Terdzo-PHI-077



Property "Author" has a restricted application area and cannot be used as annotation property by a user. 








མགོན་པོ་ཡུལ་འཁོར་སྲུང་གི་བསྐང་གསོ་བདུད་དཔུང་ཀུན་འཇོམས་

mgon po yul 'khor srung gi bskang gso bdud dpung kun 'joms

by  སོག་ཟློག་པ་བློ་གྲོས་རྒྱལ་མཚན་ (Sokdokpa Lodrö Gyaltsen)
Volume 44 (ཕི) / Pages 805-832 / Folios 1a1 to 14b2

[edit]

༄༅། །མགོན་པོ་ཡུལ་འཁོར་སྲུང་གི་བསྐང་གསོ་བདུད་དཔུང་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །སོག་ཟློག་པའི་དག་སྣང་མར་གྲགས་པའོ། ། ན་མོ་གུ་རུ་རཏྣ་ཏྲི་མཱུ་ལ་དེ་ཝ་ཀྲོ་དྷ་བྷྱཿ ཡུན་རིང་སྲིད་ལམ་འཁྱམས་པས་དུབ་གྱུར་ཅིང་། །ལས་དང་ཉོན་མོངས་རྐུན་པོས་རབ་མནར་པའི། །ཉམས་ཐག་འགྲོ་བའི་སྐྱབས་གཅིག་རྫོགས་སངས་རྒྱས། །ཨུ་རྒྱན་ཞེས་གྲགས་མགོན་དེས་འདི་གསུངས་སོ། །སྤྱན་རས་གཟིགས་དབང་ཞིང་ཁམས་ཁ་བ་ཅན། །ཡུན་དུ་བདེ་དང་བསྟན་པ་གནས་བྱའི་ཕྱིར། །མཐའ་དམག་སྡེ་དང་དཔུང་བཅས་ཟློག་པའི་ལྷ། །དེ་ཡི་མཆོད་ཕྲེང་རིམ་པ་གསལ་བར་བྱ། །དེ་ལ་རང་ཡི་དམ་གྱི་རྣལ་འབྱོར་རྫོགས་པར་བྱས་ལ། མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་སྤྱི་ལྟར་བྱ། དེ་ནས་ལྷ་བསྐྱེད་ནི། མདུན་གྱི་ནམ་མཁར་བྷྲཱུྃ་ལས་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྣ་ལྔ་ནང་ཐོད་པ་ཚར་གསུམ་བརྩིགས་པ། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་ ཉི་ཟླ། ཉོན་མོངས་པ་དུག་ལྔ་དང་དུ་རུ་ཀའི་ལྷ་བདུད་པོ་དབང་ཕྱུག །ཕྱ་སངས་ཁྲ་མགོ་ཅན་སྨད་སྦྲུལ་མཇུག་ཏུ་ཡོད་པ། མགོ་གཡས་སུ་བསྟན་ཏེ་གན་རྐྱལ་བསྒྱེལ་བའི་སྟེང་དུ། ཡི་གེ་ཧཱུྃ་མཐིང་ནག་གཅིག་ཁྲ་ཐབས་སུ་བབས། དེ་ལས་སྐད་ཅིག་ཁྲོ་བའི་རྒྱལ་པོ་སྟོབས་པོ་ཆེར་བསྐྱེད་དེ། དེའང་མཐིང་ནག་འབར་བ་ཁྲོ་ཚུལ་དཀར་དམར་ཞལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བསྒྲད། །རྡོ་རྗེ་རྩེ་དགུ་ཞགས་པ་ལྕགས་སྒྲོག་གཡས། །གཡོན་པ་སཏྭ་རེ་ཕུར་བུ་རལ་གྲི་ཕྱར། །གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་གསོལ་བསྐྱེད། །དེ་ཡི་མདུན་དུ་རྒྱལ་ཆེན་ཡུལ་འཁོར་སྲུང་། །ཞལ་གཅིག་ཕྱག་གཉིས་དཔའ་བོའི་རྒྱན་དྲུག་གསོལ། །ཞགས་པས་དམག་གི་དབང་པོ་རྩ་ལག་བསྡམས། །ཆིབས་སུ་རྩལ་ཆེན་ཤུགས་དྲག་སེང་གེ་འཆིབ། །བཙུན་མོ་ལས་ཀྱི་མཁའ་འགྲོ་ཆེན་མོ་བཞི། །སྲས་མཆོག་རྒྱལ་པོ་ཆེན་པོ་རྣམ་པ་གསུམ། །མགོན་པོ་གཙང་རིས་བདུན་ཅུ་རྩ་ལྔ་དང་། །དྲི་ཟ་འབུམ་གྱི་ཚོགས་དང་བཅས་པ་བསྐྱེད། །གནས་གསུམ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །བདག་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ལྕང་ལོ་ཅན་དང་། རི་རབ་ཀྱི་ཤར་ཕྱོགས་ལྷ་ཡི་གྲོང་ཁྱེར་ཆེན་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཆེན་པོ་སྤོས་ཀྱི་ངད་ལྡན་དང་། སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་རྩུབ་འགྱུར་ཚལ་ནས། དཔལ་མགོན་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས། སྤྱན་འདྲེན་ནི། སྤོས་དང་རོལ་མོ་དང་བཅས་པས་འདི་སྐད་དོ། །ཧཱུྃ། འཕགས་པའི་ཞིང་ཁམས་བྱང་ཕྱོགས་རོ་ལྡན་ཡུལ། །ཡེ་ཤེས་སྣང་བ་བཀོད་པའི་གཞལ་ཡས་ཁང་། །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོ་ན། །བདེ་གཤེགས་འདུས་པ་ཕྱག་ན་རྡོ་རྗེའི་སྐུ །དུས་མཐའི་བསྟན་པ་བསྲུང་བར་ཞལ་བཞེས་པའི། །འཆོལ་བའི་ཁྲོ་རྒྱལ་བདུད་འདུལ་མཐུ་བོ་ཆེ། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཛཿ ཤར་ཕྱོགས་ནོར་བུ་ཤེལ་གྱི་གཞལ་ཡས་སུ། །ཆོས་ཀྱི་གོ་བགོས་བཟང་པོའི་ཁྲི་བརྩེགས་སྟེང་། །འཇིག་རྟེན་དགེ་བར་སྐྱོང་མཛད་ཐུགས་དམ་ཅན། །དཔལ་མགོན་མཐུ་སྟོབས་དབང་ཕྱུག་གཤེགས་སུ་གསོལ། །བཙུན་མོ་ལས་ཀྱི་མཁའ་འགྲོ་ཆེན་མོ་བཞི། །སྲས་མཆོག་རྒྱལ་པོ་ཆེན་པོ་རྣམ་པ་གསུམ། །གཙང་རིགས་དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དྲི་ཟ་འབུམ་ཕྲག་གནས་འདིར་གཤེགས་སུ་གསོལ། །མཆེད་དང་སྲས་དང་ཚ་བོ་སྤྲུལ་པ་དང་། །ཡང་སྤྲུལ་བློན་པོ་སྡེ་དང་དཔུང་དང་བཅས། །འབྱུང་པོ་ཉེར་བརྒྱད་གནོད་སྦྱིན་བྱེ་བ་ཕྲག །སྲིན་པོ་མི་བསྲུན་དྲུག་ཁྲི་བཞི་སྟོང་དང་། །གདུག་པ་ཅན་གྱི་དྲི་ཟ་བྱེ་བ་སྟོང་། །སྡེ་བརྒྱད་མ་རུངས་དམག་དཔོན་གཡོག་འཁོར་བཅས། །གཞན་གྱི་མི་ཐུབ་འོད་དང་རྫུ་འཕྲུལ་ཅན། །མ་ལུས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། ཕྱག་འཚལ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །གསང་བའི་བདག་པོ་རྡོ་རྗེ་འཆང་། ཁྲོ་བོའི་དབང་པོ་ཁྱོད་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཞེས་ཕྱག་བྱ། བསྟིམ་ཞིང་བཞུགས་གསོལ་ནི། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་འཁོར་བཅས་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། མཆོད་པ་ནི། ཇི་ལྟར་སྔོན་གྱི་རྒྱལ་བ་ལ། །རྒྱ་ཆེན་རྒྱུན་མི་ཆད་པ་ཡི། །ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །བླ་མེད་མཆོད་པ་ཇི་བཞིན་དུ། །དེ་བཞིན་ཁྲོ་རྒྱལ་སྟོབས་པོ་ཆེ། །དཔལ་མགོན་འཁོར་དང་བཅས་པ་རྣམས། །དངོས་འབྱོར་ཡིད་ལས་བྱུང་བས་མཆོད། །དག་ཅིང་དྲི་མེད་ཡིད་འོང་བའི། །རྣམ་དག་ཟག་མེད་བདུད་རྩིའི་ཆུ། །ལྷ་རྫས་དམ་པའི་བསང་གཏོར་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དེ་བཞིན་དུ། དག་ཅིང་དྲི་མེད་ཡིད་འོང་བའི། །རྣམ་དག་ཟག་མེད་བདུད་རྩིའི་ཆུ། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དག་ཅིང་དྲི་མེད་ཡིད་འོང་བའི། །རྣམ་དག་ཟག་མེད་བདུད་རྩིའི་ཆུ། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །དག་ཅིང་དྲི་མེད་ཡིད་འོང་བའི། །རྣམ་དག་ཟག་མེད་བདུད་རྩིའི་ཆུ། །ལྷ་རྫས་དམ་པའི་ཞལ་བསིལ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཞེས་ཆུ་བཞི་འབུལ། ཆུ་དང་ཐང་ལས་སྐྱེས་པ་ཡི། །ལྷ་རྫས་མེ་ཏོག་ཇི་སྙེད་པ། །ས་དང་བར་སྣང་གང་བ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་དྲི་ཞིམ་བླ་ན་མེད། །བདུག་སྤོས་དམ་པ་འདི་དག་ནི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཉི་ཟླ་ནོར་བུ་བཻ་ཌཱུརྻ། །རྩི་མར་ཞུན་མར་གསལ་བའི་མེ། །མུན་པའི་ཚོགས་འཇོམས་སྒྲོན་མེ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཙན་དན་ག་པུར་གུར་གུམ་སོགས། །དྲི་བསུང་ཕུན་ཚོགས་སྦྱར་བའི་ཆུ། །ལྷན་ཅིག་སྐྱེས་པའི་ངད་ལྡན་པ། །མགོན་པོ་འཁོར་དང་བཅས་ལ་འབུལ། ཁ་དོག་དྲི་དང་རོ་ལྡན་ཞིང་། །བཟའ་བ་མཆོག་དང་ཡང་དག་ལྡན། །ཞལ་ཟས་བདུད་རྩིའི་རྒྱ་མཚོ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །བླ་མེད་ཟབ་མོའི་དོན་སྟོན་ཅིང་། །ཤེས་རབ་མཆོག་གི་རྗེས་འགྲོའི་དབྱངས། །ལྷ་ཡི་རོལ་མོ་སྟོང་ཕྲག་བཅུ། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་པྲ་བ་ར་སཏྐ་ར་པྲོ་ཀྵ་ནཾ། པ་དྱཾ། ཨརྒྷཾ། ཨཉྩ་མ་ནཾ། བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱཱ། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །མཎྜལ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཁ་དོག་དབྱིབས་དང་རྒྱན་ལྡན་ཡིད་འོང་གཟུགས། །ཟབ་ཅིང་རྒྱུན་ཆགས་ཟིན་དང་མ་ཟིན་སྒྲ། །སྣ་དབང་ཚིམ་ཕྱིར་དྲི་ཞིམ་བདུག་སྤོས་དྲི། །རོ་མཆོག་བརྒྱ་ལྡན་བླ་མེད་བདུད་རྩིའི་ཟས། །ལུས་དབང་ཚིམ་བྱེད་ལྷ་རྫས་དར་གྱི་གོས། །དགོས་པ་ཀུན་ཚང་རེ་བ་ཡོངས་རྫོགས་པ། །ཡིད་བདེ་ཆོས་ཀྱི་མཆོད་པ་བླ་ན་མེད། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །པཉྩ་ཀཱ་མ་གུ་ན་པཱུ་ཛི་ཏེ་ཨཱཿཧཱུྃ། སྲིད་པའི་གདུང་སྐྱོབ་རིན་ཆེན་གསེར་གྱི་གདུགས། །བཀྲ་ཤིས་རྫས་མཆོག་དམ་པ་གསེར་གྱི་ཉ། །དགོས་འདོད་ཀུན་འབྱུང་གཏེར་ཆེན་བུམ་པ་བཟང་། །ཆགས་བྲལ་འཁོར་འདས་དབང་སྡུད་པདྨ་མཆོག །དགེ་ལེགས་དགོས་པ་ཀུན་འབྱུང་གཡས་འཁྱིལ་དུང་། །འགྱུར་མེད་རིན་ཆེན་ལས་གྲུབ་དཔའ་བེའུ་དང་། །ལོག་ལྟ་བདུད་ལས་རྒྱལ་བའི་རྒྱལ་མཚན་དང་། །སྟོང་གསུམ་ཀུན་ལ་དབང་བསྒྱུར་འཁོར་ལོ་སྟེ། །ལྷ་མིའི་དཔལ་སྟེར་དོན་ཀུན་གྲུབ་པའི་རྫས། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །ཨཥྚ་མང་ག་ལ་པཱུ་ཛི་ཏེ་ཨཱཿཧཱུྃ། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོའི་དབང་པོ་རྟ་མཆོག་དམག་དཔོན་དང་། །མི་དབང་རིན་ཆེན་སྣ་བདུན་འདི་དག་ཀྱང་། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །སཔྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། སྲ་བརྟན་སྤོབས་དང་བཅས་པའི་གསེར་གྱི་ཁྲབ། །བཅུ་དྲུག་གླིང་ཅན་རིན་ཆེན་དངུལ་གྱི་རྨོག །ཐོག་ཅན་ཞོལ་མ་སྤང་ལེབ་བཅས་པའི་ཕུབ། །རབ་བརྗིད་སྤ་ཞིང་བརྟན་པའི་གོ་ཆ་འདི། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །བཛྲ་ཝརྨ་པཱུ་ཛི་ཏེ་ཨཱཿཧཱུྃ། རལ་གྲི་རྩེ་གསུམ་རྡོ་རྗེ་མདུང་ཐུང་དང་། །མདའ་གཞུ་དགྲ་སཏྭ་སཏྭ་རེ་ཐོ་བ་དང་། །དབྱུག་ཏོ་གཏུན་ཤིང་བེ་ཅོན་འཕང་མདུང་གོ །དམ་ཤིང་ཕུར་བུ་ལྕགས་ཀྱུ་ཞགས་པ་དང་། །ཝ་མདའ་ཁྱུང་མདའ་དེ་བཞིན་མདའ་བོ་ཆེ། །ལྕགས་སྒྲོག་འཁོར་ལོ་ཁ་ཊྭཱཾ་ག་ལ་སོགས། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །བསྟན་པའི་དགྲ་རྣམས་གཞོམ་ཕྱིར་བཞེས་སུ་གསོལ། །བི་ཤྭ་ཁཏྒ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དང་། །ལྷ་ཀླུ་མི་ཡི་རིན་ཆེན་མ་ལུས་དང་། །དར་ཟབ་རས་ཆེན་སྟག་གཟིག་ལྤགས་པ་དང་། །སྣམ་བུ་ལ་སོགས་ལྷ་མིའི་མཁོ་དགུ་དང་། །འབྲི་གཡག་རྟ་ཕྱུགས་ལ་སོགས་ཕྱུགས་ཀྱི་ཁྱུ། །འདོད་དགུའི་སྤྱད་བྱར་གྱུར་པ་ཐམས་ཅད་ཀྱང་། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །གཞན་ཡང་མཆོད་པར་འོས་པའི་དངོས་པོ་ཀུན། །ནམ་མཁའི་མཐར་ཐུག་གང་བར་རྣམ་སྤྲུལ་ནས། །ངོ་མཚར་རྨད་བྱུང་མཆོད་པའི་སྤྲིན་ཕུང་འདི། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། ཁྱེད་ཅག་འབྱོར་པས་ཕོངས་པ་མ་ལགས་ཀྱང་། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཞལ་བཞེས་བཞིན། །སངས་རྒྱས་བསྟན་པ་དམ་པ་བསྲུང་བ་དང་། །འགྲོ་བ་ཡོངས་སུ་བསྐྱབ་པའི་སླད་དུ་བཞེས། །མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དམན་པའི་ཡུལ་འདས་རྒྱལ་བའི་དམ་རྫས་མཆོག །ཡེ་ཤེས་སྐྱེད་པའི་རྒྱུ་མཆོག་དམ་ཚིག་རྫས། །དངོས་གྲུབ་མ་ལུས་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་ཛ་གད་དཔའ་བོ་ཆང་གིས་མཆོད། །མ་ཧཱ་སུ་ར་ཨ་མྲྀཏ་ཁཱ་ཧི། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀཏ། །དུག་ལྔ་གནས་བསྒྱུར་ཡེ་ཤེས་སྒྲུབ་པའི་རྫས། །རོ་མཆོག་ཡོན་ཏན་ཀུན་དང་ལྡན་པ་འདི། །གསོལ་ལོ་རོལ་ཅིག་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཅེས་བགྲེའོ། །ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཞལ་དུ་སརྦ༴ སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ཞལ་དུ་སརྦ༴ སྟོན་པ་རྡོ་རྗེ་སེམས་དཔའི་ཞལ་དུ་སརྦ༴ རྒྱལ་བ་ཤཱཀྱ་ཐུབ་པའི་ཞལ་དུ་སརྦ༴ དཔལ་ཆེན་ཕྱག་ན་རྡོ་རྗེའི་ཞལ་དུ་སརྦ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུ་སརྦ༴ སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་དུ་སརྦ༴ དུས་གསུམ་རྒྱལ་ཡུམ་མཚོ་རྒྱལ་ཞལ་དུ་སརྦ༴ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་དུ་སརྦ༴ གཉགས་ལོ་ཡེ་ཤེས་གཞོན་ནུའི་ཞལ་དུ་སརྦ༴ སྤྲུལ་སྐུ་ཞིག་པོ་གླིང་པའི་ཞལ་དུ་སརྦ༴ མཁས་གྲུབ་བློ་གྲོས་རྒྱལ་མཚན་ཞལ་དུ་སརྦ༴ མཉམ་མེད་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ༴ ཁྲོ་རྒྱལ་སྟོབས་པོ་ཆེའི་ཞལ་དུ་སརྦ༴ དཔལ་མགོན་མཐུ་སྟོབས་དབང་ཕྱུག་ཞལ་དུ་སརྦ༴ ཡུམ་ཆེན་མཁའ་འགྲོ་སྡེ་བཞིའི་ཞལ་དུ་སརྦ༴ སྲས་མཆོག་རྒྱལ་ཆེན་རྣམ་གསུམ་ཞལ་དུ་སརྦ༴ མཆེད་འཁོར་སྤྲུལ་པ་ཡང་སྤྲུལ་ཞལ་དུ་སརྦ༴ དཔལ་མགོན་བདུན་ཅུ་རྩ་ལྔའི་ཞལ་དུ་སརྦ༴ དྲི་ཟ་འབུམ་ཕྲག་རྣམས་ཀྱི་ཞལ་དུ་སརྦ༴ འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཧཱུྃ། གདོད་ནས་དག་པ་ཆོས་ཀྱི་དབྱིངས། །མ་དག་དག་པ་ཆེན་པོའི་ངང་། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དབྱིག །མ་ལུས་གནས་འདིར་བདག་ལ་ཐིམ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཧཱུྃ། སྟོང་གསུམ་བནྡྷའི་སྣོད་ཡངས་སུ། །མཐའ་དམག་བསྒྲལ་པའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོ་ནི། །བསད་ཁྲག་རྦ་ཀློང་འཁྲུགས་པས་མཆོད། །མ་ཧཱ་མཱཾ་ས་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། དམ་ཉམས་བསྒྲལ་པའི་དམར་ཆེན་པོ། །ཤ་རུས་རི་རབ་སྤུངས་པ་ལ། །རཀྟའི་ཞམ་ཆུ་རྒྱ་མཚོར་འཁྱིལ། །དོན་སྙིང་ནང་རོལ་བཅས་པ་ཡི། །དམར་ཆེན་གཏོར་མའི་མཆོད་པ་འབུལ། མངོན་སྤྱོད་ཕྲིན་ལས་རྫོགས་ཕྱིར་བཞེས། །མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤར་ཕྱོགས་ན་ནི་གནས་བསྲུང་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ཅན། །ཤར་་་ཕྱོགས་དག་ནི་སྐྱོང་བྱེད་པ། །རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །བདག་གིས་བཅོལ་པའི་ཡུལ་རྣམས་སུ། །བར་གཅོད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩོལ་བ་དང་། ཁྱད་པར་མཐའ་དམག་དུ་རུ་ཀ །ཟློག་ཅིང་འབྱུང་བ་མེད་པར་མཛོད། །དེ་བཞིན་དུ་ཕྱོགས་གཞན་གསུམ་གྱི་ལྷོ་ཕྱོགས་ན་ནི༴ ནུབ་ཕྱོགས་ན་ནི༴ བྱང་ཕྱོགས་ན་ནི༴ ཞེས་རྒྱལ་ཆེན་གསུམ་གྱི་མིང་དུ་སྦྱར་ནས་སྔར་ལྟར་ཕྲིན་ལས་བཅོལ་ལ། བསྟོད་པ་ནི། ཧཱུྃ། མ་སྐྱེས་ཆོས་དབྱིངས་དག་པའི་ངང་ཉིད་ལས། །འགག་མེད་རོལ་པ་ཡེ་ཤེས་ཁྲོ་བོའི་རྒྱལ། །བདུད་འདུལ་མཐུ་སྟོབས་དབང་ཕྱུག་གསང་བའི་བདག །བདེ་གཤེགས་འདུས་པའི་ཁྲོ་མཆོག་སྟོབས་པོ་ཆེ། །འཆོལ་བའི་ཁྲོ་རྒྱལ་སྲིད་གསུམ་བདུད་ཀྱི་དགྲ །དྲག་ཤུལ་སྟོབས་ཀྱིས་དགྲ་བགེགས་ཐལ་བར་རློག །འཇིགས་བྱེད་འཇིགས་པར་བྱེད་པའི་དྲག་ཤུལ་ཅན། །དཔལ་ཆེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ །གློག་དམར་འཁྱུག་འདྲའི་ལྗགས་འགྲིལ་མཆེ་བ་གཙིགས། །དབྱིངས་ནས་ཁྲོས་པའི་སྐུ་མདོག་ཆར་སྤྲིན་འདྲ། །སྲིན་པོའི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ནི་རྣམ་དག་ཡེ་ཤེས་གསུམ་རྫོགས་པའི། །གདུག་པ་འདུལ་ཕྱིར་རྣམ་པར་འགྱུར་བའི་ཞལ། །ཧཱུྃ་ཕཊཿང་རོས་ཁམས་གསུམ་འཁོར་བ་འཇིག །བཞད་པའི་གད་རྒྱངས་ཅན་ལ་ཕྱག་འཚལ་བསྟོད། །སྡང་མིག་ཉི་མ་འཁྱིལ་འདྲའི་གཟི་འོད་ཀྱིས། །བདུད་ཚོགས་སྡེ་དང་དཔུང་བཅས་སྲེག་བྱེད་ཅིང་། །སྐལ་པའི་འཐོར་རླུང་ཤངས་ནས་བུས་པ་ཡིས། །ཕ་རོལ་དམག་ཚོགས་འཐོར་མཛད་ཁྱོད་ལ་བསྟོད། །སྨ་ར་རྫི་སྨིན་རྡོ་རྗེའི་མེ་ཆར་འབར། །མཐའ་མི་སྐལ་པ་འབུམ་དུ་སྲེག་མཛད་ཅིང་། ཁམ་ནག་རལ་པ་སྲིད་རྩེར་འཁྱིལ་པ་ལས། །མེ་ལྕེའི་ཕྲེང་བ་འཕྲོ་མཛད་ཁྱོད་ལ་བསྟོད། །འབར་བའི་སྐུ་ཅན་ཉི་མ་འབུམ་གྱི་གཟི། །དཔའ་བོའི་སྟང་སྟབས་ཞབས་ཀྱིས་ས་འོག་གཡོ། །མི་བཟད་འཇིགས་པའི་ཁྲོ་གཉེར་གློག་ལྟར་འཁྱུག །དཔལ་ཆེན་བདུད་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བཞད་པའི་ང་རོས་སུམ་ཅུ་རྩ་གསུམ་འཇིགས། །ཀུན་མཁྱེན་ཐོགས་མེད་ལས་ཀྱི་སྟོབས་དང་ལྡན། །སྙིང་རྗེའི་དབང་གི་འགྲོ་ལ་ཞི་ཞིང་བརྩེ། །དངོས་གྲུབ་ཀུན་གཏེར་ཁྱོད་ལ་ཕྱག་འཚལ་བསྟོད། །ཕར་ཕྱིན་དྲུག་ལྡན་ཕྱག་གཡས་རྡོ་རྗེ་ཡིས། །ལྟ་ངན་ལོག་པའི་རི་བོ་སྙིལ་མཛད་ཅིང་། །ཞགས་པ་རིང་པོས་ཁམས་གསུམ་དགྲ་ཚོགས་འཆིང་། །དགྲ་བགེགས་ཡན་ལག་སྡོམ་མཛད་ཁྱོད་ལ་བསྟོད། །གནམ་ལྕགས་སཏྭ་རེས་བདུད་ཀྱི་མགོ་ལུས་གཏུབ། །སྒྲོལ་བྱེད་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས། །ཡེ་ཤེས་རལ་གྲིས་འཁོར་བའི་སྐྱེ་རྒྱུན་གཅོད། །རུ་དྲ་གདུལ་དཀའ་འདུལ་མཛད་ཁྱོད་ལ་བསྟོད། །ཆེ་བའི་ཆེ་མཆོག་དཔའ་བོའི་རྒྱལ་རྟགས་སུ། །རབ་འཇིགས་དུར་ཁྲོད་འབར་བའི་ཆས་ཀྱིས་བཀླུབས། །དབང་བསྐུར་རྔམ་པ་འགྲན་ཟླ་མེད་པའི་སྐུ །གཟི་བརྗིད་འོད་ཟེར་ཀུན་ཏུ་འབར་ལ་བསྟོད། །ཡེ་ཤེས་ལྔ་ལྡན་སྐུ་ལྔ་ཡོངས་རྫོགས་པས། །ཉོན་མོངས་ལྔ་དང་དུ་རུ་ཀ་ཡི་ལྷ། །བདུད་པོ་ཕྱ་སངས་བསྒྱེལ་པའི་གདན་སྟེང་དུ། །འབར་བའི་གར་གྱིས་བཞུགས་པ་དེ་ལ་བསྟོད། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཡེ་ཤེས་རོལ་པའི་ལྷ། །ཆེ་བཙན་དཔེ་མེད་རྣམ་པར་འགྱུར་བའི་སྐུ། །གར་གྱི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིག་རྟེན་སྐྱོང་མཛད་ཆོས་ཉིད་བདེན་པ་གཟིགས། །ཐ་ཚིག་བཙན་པོས་ཐུབ་པའི་བསྟན་པ་སྲུང་། །ཕ་རོལ་དཔུང་གི་འཇིགས་པ་ཐམས་ཅད་སྲུང་། །རྒྱལ་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔལ་ལྡན་སྲིད་གསུམ་མགོན་པོ་ཡོངས་ཀྱི་རྗེ། །བདེ་གཤེགས་བསྟན་པ་སྲུང་བའི་ཐུགས་དམ་ཅན། །བདུད་ཀྱི་དམག་དཔུང་ཟློག་པའི་མཐུ་བོ་ཆེ། །ནག་པོ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཆུ་ནག་རླབས་ལྟར་འཚེར་པའི་སྐུ །ཞལ་གཅིག་ཕྱག་གཉིས་དཔའ་བོའི་རྒྱན་དྲུག་གསོལ། །སྟོང་ཆེན་འཇིག་རྟེན་རྒལ་བའི་ཞགས་པ་ཡིས། །དམག་གི་དབང་པོ་རྩ་ལག་འཆིང་ལ་བསྟོད། ཁམས་གསུམ་དབང་སྡུད་བེར་ནག་སྐུ་ལ་གསོལ། །དྲག་སྔགས་འབྲུག་སྟོང་ལྡིར་འདྲའི་ང་རོ་སྒྲོག །བརྣག་པའི་ཐུགས་ཀྱིས་དམག་དཔུང་ཐལ་བར་རློག །ཉམས་པའི་གཤེད་མ་ཆེན་པོ་ཁྱོད་ལ་བསྟོད། །ཧ་ཧའི་གད་མོས་ལྷ་སྲིན་དམག་དཔུང་སྡུད། །གཤུག་པའི་སྒྲ་ཆེན་ལས་མཁན་དམག་ལ་འགྱེད། །གང་བསྐུལ་ས་རུ་མི་རོ་ཚར་མ་ཚེར། །དགྲ་སྡེ་རྩད་ནས་གཅོད་མཛད་ཁྱོད་ལ་བསྟོད། །རྩལ་ཆེན་འཇིགས་པ་སེང་གེ་ཆིབས་སུ་འཆིབ། །དྲི་ཟ་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ། །སྟོང་གསུམ་གོམ་པས་གཞལ་བའི་རྐང་སྟབས་ཀྱིས། །ཉམས་པའི་སྲོག་དབུགས་སྡུད་ལ་ཕྱག་འཚལ་བསྟོད། །འཇིགས་བྱེད་བ་སྤུའི་ཁུང་བུ་རེ་རེ་ལས། །དྲི་ཟ་གནོད་སྦྱིན་བདུད་སྲིན་གཤིན་རྗེ་གྲུལ། །འདབ་བཟང་སྲུལ་པོ་ལུས་སྲུལ་མི་འམ་ཅི། །སྡེ་བརྒྱད་མ་རུངས་དམག་དཔུང་མཚོན་ཆ་ཅན། །མཁའ་ལྡིང་བྱ་ཁྲ་གཅན་ཟན་གདུག་པའི་ཚོགས། །ཤ་ཁྲག་དབུགས་ལ་རྔམས་པའི་མི་བསྲུན་པ། །གྲངས་མེད་འཕྲོ་བས་བསྟན་པའི་དགྲ་བགེགས་ཀྱི། །ཤ་རུས་རྔམས་ཟས་བྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྔོན་ཚེ་གྲོང་ཁྱེར་ཆེན་པོ་རྩ་མཆོག་ཏུ། །མགོན་པོ་ཡོངས་ཀྱིས་བཟློག་པར་མ་ནུས་པའི། །བདུད་ཀྱི་དམག་དཔུང་གྲངས་མེད་ཁྱོད་ཀྱིས་བཟློགས། །ལྷ་རྣམས་ཡོངས་ཀྱིས་ལྷ་རུ་བཀུར་ལ་བསྟོད། །སྤྲུལ་སྐུ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །འཁོར་དང་མདོ་སྡེ་འཛིན་པ་སྐྱོང་བ་དང་། །མི་ཡི་འཇིག་རྟེན་སྐྱོང་བར་ཞལ་བཞེས་པའི། །བཀའ་སྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕོ་བྲང་ལྕང་ལོ་ཅན་གྱི་གནས་མཆོག་ཏུ། །དཔལ་ཆེན་གསང་བའི་བདག་པོའི་སྤྱན་སྔ་རུ། །ཕྱི་མཚམས་ཡོངས་སུ་བསྲུང་བར་ཞལ་བཞེས་པ། །སྲུང་མ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་གདན་མཚུངས་ཆོས་འཁོར་བསམ་ཡས་སུ། །སློབ་དཔོན་སངས་རྒྱས་གཉིས་པའི་སྤྱན་སྔ་རུ། །དུས་མཐར་མཐའ་དམག་བསྲུང་བར་ཞལ་བཞེས་པའི། །བསྟན་སྲུང་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། ཁྱོད་ནི་རྒྱུ་ཡི་བསྟན་པ་བསྲུང་བའི་ཕྱིར། །སྐུ་མདོག་དཀར་པོ་དངུལ་གྱི་ཡ་ལད་བགོས། །ཞི་ཞིང་མཛེས་ཚུལ་ཕྱག་གཉིས་པི་ཝང་སྒྲེང་། །སྡེ་སྣོད་བསྟན་པ་སྐྱོང་ལ་ཕྱག་འཚལ་བསྟོད། ཁྱོད་ནི་འབྲས་བུའི་བསྟན་པ་བསྲུང་བའི་ཕྱིར། །སྐུ་མདོག་སྔོ་ལྗང་མངོན་སྤྱོད་ས་ལ་བཞུགས། །གདུག་པ་འདུལ་ཞིང་ཕྱག་མཚན་པི་ཝང་སྒྲེང་། །རྒྱུད་སྡེའི་བསྟན་པ་སྲུང་ལ་ཕྱག་འཚལ་བསྟོད། ཁྱོད་ནི་ཕ་རོལ་གཡུལ་ངོ་བཟློག་པའི་ཕྱིར། །རྟ་མཆོག་བྲ་ནག་རྟིང་དཀར་ཆིབས་སུ་འཆིབས། །སྐུ་མདོག་ལྗང་སྔོན་དྲི་ཟའི་རྒྱུད་མངས་རྡུང་། །ཕས་ཀྱི་རྒོལ་བ་ཟློག་ལ་ཕྱག་འཚལ་བསྟོད། ཁྱོད་ནི་གསང་ཆེན་བསྟན་པ་བསྲུང་བའི་ཕྱིར། །སྐུ་མདོག་དམར་ནག་འབར་བ་ཁྲོ་ཆུའི་མདོག །ཞལ་གཅིག་ཕྱག་བཞི་གླང་ཆེན་རབ་བརྟན་བཅིབས། །བླ་མེད་བསྟན་པ་སྲུང་ལ་ཕྱག་འཚལ་བསྟོད། །འཇིགས་པའི་བཙུན་མོ་ཆེན་མོ་རྣམ་པ་བཞི། །ལས་བཞི་ལྷུན་གྲུབ་རིགས་བཞིའི་མཁའ་འགྲོ་མ། །བཅོལ་བའི་ལས་ཀུན་ཐོགས་པ་མེད་པར་སྒྲུབ། །ཕྲིན་ལས་བདག་མོ་ཆེན་མོ་བཞི་ལ་བསྟོད། །འཇིགས་རུང་མི་བཟད་སྲིན་པོ་ཁྲོས་པའི་གཟུགས། །ནག་པོའི་རྩ་ལག་ཐམས་ཅད་མཐར་བྱེད་ཅིང་། །འཇིག་རྟེན་སྐྱོང་མཛད་མཐུ་བྱིན་རྫུ་འཕྲུལ་ཅན། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བསྟོད། །འདབ་བཟང་དབང་པོ་ཕ་རོལ་དཔུང་གནོན་པ། །གཞན་གྱིས་མི་ཐུབ་གྲགས་མཐུ་རྫུ་འཕྲུལ་ཅན། །ཆོས་ཀྱི་སྤྱན་ལྡན་འཇིག་རྟེན་དགེ་བར་སྐྱོང་། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ལ་བསྟོད། །བདེ་གཤེགས་བསྟན་པའི་སྲུང་མ་མཐུ་བོ་ཆེ། །བདུད་དང་ལྷ་མིའི་དམག་ཚོགས་ཟློག་བྱེད་ཅིང་། །གནོད་སྦྱིན་དབང་པོ་འདོད་དགུའི་དཔལ་སྟེར་བ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད། །བདེ་གཤེགས་བསྟན་པ་སྲུང་བའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་ཆེན་རྔམ་པའི་ཆ་ལུགས་ཅན། །བདུད་འདུལ་འཁོར་གྱིས་བསྐོར་བའི་དྲག་རྩལ་ཅན། །དཔལ་མགོན་བདུན་ཅུའི་ཚོགས་ལ་ཕྱག་འཚལ་བསྟོད། །སོ་སོའི་སྤུན་ཟླ་བུ་དང་ཚ་བོ་དང་། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སྡེ་དང་བཅས། །བློན་པོ་མངག་གཞུག་རུ་འདྲེན་ཕོ་ཉ་དང་། །འཁོར་དུ་གཏོགས་པ་ཀུན་ལ་བདག་བསྟོད་དོ། །འདོད་གསོལ་ནི། ཧཱུྃ། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་ཕྱོར། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་ལེགས་བརྟན་ཞིང་། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། ཁྱད་པར་རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། །འགལ་རྐྱེན་ནད་གདོན་བར་གཅོད་ཀུན་ཞི་ཞིང་། །ཚེ་དང་བློ་གྲོས་བསོད་ནམས་རབ་རྒྱས་ཏེ། །ཐོས་བསམ་སྒོམ་སྒྲུབ་འཕེལ་བར་མཛད་དུ་གསོལ། །བདག་གི་འདོད་པའི་ཕྲིན་ལས་གསོལ་བ་ནི། །མཐའ་མིའི་སྡེ་རིགས་ཐམས་ཅད་ཕུང་བ་དང་། །ཡེ་འདྲོག་དུ་མའི་ཆད་པས་གཟིར་ནས་ནི། །བོད་ཀྱི་ཡུལ་འདིར་འབྱུང་བ་མེད་པར་མཛོད། །གཏུམ་ཞིང་རྩལ་ལྡན་ཀླ་ཀློ་མ་རུངས་པ། །གདུག་པའི་སེམས་ཀྱིས་མཐའ་དབུས་ཀུན་ཏུ་རྒྱུག །བསྟན་དང་སྐྱེ་དགུའི་བདེ་སྐྱིད་འཇོམས་བྱེད་པའི། །ཧོར་སོགས་གདུག་པའི་དམག་དཔུང་ཟློག་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ། །དེ་ནས་བཟླས་པ་བྱ་སྟེ། རང་སྟོབས་པོ་ཆེར་གསལ་བའི་ཐུགས་ཁ་དང་མདུན་དུ་རྒྱལ་ཆེན་གྱི་ཐུགས་ཁར་ཉི་མའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་དགུ་པ་རེ་བསམ། དེའི་ལྟེ་བར་ཡི་དམ་ལ་ཧཱུྃ་ནག་པོ་ཉི་མ་ལ་གནས་པ། བཀའ་སྡོད་ལ་ཉི་སྟེང་ཛཿནག་པོ། དེའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པའི་རྩེ་མོ་ལས་ཐོག་དང་མཚོན་ཆའི་ཆར། མེ་ལྕེའི་ཕུང་པོ་དང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ་འཕྲོས་ཏེ། དུ་རུ་ཀའི་དམག་ལ་སོགས་པ་དགྲ་རྣམས་བཅོམ་ཞིང་ཚར་བཅད་མེས་བསྲེག་རྡུལ་དུ་བརླག་པར་བསམ་ལ་སྔགས་བཟླའོ། །ཨོཾ་བཛྲ་ཀྲོ་དྷ་ཡ། མ་ཧཱ་ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། དུ་རུ་ཀའི་དབང་པོ་རྩ་ལག་སྡོམས། ཨུ་ཁྲང་གྲ་ཧ་མ་ནི། ཨུ་བྷ་ན་ལ་ཚ་ཚ། གུ་གུ་རཱ་ཛ་ནི། ལ་བྷ་བྷི་ཀུན་ཚེ་འདུ། ཧཱུྃ་རཱ་ཛ་ཡ། བྷ་གྷ་བྷ་གི་ནི་པ་ཚེ། ཀོ་སེ་ཕཊཿ ཀུ་ཏ་ཙ་ལི་ཡེ་ཕཊཿ ཏྲི་རཱ་ཛ་གུ་པ་གུ་པ། ཐིས་ཏིས་ཕཊ་ཕཊཿ དུ་རུ་ཀའི་དབང་པོ་རྩ་ལག་ནན་རྦད་རྦད། ཅེས་བཟླས། བསྙེན་བསྒྲུབ་སྐབས་ཡིན་ན་སྟོང་ཚར་སོང་བ་དང་། ཕྱི་མཆོད་དང་སྨན་རཀ་རེ་འབུལ་ལོ། ༈ །དེ་ནས་ཚོགས་བྱ་བ་ནི། སྤྱི་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྐུ་དང་གསུང་དང་ཐུགས་སུ་བསྐང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མཛེས་སྙན་དྲི་ཞིམ་རོ་བདའ་ཞིང་། །རེག་བདེ་གླུ་གར་ཆོས་ཡིད་ཚིམ། །འདོད་ཡོན་མཆོད་པས་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་། །བསྒྲུབ་རྫས་གཉན་པོ་གཞུང་བཞིན་བཤམས་ལགས་ན། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི །ཐུགས་དམ་ཉམས་ཆག་ཐམས་ཅད་གཉན་བསྐངས་ལ། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཧཱུྃ། དུས་གསུམ་བླ་མ་བདེ་གཤེགས་ཡི་དམ་ལྷ། །འཇིགས་བྱེད་འབར་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །དཔལ་ལྡན་མགོན་པོ་མཐུ་ཆེན་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་འཁོར་བཅས་པ་དང་། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དང་། །དྲེགས་པ་སྡེ་བརྒྱད་བོད་ཀྱི་ལྷ་རབས་ཚོགས། །སྒོ་སྲུང་འཕྲང་སྲུང་གནོད་སྦྱིན་ཕོ་མོ་བརྒྱད། །འཁོར་དང་བཅས་པ་མ་ལུས་ཐམས་ཅད་ཀུན། །ཚོགས་ཀྱི་མཆོད་པ་དམ་པ་བཞེས་སུ་གསོལ། །མ་ཧཱ་ག་ན་ཙཀྲ་ཁཱ་ཧི། བསྐང་གསོ་ནི། ཧཱུྃ། རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། ཁྲོ་རྒྱལ་སྟོབས་པོ་ཆེའི་ཐུགས་དམ་བསྐང་། །མགོན་པོ་ཡུལ་འཁོར་སྲུང་གི་ཐུགས༴ བཙུན་མོ་སྲས་འཁོར་སྤྲུལ་པའི་ཐུགས༴ ལྷ་རྫས་ཕྱི་མཆོད་རྣམ་ལྔས་ཐུགས༴ འདོད་པའི་ཡོན་ཏན་དྲུག་གིས་ཐུགས༴ རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས༴ བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་ཐུགས༴ ཕྱི་ནང་གསང་བའི་མཆོད་པས་ཐུགས༴ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །དམར་ཟལ་བ་ཡི་འོ་མས་ཐུགས་དམ་བསྐང་། །གླང་ཚིལ་མེ་ཏོག་མཛེས་པས་ཐུགས༴ གླང་གསུར་རྒྱུན་ཆད་མེད་པས་ཐུགས༴ གླང་ཚིལ་ཞུན་མར་གསལ་བས་ཐུགས༴ གླང་མཁྲིས་གྷི་ཧང་བྱུག་པས་ཐུགས༴ བཅུད་ལྡན་བག་ཕྱེའི་བཤོས་བུས་ཐུགས༴ ཤ་གསུར་ཐོད་རྩམ་འགམ་ཕྱེས་ཐུགས༴ སྨན་སྣ་སྤོས་སྣའི་དུད་པས་ཐུགས༴ པི་ཝང་རོལ་མོའི་སྒྲ་ཡིས་ཐུགས༴ སིལ་སྙན་གླུ་གར་དབྱངས་ཀྱིས་ཐུགས༴ དགྲ་བགེགས་ཤ་ཁྲག་སྲོག་དབུགས་མདངས་ཀྱིས་བསྐང་། །བདུད་རྩི་རཀྟ་ཛ་གད་དཔའ་བོས་བསྐང་། །བ་གླང་སྙིང་གིས་བརྒྱན་པའི་གཏོར་མས་བསྐང་། །རོ་མཆོག་བརྒྱ་ལྡན་ཡིད་འོང་བདུད་རྩིའི་ཟས། །བཟའ་དང་བཏུང་བ་མ་ཚང་མེད་པས་བསྐང་། །ཀུན་བཟང་མཆོད་པའི་སྤྲིན་གྱིས་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་ལས་བཞིས་ཐུགས༴ རྣམ་དག་ཚུལ་ཁྲིམས་གཙང་མས་ཐུགས༴ ལྷག་བསམ་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་བསྐང་། །རྩ་བ་ཡན་ལག་དམ་ཚིག་གཙང་མས་བསྐང་། །ལྟ་བ་མཁའ་ལྟར་དག་པས་ཐུགས་དམ་བསྐང་། །སྒོམ་པ་གསལ་འགྲིབ་མེད་པས་ཐུགས༴ སྤྱོད་པ་བླང་དོར་བྲལ་བས་ཐུགས༴ འབྲས་བུ་རང་བྱུང་ལྷུན་གྲུབ་ཐུགས༴ རླབས་ཆེན་འགྲོ་དོན་སྤྱོད་པས་ཐུགས༴ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་སྲིད་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །པདྨ་མཱཾ་ས་སྦྱར་བའི་རཀྟ་དང་། ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་ལང་ལོང་དང་། །འབྲུ་མར་ཞུན་ཆེན་སྣང་གསལ་མར་མེ་དང་། །རྔ་དུང་ཆ་ལང་ཐོད་རྔ་དྲིལ་བུ་དང་། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་། །རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེས་བསྐང་། །གཡར་དམ་གསོས་ལ་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ད་ནི་ཟློག་སྒྱུར་དུས་ལ་བབས། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་བདུན་བརྒྱ་ཉི་ཤུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་བཅོ་ལྔ་ཟློག །རྨི་ལམ་མཚན་ལྟས་ངན་པ་ཟློག །ལོ་སྐེག་ཟླ་སྐེག་ཞག་སྐེག་ཟློག །མོ་རྩིས་ངན་པ་ཐམས་ཅད་ཟློག །བྱད་ཀ་རྦོད་གཏོང་ཐམས་ཅད་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ཟ་མས་དུག་གཡོས་ཤོམ་པ་ཟློག །ཞང་ཞུང་ཙོ་དམར་འཕེན་པ་ཟློག །བོན་པོའི་རྭ་ཟོར་འཕེན་པ་ཟློག །བནྡྷེའི་ཆོས་ཟོར་བདེན་ཚིག་ཟློག །ཚེ་ཡུངས་གཏོར་ཟོར་འཕེན་པ་ཟློག །འབྱུང་པོའི་ཐོད་ཟོར་འཕེན་པ་ཟློག །མུ་སྟེགས་ངན་སྔགས་བྱེད་པ་ཟློག །ཀླུ་ཡི་བྱད་དུ་བཅུག་པ་ཟློག །གཤིན་རྗེའི་འཁོར་ལོ་བསྐོར་པ་ཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག །མ་མོའི་ཁྲག་ཟོར་འཕེན་པ་ཟློག །དྲང་སྲོང་གཟའ་ཡི་ཀིང་ཀང་ཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་ཟློག །བཙན་གྱི་གཟེར་ཐབས་གཏོང་བ་ཟློག །དམུ་ཡི་འཐིབས་ནད་གཏོང་བ་ཟློག །ཐེའུ་རང་སྲིས་ལ་རྐུ་བ་ཟློག །ལྷ་འདྲེས་གཡོས་ཆེན་གཡོས་པ་ཟློག །མི་ཉག་ཡོངས་ཀྱི་འབོག་ལེ་ཟློག །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །བོད་ཁམས་ཕུང་བྱེད་གྲོས་ངན་ཟློག །གཙོ་བོའི་མདུན་གྲོས་ངན་པ་ཟློག །དབུས་གཙང་ནང་འཁྲུག་བྱེད་པ་ཟློག །རྒྱལ་ཁམས་ཕུང་བྱེད་དུས་འཁྲུག་ཟློག །གདུག་པ་མཐའ་མིའི་དམག་ཚོགས་ཟློག །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀུན། །གཏན་ནས་ཟློག་པའི་ཕྲིན་ལས་མཛོད། །ཅེས་འཕྱོང་བཏང་། ཚོགས་ཕུད་འབུལ་བ་ནི། ཧཱུྃ། དུས་གསུམ་བླ་མ་བདེ་གཤེགས་ཡི་དམ་ལྷ། །ཆེ་མཆོག་ཁྲོ་བོའི་དབང་ཕྱུག་སྟོབས་པོ་ཆེ། །དཔལ་མགོན་མཐུ་སྟོབས་དབང་ཕྱུག་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་སྤྲུལ་པ་འཁོར་གྱི་ཚོགས། །བདུད་ཀྱི་དམག་དཔུང་ཟློག་པའི་ལྷ་ཚོགས་རྣམས། །ཚོགས་ཀྱི་མཆོད་པ་བཞེས་ལ་དངོས་གྲུབ་སྩོལ། །མ་ཧཱ་ག་ན་ཙཀྲ་ཁཱ་ཧི། བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར། །སྡིག་པའི་ལས་རྣམས་གང་བགྱིས་དང་། ཁྱད་པར་ལྷ་མཆོག་ཁྱེད་རྣམས་ཀྱི། །ཐུགས་དང་འགལ་བཅི་བགྱིས་པ། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས། །ཡི་གེ་བརྒྱ་པ་བརྗོད། དེ་ནས་ཚོགས་ཟན་ལ་དགྲ་བོ་དགུག་གཞུག་བྱས་ལ། ཧཱུྃ། དཔལ་ཆེན་སྟོབས་པོ་ཆེ་ཡི་བཀས། །ང་ནི་སྒྲོལ་གིང་ཆེན་པོ་སྟེ། ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག །རྒྱལ་ཆེན་སྡེ་བཞི་བྲན་དུ་ཁོལ། །སྤྲུལ་པའི་ཁྲོ་བོ་མི་བསྲུན་པས། །རབ་འབྱམས་ཞིང་ཁམས་ཐམས་ཅད་ཁྱབ། །ལས་ངན་གདུག་པའི་དགྲ་དང་བགེགས། །གར་ཡང་བྲོས་པའི་ས་མེད་ཀྱིས། །ད་ལྟ་ཉིད་དུ་བསྒྲལ་བར་བྱ། །ཡེ་ཤེས་འབར་བའི་མཚོན་ཆ་འདིས། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །དགྲ་དང་བགེགས་ལ་སྨྲོས་ཅི་དགོས། །ཐལ་བ་བཞིན་དུ་བརླག་པར་གྱིས། །བཛྲ་རྦད་ཙིཏྟ་ཁྲམ་ཏྲིག་ནན་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད། ཧཾ་ཤཾ་ཏྲི་ཏྲིག་ནན་ཧུར་ཐུམས་མཱ་ར་ཡ་རྦད། ཏིརྻ་ཀ་ཁ་ཐུཾ་སཱུརྱ་པྲ་ཏི་མུནྩ་ཐིབས་དུ་རུ་ཀ་མཱ་ར་ཡ་རྦད། ཅེས་བསྒྲལ། བསྟབ་པ་ནི། ཧཱུྃ། གསང་བདག་དཔལ་ཆེན་འཇིགས་བྱེད་སྟོབས་པོ་ཆེ། །དཔལ་མགོན་མཐུ་སྟོབས་དབང་ཕྱུག་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་སྤྲུལ་པ་འཁོར་གྱི་ཚོགས། །སྔོན་གྱི་ཐུགས་དམ་བཞིན་དུ་ལས་མཛོད་ཅིག །བསྟན་པ་འཇིག་པའི་མ་རུངས་དགྲ་བོ་དང་། །བོད་ཀྱི་ཕན་བདེ་འཇོམས་པའི་མཐའ་དམག་དང་། །སྒྲུབ་ལ་བར་དུ་གཅོད་པའི་དམ་སྲི་རྣམས། །བཞེས་ཤིག་བདུད་འདུལ་ཁྲོ་རྒྱལ་སྟོབས་པོ་ཆེ། །བཞེས་ཤིག་མཐུ་སྟོབས་དཔལ་མགོན་ཡུལ་འཁོར་སྲུང་། །བཞེས་ཤིག་བཙུན་མོ་སྤྲུལ་པ་མཆེད་དང་སྲས། །བཞེས་ཤིག་གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །བཞེས་ཤིག་བཀའ་ཉན་ཕོ་ཉ་འཁོར་གྱི་ཚོགས། །དགྲ་བོའི་སྲོག་དབུགས་བླ་ཚེ་ཤ་ཁྲག་མདངས། །དོན་སྙིང་རུས་པ་རྐང་མར་ཞག་དང་བཅས། །ལྷག་མ་མེད་པར་བསྟབ་བོ་ཞལ་དུ་བསྟབས། །གདུག་པའི་སྦྱོར་བ་ཐམས་ཅད་རྒྱུན་ཆོད་ཅིག །མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀིང་ནི་རི་ཏི་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་རྣལ་འབྱོར་པ་རྣམས་ཚོགས་ལ་རོལ། ལྷག་གཏོར་བྱིན་གྱིས་བརླབས་ལ། ཧཱུྃ། བཀའ་ཡི་ཕ་འབབ་ལྷག་མའི་མཆོད་པ་འདི། །འདོད་པའི་ཡོན་ཏན་ཀུན་གྱིས་རབ་བརྒྱན་ཏེ། །འཁོར་ཚོགས་ཐུགས་དམ་བཞིན་དུ་ཅི་བདེར་རོལ། །ཡར་གནས་ཕུད་བདག་ཕུད་ཀྱིས་བསྐངས་ཟིན་གྱིས། །མར་གནས་བྲན་གཡོག་ལྷག་མས་ཚིམས་པར་མཛོད། །བསྟེན་ཅིང་སྒྲུབ་བོ་རྣལ་འབྱོར་ཡོན་མཆོད་ཀྱི། །བདུད་དང་འགལ་རྐྱེན་བར་ཆད་མཐའ་དམག་ཟློགས། །བཅོལ་པའི་ཕྲིན་ལས་དུས་འདིར་འགྲུབ་པར་མཛོད། །ཨོཾ་ཨུ་ཙིཥྚ་བ་ལིང་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བཏང་། དེ་ནས་བསྐུལ་པ་ནི། ཧཱུྃ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །སྐུ་ལ་ཐོས་པའི་དུག་ཡོད་དེ། །སྙན་གྱི་ཨུཏྤལ་ད་ཕྱུངས་ལ། །བསྟན་ལ་སྡང་བའི།་་་ཆེ་གེ་ཞེས་བྱའི་དགྲ་བོ་དང་། །མཐའ་ཡི་དམག་རྣམས་དག་གི་མིང་། །དེར་ནི་ཐོས་པའི་དུག་སྤྲོས་ལ། །དགྲ་བོ་ཁ་ཕུང་བརླག་ཏུ་ཆུགས། །དྲི་ཟ་འབུམ་གྱི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །ཕྱོ་ཕྱོ་རྒྱལ་ཆེན་དམག་ལ་ཆོས། །ཕྱོ་ཕྱོ་ལྷ་ཆེན་དགྲ་ལ་ཆོས། །ཕྱོ་ཕྱོ་མཐའ་མིའི་སྟེང་དུ་ཆོས། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་ཆོས་ཀྱི་འཕགས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་ལ་རེག་པའི་དུག་ཡོད་དེ། །ཆེ་གེ་ཞེས་བྱའི་དགྲ་བོ་དང་། །མཐའ་མིའི་དམག་དཔུང་འདི་དག་ལ། །རེག་པ་ཙམ་གྱིས་ལུས་སེམས་ཕྲོལ། །གྲུལ་བུམ་འབུམ་གྱི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །ཕྱོ་ཕྱོ་རྒྱལ་ཆེན་དམག་ལ་ཆོས། །ཕྱོ་ཕྱོ་ལྷ་ཆེན་དགྲ་ལ་ཆོས། །ཕྱོ་ཕྱོ་མཐའ་མིའི་སྟེང་དུ་ཆོས། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་གླིང་། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་ལ་མཐོང་བའི་དུག་ཡོད་དེ། །ཆེ་གེ་ཞེས་བྱའི་དགྲ་བོ་དང་། །མཐའ་ཡི་དམག་དཔུང་འདི་དག་ལ། །ལྟོས་ཤིག་རྒྱལ་ཆེན་ད་ལྟོས་ཤིག །ཤེལ་དཀར་མཆོད་རྟེན་ད་སྡུས་ལ། །སྤྱན་ལས་མཐོང་བའི་དུག་ཆེན་ཐོངས། །ཆེ་གེ་ཞེས་བྱའི་དགྲ་བོ་དང་། །མཐའ་ཡི་དམག་དཔུང་འདི་དག་ཀུན། །མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །དབང་པོ་ཡན་ལག་ཉམས་སུ་ཆུགས། །ལུས་པོ་རུལ་མྱག་དུམ་བུར་ཐོངས། །མཛེ་རིགས་བཅོ་བརྒྱད་མེ་ལྟར་སྦོར། །ཆུ་ལྷ་འབུམ་གྱི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །ཕྱོ་ཕྱོ་རྒྱལ་ཆེན་དམག་ལ་ཆོས། །ཕྱོ་ཕྱོ་ལྷ་ཆེན་དགྲ་ལ་ཆོས། །ཕྱོ་ཕྱོ་མཐའ་མིའི་སྟེང་དུ་ཆོས། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་ལ་ཁ་རླངས་དུག་ཡོད་དེ། །དུག་སྦྲུལ་ནག་པོར་ཁྱོད་སྤྲུལ་ཏེ། །ཆེ་གེ་ཞེས་བྱའི་དགྲ་བོ་དང་། །མཐའ་ཡི་དམག་དཔུང་འདི་དག་ལ། ཁ་རླངས་ནད་ཀྱི་བུ་ཡུག་ཐོངས། །འདུ་བ་རྣམ་བཞི་འཁྲུག་ཏུ་ཆུགས། །བཞི་བརྒྱ་རྩ་བཞིའི་ནད་ཆར་ཕོབ། །ལུས་དང་སེམས་སུ་ཕྲོལ་ལ་ཤོག །གནོད་སྦྱིན་བྱེ་བའི་དམག་དང་བཅས། །དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར། །ཐུ་བ་བརྫེས་ལ་ཕྲག་པ་ཕུད། །ཕྱོ་ཕྱོ་རྒྱལ་ཆེན་དམག་ལ་ཆོས། །ཕྱོ་ཕྱོ་ལྷ་ཆེན་དགྲ་ལ་ཆོས། །ཕྱོ་ཕྱོ་མཐའ་མིའི་སྟེང་དུ་ཆོས། །བསད་རྟགས་མཚན་མ་ཁྱེར་ལ་ཤོག །བྷྱོཿ བཙུན་མོ་བློན་པོ་རུ་འདྲེན་དང་། །སྟག་སེང་འཕར་སྤྱང་དོམ་དྲེད་སོགས། །སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་ཀྱང་། །རྒྱལ་པོ་ཆེན་པོའི་བཀའ་བྱུང་གིས། །མ་རུངས་མཐའ་དམག་འདི་དག་ལ། །བཞི་བརྒྱ་རྩ་བཞིའི་ནད་ཆར་ཕོབ། །སྟོང་ཕྲག་བརྒྱད་ཅུའི་འདྲེ་དམག་ཐོངས། །སྡེ་བརྒྱད་འབྱུང་པོའི་ཟ་ཁ་གཏོད། །འཆི་བདག་གཤིན་རྗེའི་ཆད་པ་ཕོབ། །གློ་བུར་སྟབས་ཉེས་ཡེ་འདྲོག་ཐོངས། །མ་མོའི་དལ་ཡམས་ཆར་དུ་ཕོབ། །སྙིང་ཁྲག་ཐུངས་ལ་སྲོག་དབུགས་ལོངས། །ཞོན་པའི་རྟ་རྣམས་དམྱལ་ཐག་ཆོད། །འབྱུང་བ་རྣམ་ཤེས་བཀྲག་མདངས་སྡུས། །རྩ་རྒྱུད་ཁྲག་དང་བླ་མཚོ་སྐེམས། །མཐའ་དམག་དཔུང་དང་བཅས་པ་ཡི། །གཟུགས་ཕུང་ཤ་ཁྲག་སྲོག་དབུགས་རྣམས། །ཟས་སུ་གཏད་དོ་རྔམས་ཟས་གྱིས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཞེས་བསྐུལ་ལོ། །དེ་ནས་དགྲ་ཕྱོགས་སུ་གཏོར་མ་འཕང་བ་ལ་སོགས་པ་གསང་སྔགས་སྤྱི་ལྟར་ཟུར་གསལ་ཤེས་པར་བྱའོ། །ནང་དུ་ལོག་ནས་རང་ལུས་བསྲུང་། དགེ་བ་བསྔོ། བཀྲ་ཤིས་བརྗོད། དམིགས་མེད་ཀྱི་རྒྱས་གདབ་བོ། །བསྐུལ་པ་འདི་ནི་ཤིན་ཏུ་གཉན་ཏེ། རྒྱལ་ཆེན་བཞི་པོ་མཚང་ནས་བསྐུལ་བ་ཡིན་པས་བསྟན་པའི་དོན་དུ་དྲག་ལས་དང་གཏོར་ཟོར་འཕེན་པ་ལ་བྱ་ཡི་རང་གར་བྱེད་མི་རུང་ངོ་། །རྒྱུན་གཏོར་ཡིན་ན། ཚོགས་ལྷག་ཡན་ཟིན་ནས། འདོད་དོན་གསོལ། ནོངས་པ་བཤགས། ལྷ་རྣམས་གཤེགས་སུ་གསོལ་བའམ་རྟེན་ལ་བསྟིམ། དགེ་བ་བསྔོ་བ་ལ་སོགས་པ་བྱའོ། །རྩ་བརྒྱུད་རིག་འཛིན་བླ་མ་རྫོགས་སངས་རྒྱས། །ཆོས་དང་འདུས་པ་རྒྱ་མཚོའི་བདེན་པ་དང་། །དཔལ་མགོན་ཡུལ་འཁོར་སྲུང་གི་མཐུ་སྟོབས་ཀྱིས། །མཐའ་དམག་བསྐལ་བརྒྱའི་བར་དུ་ཟློག་གྱུར་ཅིག །བཀྲ་ཤིས་སོ། །དགེའོ།། །། སོག་ཟློག་པ་ཆེན་པོ་བློ༵་གྲོ༵ས་དང་ནུས་མཐུ་མཆོག་གིས་གསང་ཆེན་བསྟན་པའི་རྒྱ༵ལ་མཚ༵ན་འཛིན་པར་མཛད་པའི་དག་སྣང་མར་གྲགས་པའོ། །


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).