Terdzo-PI-018



Property "author" has been marked for restricted use.








Terdzo-PI-018.pdf
Click the picture above to view the Shechen manuscript.

ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་

o rgyan rin po ches mdzad pa'i bsang mchod gnam sa snang brgyad bdud rtsi'i sprin phung dgos 'dod char rgyun

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ (Bsang mchod gnam sa snang brgyad bdud rtsi'i sprin phung dgos 'dod char rgyun)
Volume 43 (པི) / Pages 355-374 / Folios 1a1 to 10b6

Tibetan Text

༁ྃ༔ ཨོ་རྒྱན་རིན་པོ་ཆེས་མཛད་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ༔ ཨོཾ་སྭསྟི༔ བླ་མེད་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སྣང་བརྒྱད་གཏེར་མའི་བསང་གི་བཅའ་ཀ་བྱེད་པར་འདོད་ན༔ བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི་པ་བྱས་ལ༔ དྲི་ཞིམ་ཆུས་ལེགས་པར་བྱུག༔ པདྨ་འདབ་བརྒྱད་ལྟེ་བ་སེར་པོའམ་གང་རུང་བྱས་ལ་འདབ་མ་ཕྱོགས་ཚོན་བྱ༔ བསང་གཞི་དཀར་པོའི་སྟེང་དུ་ནས་ཀྱི་ཚོམ་བུ་བྱས་ལ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང༔ ལྷ་བཤོས་དང་ཀླུ་བཤོས་དང་ས་བདག་གི་བཤོས་བུ་དང༔ དཀར་གསུམ་མངར་གསུམ་ཕྱེ་མར་འོ་ཕུད་ཇ་ཕུད༔ ཤིང་རྩི་སྣ་ཚོགས་སྤོས་ལ་སོགས་མཆོད་པའི་ཡོ་བྱད་བཤམ༔ རང་ཉིད་སྤྱན་རས་གཟིགས་བསྒོམས་ལ་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ལ༔ སྲིད་ཞུའི་མགྲོན་ཡོན་ཏན་མགྲོན་གཞི་བདག་གི་མགྲོན་སྙིང་རྗེའི་མགྲོན་ལན་ཆགས་ཀྱི་མགྲོན་ཐམས་ཅད་སྤྱན་འདྲེན་ལ་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ ན་མོ་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ལྷ་དང་ལྷ་མིན་ལྟོ་འཕྱེ་དྲི་ཟ་དང༔ ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ༔ དྲི་ཟ་སྲིན་པོ་ཀླུ་ཡི་ཚོགས་དང་བཅས༔ ས་བདག་ཀླུ་གཉན་བདུད་བཙན་གྲུལ་བུམ་དང༔ ཉི་ཟླ་གཟའ་སྐར་དམུ་སྨན་ལ་སོགས་པ༔ གང་དག་གནམ་ས་མཁའ་ལ་གནས་པ་ཡི༔ རྒྱུ་བའི་རྫུ་འཕྲུལ་མཐུ་རྩལ་ཅན་རྣམས་ཀྱི༔ སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ནས་ཀྱང༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཧཱུྃ༔ བླ་མེད་འཕགས་པ་དཀོན་མཆོག་གསུམ་པོ་ནི༔ སྐྱབས་ཀྱི་དམ་པ་ཡོན་ཏན་འབྱུང་བའི་གནས༔ མཆོད་གནས་དག་ཞིང་བླ་ན་མེད་པ་ཡི༔ བདེན་པའི་སྟོབས་དང་བྱིན་རླབས་ནུས་པའི་མཐུས༔ སྣང་སྲིད་འབྱུང་བཞིའི་བདག་པོ་མཐུ་རྩལ་ཅན༔ ལྷ་ཀླུ་གནོད་སྦྱིན་དཀར་ཕྱོགས་སྐྱོང་བ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཧཱུྃ༔ ཤེས་རབ་མཆོག་མངའ་འཕགས་པ་ཤཱ་རིའི་བུ༔ རྫུ་འཕྲུལ་མཆོག་མངའ་འཕགས་པ་མཽའུ་འགལ་བུ༔ སྦྱངས་པའི་མཆོག་མངའ་འཕགས་པ་འོད་སྲུངས་དང༔ མང་དུ་ཐོས་པ་འཕགས་པ་ཀུན་དགའ་བོ༔ བསླབ་པ་མཆོག་མངའ་འཕགས་པ་ནོར་འཛིན་དང༔ འདུལ་བ་འཛིན་པ་འཕགས་པ་ཉེ་བར་འཁོར༔ རྫུ་འཕྲུལ་སྤྱན་མངའ་འཕགས་པ་མ་འགགས་པ༔ འདྲི་ཞིང་ལན་ལྡོན་འཕགས་པ་རབ་འབྱོར་དང༔ འཕགས་པ་ཉན་ཐོས་ཆེན་པོ་མཆོག་བརྒྱད་ཀྱི༔ བདེན་པའི་སྟོབས་དང་བྱིན་རླབས་ནུས་པའི་མཐུས༔ འབྱུང་བ་ལྔ་ཡི་བདག་པོ་མཐུ་རྩལ་ཅན༔ རྒྱལ་བའི་བསྟན་སྲུང་དཀར་ཕྱོགས་སྐྱོང་བ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ རྒྱལ་བའི་བསྟན་སྐྱོང་བདེ་གཤེགས་བཀའ་ཉན་པའི༔ ལེགས་ལྡན་ནག་པོ་ཕྱི་ནང་ཡོངས་ཀྱི་མགོན༔ ཚངས་པ་བརྒྱ་བྱིན་ཉེ་དབང་སུམ་ཅུ་གཉིས༔ རྒྱལ་པོ་ཆེན་པོ་བཞི་དང་ཕྱོགས་སྐྱོང་བཅུ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་ནོར་སྲུང་བརྒྱད༔ མཁའ་ལ་རྒྱུ་བའི་རྒྱུ་སྐར་ཉི་ཤུ་བརྒྱད༔ འཕྲོག་མ་མ་བུ་ལྔ་བརྒྱ་རྩ་གཅིག་དང༔ རྡོ་རྗེའི་ཕོ་ཉ་དྲུག་ཅུ་རྩ་བཞི་སོགས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་པ༔ བདུད་རྩི་ཨརྒྷཾ་དཀར་ལ་མངའ་མཛད་པའི༔ རྒྱལ་བའི་བསྟན་སྐྱོང་བཀའ་ཡི་བྱ་ར་བ༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཕྱི་ཡི་རྒྱ་མཚོ་ཆེན་པོའི་མཐའ་དབུས་ལ༔ གནས་པའི་གསེར་གྱི་རུས་སྦལ་ཆེན་པོ་ཡི༔ མགོ་མཇུག་གཉིས་དང་ཡན་ལག་འདབ་མ་བརྒྱད༔ དེ་ལ་གནས་པའི་སྤར་ཁ་ཆེན་པོ་བརྒྱད༔ ཁེན་ཕ་གནམ་ལ་ཁོན་མ་ས༔ གིང་རི་ཟོན་རླུང་དྭ་ལྕགས་དང༔ ལི་མེ་ཟིན་ཤིང་ཆུ་ཁམ་སྟེ༔ འབྱུང་བ་ལྔ་ཡི་ས་བདག་གཅོད་འདྲལ་དང༔ ཤར་ན་གནས་པའི་སྟག་ལྔ་ཡོས་ལྔ་དང༔ ཤར་ལྷོ་མཚམས་ན་གནས་པའི་འབྲུག་ལྔ་དང༔ ལྷོ་ན་གནས་པའི་སྦྲུལ་ལྔ་རྟ་ལྔ་དང༔ ལྷོ་ནུབ་མཚམས་ན་གནས་པའི་ལུག་ལྔ་དང༔ ནུབ་ན་གནས་པའི་སྤྲེལ་ལྔ་བྱ་ལྔ་དང༔ ནུབ་བྱང་མཚམས་ན་གནས་པའི་ཁྱི་ལྔ་དང༔ བྱང་ན་གནས་པའི་ཕག་ལྔ་བྱི་བ་ལྔ༔ བྱང་ཤར་མཚམས་ན་གནས་པའི་གླང་ལྔ་དང༔ གཅིག་དཀར་གཉིས་ནག་གསུམ་མཐིང་བཞི་ལྗང་དང༔ ལྔ་སེར་དྲུག་དཀར་བདུན་དམར་བརྒྱད་དཀར་དང༔ དགུ་དམར་ལ་སོགས་གབ་ཙེ་བརྒྱད་ཅུ་རྩ་གཅིག་ལྷ༔ འབྱུང་བའི་ཁམས་ལྔ་ལོ་སྐོར་བཅུ་གཉིས་དང༔ ཞག་དང་ཟ་མ་དུས་ཚོད་ཚེས་གྲངས་ལྷ༔ ཕྱོགས་བཞི་སྐྱོང་བའི་སྲུང་མ་ཆེན་པོ་བཞི༔ ཤར་གྱི་སྟག་སྐྱ་ལྷོ་ཡི་འབྲུག་སྔོན་དང༔ ནུབ་ཀྱི་བྱ་དམར་བྱང་གི་རུ་སྦལ་རྒྱ་བོ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ གཞན་ཡང་ས་བདག་ལག་པ་ཆེན་པོ་དང༔ ས་ཡི་ལྷ་མོ་བརྟན་མ་ཤྲཱི་བྷ་དྲ་དང༔ ཙང་ཀུན་ཐེ་སེ་ཧལ་ཁྱི་སེ་བྱི་དང༔ སེ་ཕན་ཧོང་ཕན་ཐེ་ཀཾ་ཧེ་ཧང་དང༔ ཧོ་ཕན་ས་བདག་འཁོར་ལོ་ནག་པོ་དང༔ བ་དན་སེར་པོ་གཟིག་གི་མཇུག་མ་ཅན༔ བྱ་ཡི་ཟེ་བ་ཅན་དང་འདབ་ཆགས་དང༔ བླ་མཁྱེན་སེ་ཤར་སྐུ་སྲུང་དང༔ བཙུན་མོ་སྲས་པོ་ཏེ་པོ་གདན་འདིང་དང༔ སེ་བྱ་དུས་འཛིན་ནོར་སྲུང་བྱ་ར་བ༔ སེ་བ་རང་རྟ་སེ་བྱི་བུ་མོ་མག་པ་དང༔ དབུས་ཀྱི་རི་རྒྱལ་ལྷུན་པོ་དང༔ ཤར་གླིང་དཀར་པོ་ཟླུམ་པོ་དང༔ ལྷོ་གླིང་སྔོན་པོ་སོག་ཀ་དང༔ ནུབ་གླིང་དམར་པོ་ཟླ་གམ་དང༔ བྱང་གླིང་ལྗང་གུ་གྲུ་བཞི་ལ༔ གནས་པའི་ས་བདག་ཐམས་ཅད་དང༔ གནམ་ཁྱི་མཆེད་བདུན་ས་ཁྱི་ཧལ་ཁྱི་དང༔ གཤེད་བཞི་སྒོ་སྲུང་བཞི་ཡི་ས་བདག་དང༔ ས་སྣ་ལྔ་ལ་དབང་བྱེད་མཐུ་སྟོབས་ཆེ༔ ས་འོག་ས་སྟེང་བར་སྣང་ཕྱོགས་མཚམས་ལ༔ གནས་པའི་མཐུ་སྟོབས་རྫུ་འཕྲུལ་དྲག་རྩལ་ཅན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ གཉན་ཆེན་སྡེ་བཞི་གཉན་ཕྲན་སུམ་འབུམ་དང༔ གནམ་གཉན་གཡུ་འབྲུག་གངས་གཉན་དུང་སེང་དང༔ མཚོ་གཉན་ལྕོང་མོ་བྲག་གཉན་གསེར་སྤྲེལ་དང༔ ཤིང་གཉན་གཟི་བརྗིད་ལམ་གཉན་གསེར་སྦྲུལ་དང༔ གཉན་གཟུངས་ལྡང་སྤྲེལ་གཡི་ཆེན་རབ་རྡེ་དང༔ མོ་རབ་ཐངས་ཤང་འབྲི་ཆེན་རྡོལ་དུ་དང༔ གཉན་ཆེན་སྡེ་བརྒྱད་འབྲོག་གཉན་བཅུ་གསུམ་དང༔ གཉན་རྗེ་གོང་སྔོན་གཉན་རྒན་དེ་བ་དང༔ ཤར་གཉན་བྱི་བ་སྟག་རྩེ་ལྷོ་གཉན་གཡུ་རྩེ་དང༔ ནུབ་གཉན་ལྕགས་རྩེ་བྱང་གཉན་གསེར་མགོ་དང༔ ས་གཉན་རྡོ་གཉན་ཤིང་གཉན་ཆུ་གཉན་དང༔ མ་སང་གཉན་གྱི་རིགས་སུ་གྱུར་པ་ཀུན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ རི་རྒྱལ་ལྷུན་པོ་གསེར་རི་བདུན་དང་རོལ་མཚོ་བདུན༔ གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང༔ ཕྱི་ཡི་རྒྱ་མཚོ་ཆེན་པོ་མ་ཕམ་དང༔ ལུ་མ་ལྟེང་ཀ་ཆུ་མིག་ནགས་བྲག་དང༔ ཆུ་ཆེན་བརྒྱད་དང་ཆུ་བྲན་འབབ་ཆུ་ལ༔ གནས་པའི་ཀླུ་ཆེན་བརྒྱད་དང་ཀླུ་རིགས་ལྔ༔ ཉི་ཤུ་རྩ་ལྔ་ཀླུ་ཡི་སྡེ་ཚོགས་བཅས༔ རྒྱལ་རིགས་དང་ནི་རྗེའུ་རིགས་དམངས་རིགས་དང༔ བྲམ་ཟེའི་རིགས་དང་གདོལ་པའི་རིགས་ལ་སོགས༔ མཐའ་ཡས་དང་ནི་འཇོག་པོ་སྟོབས་རྒྱུ་དང༔ ཀླུ་རྒྱལ་གཙུག་ན་རིན་ཆེན་དུང་སྐྱོང་དང༔ མི་མགོན་དཀར་པོ་དང་ནི་རིགས་ལྡན་དང༔ ནོར་རྒྱས་པདྨ་རྒྱ་མཚོ་ཆེན་པོ་དང༔ མ་དྲོས་མཚོ་སོགས་ཀླུ་རྒྱལ་བྱེ་བ་འབུམ༔ ཀླུ་མོ་ཀུན་ཤེས་འོད་ལྡན་དཔལ་མོ་ལྡན༔ ཁྲི་མཆོག་ལྡན་དང་ཡེ་ཤེས་ལྡན༔ གཡུ་མོ་ལྡན་དང་རཱ་ཛ་ལྡན༔ ཤེས་རབ་ལྡན་དང་གསལ་མོ་ལྡན༔ འཕྲུལ་མོ་ལྡན་དང་དབང་ཕྱུག་ལྡན༔ སྡོང་བུ་ཅན་དང་སྦུ་བུ་ཅན་གྱི་ཀླུ༔ ཁ་བརྒྱ་མིག་སྟོང་གདེངས་ཀ་ཅན་གྱི་ཀླུ༔ རྐང་ལག་མང་པོ་ཅན་གྱི་ཀླུ་རྣམས་དང༔ ཀླུ་རིགས་ལྔ་དང་ཁམས་གསུམ་སྲིད་པ་ཡི༔ རྒྱལ་བའི་ཞལ་མཐོང་གསུང་ཐོས་བསྟན་པ་སྲུང༔ བདུད་རྩིའི་ཆར་འབེབ་ལོ་འབྲས་སྐྱེད་མཛད་པའི༔ ཀླུ་དང་དྷ་མའི་རིགས་སུ་གྱུར་པ་ཀུན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ སྤྲིན་གྱི་ལྷ་མོ་ཨོག་ཚར་ཅན་དང་ང་རོ་ཅན༔ གྲགས་པ་ཅན་དང་སྒྲོག་པ་ཅན༔ སྒུར་པོ་རབ་གསལ་ཆར་པ་ཅན་ལ་སོགས༔ གནམ་ཁྱི་མཆེད་བཞི་མིང་སྲིང་མཆེད་དགུ་དང༔ ནམ་ནམ་མཆེད་བཞི་ལྷང་ལྷང་མཆེད་ལྔ་དང༔ ལྕེ་ཚར་མཆེད་བརྒྱད་སྤྲིན་ཕུང་བཅུ་བཞི་དང༔ གློག་གི་སྒྲོན་བཀྱག་འབྲུག་གི་ལྕེ་རྡེབ་དང༔ ཐོག་གི་མདའ་འཕེན་སེར་བའི་སྣ་ཁྲིད་དང༔ འཇའ་དང་སྤྲིན་ལ་གནས་པའི་མཐུ་རྩལ་ཅན༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཕྱི་ལྷ་ནང་ལྷ་འགོ་བའི་ལྷ་ལྔ་སོགས༔ ཕོ་ལྷ་དགྲ་བླ་མ་ལྷ་ཞང་ལྷ་དང༔ སྲོག་ལྷ་ལེའུའི་ལྷ་དང་ཕྲག་ལྷ་དང༔ ཁྱིམ་ལྷ་སྦྲ་ལྷ་ཐབ་ལྷ་རྩེ་ལྷ་དང༔ ཚེ་ལྷ་སྲིད་ལྷ་དམུ་དག་སྒོ་སྲུང་དང༔ ནོར་ལྷ་རྟ་ལྷ་ལུག་ལྷ་ལོ་ལྷ་དང༔ མི་ཕྱུགས་ནོར་སྲུང་དགྲ་བགེགས་འདུལ་བའི་ལྷ༔ ཚེ་དཔལ་ལོངས་སྤྱོད་བཀྲ་ཤིས་གཡང་འབེབ་ལྷ༔ ཡུལ་ལྷ་གཞི་བདག་གཉན་ཆེན་ཁྱེད་རྣམས་དང༔ མགོན་སྐྱབས་མཐུ་དཔུང་ལེགས་བྱེད་ལྷ་སྲུང་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ དགྲ་བླ་མཆེད་དགུ་ཁྱུང་ལྡིང་དབང་ཆེན་དང༔ མཚུན་གྱིས་འགོ་བའི་བང་སོ་གསར་རྙིང་དང༔ ཕྱི་མཚུན་སྨོན་མི་དབུ་ནག་དང༔ མྱེས་མཚུན་ཕ་མཚུན་མ་མཚུན་གྲི་མཚུན་དང༔ ཞལ་བུ་སྒོ་སྲུང་མཚུན་མགོན་ལས་བྱེད་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་དགུ་དང༔ ཚེ་འཛིན་སྐྱོང་བའི་བརྟན་མ་བཅུ་གཉིས་དང༔ གཡའ་དང་གངས་ལ་གནས་པའི་མཐུ་རྩལ་ཅན༔ མཐའ་འདུལ་བཅུ་གསུམ་ཡང་འདུལ་སྲུང་བའི་ཚོགས༔ རི་དབང་མཆེད་དགུ་བརྒྱ་བྱིན་བདུན་ཅུ་དང༔ རི་བྱིན་སྤུན་དགུ་ཐོས་བཙན་མཆེད་ལྔ་དང༔ སོ་སོའི་ཡུལ་ཁམས་སྐྱོང་བྱེད་གཞི་བདག་དང༔ ཁྱད་པར་ཡུལ་ཕྱོགས་ས་གཞི་འདི་ཀུན་གྱི༔ ཕུ་མདའ་ཉིན་སྲིབ་སྟེང་འོག་ཕྱོགས་མཚམས་ན༔ འབྱུང་བ་ལྔ་ཡི་བདག་པོ་མཐུ་རྩལ་ཅན༔ འབྱུང་བ་ལྔ་ཡི་ས་བདག་ཀླུ་གཉན་དང༔ བཙན་བདུད་དམུ་སྨན་དེ་ལ་གཏོད་སྡེ་སོགས༔ བྲག་རྒྱུད་ཙ་ར་ཆུ་རྒྱུད་དྷ་མ་དང༔ ལྷ་ཆེན་སྟོང་ནི་ཀླུ་ཆེན་བཞུགས་པ་ཡི༔ ཚོར་བ་རྣོ་ཞིང་འདུ་ཤེས་མྱུར་བ་ཡི༔ གཉེན་བཤེས་ཚུལ་དུ་བརྩེ་གདུང་ལྡན་པ་རྣམས༔ མངའ་གསོལ་མཆོད་ཅིང་བསྟོད་པའི་འབྲེལ་པ་ཡིས༔ མཐུ་ཡི་དཔུང་བྱེད་མགོན་སྐྱབས་གྲོགས་མཛད་ཅིང༔ མཉེན་ཚུལ་གཞོན་ནུ་བརྩེ་གདུང་ལྡན་པ་རྣམས༔ སོ་སོའི་གནས་ནས་སྤྱན་འདྲེན་མཆོད་ཕྱིར་གཤེགས༔ རྩི་ཤིང་སྨན་སྤོས་བདུད་རྩིའི་དུད་པ་འདི༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ འདི་ལྟར་མཆོད་པའི་བདུད་རྩིའི་སྤྲིན་ཕུང་ལས༔ འདོད་ལྔ་མཁོ་རྒུའི་ལོངས་སྤྱོད་ཆར་འབེབ་པས༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཀྱེ༔ ཁར་སང་དང་ནི་ཁར་ཉིན་སྔོན༔ བདག་དང་ཡོན་བདག་འདི་ཀུན་གྱིས༔ དཀོན་མཆོག་མཆོད་པ་ཆག་པ་འམ༔ ཆོས་སྐྱོང་དུས་མཆོད་ཆག་པ་འམ༔ ས་བདག་ཀླུ་གཉན་མ་མཉེས་པའི༔ ཐབ་གཞོབ་ཆེན་པོ་བྱས་པ་འམ༔ རི་གཉན་མེ་ལ་བསྲེགས་པ་འམ༔ མཚོ་གཉན་དུག་གིས་གཡོས་པ་འམ༔ ཤིང་གཉན་བཅད་དང་རྡོ་གཉན་བརློགས༔ ཆུ་གཉན་ཡུར་དུ་དྲངས་པ་འམ༔ ས་གཉན་ཞིང་དུ་རྨོས་པ་འམ༔ མ་རིག་ཀླུ་གཉན་སྐུ་བགོམ་མམ༔ མ་རིག་གཉན་གྱི་རྒྱུད་བཅད་དམ༔ དམེ་རྨུགས་ནལ་གྱིས་མནོལ་བ་འམ༔ དམར་དང་སློས་མས་འཁྲུགས་པ་འམ༔ ཐབ་དང་གཞོབ་ཀྱིས་འགྲས་པ་འམ༔ བང་དང་དམེ་ཡིས་འཐིབ་པ་འམ༔ བཙོག་དང་འཁོན་གྱིས་རྨུགས་པ་འམ༔ རྡོ་འཕང་ཀླུ་ལ་ཕོག་པ་འམ༔ ཆུ་བསྒྱུར་མེ་བཏང་ཀླུ་འཁྲུགས་སམ༔ དམག་དང་བཤས་བྱས་ཀླུ་འཁྲུགས་སམ༔ ས་བརྐོས་ཕྲུ་བརློགས་ཀླུ་འཁྲུགས་སམ༔ མི་རོ་དམར་ལ་རེག་པ་འམ༔ རྟ་ཤ་བཤུལ་མོ་ཟོས་པ་འམ༔ ཉམས་པ་ཅན་གྱི་ཟས་ཟོས་སམ༔ སྨེ་ཤ་ཅན་གྱི་སྐོམ་འཐུང་ངམ༔ མོ་ནག་མོ་དང་རྡུལ་འདྲེས་སམ༔ སྨྱོ་འམ་ན་འམ་འཁོན་པ་འམ༔ འགྲས་སམ་འཁྲུགས་པ་ཐམས་ཅད་ཀུན༔ བདུད་རྩིས་བཏབ་བོ་སྨན་གྱིས་གསོ༔ ཞི་བ་ཆེན་པོའི་ངང་དུ་བཅོས༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ བྱམས་པའི་སེམས་ཀྱིས་སྡོངས་གྲོགས་མཛོད༔ གནམ་གྱི་སྡང་སེམས་མ་སྐྱིལ་ཅིག༔ སྤྲིན་གྱི་དལ་ཁ་མ་གཏང་ཞིག༔ ལོ་ཡི་རྒྱལ་པོས་བཀའ་ཆད་མ་གཏང་ཞིག༔ ཟླ་བ་བློན་པོས་བཀའ་མཆིད་མ་གླེང་ཞིག༔ ཞག་གི་དམག་མིས་དམག་སྣ་མ་དྲོངས་ཤིག༔ དུས་ཚོད་མཚོན་ཆས་སོ་ནི་མ་རྡེགས་ཤིིག༔ སྤར་ཁ་རུས་པའི་རྡོ་ནི་མ་གཅག་ཅིག༔ སྨེ་བ་ཤ་ཡི་རྒྱ་ནི་མ་བཀྲལ་ཅིག༔ དར་གུད་པགས་པའི་བཀྲག་ནི་མ་ཉམས་ཤིག༔ ཀེག་དང་གོད་ཡམས་ཞི་གྱུར་ཅིག༔ ཕོ་བདུད་གནམ་ནས་མ་འབོད་ཅིག༔ མོ་བདུད་ས་ལ་མ་སྡང་ཞིག༔ ལུས་ཀག་ན་ཚ་མ་གཏང་ཞིག༔ སྲོག་ཀེག་ཤི་ཆད་མ་གཏང་ཞིག༔ ནོར་ལ་གོད་ཁ་མ་གཏང་ཞིག༔ ཀླུང་རྟའི་གྱོད་ཕུལ་མ་གཏང་ཞིག༔ ལི་ཁམ་ཕྱིང་ཐུམ་མ་འདྲིལ་ཅིག༔ ཁེན་ཟོན་བདུད་ནག་མ་འབེབ་ཅིག༔ དྭ་ཟིན་གྲི་ཕུར་མ་འདེབས་ཤིག༔ གིང་ཁོན་ཡམས་ནད་མ་གཏང་ཞིག༔ བྱི་རྟ་རུ་ཆོད་མ་འབེབ་ཅིག༔ གླང་ལུག་ཕུང་གྱོད་མ་གཏང་ཞིག༔ སྟག་སྤྲེལ་བདུན་ཟུར་མ་འགྲིམ་ཞིག༔ བྱ་ཡོས་བྱེ་བྲལ་མ་གཏང་ཞིག༔ ཁྱི་འབྲུག་གནམ་སྒོ་མ་བྱེ་ཞིག༔ ཕག་སྦྲུལ་དགྲ་གཤེད་མ་འཐབས་ཤིག༔ འབྱུང་བ་དགུ་མིག་ཏུ་ཡང་མ་བཅུག་ཅིག༔ དུར་མིག་རུས་མིག་མ་སྡང་ཞིག༔ གནམ་སྒོ་བྱེ་བ་གཅད་དུ་གསོལ༔ ས་སྒོ་བྱེ་བ་གཅད་དུ་གསོལ༔ དུར་སྒོ་བྱེ་བ་ཟློག་ཏུ་གསོལ༔ གནམ་གྱི་འཇུ་ཐག་མ་གཅད་ཅིག༔ ས་ཡི་རྟེན་ཕུར་མ་ཕུད་ཅིག༔ ས་རྒྱང་གནམ་རྒྱང་མ་གཏང་ཞིག༔ དབང་ཐང་ཀླུང་རྟའི་བདུད་དུ་མ་འབེབ་ཅིག༔ མ་ཀླུང་སྲིད་པའི་ཀླུང་མ་བགོ༔ ལོ་ཡི་ཀེག་དང་ཟླ་བའི་ཀེག༔ ཞག་གི་ཀེག་དང་ཟ་མའི་ཀེག༔ དུས་ཚོད་ཀེག་རྣམས་བསྒྱུར་དུ་གསོལ༔ ཀྱེ༔ སྣང་སྲིད་ས་བདག་ཀླུ་གཉན་རྣམས༔ བདེན་པའི་སྒྲ་རྣམས་རྣ་བས་ཉོན༔ བྱམས་དང་ལྡན་པའི་སེམས་ཀྱིས་སོམས༔ ཁ་ཞིམ་རོ་ནི་ལྕེ་ཡིས་མྱོངས༔ ལེགས་ཉེས་གཟུགས་ནི་མིག་གིས་ལྟོས༔ བསང་མཆོད་གཙང་མ་འདི་བཞེས་ལ༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཀྱེ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མེ་ཆུ་གཉིས་ཀྱི་འབར་བསད་སྒྱུར༔ མེ་ལྕགས་གཉིས་ཀྱི་བཞུ་བཏུལ་སྒྱུར༔ ཤིང་ལྕགས་གཉིས་ཀྱི་གཅོད་འདྲལ་སྒྱུར༔ ས་ཆུ་གཉིས་ཀྱི་བཤིག་བཀྲལ་སྒྱུར༔ ས་ཤིང་གཉིས་ཀྱི་ཕུག་བརྟུལ་སྒྱུར༔ རྒྱལ་པོའི་བཀའ་ཆད་བསྒྱུར་དུ་གསོལ༔ བློན་པོའི་སྐུ་དུག་བསྒྱུར་དུ་གསོལ༔ ཉི་མའི་དུས་ཚོད་ངན་པ་སྒྱུར༔ དུར་ཤིང་སྡིག་འགལ་སེ་ཕུང་དང༔ ནམ་མཁའི་དབུ་ཤུག་འབྲང་རྒྱས་དང༔ དོག་མོ་སྤྱི་བླུགས་ཐོད་པ་སྒྱུར༔ གཤིན་རྗེའི་མདའ་འཕེན་སུན་མ་ཟློག༔ ཇུ་ཐིག་མདུད་རྫོང་ངན་པ་སྒྱུར༔ མེ་ཉག་སོག་མོ་ངན་པ་སྒྱུར༔ ཡས་ཀྱི་སྒོ་བརྡུང་ཐོགས་པ་སྒྱུར༔ མས་ཀྱི་སྲིད་མདུང་ཟུག་པ་སྒྱུར༔ གསོན་གཤིན་ལག་པ་སྦྲེལ་བ་སྒྱུར༔ དོག་མོ་སྤྱི་ལུག་ཆད་པ་སྒྱུར༔ ས་སྒོ་དུར་སྒོ་བྱེ་བ་དང༔ རུས་ལ་ཆག་གས་སོང་བ་དང༔ གནམ་གྱི་ཞིག་རལ་ངན་པ་སྒྱུར༔ མགྱོགས་པ་གསུམ་གྱི་བློ་འགྱོད་སྒྱུར༔ སོག་ཀ་རུས་པ་ངན་པ་སྒྱུར༔ ལོ་ཡི་སྐག་སླེང་ངན་པ་སྒྱུར༔ བོད་ཀྱི་ལྷ་ཀ་ངན་པ་སྒྱུར༔ རྒྱ་ཡི་ཛུ་ཡག་ངན་པ་སྒྱུར༔ ལྷ་འདྲེ་གཉིས་ཀྱི་ཉོ་ཚོང་སྒྱུར༔ བདུད་བཙན་གཉིས་ཀྱི་ཇག་པ་སྒྱུར༔ ལྷ་སྲིན་གཉིས་ཀྱི་རྐུན་མ་སྒྱུར༔ རྨི་ལམ་ངན་པ་ཐམས་ཅད་སྒྱུར༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་སྒྱུར༔ མི་མཐུན་ཕྱོགས་ངན་ཐམས་ཅད་སྒྱུར༔ ཞི་བ་བདེ་ལེགས་ངང་དུ་བཅོས༔ ཀྱེ༔ ས་བདག་ཀླུ་གཉན་ཐམས་ཅད་དང༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ སྔོན་གྱི་འབྲེལ་པའི་ལན་ཆགས་སམ༔ ད་ལྟར་འཕྲལ་གྱི་རྐྱེན་གེགས་སམ༔ ཚེ་རབས་སྔོན་གྱི་བུ་ལོན་ནམ༔ ད་ལྟའི་ཚེ་སྲོག་ལན་ཆགས་སམ༔ དུག་ལྔའི་རྣམ་རྟོག་གང་ཡིན་རྣམས༔ འཁོན་པ་ཡོད་ན་ད་བསྡུམ་མོ༔ ཆད་པ་ཡོད་ན་ད་མཐུད་དོ༔ འགྲས་པ་ཡོད་ན་ད་སོལ་ཅིག༔ ཐལ་བ་ཡོད་ན་ད་རློན་ཅིག༔ རལ་པ་ཡོད་ན་ད་དྲུབ་བོ༔ ཡོ་བ་ཡོད་ན་ད་སྲོངས་ཤིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོགས༔ ཀྱེ༔ ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱིས༔ སྟེང་གི་ཀིང་ཀང་མ་འབེབས་ཤིག༔ འོག་གི་སྲི་ཆེན་མ་འགྲོལ་ཅིག༔ བར་དུ་བདུད་བཙན་མ་འཕྱོ་ཞིག༔ རླབས་ཆེན་ཁྱུང་ཆེན་མ་འབེབ་ཅིག༔ འོག་ནས་དུར་ཕག་མ་འདུར་ཅིག༔ གཟའ་མདའ་སྐར་མདའ་མ་འཕེན་ཅིག༔ ནམ་ཟླ་དུས་བཞི་མ་འཁྲུགས་ཤིག༔ འབྱུང་བཞི་ཁམས་ལྔ་མ་འཁྲུགས་ཤིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལོ་ལ་བདུད་དུ་མ་འབེབ་ཅིག༔ ཟླ་བར་གཤེད་དུ་མ་བརྫུ་ཞིག༔ ལོ་ཉེས་ཐམས་ཅད་ཞི་བར་མཛོད༔ ལོ་ཀེག་ཟླ་ཀེག་ཞི་བར་མཛོད༔ ཕོ་བདུད་མིང་སྲིང་བསྒྱུར་དུ་གསོལ༔ བྱིས་པའི་ཆུང་སྲི་བསྒྱུར་དུ་གསོལ༔ གདོན་ཆེན་བཅོ་ལྔའི་གདུག་སེམས་སྒྱུར༔ ཆུང་བདུད་དགྲ་གཤེད་བསྒྱུར་དུ་གསོལ༔ ཆུ་བཙན་མོ་འདྲེའི་གདུག་སེམས་སྒྱུར༔ ནོར་གྱི་གོད་ཡམས་བསྒྱུར་དུ་གསོལ༔ ༈ ཀྱེ༔ ས་བདག་ཀླུ་གཉན་ཁྱེད་རྣམས་ལ༔ དེ་ལྟར་བསངས་དང་མཆོད་བྱས་པས༔ བདག་དང་ཡོན་བདག་འདི་དག་ལ༔ དབུ་ཡིས་རུ་ཡུག་མ་མཛད་ཅིག༔ ཞལ་གྱིས་ངན་པ་མ་སྨྲ་ཞིག༔ སྤྱན་གྱིས་སྡང་མིག་མ་བསྒྲད་ཅིག༔ ཕྱག་གིས་སེ་གོལ་མ་རྡེབས་ཤིག༔ དྲག་པོའི་རླུང་གཞུ་མ་བཀུག་ཅིག༔ གདུག་པའི་སྤུ་མདའ་མ་འཕེན་ཅིག༔ ཉམ་ང་ལུས་ལ་མ་འཆང་ཞིག༔ ཞེ་སྡང་སེམས་ལ་མ་གཟུང་ཞིག༔ གདུག་པའི་དབལ་ཟེར་མ་བསྟན་ཅིག༔ བྲག་ཆེན་པོ་རྨང་ནས་མ་རལ་ཅིག༔ རི་ཆེན་པོ་རྩེ་ནས་མ་ཉིལ་ཅིག༔ ཤིང་ཆེན་པོ་སྐེད་ནས་མ་ཆག་ཅིག༔ ཆུ་ཆེན་པོ་ཕུགས་ནས་མ་འཁྲུགས་ཤིག༔ སྐར་མདའ་ཆེན་པོ་ས་ལ་མ་འགྲིལ་ཅིག༔ མཚོ་ཆེན་པོ་གཏིང་ནས་མ་འཁྲུགས་ཤིག༔ ས་ཆེན་པོ་གཏིང་ནས་མ་གཡོ་ཞིག༔ གཡག་ཆེན་པོ་རྭ་ནི་མ་བདར་ཅིག༔ ཉི་ཟླ་ཐང་ལ་མ་ལྷུང་ཞིག༔ དབྱར་དུས་ཐོག་སེར་མ་འབེབ་ཅིག༔ དགུན་དུས་རླུང་འཚུབས་མ་གཏང་ཞིག༔ སེར་བ་ཧྲམ་པོ་རྟ་ལྟར་མ་རྒྱུགས་ཤིག༔ གནོད་སྦྱིན་ཐོག་སེར་མདའ་ལྟར་མ་འཕེན་ཅིག༔ མི་ལ་ན་ཚ་ཤི་ཆད་མ་གཏང་ཞིག༔ ནོར་ལ་གོད་ཁ་སྨྱོ་འབོག་མ་གཏོང་ཞིག༔ ཞིང་ལ་བཙའ་སད་སེར་གསུམ་མ་གཏང་ཞིག༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ རིམས་ནད་ཡམས་ནད་ཞི་གྱུར་ཅིག༔ བདུད་ཀྱི་ཞགས་པ་ནག་པོ་ཆོད༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར༔ བཙན་གྱི་ཤོ་རྡེལ་དགྲ་ལ་སྤོས༔ མ་མོའི་ཁྲག་ནད་དགྲ་ལ་ཐོངས༔ རྒྱལ་པོའི་སྨྱོ་འབོག་ཞི་བར་མཛོད༔ ལྷ་ནད་ཉི་ལྟར་ཤར་བ་སྒྱུར༔ ཀླུ་ནད་སྤྲིན་ལྟར་གཏིབས་པ་སྒྱུར༔ བདུད་ནད་མུན་ལྟར་འཐིབས་པ་སྒྱུར༔ གཟའ་ནད་ཆུ་ལྟར་ཁོལ་བ་སྒྱུར༔ ལུས་ལ་སྦྲུལ་ལྟར་འཁྲིལ་བ་སྒྱུར༔ མི་དགེ་སེམས་ཀྱི་སྡུག་བསྔལ་སྒྱུར༔ མི་ཤི་སྡུག་ཟན་ངན་པ་སྒྱུར༔ བྱ་ཐན་བྱིའུའི་ཐན་ངན་པ་སྒྱུར༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་སྒྱུར༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་སྒྱུར༔ རྐྱེན་ངན་ཉིས་ཁྲི་ཆིག་སྟོང་སྒྱུར༔ དུས་མིན་འཆི་བ་ངན་པ་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་སྒྱུར༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ མི་མཐུན་གནོད་པའི་བགེགས་རྣམས་ཟློག༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཚེ་དང་བསོད་ནམས་ཐམས་ཅད་ལ༔ བར་ཆད་བྱེད་པ་ཐམས་ཅད་ཟློག༔ བཅོལ་པའིཕྲིན་ལས་གྲུབ་པར་མཛོད༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ ཤེལ་གྱི་བུ་ཆུང་གླུ་ནི་མ་ལེན་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ ཆུ་སྦྲུལ་ནག་པོས་ལྕེ་ནི་མ་རྐྱོངས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ སྦལ་པ་ནག་པོས་ལག་གཉིས་ཁ་རུ་མ་བཅུག་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་བྱང་ཕྱོགས་ཕ་གི་ན༔ བྱ་དམར་པོས་གཤོག་པ་མ་རླབས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ཤར་ལྷོ་མཚམས་ཤེད་ན༔ གཡུ་འབྲུག་སྔོན་མོས་རྐན་སྒྲ་མ་རྡེབས་ཤིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ རྡོ་ལུག་གྲོ་མོ་མ་འཁུན་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་ནུབ་བྱང་མཚམས་ཤེད་ན༔ ལྕགས་ཁྱི་སྔོན་མོ་མ་ཟུག་ཅིག༔ གཡུ་ཡི་བྱི་བ་ཁྱི་སྐད་དུ་མ་ཟུག་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ ཉི་མ་བྱང་ཤར་མཚམས་ཤེད་ན༔ ཟངས་ཀྱི་གླང་བུ་སྟག་རིས་རྭ་ནི་མ་བདར་ཅིག༔ གདུག་པའི་ཕྱག་བརྙན་མ་གཏང་ཞིག༔ ཡས་ཀྱི་བདུད་ནི་མ་གཡོ་ཞིག༔ མས་ཀྱི་སྲི་ནི་མ་ལྡངས་ཤིག༔ བར་གྱི་བཙན་ནི་མ་འགྲིམས་ཤིག༔ གནམ་རིམ་པ་བཅུ་གསུམ་ཡར་སྟེང་ན༔ བྱ་ཁྱུང་དམར་པོས་གཤོག་པ་མ་རླབས་ཤིག༔ ཤེལ་གྱི་རྟ་དཀར་རྔོག་མ་མ་སྤྲུགས་ཤིག༔ དོམ་བུ་ནག་པོས་ལག་པ་མ་རྐྱོངས་ཤིག༔ བཙན་གྱི་ཤ་བ་རྒྱལ་པོའི་རྒྱབ་ནི་མ་སྤྲུགས་ཤིག༔ ཉ་དཀར་མོའི་རྔ་མ་མ་གཡུགས་ཤིག༔ དུར་ཕག་དཀར་པོས་སྣ་ནི་མ་སྤྲུགས་ཤིག༔ དུར་ཕག་ནག་པོས་ཁྲོན་ནི་མ་བརྐོ་ཞིག༔ འདྲེ་ལྔ་ཕྱོགས་ནས་མ་ལྡང་ཞིག༔ ཡར་བྱ་མར་ལ་མ་ངར་ཅིག༔ ཡར་ཁྱི་མར་ལ་མ་ཟུག་ཅིག༔ ཡར་རྟ་མར་ལ་མ་འཚེར་ཅིག༔ ཡར་མི་མར་ལ་མ་འབྲོད་ཅིག༔ ས་རིམ་པ་དགུ་ཡི་འོག་ཤེད་ན༔ དུར་ཕག་ནག་པོ་མ་འཁུན་ཅིག༔ དུར་དོང་ནག་པོ་མ་བརྐོ་ཞིག༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ ན་ཚ་ཤི་ཆད་མ་གཏང་ཞིག༔ གློ་བུར་སྐྲག་སྔངས་མ་གཏང་ཞིག༔ ཐོག་དང་སེར་བ་མ་གཏང་ཞིག༔ བཙའ་སད་མུ་གེ་མ་གཏང་ཞིག༔ གནམ་ལྕགས་ཐོག་རྒོད་མ་ལྷུངས་ཤིག༔ དེ་རིང་སྲིད་པའི་གནམ་གང་ལ༔ སྣང་སྲིད་ཞི་བ་ཆེན་པོའི་ངང་དུ་བཅོས༔ ཞི་བ་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མ་རིག་འཁྲུལ་པ་སངས་ནས་ནི༔ ཀུན་རྟོག་ཡེ་ཤེས་རང་ཤར་ནས༔ འབྲས་བུ་སངས་རྒྱས་ཐོབ་པར་ཤོག༔ བཀྲ་ཤིས་བདེ་ལེགས་ངང་དུ་གནས་གྱུར་ཅིག༔ ཅེས་པ་འདི་ནི་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་བསང་མཆོད་གནམ་ས་སྣང་བརྒྱད་བདུད་རྩིའི་སྤྲིན་ཕུང་དགོས་འདོད་ཆར་རྒྱུན་ཞེས་བྱ་བ་ས་བདག་ཀླུ་གཉན་མཉེས་པར་བྱེད་པ་འདི་མངའ་བདག་ཉང་གི་གཏེར་མའོ། །ས་མ་ཡ། རྒྱ་རྒྱ་རྒྱ། བཀྲ་ཤིས་དཔལ་འབར་སྣང་སྲིད་མཉེས་གྱུར་ཅིག །སརྦ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).