་མ་གཏང་། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། རྒྱ་གར་རྡོ་རྗེ་གདན་གྱི་སྲུང་མ། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་སྲུང་མ། ཁ་ཆེ་ཁྲི་སྟན་གྱི་སྲུང་མ། ལི་ཡུལ་ལྕང་ར་སྨུག་པོའི་སྲུང་མ། གྲུ་གུ་མཐར་ལེགས་ཀྱི་སྲུང་མ། དུར་ཁྲོད་བརྒྱད་ཀྱི་སྲུང་མ། ཧ་ལ་ཤན་གྱི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བྱེ་བྲག་ཏུ་ཡང་བོད་ཁ་བ་ཅན་གྱི་སྲུང་མ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །མོན་ཡུལ་རྡོ་དང་ཀོང་པོའི་སྲུང་མ་གཏེར་བདག་ཡུལ་ལྷ་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། ཁྱད་པར་དུ་ཡང་ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མ། ལྷ་ས་འཕྲུལ་སྣང་གི་སྲུང་མ། རྒྱས་བཏབ་ར་མོ་ཆེའི་སྲུང་མ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་རྣམས་དང་། ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་། བྲག་དམར་མགྲིན་བཟང་། མཆིམས་ཕུ་སྣ་དམར། སྐ་ཆུ་དཔལ་འབྱུང་གི་པ་གོང་གི་གཙུག་ལག་ཁང་། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་། འུ་ཤང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་སྲུང་མ་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གཞན་ཡང་དབུ་རུ་ན་ཀ་ཚལ། གཡོ་རུ་ན་ཁྲ་འབྲུག །རྒྱང་རོ་རྩིས་ཀྱི་ལྷ་ཁང་། མང་ཡུལ་ན་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་། པྲ་དུན་རྩེའི་ལྷ་ཁང་། སྐྱོ་དུན་རྩེའི་ལྷ་ཁང་། ཀོང་པོ་ན་བུ་ཆུ། བུམ་ཐང་ན་དགེ་གནས། ལྷོ་བྲག་ན་མཁོ་མཐིང་། ཁམས་ན་ཀློང་ཐང་བྱང་ཆུབ་སྒྲོལ་མའི་གཙུག་ལག་ཁང་། སྐ་ཆུ་ན་གསེར་གྱི་གཙུག་ལག་ཁང་། བྱང་ན་རའི་གཙུག་ལག་ཁང་། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་ལ་སོགས་པ་མཐའ་འདུལ་དང་། ཡང་འདུལ་དང་། མཐའ་ཡང་འདུལ་གྱི་གཙུག་ལག་ཁང་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་ལྷ་ས་དང་ཡེར་པའི་གཙུག་ལག་ཁང་། བསམ་ཡས་མཆིམས་ཕུའི་གཙུག་ལག་ཁང་། དཔལ་ཆུ་བོ་རིའི་གཙུག་ལག་ཁང་། དབེན་གནས་ལྷ་རིང་བྲག་གི་སྲུང་མ། ལྷོ་བྲག་མཁར་ཆུའི་སྲུང་མ། ཁམ་ཕུག་རྫོང་གི་སྲུང་མ། སྦས་ཡུལ་བཞི་དང་འབྲོས་ཡུལ་བཞི་ལ་སོགས་དབེན་གནས་གཉན་པོ་ཉི་ཁྲི་ཆིག་སྟོང་གི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གཙང་རིས་ལྷའི་དགེ་བསྙེན་ཆེན་པོ། ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཧོ། གཞན་ཡང་སའི་ལྷ་མོ་བརྟན་མ་ལ་སོགས་ཏེ་སྟོང་གསུམ་ཡུལ་གྱི་གཞི་བདག་ཆེན་པོ་ཐམས་ཅད་དང་། ཁྱད་པར་དུ་བོད་ཁ་བ་ཅན་གྱི་གནས་བདག་ཆེན་པོ། གནོད་སྦྱིན་ཆེན་པོ་རྡོ་རྗེ་ཐང་ལྷ། རྡོ་རྗེ་ཤམྦྷོ། རྡོ་རྗེ་གངས་བཟང་། རྡོ་རྗེ་མཁའ་རི། རྨ་རྒྱལ་སྤོམ་ར་ལ་སོགས་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། མཆོད་དོ། །ཧོ། གཞན་ཡང་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་ལ་སོགས་པ་གནོན་སྦྱིན་མ་ཆེན་མོ་བཞི། རྡོ་རྗེ་ཁྱུང་བཙུན་མ་ལ་སོགས་ཏེ་བདུད་མོ་ཆེན་མོ་བཞི། རྡོ་རྗེ་བོད་ཁམས་སྐྱོང་མ་ལ་སོགས་ཏེ་སྨན་བཙུན་མ་ཆེན་མོ་བཞི་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་འབྱོར་པ་སྤེལ་ཅིག །འདོད་དོན་དང་དངོས་གྲུབ་སྩོལ་ཅིག །ལེགས་པ་ཆོས། ཉེས་པ་ཟློགས། བསམ་པ་སྒྲུབས། རེ་བ་སྐོངས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ལ་གནས་པའི་གཞི་བདག་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། བཙན་མཐུ་བོ་ཆེ། རྒྱལ་པོ་མཐུ་བོ་ཆེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། ཁང་གཞི་ཁང་སྐོར་འདི་ཉིད་ལ་གནས་པའི་གཞི་བདག་ཐམས་ཅད་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སྡོད་ན་ལེགས་པར་སྐྱོངས་ཤིག །རུ་ང་དང་ཕྲག་དོག་མ་མཛད་ཅིག །འགྲོ་ན་འཁྲེན་གཟེར་མ་བྱེད་ཅིག །གནས་མགྲོན་གྱི་དམ་ཚིག་གཉན་པོ་སྲུངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷ་དང་མི་ཡི་དྲང་སྲོང་ཆེན་པོ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཆེན་པོ་གསེར་མིག་ཅན་ལ་སོགས་པ་ནམ་མཁའ་ལྡིང་འཁོར་དང་བཅས་པ་རྣམས་དང་། དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ལ་སོགས་པ་མིའམ་ཅི་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་དང་། ཀླུ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ནོར་གྱི་དབང་ཕྱུག་ཛམྦྷ་ལ་དང་། པི་ཙི་ཀུནྜ་ལཱི་དང་། ཚོགས་ཀྱི་བདག་པོ་དང་། རྣམ་ཐོས་ཀྱི་བུ་དང་། འཕྲོག་མའི་བུ་ལྔ་བརྒྱ་ལ་སོགས་པ་ནོར་ལྷ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པས་བདག་ཅག་གི་ནོར་དང་། འབྲུ་དང་། གོས་དང་བཞོན་པ་དང་། གནས་དང་ཡོ་བྱད་ཀྱི་མངའ་ཐང་ཆེན་པོ་རྒྱས་པར་མཛོད་ཅིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཚངས་པ་གདོང་བཞི་ལ་སོགས་པ་གཟུགས་ཁམས་འོད་གསལ་གྱི་རིགས་རྣམས་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི། འདོད་ཁམས་ལྷའི་རིགས་ཀྱི་གཙོ་བོ་ཆེན་པོ། དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ། ཨུ་མ་དེ་བཱི། ཁྱབ་འཇུག་ཆེན་པོ། གཞོན་ནུ་ཀཱརྟྟི་ཀ །ཙཎྜ་ལི་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། ཤར་ཕྱོགས་སྐྱོང་བའི་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ། ལྷོ་ཕྱོགས་སྐྱོང་བའི་རྒྱལ་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ། ནུབ་ཕྱོགས་སྐྱོང་བའི་རྒྱལ་པོ་སྤྱན་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་ཚོགས་ཀྱིས་བསྐོར་བ་འཁོར་དང་བཅས་པ་ཐམས་ཅད་དང་། བར་སྣང་གི་ལྷའི་རིགས་སུ་གྱུར་པ་ཐམས་ཅད་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ནམ་མཁའི་ལྷ་དང་། རིའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། སྐྱེད་མོས་ཚལ་གྱི་ལྷ་དང་། ཡུལ་འཁོར་གྱི་ལྷ་དང་། གྲོང་ཁྱེར་གྱི་ལྷ་དང་། རྒྱལ་པོའི་ཕོ་བྲང་གི་ལྷ་དང་། གཙུག་ལག་ཁང་གི་ལྷ་དང་། དུས་ཚིགས་ཀྱི་ལྷ་དང་། ཞིང་གི་ལྷ་དང་། སྦུ་གུ་མི་ལ་འགོ་བའི་ལྷ་ལྔ་ལ་སོགས་པ། མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་ཞལ་ཟས། འདོད་ཡོན་ལྔའི་སྤྲིན་ཕུང་གིས་གཏིབས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ལེགས་པ་བརྒྱ་དང་སྤྲོད་ཅིག །ཉེས་པ་སྟོང་རྣམས་སུབས་ཤིག །མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །མདུན་གྱི་མཁར་བ་གྱིས་ཤིག །རྒྱབ་ཀྱི་སློག་པ་གྱིས་ཤིག །ཉིན་གསུམ་གྱི་བྱ་ར་གྱིས་ཤིག །མཚན་གསུམ་གྱི་མེལ་ཚེ་མཛོད་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་བྱུང་ན་སྨན་ཐོངས་ཤིག །ལེགས་པ་ཆོས། ཉེས་པ་ཟློགས། མི་མཉམ་པ་དང་མཉམ་དུ་ཆུགས་ཤིག །མཉམ་གཉིས་གང་གི་རྒྱལ་ཁ་ཐོན་ཅིག །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས། དབང་ཆེན་གསེར་གྱི་ས་གཞི་ལ་གནས་པ་དཀར་ཕྲེང་གི་ལྷ་མ་ཡིན་དཔག་ཏུ་མེད་པ། རི་རབ་ཀྱི་ཆུ་མཚམས་ན་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་འཁོར་དང་བཅས་པ། མཐུ་དཔལ་ལྷ་ཡི་རིགས། གདུག་པ་ཀླུ་ཡི་རིགས། ནག་པོ་བདུད་ཀྱི་རིགས། འབྱོར་པ་གནོད་སྦྱིན་གྱི་རིགས། གདུག་རྩུབ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དགྱེས་པ་ཆེན་པོས་དགོངས་ཏེ། བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་གཏང་། རྟ་ཕྱུགས་ལ་གོད་ཁ་མ་གཏང་། དེས་ལེན་དང་དེས་ཉེས་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། མི་མང་སར་སྨ་མ་དབབ། བྱ་མང་སར་སྤུ་མ་ཐོགས། བརྒྱ་ཁ་མང་གིས་གླེང་དུ་མ་འཇུག །སྟོང་མིག་མང་གིས་བལྟ་རུ་མ་འཇུག །རང་བས་གཞན་པས་བརྙས་སུ་མ་འཇུག །ཁ་རྗེ་དང་དབང་ཐང་མ་ཟློགས། བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གླིང་བཞི་མིའི་འགྲོ་བ། སྔོན་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་སམ་ང་ལས་ནུ། དགེ་བ། རབ་མཛེས། གསོ་སྦྱོང་འཕགས་ལ་སོགས་རྒྱལ་རིགས་དྲ་མ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་དང་། འཕགས་སྐྱེས། བཟང་པོ། གྲགས་པ་ལ་སོགས་རྗེའུ་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། སྐར་མཁན། ལག་བཟང་། རྒྱུན་ཤེས་ལ་སོགས་བྲམ་ཟེའི་རིགས་སུ་གྱུར་པ་ཐམས་ཅད་དང་། སེང་གེ་ལ་སོགས་དམངས་རིགས་འཁོར་དང་བཅས་པ་ཐམས་ཅད་དང་། མགོན་མེད་ཟས་སྦྱིན་ལ་སོགས་ཁྱིམ་བདག་གི་རིགས་སུ་གྱུར་པ་ཐམས་ཅད་དང་། ཚོང་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། དམག་དཔོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། མདུན་ན་འདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་། ཕོ་ཉ་བྲན་དང་མངགས་གཞུག་པའི་རིགས་སུ་གྱུར་པ་ཐམས་ཅད་དང་། སྐྱེ་བོ་ཕལ་པ་ཞོ་ཤས་འཚོ་བ་དབུལ་ཕོངས་ཀྱི་རིགས་ཡན་ཆད། མིའུ་རིགས་བཞིའི་གནས་རིགས་སུ་གཏོགས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་དགྱེས་པའི་མངའ་ཐང་དང་བཅས་པ་འདི་བཞེས་ལ། བདག་ཅག་ལེགས་པའི་དབུ་རྨོག་སྐྱེད་ཅིག །མངའ་ཐང་དང་འབྱོར་པ་རྒྱས་པར་མཛོད་ཅིག །ཆབ་སྲིད་བརྟན་ཞིང་འཇམ་པ་སྐྱེད་ཅིག །གནས་དང་འཁོར་དང་འབྱོར་པ་སྤེལ་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། མར་མགྲོན།་་་གཞན་ཡང་ས་འོག་ས་སྟེང་ས་བླའི་གནས་ན་རང་རང་ལས་ཀྱིས་སོ་སོར་སྣང་བ་ཀླུའི་རྒྱལ་པོ་དགའ་བོ་དང་། འཇོག་པོ་དང་། མཐའ་ཡས་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་། མ་དྲོས་དང་། གཟི་ལྡན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོའི་སྡུག་བསྔལ་དང་བྲལ་ནས། ལེགས་པའི་མཆོག་ཡང་དག་ཕུལ་དུ་གྱུར་ནས་ཐར་པ་དམ་པའི་ཆོས་ལ་སྤྱོད་པར་ཤོག་ཅིག །དེ་ལྟར་བསྔོས་པའི་དགེ་བའི་རྩ་བ་ངོ་མཚར་རྨད་དུ་བྱུང་བས། བདག་ཅག་འཁོར་དང་བཅས་པའི་ནད་དང་གནོད་པ་ཐམས་ཅད་ཞི་ཞིང་ཚེ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་གཟི་བརྗིད་ཆེན་མོའི་གཙོ་བྱས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། སྒོས་ཁུར་གྱི་སྒྲིབ་པ་ཅན་དང་། མེ་ལྕེའི་འཁོར་ལོ་ཅན་དང་། ཁ་ནས་མེ་འབར་ཞིང་སྣ་ནས་དུ་བ་འཐུལ་བ། ཁ་ཁབ་མིག་ཙམ་པ། ལྟོ་བ་རི་རབ་ཙམ་པ། རྐང་ལག་འཇག་མ་ཙམ་པ། སྐྲ་གཡེང་ཞིང་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་དང་། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་རྒྱལ་པོ་དང་། འགོང་པོ་དང་། བཙན་དང་། དམུ་དང་། བསེན་མོ་དང་། དམ་སྲི་དང་། སྨྱོ་བྱེད་དང་། སྲུལ་པོ་དང་། རྗེད་བྱེད་དང་། ཤ་ཟ་དང་། ས་གདོན་ལ་སོགས་པ་ཡི་དྭགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། སོ་སོར་དགྱེས་པའི་འདོད་ཡོན་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ཏེ་ནམ་མཁའ་མཛོད་ལ་དབང་ཐོབ་ནས། ཐམས་ཅད་ཀྱང་དགའ་དངོས་སྤྱོད་ཅིང་ཐར་པ་དམ་པའི་ཆོས་དང་ལྡན་པར་གྱུར་ཅིག ༈ །ཧོ། གཞན་ཡང་དམྱལ་ཁམས་ལས་ཀྱི་དབང་ཕྱུག་ཆེན་པོ། གཤིན་རྗེའི་རྒྱལ་པོ་ཨ་ཝ་གླང་མགོ་དང་། རཀྴ་ཕག་མགོ་དང་། འཁོར་ན་གནས་པ་གསོད་བྱེད་ལས་ཀྱི་གཤིན་རྗེ་སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་ལེན་ཅིང་། བར་དོར་ལས་ཀྱི་མེ་ལོང་སྟོན་པ་རྣམས་དང་། མཚོན་ཆ་སྣ་ཚོགས་འཇིགས་པས་གཤག་པ་དང་། གཏུབ་པ་དང་། འཚེད་པ་དང་། པགས་པ་བཤུ་བ་དང་། ཕུར་བུས་བརྒྱང་བ་དང་། ལྕེ་ལ་ཞིང་རྨོ་བ་ལ་སོགས་སྡུག་བསྔལ་དུ་མ་སྟོན་པ་རྣམས་དང་། ཚ་བ་དང་རབ་ཏུ་ཚ་བ་ལ་སོགས་ཚ་དམྱལ་བརྒྱད། པདྨ་དང་ཨུཏྤལ་ལྟར་གས་པ་ལ་སོགས་གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་བ་ལ་སོགས་དམྱལ་བའི་རིགས་སུ་གྱུར་པ་ལས་ཀྱི་མུན་པ་ཆེན་པོས་གདུངས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ། བདུད་རྩི་སྨན་གྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཚ་གྲང་ལ་སོགས་པ་སོ་སོའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཏེ་མཐར་ཐུག་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག ༈ །དེ་ལྟར་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རཀ་དམྱལ་བའི་གཏིང་རུམ་ཡན་ཆད་ལ་ཐུག་གི་བར་གྱི་སེམས་ཅན། ཁམས་གསུམ། རིགས་དྲུག །རྒྱུད་ལྔ། སྐྱེ་གནས་བཞིའི་བསྡུས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འདི་བསྔོས་པའི་མཐུས། བདག་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཅི་ཡོད་པ་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། ཐར་པ་དམ་པའི་ཆོས་ལ་སྤྱོད་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་སྟེ། མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ཅིག ཁྱད་པར་དུ་ཚེ་འདི་ཉིད་ལའང་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་ཏེ། རེ་སྨོན་དམ་པའི་གཞིར་གྱུར་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག ༈ །ཧོ། གཞན་ཡང་གཤིན་དུ་གྱུར་པའི་གྲལ་ན་བཞུགས་པ། རྒྱལ་པོ་སྔ་རབས་འདས་པ། བཙུན་མོ་སྔ་རབས་འདས་པ། པཎྜི་ཏ་སྔ་རབས་འདས་པ། ལོ་ཙཱ་བ་སྔ་རབས་འདས་པ། ཞང་བློན་སྔ་རབས་འདས་པ། སྨན་པ་སྔ་རབས་འདས་པ། བཟོ་བོ་སྔ་རབས་འདས་པ། དམག་དཔོན་སྔ་རབས་འདས་པ། ཡུལ་དཔོན་སྔ་རབས་འདས་པ། སྐྱེ་བོ་སྔ་རབས་འདས་པ། བྱིས་པ་སྔ་རབས་འདས་པ། ཕོ་བཙུན་སྔ་རབས་འདས་པ། མོ་བཙུན་སྔ་རབས་འདས་པ། ཕོ་བཙུན་གཡས་གྲལ་ན་བཞུགས་པ། མོ་བཙུན་གཡོན་གྲལ་ན་བཞུགས་པ། བྱིས་པ་མཐའ་གྲལ་ན་བཞུགས་པ། དབུ་དུང་ལས་དཀར་བ། སྤྱན་མཐིང་ལས་སྔོ་བ། ལྗགས་ཟངས་ལས་དམར་བ། ཕ་ཡི་རིང་ནས་ཤ་མ་མྱོང་ཟེར་ནས་རྫ་རི་སྨུག་པོ་མཐོང་ན་གྲི་བརྡར་བ། མ་ཡི་རིང་ནས་ཆང་མ་མྱོང་ཟེར་ནས་གཙང་ཆབ་སྔོན་མོ་མཐོང་ན་སྐྱོགས་ཀྱིས་གདེངས་པ། རང་གི་རིང་ནས་མར་མ་མྱོང་ཟེར་ནས་གངས་རི་དཀར་པོ་མཐོང་ན་སྤར་གྱིས་འདེབས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་གང་ལ་གང་འདོད་ཀྱི་དགྱེས་པའི་བཟའ་བཏུང་དང་ལོངས་སྤྱོད་དུ་དམིགས་ཏེ་འབུལ་བ་འདི་བཞེས་ནས། གཤིན་མིག་གསོན་ལ་མ་བལྟ་ཞིག །གཤིན་གྱི་བརྩེ་གདུང་གསོན་ལ་གནོད་པའི་འདྲེར་ཆེ་བས་རང་སར་བཞུགས་ལ་དུར་གཤིན་རྒྱས་པའི་ལས་མཛོད་ཅིག །ཁྱེད་གཤིན་ལེགས་ན་གསོན་དར་བའི་དཔལ་དུ་ཆེ་བས་བཀྲ་ཤིས་དར་རྒྱས་སུ་མཛོད་ཅིག །གཤིན་གྲལ་ན་མང་བ་ཡིན་ནོ། །གསོན་གྲལ་ན་ཉུང་བ་ཡིན་ནོ། །ན་སྒབ་དང་ཤི་སྒབ་ཐམས་ཅད་ཆོད་ལ། ཡུན་གྱི་སྲིད་དགེ་བའི་ཕུལ་དུ་གྱུར་ནས་བྱང་ཆུབ་ཀྱི་ལམ་དུ་ཞུགས་ཏེ་རྟག་ཏུ་དམ་པའི་ཆོས་ལ་སྤྱོད་ཅིག །བདག་ཅག་མི་རབས་འཁོར་དང་བཅས་པའི་ཆག་ཆེ་བ་དང་། ཉམ་ང་བ་ཐམས་ཅད་ཟློགས་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་བགེགས་ཀྱི་རིགས་སུ་གྱུར་པ་བི་ནཱ་ཡ་ཀཿའཁོར་དང་བཅས་པ་ཐམས་ཅད་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། མཁའ་འགྲོའི་གདོན་དང་། ཤ་ཟའི་གདོན་ལ་སོགས་པ་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་བཞེད་དགུའི་ལོངས་སྤྱོད་དུ་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །གནོད་སེམས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི་གནོད་པ་དང་འཚེ་བ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ས་འོག །ས་སྟེང་། ས་བླ། སྲིད་པ་བར་མ་དོ། ཁམས་གསུམ་རྒྱུད་དྲུག་ཏུ་སོ་སོར་འཁོར་བའི་དུས་ན་ཕན་ཚུན་དུ་འབྲེལ་བས། མཐོ་བ་མཁར་གྱི་ལན་ཆགས་པ། དམའ་བ་ས་ཞིང་གི་ལན་ཆགས་པ། བཟའ་བ་ཟས་ཀྱི་ལན་ཆགས་པ། བཏུང་བ་སྐོམ་གྱི་ལན་ཆགས་པ། བགོ་བ་གོས་ཀྱི་ལན་ཆགས་པ། འདོད་ཡོན་ནོར་གྱི་ལན་ཆགས་པ། བུ་ལོན་འབྲེལ་གྱི་ལན་ཆགས་པ། བརྟེན་པ་གནས་ཀྱི་ལན་ཆགས་པ། བཞོན་པ་རྐང་འགྲོས་ཀྱི་ལན་ཆགས་པ། ཕ་དང་མའི་ལན་ཆགས་པ། བུ་ཚ་ཚ་བྱུག་གི་ལན་ཆགས་པ། གཉེན་གྲོགས་སྲིད་སྡེའི་ལན་ཆགས་པ། མཐོ་བས་བསྐྱབས་པའི་ལན་ཆགས་པ། བར་པས་མཛའ་བའི་ལན་ཆགས་པ། འོག་མས་བཀུར་པའི་ལན་ཆགས་པ། བྲན་དུ་བསྐུལ་པའི་ལན་ཆགས་པ། ཞོ་བཞོས་པའི་ལན་ཆགས་པ། ཁལ་བཀལ་པའི་ལན་ཆགས་པ། རྨོ་རྨོས་པའི་ལན་ཆགས་པ། བེད་དུ་སྤྱད་པ་ལ་སོགས་པ་བུ་ལོན་དང་ལན་ཆགས་སུ་གྱུར་པའི་རིགས། རེ་ལྟོས་བྱེད་པ་ཐམས་ཅད་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་སོ་སོར་གང་ལ་གང་འདོད་ཀྱི་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཐུགས་ཚངས་པ་ཆེན་པོས་བཞེས་ནས་བུ་ལོན་དང་ལན་ཆགས་ཐམས་ཅད་སྐད་ཅིག་འདི་ཉིད་ལ་དག་སྟེ། སླན་ཆད་ཀྱི་བུ་ལོན་དང་ལན་ཆགས་མེད་པར་ཚོགས་གཉིས་རྫོགས་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ཐབ་ལྷ་ཡུ་མོ། སྒྱེད་ལྷ་སྤུན་གསུམ། བང་ལྷ་གྲུ་བཞི་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །དབྱར་ཞོ་མལ་དུ་ཞོ་མ་གཅད། དགུན་ཆང་མལ་དུ་ཆང་མ་གཅད། སྟོན་འབྲུ་མལ་དུ་འབྲུ་མ་གཅད། དཔྱིད་ཇ་མལ་དུ་ཇ་མ་གཅད། དུ་བའི་འཐུལ་རྒྱུན་མ་གཅད། སླ་ངའི་ཚག་མ་གཅད། རང་འཐག་འུར་མ་གཅད། བསེ་ལྟིར་དྷིག་མ་གཅད། ཇ་ཆང་རྒྱུན་མ་གཅད། སྐྱིད་མོ་མཚོས་སྐྱིད་དུ་ཆུགས། གང་མོ་མཚོས་གང་དུ་ཆུགས། དཔལ་མོ་མཚོས་དཔལ་སྐྱེད་ཅིག །ཟངས་དཀར་འོ་མས་གང་བ་བཞིན་དུ་ཇེ་མཐོ་ཇེ་མཐོ་ལ་ཐོངས་ཤིག །གངས་དཀར་ལ་ཁ་བ་བབས་པ་བཞིན་དུ་ཇེ་དཀར་དང་ཇེ་མཐོ་ལ་ཐོངས་ཤིག ༈ །ཧོ། གཞན་ཡང་ཕྱུགས་ལྷ་ནོར་གྱི་བདག་པོ། རྟ་བདག་ཀུ་བེ་ར་ལ་སོགས་པ་ཕྱུགས་བདག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཅང་ཤེས་རྟ་ཡི་འབྱོར་པ་སྤེལ་ཅིག །འབྲི་མཛོ་ལུག་ཁྱུའི་རུ་སྡེ་སྐྱོངས་ཤིག །བ་ར་བོང་གསུམ་རྒྱས་པར་མཛོད་ཅིག །རྐང་འགྲོས་ནོར་གྱི་འབྱོར་པ་སྤེལ་ཅིག ༈ །ཧོ། གཞན་ཡང་ཞིང་ལྷ་འབྲུ་ཡི་གཏེར་བདག་ཆེན་པོ། ས་ཡི་ལྷ་མོ་བརྟན་མ་འཁོར་དང་བཅས་པ་དང་། བདག་ཅག་གི་ཞིང་ལྷ་བབས་གདན་ན་གནས་པ། སྲུང་མ་མུ་ན་གནས་པ། རྒྱས་བར་སྣང་ན་གནས་པ། རྟེན་ཤིང་ནིའུ་དཀར་གོང་ན་གནས་པ། ཀླུ་མོ་བྱང་ཆུབ་ལྕམ་དྲལ་ལ་སོགས་པ་ཞིང་ལྷ་འཁོར་དང་བཅས་པ་རྣམས་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །རྟག་ཏུ་ལེགས་པའི་ལོ་ཏོག་སྤེལ་ཅིག །བང་མཛོད་ཐམས་ཅད་འབྲུའི་ཁོངས་ཤིག །དུས་བཞིའི་དཔལ་དང་འབྱོར་པ་སྐྱེད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་གནས་ཡུལ་གྱི་སྒོ་སྲུང་བའི་སྒོ་མ་ཆེན་མོ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ། ཡབ་ཡུམ་འཁོར་དང་བཅས་པ་རྣམས་དང་། སྒོ་བ་སྟག་གཡག་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། ནང་མི་སྨུག་པོ་ཕྱིར་མ་གཏང་། ཕྱི་མི་སྐྱ་བོ་ནང་དུ་མ་གཏང་། ཕུགས་ནས་རོ་མ་གཏང་། མདོ་ནས་དགྲ་མ་གཏང་། ནང་གི་སྙིང་རོགས་མ་ཕྱིར་མ་གཏང་། ཕྱིའི་གྱོད་འདྲེ་ཅན་ནང་དུ་མ་གཏང་། དགྲ་རྐུན་གནོད་འཚེ་ཐམས་ཅད་སྲུངས་ལ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་མཆོད་སྦྱིན་དམ་པའི་མགྲོན་དུ་གྱུར་པ་མིང་དང་མཚན་ནས་མ་ཐོན་པ་དང་། གློ་བུར་དུ་ལྷགས་པའི་མགྲོན་གྱི་རིགས་སུ་གྱུར་པ་རྣམས་དང་། ཁྱད་པར་དུའང་བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་སྲུང་མ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་དང་། རྣལ་འབྱོར་པ་བདག་ཅག་ལ་སྒོས་སུ་འགོ་བ་སྟོངས་གྲོགས་བྱེད་པའི་ཕོ་ལྷ། དགྲ་བླ། ཁང་ལྷ། སྲོག་ལྷ། ཡུལ་ལྷ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །བདག་ཅག་འཁོར་དང་བཅས་པའི་མི་ལ་ན་ཚ་མ་གཏང་། ཕྱུགས་ལ་གོད་ཁ་མ་གཏང་། ནོར་རྫས་ལ་སྟོར་བརླག་མ་གཏང་། ཁ་སྨྲས་དང་གླེང་བརྗོད་མ་གཏང་། གཞི་བྱེས་ཀུན་ཏུ་མགོན་སྐྱབས་དང་དཔུང་གཉེན་མཛོད་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ༈ །ཧོ། གཞན་ཡང་ལྷག་མའི་མགྲོན་དུ་གཏོགས་པ། ཁས་ཞན་པ། དབང་ཆུང་བ། གཟུགས་ངན་པ། གཟི་བརྗིད་ཆུང་བ་ལ་སོགས་པ་དང་། འོན་པ། ཞ་བོ། གྲུམ་པོ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པར་དམིགས་ཏེ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སོ་སོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནས་དམ་པའི་ཆོས་ལ་སྤྱོད་ཅིང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །དེ་ནས་བདེན་པའི་སྟོབས་བརྗོད་པ་ནི། ན་མོ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་རིག་སྔགས་དང་ཕྱག་རྒྱ་ཕུན་སུམ་ཚོགས་པའི་མཐུ་དང་། བདག་གི་མོས་པ་དང་ཏིང་འཛིན་དང་སྨོན་ལམ་གྱི་དབང་གིས། མཆོད་སྦྱིན་དམ་པ་འདིས་མགྲོན་སོ་སོའི་མངའ་རིས་དང་སྤྱན་ལམ་དུ་གནས་དང་། གོས་དང་། རྒྱན་དང་། བཟའ་བཏུང་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ། སོ་སོར་གང་ལ་ཅི་དགའ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམ་ཞིང་ཚིམ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ལ་སོགས་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཆེན་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །ནམ་མཁའི་མཐའ་ཀླས་པར་ཕྱི་མའི་མུར་ཐུག་པའི་བསྐལ་པ་དང་སྤྱོད་པ་གྲངས་མེད་པ་འཁོར་བའི་མཐས་གཏུགས་ཀྱི་བར་དུ་འབྱུང་ཞིང་གནས་པར་གྱུར་ཅིག །མགྲོན་རིགས་སོ་སོའི་སྤྱན་ལམ་དུ། །མཆོད་སྦྱིན་དམ་པ་འདི་བསྔོས་པས། །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐངས་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །བུ་ལོན་ལན་ཆགས་འཁོར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཁོར་འདས་མགྲོན་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་གཉིས་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། གང་ཡང་བདག་ཅག་སྙིགས་མའི་དུས་ཀྱི་ལས་ངན་པའི་སེམས་ཅན་དུ་གྱུར་པ་ལགས་པས་གཞུང་བཞིན་དུ་ཡོ་བྱད་མ་འབྱོར་པ་དང་། ཏིང་ངེ་འཛིན་མ་གསལ་བས་ཆོ་ག་མ་དག་ཅིང་འགལ་འཁྲུལ་ནོར་བའི་ཆར་གྱུར་པ་ཐམས་ཅད་མགྲོན་རིགས་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བཟོད་པ་དམ་པ་བཞེས་སུ་གསོལ། གཙོ་བོ་ནུས་པ་མ་མཆིས་དང་། །མ་རྙེད་ཡོངས་སུ་མ་ཚང་བས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཨོཾ། རྣམ་དག་དགེ་བ་མཆོད་སྦྱིན་དམ་པའི་མགྲོན། །མཉེས་ཤིང་ཚིམས་ནས་ཕན་བདེའི་དགའ་སྟོན་སྩོལ། །རང་རང་གནས་སུ་སོ་སོར་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། །ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ སརྦ་ལོ་ཀ་གཙྪ། ཞེས་བརྗོད་དོ། །དེ་ནས་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་བསམ་ལ་ཐལ་མོ་སྦྱར་ཏེ། ཧོ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དུས་གསུམ་དང་འབྲེལ་པར་བསགས་པའི་དགེ་བའི་རྩ་བ་རྣམས་དང་། ཁྱད་པར་དུ་གཙང་མ་ཕུད་ཀྱི་མཆོད་སྦྱིན་དམ་པས་མཆོད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། བདག་དང་སྦྱིན་པའི་བདག་པོའི་གཙོ་བྱས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཐུན་མོང་གཅིག་ཏུ་བྱས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་གྱུར་ཅིག །དེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ཡང་མཐོ་རིས་ལྷ་དང་མིའི་ལུས་ཁྱད་པར་ཅན་ཡོན་ཏན་བདུན་དང་ལྡན་པ་འཐོབ་པར་གྱུར་ཅིག །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་གནས་སྐབས་ཚེ་འདི་ཉིད་ལ་ཡང་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་ལ་སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་གྱུར་ཅིག །འཕྲལ་གྱི་རྐྱེན་ལས་གྱུར་པ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། གཞན་གྱི་བསམ་པ་ངན་པ། སྦྱོར་བ་རྩུབ་པ་ལ་སོགས་པ་ཆག་ཆེ་བ། ཉམ་ང་བ། བདུད་དང་བར་ཆོད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག །ཚེ་དང་དཔལ་དང་འབྱོར་པ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཉི་མ་གཟའ་དང་ཟླ་བ་སྒྲ་གཅན་ལས་ཐར་པ་བཞིན་དུ་གྱུར་ཅིག །བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་ནས་བཀྲ་ཤིས་བྱ་བ་ནི། ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པར་བསམ་ལ། མཚམས་སུ་མེ་ཏོག་གི་ཆར་དང་རོལ་མོའི་འབུད་དཀྲོལ་བྱ་ཞིང་འདི་སྐད་དོ། །ཨོཾ་ཡེ་དྷརྨཱ་སོགས་དང་། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབ་པ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་དགུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ཕུན་སུམ་ཚོགས་པའི་དཔལ། །སྲིད་དང་ཞི་བའི་ཕན་བདེ་ཀུན་སྩོལ་བ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་དངོས་གྲུབ་ཀྱི་རྫས་ལ་རོལ་བ་ནི། བསང་བཤོས་བཅད་ཁ་མ་ཐལ་མོ་བཀན་པའི་སྟེང་དུ་བཟུང་ལ། ཨ་ལ་ལ་ཧོ། གངས་ཀྱི་ཐིགས་པ་ནི་ཉུང་ཉུང་འདྲ་སྟེ་མང་། རྗེ་ཡི་བཀའ་འབབ་ནི་ཆུང་ཆུང་འདྲ་སྟེ་ཆེ། མཆོད་སྦྱིན་བཟང་པོའི་དགའ་སྟོན་ནི་དངོས་གྲུབ་ཡིན་ཚད་ཀྱི་རྒྱུར་འཚལ་བས། དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ། ཞེས་བརྗོད་ལ་ཉེ་འཁོར་དང་ནང་མི་ཀུན་ལ་བསང་རས་ཟས་སྣ་ཆང་ཕུད་བཅས་ཚོགས་ཀྱི་དགའ་སྟོན་ཆེན་པོ་བྱའོ། །འཁོར་འདས་ཀྱི་མགྲོན་རྣམས་མཆོད་པའི་ཕུད་རབས་ཆེན་མོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་བཟང་པོས་སྦྱར་བ་ཡོངས་སུ་རྫོགས་སོ། །སླར་ཡང་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་སྲུང་མའི་མཆོད་གསོལ་ཕུད་རབས་ཆེན་མོའི་སྦྱོར་རྗེས་ཀྱི་ཆོ་ག་རྣམས་ཀྱང་བསྣན་ཅིང་ཤིན་ཏུ་དག་པར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).