Terdzo-PHI-078



Property "author" has been marked for restricted use.








Terdzo-PHI-078.pdf
Click the picture above to view the Shechen manuscript.

དམག་ཟློག་ཉི་ཤུ་རྩ་ལྔ་ལས༔ མགོན་པོ་བདུན་ཅུ་རྩ་གཉིས་མདོས་ཀྱི་བཅའ་ཐབས་བསྐུལ་པ་དང་བཅས་པ་

dmag zlog nyi shu rtsa lnga las:_mgon po bdun cu rtsa gnyis mdos kyi bca' thabs bskul pa dang bcas pa

by  ཞིག་པོ་གླིང་པ་ (Zhikpo Lingpa)
revealed by  ཞིག་པོ་གླིང་པ་ (Zhikpo Lingpa)
in cycle  དམག་ཟློག་ཉི་ཤུ་རྩ་ལྔ་ (Dmag zlog nyi shu rtsa lnga)
Volume 44 (ཕི) / Pages 833-846 / Folios 1a1 to 7b6

Tibetan Text

༄༅༔ དམག་ཟློག་ཉི་ཤུ་རྩ་ལྔ་ལས༔ མགོན་པོ་བདུན་ཅུ་རྩ་གཉིས་མདོས་ཀྱི་བཅའ་ཐབས་བསྐུལ་པ་དང་བཅས་པ་བཞུགས་སོ༔ ྈྈྈ མགོན་པོ་བདུན་ཅུ་རྩ་གཉིས་ཀྱི་མདོས་བཅའ་ཐབས་ལ༔ རི་རབ་བང་རིམ་བཞི་པའི་བུམ་པའི་རྩེ་མོ་ལ་་་ཚངས་པ་ལ།ནམ་མཁའ་དམར་སེར་མདའ་སེར་ལྟོང་སྔོན་རྒྱང་བུ་སྣ་ཚོགས་ཅོད་པན་གཟུགས༔ བང་རིམ་དང་པོའི་་་ཕྱོགས་སྐྱོང་བཅུ་ལ།ཤར་ཕྱོགས་ནམ་མཁའ་རྒྱང་བུ་དཀར་པོ་བྱའོ༔ ཤར་ལྷོར་ནམ་མཁའ་དམར་སྐྱ༔ མདའ་རྒྱང་ཐམས་ཅད་ནམ་མཁའ་དང་འདྲའོ༔ ལྷོར་སྨུག་ནག༔ ལྷོ་ནུབ་ཏུ་སྔོ་སྐྱ༔ ནུབ་སྟོད་དུ་དཀར་པོ༔ ནུབ་སྨད་དུ་སེར་པོ༔ ནུབ་བྱང་དུ་དུད་ཁ༔ བྱང་དུ་སེར་པོ༔ བྱང་ཤར་དུ་དཀར་སྐྱ༔ ཤར་སྟོད་དུ་སེར་ནག༔ ཤར་སྨད་དུ་དཀར་པོ་རྣམས་བཙུག༔ བང་རིམ་གཉིས་པ་ལ༔་་་རྒྱལ་ཆེན་བཞི་ལ། ཤར་དཀར༔ ལྷོ་སྔོ༔ ནུབ་དམར༔ བྱང་ལྗང་གུའོ༔ ལྷ་བརྒྱད་ལ།་་་ཤར་སྟོད་དུ་དམར་པོ༔ ཤར་སྨད་དུ་མཐིང་ག༔ ལྷོ་སྟོད་དུ་ལྗང་གུ༔ ལྷོ་སྨད་དུ་དམར་པོ༔ ནུབ་སྟོད་དུ་དཀར་པོ༔ ནུབ་སྨད་དུ་དམར་པོ༔ བྱང་སྟོད་དུ་སྨུག་པོ༔ བྱང་སྨད་དུ་སེར་ནག་གཟུག་གོ༔ བང་རིམ་གསུམ་པ་་་ཀླུ་བརྒྱད་ལ།ཤར་སེར་པོ༔ ཤར་ལྷོ་དམར་པོ༔ ལྷོར་སྔོན་པོ༔ ལྷོ་ནུབ་ཏུ་དམར་པོ༔ ནུབ་སེར་པོ༔ ནུབ་བྱང་དུ་ལྗང་གུ༔ བྱང་དང་བྱང་ཤར་དུ་དཀར་པོ་རེ་གཟུག་གོ༔ བང་རིམ་བཞི་པ་ལ་་་གཟའ་བརྒྱད་ལ།ཤར་དུ་དཀར་པོ༔ ལྷོ་རུ་སྔོན་པོ༔ ནུབ་ཏུ་དཀར་པོ༔ བྱང་དུ་སེར་པོ༔ ཤར་ལྷོར་དམར་པོ༔ ལྷོ་ནུབ་ཏུ་དུད་ཁ༔ ནུབ་བྱང་དུ་ནག་པོ༔ བྱང་ཤར་དུ་དམར་པོ་གཟུག༔ བང་རིམ་འོག་གི་གདན་ལ་་་རྒྱུ་སྐར་ཉེར་བརྒྱད་ལ།ཤར་དུ་དཀར་པོ་བདུན༔ ལྷོ་རུ་སྔོན་པོ་བདུན༔ ནུབ་ཏུ་དམར་པོ་བདུན༔ བྱང་དུ་ལྗང་གུ་བདུན༔ གནོད་སྦྱིན་ལྔ་ལ།་་་ཡང་ཤར་དུ་སེར༔ ལྷོར་དཀར༔ ནུབ་ཏུ་ནག༔ བྱང་སྟོད་དུ་དམར༔ བྱང་སྨད་དུ་ཁོང་ལྗང་འཇའ་རིས་ཅན་རྣམས་གཟུག་གོ༔ ལྕགས་རི་ལ་ནམ་མཁའ༔ མདའ༔ རྒྱང་བུ༔ ཤིང་རིས་སྣ་ཚོགས༔ གླིང་བཅུ་གཉིས་ལའང་ཕྱོགས་མདོག་གི་ནམ་རྒྱང་མདའ་འཕང་ཤིང་རིས་སོགས་དང༔ གཞན་ཡང་གྲི༔ མདུང༔ ཕོ་ཏང༔ མོ་ཏང༔ འཕན་རྒྱལ་མཚན་སོགས་བཀོད༔ འབྲུ་གསོག་ནི་བསྐུལ་བ་ལས་ཤེས་པར་བྱའོ༔ བསྐུལ་གྱི་མན་ངག་ནི་གཏོར་མ་དང་མདོས་གཉིས་སུ་ཤེས་པར་བྱའོ༔ མཇུག་ལ་བཀའི་གཏོར་མ་འདི་བཞེས་ལ༔ <!TCC Tibetan character 4,97 undefined in unicode!> བཀའ་ཡི་མདོས་ཆེན་འདི་བཞེས་ལ༔ ཞེས་ཤེས་པར་བྱའོ༔ རི་རབ་ཀྱི་མན་ངག་ནི༔ གདན་གཉིས་བརྩེགས་བང་རིམ་བུམ་པ་བྲེ་དང་ལྡན་པ་ཤར་དཀར༔ ལྷོར་སྔོ༔ ནུབ་དམར༔ བྱང་ལྗང་གུ་བྱ༔ རྩིབས་དང་ཕྱག་མཚན་ལ་སོགས་པ་ཡང་བསྐུལ་བ་བཞིན་དུ་བྲིས་ལ་འགོད་པར་བྱའོ༔ དེ་ནས་མདོས་བྱིན་གྱིས་བརླབ་པ་སྤྱི་ལྟར་བྱས་ལ༔ བདག་དཔལ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་ཞུགས་ལ་འདི་སྐད་དོ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ན༔ ཚངས་རིགས་ལྷ་ཡི་གཞལ་ཡས་ན༔ ཚངས་པ་ཆེན་པོའི་ཐུགས་དམ་བསྐུལ༔ སྐུ་མདོག་དམར་སེར་འབར་བ་ལ༔ གསེར་གྱི་མེ་ཏོག་མཛེས་པས་བརྒྱན༔ ཆིབས་སུ་ཅང་ཤེས་ངང་པ་འཆིབ༔ གསེར་གྱི་འཁོར་ལོ་ཕྱག་ན་བསྣམས༔ སངས་རྒྱས་སྟོང་གིས་དབང་བསྐུར་པས༔ ཁྱེད་ཀྱི་རྫུ་འཕྲུལ་དེ་ཡིས་ནི༔ ཁྲོས་ན་སྲིད་པ་གསུམ་ཡང་འཇིག༔ འཇིག་རྟེན་མེས་པོ་མཐུ་བོ་ཆེ༔ <!TCC Tibetan character 4,97 undefined in unicode!> སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ གཤེགས་ཤིག་འགྲོ་བའི་དོན་ལ་གཤེགས༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ ལས་ངན་འདུལ་བའི་དུས་ལ་བབས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་བྲཧྨ་ཡ་སརྦ་དུཥྚཱན་སརྦ་བིགྣཱན་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ ཕྱོགས་སྐྱོང་བཅུ་ཡི་དུས་ལ་བབས༔ ཤར་ཕྱོགས་དབང་པོ་བརྒྱ་བྱིན་ནི༔ སྐུ་མདོག་དཀར་པོ་གླང་ཆེན་ཞོན༔ རྡོ་རྗེ་གདེང་པ་ཕྱག་ན་བསྣམས༔ ལྷ་ཡི་གདོན་རིགས་དབང་དུ་སྡུས༔ ཤར་ལྷོ་མེ་ལྷ་ཆེན་པོ་ནི༔ དམར་སྐྱ་ར་སྐྱེས་ཆིབས་སུ་འཆིབ༔ ཧོམ་གཟར་འབར་བའི་མེ་འོད་ཀྱིས༔ དྲང་སྲོང་གདོན་རིགས་དབང་དུ་སྡུས༔ ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི༔ སྐུ་མདོག་སྨུག་ནག་མ་ཧེ་ཞོན༔ ཕྱག་མཚན་འཇིགས་པའི་བེ་ཅོན་གྱིས༔ གཤིན་རྗེའི་གདོན་རིགས་དབང་དུ་སྡུས༔ ལྷོ་ནུབ་བདེན་བྲལ་རྒྱལ་པོ་ནི༔ སྐུ་མདོག་སྔོ་སྐྱ་རོ་ལངས་ཞོན༔ ཕྱག་མཚན་རལ་གྲི་འབར་བ་བསྣམས༔ སྲིན་པོའི་གདོན་རིགས་དབང་དུ་སྡུས༔ ནུབ་ཕྱོགས་ཆུ་བདག་རྒྱལ་པོ་ནི༔ སྐུ་མདོག་དཀར་པོ་ཆུ་སྲིན་ཞོན༔ ཕྱག་མཚན་བདུག་པ་སྦྲུལ་ཞགས་འཕེན༔ ཀླུ་ཡི་གདོན་རིགས་དབང་དུ་སྡུས༔ ནུབ་བྱང་རླུང་ལྷའི་རྒྱལ་པོ་ནི༔ སྐུ་མདོག་དུད་ཁ་རི་དྭགས་ཞོན༔ རླུང་གི་བ་དན་ཕྱག་ན་བསྣམས༔ རིག་འཛིན་གདོན་རིགས་དབང་དུ་སྡུས༔ བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་ནི༔ གསེར་མདོག་རྫུ་འཕྲུལ་རྟ་ལ་ཞོན༔ ཕྱག་ན་རིན་ཆེན་དབྱུག་ཏོ་ཡིས༔ གནོད་སྦྱིན་གདོན་རིགས་དབང་དུ་སྡུས༔ བྱང་ཤར་དབང་ལྡན་རྒྱལ་པོ་ནི༔ ཐལ་བའི་མདོག་ཅན་ཁྱུ་མཆོག་ཞོན༔ རྩེ་གསུམ་འབར་བ་ཕྱག་ན་བསྣམས༔ འབྱུང་པོའི་གདོན་རིགས་དབང་དུ་སྡུས༔ སྟེང་གི་ཕྱོགས་ནས་བགེགས་འདུལ་བ༔ ཉི་ཟླ་ཁྲོས་པ་མཐུ་བོ་ཆེ༔ ཤུགས་ཅན་རྟ་བདུན་ཤིང་རྟ་བཅིབས༔ ཉི་ཟླའི་འཁོར་ལོ་ཕྱག་ན་བསྣམས༔ བར་སྣང་བགེགས་རིགས་དབང་དུ་སྡུས༔ འོག་གི་ཕྱོགས་ནས་བགེགས་འདུལ་བ༔ ས་བདག་ཁྲོས་པ་ཕག་ལ་བཅིབས༔ ཕྱག་ན་བཅུད་ཀྱི་བུམ་པ་འཛིན༔ འོག་གི་བགེགས་རིགས་དབང་དུ་སྡུས༔ སྟོན་པའི་བཀའ་ཉན་ཕྱོགས་སྐྱོང་བཅུ༔ <!TCC Tibetan character 4,97 undefined in unicode!> སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་ཨིནྡྲ་ཡ༔ ཨགྣེ་ཡ༔ ཡ་མཱ་ཡ༔ ནཻ་རི་ཏ་ཡ༔ བ་རུ་ཎཱ་ཡ༔ བཱ་ཡ་བེ༔ ཀུ་བཻ་རཱ་ཡ༔ ཨཱི་ཤ་ནཱ་ཡ༔ སུརྱ་ཙནྡྲ་ཡེ༔ པ་ཏི་བྷཱུ་མི༔ སརྦ་དུཥྚཱན་སརྦ་བཱིག་ནཾ་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ རྒྱལ་ཆེན་བཞི་ཡི་དུས་ལ་བབས༔ རི་རབ་ལྷུན་པོའི་ཤར་ཕྱོགས་ནས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ སྐུ་མདོག་དཀར་པོ་བསེ་ཁྲབ་གསོལ༔ གསེར་གྱི་རྨོག་ཞུ་གྱེན་དུ་འབར༔ ཕྱག་ན་སྒྲ་སྙན་རྒྱུད་མངས་བསྣམས༔ ལྷ་ཆེན་ཁྲོས་པ་མཐུ་བོ་ཆེ༔ དྲི་ཟ་འབུམ་གྱི་དམག་དང་བཅས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཐུ་བ་བརྫེས་ལ་ཕྲག་པ་ཕུད༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ རི་རབ་ལྷུན་པོའི་ལྷོ་ཕྱོགས་ནས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ སྐུ་མདོག་སྔོན་པོ་བསེ་ཁྲབ་གསོལ༔ གསེར་གྱི་རྨོག་ཞུ་འོད་དུ་འབར༔ ཕྱག་ན་རལ་གྲི་འབར་བ་བསྣམས༔ གཤིན་རྗེ་ཁྲོས་པ་མཐུ་བོ་ཆེ༔ གྲུལ་བུམ་འབུམ་གྱི་དམག་དང་བཅས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཐུ་བ་བརྫེས་ལ་ཕྲག་པ་ཕུད༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ རི་རབ་ལྷུན་པོའི་ནུབ་ཕྱོགས་ནས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ སྐུ་མདོག་དམར་པོ་བསེ་ཁྲབ་གསོལ༔ གསེར་གྱི་རྨོག་ཞུ་འོད་དུ་འབར༔ ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས༔ ཀླུ་བདུད་ཁྲོས་པ་མཐུ་བོ་ཆེ༔ གདུག་པ་འབུམ་གྱི་དམག་དང་བཅས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཐུ་བ་བརྫེས་ལ་ཕྲག་པ་ཕུད༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ རི་རབ་ལྷུན་པོའི་བྱང་ཕྱོགས་ནས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་ལྗང་གུ་བསེ་ཁྲབ་གསོལ༔ གསེར་གྱི་རྨོག་ཞུ་འོད་དུ་འབར༔ ཕྱག་ན་རིན་ཆེན་བེ་ཅོན་བསྣམས༔ གནོད་སྦྱིན་ཁྲོས་པ་མཐུ་བོ་ཆེ༔ ལས་བྱེད་འབུམ་གྱི་དམག་དང་བཅས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཐུ་བ་བརྫེས་ལ་ཕྲག་པ་ཕུད༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ འཇིག་རྟེན་སྐྱོང་བ་ཁྱོད་བཞི་ཡང༔ <!TCC Tibetan character 4,97 undefined in unicode!> སྔོན་གྱི་དམ་བཅའ་གཉན་དགོངས་ལ༔ སངས་རྒྱས་བསྟན་ལ་དགྲ་བྱུང་གིས༔ ཆོས་ཤིག་ཆོས་སྐྱོང་དགྲ་ལ་ཆོས༔ ཨོཾ་དྷྲིཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ བི་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ༔ བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ སརྦ་དུཥྚཱན་སརྦ་བཱིག་ནཾ་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ ལྷ་ཆེན་བརྒྱད་ཀྱི་དུས་ལ་བབས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ ཕྱག་ན་ཏྲི་ཤུལ་འབར་བ་བསྣམས༔ ལྷ་ཆེན་རྒྱལ་པོ་ཁྱབ་འཇུག་ནི༔ སྐུ་མདོག་མཐིང་ཀ་འོད་ཟེར་འབར༔ ཆིབས་སུ་གསེར་སྦྲུལ་སེར་པོ་འཆིབ༔ ཕྱག་ན་འཁོར་ལོ་འབར་བ་བསྣམས༔ ལྷ་ཆེན་བྷྲིང་གི་རི་ཏི་ནི༔ སྐུ་མདོག་ལྗང་ཀུ་འོད་ཟེར་འབར༔ ཆིབས་སུ་རྫུ་འཕྲུལ་རྟ་ལ་འཆིབ༔ ཕྱག་ན་པི་ཝང་སྒྲ་སྙན་བསྣམས༔ ལྷ་ཆེན་དགའ་བྱེད་དབང་ཕྱུག་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཆིབས་སུ་ཁྱུ་མཆོག་གླང་པོ་འཆིབ༔ ཕྱག་ན་མདའ་གཞུ་འབར་བ་བསྣམས༔ ལྷ་ཆེན་གཞོན་ནུ་ཀརྟི་ཀ༔ སྐུ་མདོག་དཀར་པོ་འོད་ཟེར་འབར༔ ཆིབས་སུ་བྱ་གག་དཀར་པོ་འཆིབ༔ ཕྱག་ན་མཛེས་པའི་བུམ་པ་བསྣམས༔ ལྷ་ཆེན་ཚོགས་བདག་ཆེན་པོ་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཆིབས་སུ་བྱི་བ་སྔོན་པོ་འཆིབ༔ ཕྱག་ན་འབར་བའི་དབྱུག་ཏོ་བསྣམས༔ ལྷ་ཆེན་ལེགས་ལྡན་ནག་པོ་ནི༔ སྐུ་མདོག་སྨུག་ནག་འོད་ཟེར་འབར༔ ཆིབས་སུ་རོ་ལངས་འཇིགས་པ་འཆིབ༔ ཕྱག་ན་ཙན་དན་བེང་ཆེན་བསྣམས༔ ལྷ་ཆེན་སྟོབས་བཟང་གཞོན་ནུ་ནི༔ སྐུ་མདོག་སེར་ནག་འོད་ཟེར་འབར༔ ཆིབས་སུ་གླང་ཆེན་རབ་བརྟན་འཆིབ༔ ཕྱག་ན་རིན་ཆེན་འབར་བ་བསྣམས༔ ལྷ་ཆེན་བརྒྱད་པོ་ཁྱེད་རྣམས་ཀྱང་། <!TCC Tibetan character 4,97 undefined in unicode!> །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་རུ་ཨི་ཨ་བྷྲིཀ་ཧཱུྃ། སརྦ་དུཥྚཱན་སརྦ་བཱིག་ནཾ་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ ཀླུ་ཆེན་བརྒྱད་ཀྱི་དུས་ལ་བབས༔ ཀླུ་ཆེན་རྒྱལ་པོ་མཐའ་ཡས་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ ཕྱག་ན་རིན་ཆེན་འབར་བ་བསྣམས༔ ཀླུ་ཆེན་རྒྱལ་པོ་འཇོག་པོ་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཕྱག་ན་མེ་ཏོག་ཨུཏྤལ་བསྣམས༔ ཀླུ་ཆེན་རྒྱལ་པོ་སྟོབས་ཀྱིས་རྒྱུ༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་ན་སྤྲིན་གྱི་ཕུང་པོ་བསྣམས༔ ཀླུ་ཆེན་རྒྱལ་པོ་སྟོབས་ལྡན་ནི༔ སྐུ་མདོག་དམར་པོ་རལ་པ་ཅན༔ ཕྱག་ན་རིན་ཆེན་སྡོང་པོ་བསྣམས༔ ཀླུ་ཆེན་རྒྱལ་པོ་ནོར་རྒྱས་ནི༔ སྐུ་མདོག་སེར་པོ་རལ་པ་ཅན༔ ཕྱག་ན་རིན་ཆེན་ཕྲེང་བ་བསྣམས༔ ཀླུ་ཆེན་རྒྱལ་པོ་དུང་སྐྱོང་ནི༔ སྐུ་མདོག་ལྗང་ཁུ་རལ་པ་ཅན༔ ཕྱག་ན་འབུད་དུང་སྒྲ་སྒྲོག་བསྣམས༔ ཀླུ་ཆེན་རྒྱལ་པོ་པདྨ་ནི༔ སྐུ་མདོག་དཀར་པོ་རལ་པ་ཅན༔ ཕྱག་ན་པདྨ་དཀར་པོ་བསྣམས༔ ཀླུ་ཆེན་རྒྱལ་པོ་པད་ཆེན་ནི༔ སྐུ་མདོག་དཀར་པོ་རལ་པ་ཅན༔ ཕྱག་ན་སྦྲུལ་ཞགས་དཀར་པོ་བསྣམས༔ གདུག་པའི་རྒྱལ་པོ་ཁྱེད་རྣམས་ཀྱང༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ མགོ་ལུས་རིན་ཆེན་འབར་བས་བརྒྱན༔ མཐོང་རེག་ཁ་རླངས་སྦྲུལ་ལྕེ་འཇིགས༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ <!TCC Tibetan character 4,97 undefined in unicode!> བསྟན་པ་བཤིག་པའི་དགྲ་དང་བགེགས༔ དབང་དུ་སྡུས་ལ་རྡུལ་དུ་རློགས༔ ཨོཾ་ཨ་ནན་ཏ༔ ཏཀྵ་ཀ༔ ཀརྐོ་ཊ༔ བྷ་ལ་ས་ཏ༔ བ་སུ་ཀཱི༔ ཤཾ་ཁ་པཱ་ལ༔ པདྨ༔ མ་ཧཱ་པདྨ༔ སརྦ་དུཥྚཱན་སརྦ་བཱིག་ནཾ་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ གཟའ་ཆེན་བརྒྱད་ཀྱི་དུས་ལ་བབས༔ ཤར་ཕྱོགས་གཟའ་ཆེན་པ་ཝ་སངས༔ སྐུ་མདོག་དཀར་པོ་འོད་ཟེར་འབར༔ ཕྱག་ན་པདྨ་དཀར་པོ་བསྣམས༔ ལྷོ་ཕྱོགས་གཟའ་ཆེན་ཕུར་བུ་ནི༔ སྐུ་མདོག་སྔོན་པོ་འོད་ཟེར་འབར༔ ཕྱག་ན་གླེགས་བམ་པོ་ཏི་བསྣམས༔ ནུབ་ཕྱོགས་གཟའ་ཆེན་ཟླ་བ་ནི༔ སྐུ་མདོག་དཀར་པོ་འོད་ཟེར་འབར༔ ཕྱག་ན་མེ་ཏོག་ཀུན་ད་བསྣམས༔ བྱང་གི་གཟའ་ཆེན་ལག་པ་ནི༔ སྐུ་མདོག་སེར་པོ་འོད་ཟེར་འབར༔ ཕྱག་ན་མེ་ཏོག་ཨུཏྤལ་བསྣམས༔ ཤར་ལྷོ་མཚམས་ཀྱི་མིག་དམར་ནི༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ ཕྱག་ན་མེ་ཏོག་དམར་པོ་བསྣམས༔ ལྷོ་ནུབ་མཚམས་ཀྱི་སྒྲ་གཅན་ནི༔ སྐུ་མདོག་དུད་ཁ་འོད་ཟེར་འབར༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ ནུབ་བྱང་མཚམས་ཀྱི་སྤེན་པ་ནི༔ སྐུ་མདོག་ནག་ལ་འོད་ཟེར་འབར༔ ཕྱག་ན་བེ་ཅོན་འབར་བ་བསྣམས༔ བྱང་ཤར་མཚམས་ཀྱི་ཉི་མ་ནི༔ སྐུ་མདོག་དམར་ལ་འོད་ཟེར་འབར༔ ཕྱག་ན་གཅོད་པའི་འཁོར་ལོ་བསྣམས༔ ཤིན་ཏུ་གཏུམ་པོ་ཁྱེད་རྣམས་ཀྱང༔ ཆིབས་སུ་དུས་ཀྱི་རླུང་ལ་འཆིབ༔ འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུག༔ འཇིག་རྟེན་དུ་ནི་ཟས་འཕེལ་བྱེད༔ <!TCC Tibetan character 4,97 undefined in unicode!> བསྟན་པ་བཤིག་པའི་དགྲ་དང་བགེགས༔ ཁྱོད་ཀྱིས་དུས་ཀྱི་ཁྲམ་ལ་ཐོབས༔ ཨོཾ་ཤུ་ཀྲ་ཡེ༔ ཤྲེ་ཀ༔ སོ་མ༔ ནུ་ཏྲ་ཡ༔ ཏ་ར་ནི༔ ཨ་བྷི་ཏ་ཡེ༔ ད་རི་ན་སུ་ཏ༔ གྲ་ཧ་པ་ར་ཡེ་སྭཱ་ཧཱ༔ ཨ་ཏི་ཏ་ཡེ༔ སརྦ་ཤ་ཏྲུཾ་སརྦ་དུཥྚཱཾ་སརྦ་བིགྣཱན་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ རྒྱུ་སྐར་རྣམས་ཀྱི་དུས་ལ་བབས༔ ཤར་གྱི་ཕྱོགས་ནས་བསྐུལ་བ་ནི༔ ལྷ་ཡི་རྒྱུ་སྐར་ཆེན་པོ་བདུན༔ སྨིན་དྲུག་མདོག་དཀར་སྙན་ཆ་བསྣམས༔ བུམ་པ་བསྣོལ་བའི་ཁྲི་ལ་བཞུགས༔ སྣར་མ་མདོག་དཀར་སྙན་ཆ་བསྣམས༔ ཁྱུ་མཆོག་གླང་ཆེན་ཆིབས་སུ་འཆིབ༔ མགོ་ནི་མདོག་དཀར་གདུབ་བུ་བསྣམས༔ ཆིབས་སུ་ཤ་ཕོ་རུ་བཅུ་འཆིབ༔ ལག་ནི་མདོག་དཀར་དཔུང་རྒྱན་བསྣམས༔ མགོ་བདུན་སྦྲུལ་གྱི་ཁྲི་ལ་བཞུགས༔ ནབས་སོ་མདོག་དཀར་རྒྱལ་མཚན་བསྣམས༔ པདྨ་དག་གི་གདན་ལ་བཞུགས༔ རྒྱལ་ནི་དཀར་པོ་ནོར་བུ་བསྣམས༔ བུམ་པའི་གདན་གྱི་ཁྲི་ལ་བཞུགས༔ སྐག་ནི་དཀར་པོ་བ་དན་བསྣམས༔ བྱ་རོག་དག་གི་ཁྲི་ལ་བཞུགས༔ ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི༔ གཤིན་རྗེའི་རྒྱུ་སྐར་ཆེན་པོ་བདུན༔ མཆུ་ནི་མདོག་སྔོ་ཉི་མ་བསྣམས༔ གསེར་གྱི་ཁྲི་ལ་ཡང་དག་བཞུགས༔ གྲེ་ནི་སྔོ་དམར་པདྨ་འཛིན༔ པདྨ་དམར་པོའི་གདན་ལ་བཞུགས༔ སྦོ་ནི་ལྗང་གུ་རྔ་ཡབ་འཛིན༔ ལྷ་རྫས་དར་གྱི་གདན་ལ་བཞུགས༔ མེ་བཞི་སྔོན་པོ་མུ་ཁྱུད་ཐོགས༔ གླང་ཆེན་ཁྲི་ལ་འགྱིང་བར་བཞུགས༔ ནག་པ་སྔོན་པོ་རིན་ཆེན་བསྣམས༔ རྨ་བྱ་མཛེས་པའི་གདན་ལ་བཞུགས༔ ས་རི་སྔོན་པོ་རིན་ཆེན་བསྣམས༔ ཆིབས་སུ་རིན་ཆེན་ཤིང་རྟ་འཆིབ༔ ས་ག་སྔོན་པོ་རིན་ཆེན་བསྣམས༔ རྟ་མཆོག་དཀར་པོའི་ཁྲི་ལ་བཞུགས༔ ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ ཀླུ་ཡི་རྒྱུ་སྐར་ཆེན་པོ་བདུན༔ ལྷ་མཚམས་དམར་པོ་པདྨ་བསྣམས༔ བྱ་ནག་ཁྲི་ལ་ཡང་དག་བཞུགས༔ སྣྲོན་ནི་མདོག་དམར་པདྨ་བསྣམས༔ འབོལ་གདན་ཁྲི་ལ་ཡང་དག་བཞུགས༔ སྣུབས་ནི་དམར་པོ་པདྨ་བསྣམས༔ རུས་སྦལ་འཇིགས་པའི་གདན་ལ་བཞུགས༔ ཆུ་སྟོད་མདོག་དམར་པདྨ་བསྣམས༔ ཕུབ་ཀྱི་གདན་གྱི་སྟེང་ན་བཞུགས༔ ཆུ་སྨད་མདོག་དམར་པདྨ་བསྣམས༔ ཀུར་མ་ཡི་ནི་ཁྲི་ལ་བཞུགས༔ གྲོ་བཞིན་དམར་སེར་ཆུ་སྐྱེས་འཛིན༔ གསེར་གྱི་ཁྲི་ལ་ཡང་དག་བཞུགས༔ བྱི་བཞིན་དམར་ལྗང་དཔལ་བེའུ་བསྣམས༔ གླང་ཆེན་སེར་པོའི་ཁྲི་ལ་བཞུགས༔ བྱང་གི་ཕྱོགས་ནས་བསྐུལ་བ་ནི༔ གནོད་སྦྱིན་རྒྱུ་སྐར་ཆེན་པོ་བདུན༔ མོན་གྲེ་མདོག་ལྗང་ཨུཏྤལ་བསྣམས༔ ནང་ཚངས་ཅན་གྱི་གདན་སྟེང་བཞུགས༔ མོན་གྲུ་ལྗང་ཁུ་ཨུཏྤལ་བསྣམས༔ ཁྱུ་མཆོག་ཁྲི་ལ་ཡང་དག་བཞུགས༔ ཁྲུམས་སྟོད་མདོག་ལྗང་ཨུཏྤལ་བསྣམས༔ རིན་ཆེན་ཁྲི་ལ་ཡང་དག་བཞུགས༔ ཁྲུམས་སྨད་ལྗང་ཀུ་ཨུཏྤལ་བསྣམས༔ རིན་ཆེན་ཁྲི་ཡི་གདན་ལ་བཞུགས༔ ནམ་གྲུ་མདོག་ལྗང་ཨུཏྤལ་བསྣམས༔ ནམ་མཁའ་ལྡིང་གི་ཁྲི་ལ་བཞུགས༔ ཐ་སྐར་ལྗང་ཀུ་ཨུཏྤལ་བསྣམས༔ མི་ཡི་གདན་ལ་ཡང་དག་བཞུགས༔ བྲ་ཉེ་མདོག་ལྗང་ཨུཏྤལ་བསྣམ༔ འཁོར་ལོའི་ཁྲི་ལ་ཡང་དག་བཞུགས༔ ཉིན་ཞག་དུས་ཀྱི་དབྱུག་འཛིན་པ༔ རྒྱུ་སྐར་ཆེན་པོ་ཁྱེད་རྣམས་ཀྱང༔ <!TCC Tibetan character 4,97 undefined in unicode!> སྔོན་གྱི་དམ་ཚིག་རྗེས་དགོངས་ལ༔ བསྟན་པ་བཤིག་པའི་དགྲ་དང་བགེགས༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་ནཀྵ་ཏྲ་ཡ་ཧཱུྃ༔ ཛ་ལ་ཛ་ལ༔ དེ་ལ་དེ་ལ༔ སརྦ་དུཥྚཱཾ་སརྦ་བིགྣཱན་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ གནོད་སྦྱིན་ཆེན་པོ་གང་བ་བཟང༔ ནོར་བུ་བཟང་དང་འབྲོག་གནས་དང༔ ཧ་རི་ཀ་དང་པཉྩི་ཀ༔ ཤིན་ཏུ་དྲག་པོ་རྫུ་འཕྲུལ་ཅན༔ འགྲོ་བའི་དབུགས་ལ་མངའ་མཛད་པ༔ <!TCC Tibetan character 4,97 undefined in unicode!> བསྟན་པ་བཤིག་པའི་དགྲ་དང་བགེགས༔ སྲོག་ལ་ཕོབ་ཅིག་མཱ་ར་ཡ༔ ཨོཾ་པུརྞ་བྷ་དྲ་ཡ༔ མ་ཎི་བྷ་དྲ་ཡ༔ གྷུ་ཧྱ་སྡྱ་ན༔ པཉྩི་ཀ༔ ཧ་རི་ཀ༔ སརྦ་དུཥྚཱཾ་སརྦ་བིགྣཱན་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ ལྷ་ཀླུ་ལ་སོགས་མཐུ་བོ་ཆེ༔ སྟོན་པའི་ཞལ་མཐོང་བསྟན་ལ་དད༔ རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན༔ ཁ་དོག་ལྡན་ཞིང་གྲགས་དང་ལྡན༔ བསྟན་པ་བསྲུང་བའི་སྡེ་བརྒྱད་རྣམས༔ <!TCC Tibetan character 4,97 undefined in unicode!> རྣལ་འབྱོར་པ་ལ་དགྲ་བྱུང་གིས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ མཚོན་ཆའི་ཆར་ཕོབ་སྲོག་ལ་དྲོངས༔ སྡང་བའི་དགྲ་བོ་ལས་ངན་འདི༔ འགོ་བའི་ལྷ་དང་ཕྲོལ་ལ་ཤོག༔ ལུས་དང་སེམས་སུ་ཕྲོལ་ལ་ཤོག༔ དགུ་རྒྱུད་རྩད་ནས་ཆོད་ལ་ཤོག༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ སརྦ་དུཥྚཱཾ་སརྦ་བིགྣཱན་ཧྲིང་ཛ༔ མཱ་ར་ཡ་ཕཊ༔ གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་གཉིས་ཀྱི་བསྐུལ་བྱང་རྫོགས་སོ༔ ྈྈྈ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨི་དཾ་ཁ་ཏྲཾ་ཤུ་བྷ་སྱ་དུ་རུ་ཀ་སྨིན་བྷ་ཝནྟུ༔ བདག་འདྲ་གར་གྱིས་དབང་ཕྱུག་རྩལ་གྱིས་བྲིས་སོ། །བཀྲ་ཤིས་སོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).