Terdzo-PHA-030



Property "author" has been marked for restricted use.








Terdzo-PHA-030.pdf
Click the picture above to view the Shechen manuscript.

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ་

sgrub chen bka' brgyad bde gshegs 'dus pa'i bsnyen pa'i go don lag len dang bcas pa'i yi ge rin chen sgron me

by  སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བཀའ་བརྒྱད་བདེ་གཤེགས་འདུས་པ་ (Bka' brgyad bde gshegs 'dus pa)
Volume 14 (ཕ) / Pages 883-958 / Folios 1a1 to 38b4

Tibetan Text

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པའི་ཡི་གེ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི་སིདྡྷཾ། བླ་མ་དང་བཅོམ་ལྡན་འདས་བདེ་གཤེགས་འདུས་པའི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ།བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ཀྱི་དོན།སྤྱིའི་བཤད་རྒྱུད་བཞི་དང་། དགོས་རྒྱུད་བཅུ། བྱང་ཆུབ་སེམས་དཔའི་འགྲེལ་པ་ལུང་ལྔ་དང་བཅས་པས་སྒྲུབ་སྡེའི་དགོངས་པ་ལེགས་པར་ཕྱེ་ཞིང་། བཀའ་བབས་ཀྱི་རིག་འཛིན་བརྒྱད་དང་། ཁྱད་པར་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་དོན་མངོན་དུ་གྱུར་ནས་དགོངས་པ་ལེགས་པར་བཀྲལ་ཏེ། རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་བསྩལ་ཞིང་ཟབ་མོའི་གཏེར་དུ་སྦས་པ་ཉིད་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་སྙན་དུ་བརྒྱུད་ཅིང་ཐུགས་ཉམས་སུ་བསྟར་བའི་དོན་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྙེན་ཐབས་ཀྱི་མན་ངག་མདོ་ཙམ་བསྟན་་་པ་ལ་གཉིས་ཏེ། ཤེས་པར་བྱ་བའི་རྣམ་གཞག་སྤྱིར་བཤད་པ་དང་། བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། བསྒྲུབ་བྱའི་ཡུལ་གཞིའི་ལྷ་ངོས་བཟུང་བ་དང་། ཇི་ལྟར་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་གོ །དང་པོ་ནི། ཡི་དམ་གྱི་ལྷ་བསྙེན་ཅིང་སྒྲུབ་པར་འདོད་པའི་སྒྲུབ་པ་པོས། ཐོག་མར་ལུང་རིག་མན་ངག་གསུམ་ལ་བརྟེན་ནས་སྒྲོ་འདོགས་བཅད་དེ། བསྒྲུབ་བྱའི་ལྷ་གང་ཡིན་པ་ལ་ངེས་པ་རྙེད་པ་གལ་ཆེ་སྟེ། གཞན་དུ་ན་འབེན་མ་ངེས་པའི་མདའ་འཕངས་ལྟར་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་ན། བསྒྲུབ་བྱའི་ལྷ་དེ་གང་ཞེ་ན། གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་ཆོས་ཀྱིས་མཛད་པའི་སེམས་འགྲེལ་ལྔའི་ནང་ཚན་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས༔ དེ་ནི་རྒྱུད་དུ་རབ་ཏུ་བརྗོད༔ ཅེས་གསུངས་སོ། །དེ་ལ་ཆོས་ཉིད་ངོ་བོའི་སྒོ་ནས་དབྱེ་བ་བྱར་མེད་ནའང་། ཆོས་ཅན་ཐ་སྙད་ཀྱི་སྒོ་ནས་ཕྱེ་ན། དེ་ལས། གཞི་ནི་གནས་པའི་དོན་ཉིད་དེ༔ ལམ་ནི་རྣལ་འབྱོར་སྒྲུབ་པ་འོ༔ འབྲས་བུ་མཐར་ཐུག་མཛད་པའི་ལས༔ ཞེས་པ་ལྟར། དྲི་མ་སྦྱང་བའི་གཞི་ཀུན་ཁྱབ་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང་། དེ་ཉིད་ཀྱི་མདངས་འོད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམ་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་བས། དྲི་མ་སྦྱོང་བའི་གཉེན་པོར་གྱུར་པ་རྣལ་འབྱོར་སྒྲུབ་པའི་རིམ་པ་དང་། དེས་སྦྱང་བྱའི་དྲི་མ་སྦྱངས་པས། བྲལ་འབྲས་གཞི་ཇི་ལྟ་བའི་ཡོན་ཏན་མངོན་དུ་བརྙེས་ནས་ཐུགས་རྗེའི་མཛད་པ་རྒྱུན་མི་ཆད་ཅིང་འབད་རྩོལ་མེད་པའི་ཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པར་དོན་མཛད་པ་ནི་འབྲས་བུ་ཡིན་མོད། དོན་ལ་གཞི་ལམ་འབྲས་གསུམ་དུ་ཕྱེ་ཡང་། གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་གཡོས་པ་མེད་དེ། དེ་ལས། མདོར་ན་རྒྱུད་ཅེས་བྱ་བའི་དོན༔ དངོས་པོའི་གནས་ལུགས་གཞི་ཡིན་ཏེ༔ གཞི་ལས་གཞན་པའི་འབྲས་བུ་མེད༔ འབྲས་བུའི་ཚུལ་ལས་འདའ་བ་ཡི༔ ལམ་གྱི་དགོངས་པ་ག་ལ་མཆིས༔ དེ་བས་རྒྱུ་དང་འབྲས་བུ་དང༔ ལམ་ཞེས་གྲགས་པ་གདགས་པ་ཙམ༔ ཞེས་གསུངས་པ་ཡིན་ནོ། །དེ་ལས་འདིར་སྐབས་སུ་བབས་པ་བསྒྲུབ་གཞིའི་ལྷ་ནི། ལམ་གྱིས་དྲི་མ་སྦྱང་བའི་རྟེན་དུ་གྱུར་པའི་སྦྱང་གཞི་གང་ཡིན་པ་དེ་ཡིན་ཏེ། དེ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་གཞན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཅེས་དང་། དེ་ལྟར་སེམས་ཉིད་ལྷ་ཚོགས་སུ༔ སྣང་ཞིང་སྲིད་པའི་དངོས་པོ་ཀུན༔ རང་བཞིན་རྣམ་དག་ལྷ་ཡི་དབྱིངས༔ ལྷ་ཡི་རོལ་པ་ལྷ་ཡི་སྐུ༔ དེ་བཞིན་དངོས་གཞན་མ་ལུས་པ༔ ཡེ་ནས་ལྷ་ཡི་རང་བཞིན་པས༔ ལྷ་ཡི་གཞི་ཞེས་རབ་ཏུ་བརྗོད༔ ཅེས་སོ། །དེ་ལྟར་སྦྱང་གཞི་དེ་ཉིད་ཀུན་ཁྱབ་རིས་མེད་ཀྱི་ཆོས་ཉིད་ཡིན་ཡང་གློ་བུར་གྱི་དྲི་མ་དང་འབྲེལ་བའི་རྒྱུས། སྦྱང་བྱ་འཁོར་བའི་ཆོས་གཉིས་འཛིན་ཆགས་སྡང་གི་རྣམ་པར་ཤར་བས། སྦྱོང་བྱེད་ཀྱི་ལམ་ཡང་དེ་དང་དེའི་གཉེན་པོར་ཞི་བ་དང་ཁྲོ་བོའི་རྣམ་པ་ལམ་དུ་ཁྱེར་བས་སྦྱང་བྱའི་དྲི་མ་བསལ་ནས། དྲི་བྲལ་གྱི་གཞི་མངོན་དུ་གྱུར་པའི་ཚེ་གཞི་ལམ་དང་རྗེས་སུ་མཐུན་པར་འབྲས་བུ་ཐོབ་ཅེས་ཐ་སྙད་བཏགས་ཏེ། དེ་ལས། ཞི་དང་ཁྲོ་བོའི་སྐུར་གསལ་བས༔ ཆགས་དང་ཞེ་སྡང་རབ་བསལ་ཏེ༔ གཞན་གྱི་དོན་དུ་སྐུར་སྣང་བ༔ ཐོབ་མེད་འབྲས་བུ་དེ་ཡི་མཆོག༔ དེ་ནི་འབྲེལ་པས་རྒྱུད་ཅེས་བྱ༔ གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའོ༔ གཞི་དང་འདྲ་བའི་ལམ་བསྒོམས་པས༔ དེ་འདྲའི་འབྲས་བུ་རབ་ཏུ་བརྙེས༔ ཐུགས་རྗེའི་མཛད་པ་སྐུ་གཞན་ཀུན༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ ཞི་བ་ལ་ནི་ཞི་བ་སྟེ༔ ཁྲོ་བོ་ཅན་ལ་ཁྲོ་བོའི་སྐུ༔ འདོད་ཆགས་ཅན་ལ་ཆགས་པའི་ཚུལ༔ ཞེ་སྡང་ཅན་ལ་དེ་ཡིས་འདུལ༔ ཞེས་སོ། །མདོར་ན་རྣམ་པ་ལམ་དུ་བྱེད་རྒྱུའི་འགག་ནི་འདི་ཡིན་ཏེ། སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་དུ་གནས་པས། དེའི་རྣམ་པ་ལམ་བྱེད་སྣོད་བཅུད་ཀྱི་སྣང་བ་འདི་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པ་དམ་ཚིག་སེམས་དཔའ་སྒོམ་པ་དང་། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པས། དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་གང་འདུལ་གྱི་རོལ་པ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང་། གཞི་འབྲས་གཉིས་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་པ་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམས་ཏེ། དམ་ཡེ་དབྱེར་མེད་དུ་ཉམས་སུ་ལེན་པའི་ལམ་གྱི་གནད་ཤེས་པར་བྱའོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་རྣམ་གཞག་ལ་གསུམ་སྟེ། དམིགས་པའི་ཡུལ། སྒྲུབ་པའི་ཐབས། གྲུབ་པ་འབྲས་བུའི་རྣམ་གཞག་གོ །དང་པོ་ནི་སྒྲུབ་གཞིའི་ལྷ་དེ་རང་ལ་གནས་པས། ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པ་རྙེད་དེ་ཐོབ་བྱའི་འབྲས་བུ་མཚན་ཉིད་པ་འཇིག་རྟེན་ལས་འདས་པས་མཆོག་དང་། བཏགས་པ་འཇིག་རྟེན་པ་དང་ཐུན་མོང་པ་སྟེ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར། དམིགས་ཡུལ་གྱི་དངོས་གྲུབ་སྟེ། ཕྲིན་ལས་མཐར་ཕྱིན་པའི་ལུང་ལས། འཇིག་རྟེན་འདས་དང་མ་འདས་པའི༔ དངོས་གྲུབ་མཆོག་ནི་དམིགས་པའི་ཡུལ༔ ཞེས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་ལྔ་སྟེ། གང་གིས་སྒྲུབ་པའི་གང་ཟག །གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། དབང་གིས་རྒྱུད་སྨིན་ཞིང་། དམ་ཚིག་དང་སྡོམ་པ་ལ་གནས་པ་གཞིར་བཞག་ནས། དངོས་གྲུབ་ཐོབ་པ་ལ། དེའི་སྟེང་དུ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་གཉིས་ཚང་དགོས་ཏེ། རྒྱུ་ནི་བསྒྲུབ་བྱའི་དངོས་གྲུབ་ལ་ཡིད་རྟོན་པས་དོན་གཉིས་སྒྲུབ་པའི་ལྷག་བསམ་དང་ལྡན་པ། རྐྱེན་ནི་ཡིད་ཆེས་དང་འདོད་པ་དང་རབ་ཏུ་དང་བའི་དད་པ་གསུམ་གྱིས་ཀུན་ནས་བསླངས་ཏེ། བསྙེན་སྒྲུབ་ལ་ཐང་ལྷོད་མེད་པར་འབད་པའི་བརྩོན་འགྲུས་དང། དག་བྱ་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། འདུ་འཛིས་མི་འཕྲོག་པ་ལ་སོགས་པའི་ཡོན་ཏན་ཚང་བ་སྟེ། རྩ་རྒྱུད་ལས། འདུ་འཛི་སྤངས་པའི་རྣལ་འབྱོར་པས༔ ཞེས་དང་། ཕྲིན་ལས་ཀྱི་ལུང་ལས། རང་བཞིན་མཐོ་རིས་ཐར་འདོད་པས༔ སྒྲུབ་པ་མྱུར་དུ་འགྲུབ་པའི་རྒྱུ༔ དད་བརྩོན་ཤེས་རབ་ལྡན་པ་ནི༔ དེ་ཡི་རྐྱེན་དུ་ཤེས་པར་བྱ༔ ཞེས་སོ། །གཉིས་པ་གནས་ནི། ཞི་ཁྲོ་གང་སྒྲུབ་ལ་ཤིས་པའི་དགེ་མཚན་དང་ལྡན་པ་སྟེ། རྩ་རྒྱུད་ལས། བཀྲ་ཤིས་ཡིད་འོང་དབེན་པའི་གནས༔ ཤར་རི་དམའ་ལ་ལྷོ་རི་གཞོལ༔ ནུབ་རི་མཐོ་ལ་བྱང་རི་སྐྱོབ༔ མདུན་ན་མེ་ཏོག་སྣམ་བུ་ཡོད༔ བྱ་རྒྱལ་ཁུ་བྱུག་སྒྲ་ཡང་གྲགས༔ རྩི་ཤིང་མེ་ཏོག་ཡལ་ག་སྐྱེས༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་བས༔ འདོད་པའི་ལོངས་སྤྱོད་གྲུབ་པའི་གནས༔ དེར་ནི་ཞི་བ་བསྒྲུབ་པར་བྱ༔ ཞེས་དང་། གང་ཞིག་ཁྲོ་བོ་སྒྲུབ་པའི་གནས༔ དུར་ཁྲོད་ཆེན་པོ་རབ་འཇིགས་པ༔ གནམ་ས་གྲུ་གསུམ་པར་གནས་པ༔ རི་ནི་སོག་པོ་ཁྲོས་པ་འདྲ༔ ཤིང་དང་གཅན་གཟན་རྒྱུ་བའི་གནས༔ རབ་ཏུ་འཇིགས་པའི་གནས་དེ་རུ༔ ཞེས་སོ། །དེ་ལྟར་ནའང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་གྱི་གནས་ལ་ཁྱད་པར་དེ་དག་མ་ཚང་ཡང་ཆོག་སྟེ། གང་དུ་ཡིད་དགའ་ཞིང་ཉེར་འཚེ་མེད་པའི་གནས་དམ་པར་ཉམས་སུ་བླང་དུ་རུང་ངོ་། །གསུམ་པ་དུས་ལ་གཉིས་ཏེ། བསྙེན་པ་ལ་འཇུག་པའི་དུས་དང་། ཡུན་ཇི་ཙམ་སྒྲུབ་པའི་དུས་སོ། །དང་པོ་ནི། དབང་བྱང་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི༔ ར་བ་དག་ལ་རབ་ཏུ་ཤིས༔ བརྒྱད་ནས་ཉ་ཡི་བར་ལ་གཏད༔ བཀྲ་ཤིས་གཟའ་སྐར་ཤིས་པར་བླང༔ ཞེས་པས་དུས་ཚིགས་ར་བ་བཞི་དང་། ཟླ་བའི་ཡར་ངོ་དང་། ཚེས་གྲངས་བརྒྱད་ནས་བཅོ་ལྔའི་བར་དང་། གཟའ་སྐར་ཡང་། འཇམ་དཔལ་རྩ་རྒྱུད་ལས། ཚེས་གྲངས་གཟའ་ཡི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང། །གཟའ་ལྷག་མཆོག་ནི་ལས་ཀུན་ལ། །ཞེས་སོགས་དང་། །ཐ་སྐར་སྐར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །ཞེས་གསུངས་ཤིང་། ཁྱད་པར་ཡར་ངོའི་ཚེས་བརྒྱད་ལ་སྐར་མ་རྒྱལ་ཡོད་པ་ཤིས་ཤིང་། དེའི་སྟེང་དུ་ཕུར་བུ་དང་འཛོམ་ན་མཆོག་ཏུ་ལེགས་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང་། འཇོམས་བྱེད་ལས་ཀྱང་། ཟླ་བ་སྐྱེ་དུས་གཟའ་ཕུར་བུ༔ དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས༔ ཞེས་གསུངས། གཞན་དུ་གཟའ་སྐར་འཕྲོད་སྦྱོར་དགེ་ན་མར་ངོ་ལའང་འཇུག་རུང་ངོ། །གཉིས་པ་ཡུན་ཇི་ཙམ་སྒྲུབ་པའི་དུས་ནི། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་དང་ལས་ཕྲ་མོ་ལ་དམིགས་པའི་ཁྱད་པར་གྱིས་བསྐྱེད་རྫོགས་ཟུང་འབྲེལ་དང་། བསྐྱེད་རིམ་གྱི་ལྷའི་གསལ་སྣང་ལ་བརྟན་པ་ཐོབ་པ་དང་། ལྷའི་དམིགས་པ་ལ་ཡིད་ཤུགས་དྲག་པོ་དང་ལྡན་པས། རང་རང་གི་མཚན་མ་བརྙེས་ཀྱི་བར་དུ་བཟླ་བ་ཡིན་ཏེ། བསྐྱེད་རྫོགས་ཆུང་ངུའི་ཛཔ྄་དགོངས་ལས། མཚན་མའི་བསྙེན་པ་རྟགས་དང་ནུས་པ་ཐོན་པའོ༔ ཞེས་སོ། །དུས་བསྙེན་ནི། རྩ་རྒྱུད་ཀྱི་གསང་ཆེན་རིགས་གཅིག་གི་སྐབས་ལས། ཟླ་གཅིག་ཟླ་དྲུག་བཅུ་གཉིས་ཀྱིས༔ ལྷུན་གྱིས་གྲུབ་པའི་ས་ལ་སྦྱོར༔ གདིང་ཆེན་ཐོབ་པ་ཟླ་བ་གཅིག༔ བརྟན་པ་ཐོབ་པ་ཟླ་བ་དྲུག༔ སྟོབས་སུ་གྱུར་པ་བཅུ་གཉིས་ཡིན༔ ཞེས་དང་། ཆུང་ངུའི་ཛཔ྄་དགོངས་སུ། དུས་ཀྱི་བསྙེན་པ་ཟླ་བ་རེ་རེ༔ ཞེས་པ་དཔལ་དགུ་པོ་རེ་རེར་དགོངས་ནས་གསུངས་པས་ཟླ་བ་དགུ་དང་། ཁྲོ་བོ་རྒྱུན་གྱི་རྣལ་འབྱོར་གྱི་སྒོམ་རིམ་དུ། དུས་ནི་ཟླ་བ་གསུམ་མོ༔ ཞེས་གསུངས། ཡོངས་རྫོགས་ཁྲོ་བོའི་དྲིལ་སྒྲུབ་ཏུ། ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་དུས་བརྩོན་ན༔ བསྙེན་རྫོགས་ལས་རྣམས་ཐམས་ཅད་འགྲུབ༔ ཅེས་པས་རབ་ལོ་ཕྱེད་གཉིས་སམ་ལོ་གཅིག །འབྲིང་ཟླ་བ་དགུའམ་དྲུག །ཐ་མ་ཞི་བ་ལ་ཟླ་བ་གཅིག་དང་ཁྲོ་བོར་ཟླ་བ་གསུམ་མོ། །གྲངས་བསྙེན་ནི། སྔགས་ཀྱི་ཡན་ལག་ལྔའི་ནང་ཚན་སྔགས་སྒྲུབ་རིན་ཆེན་ཕྲེང་བ་ལས། སྤྱིར་ནི་གསང་སྔགས་གང་ཡང་སྔོན་དུ་ནི༔ བསྙེན་པ་འབུམ་བྱ་ཕྱིས་ནི་སྒྲུབ་ཆེན་བརྩམ༔ ཞེས་དང་། ཆུང་ངུའི་ཛཔ྄་དགོངས་ལས། གྲངས་ཀྱི་བསྙེན་པ་འབུམ་ཚོ་རེ༔ ཞེས་པས་ཞི་བ་དང་དཔལ་དགུ་སོ་སོར་འབུམ་ཕྲག་རེ་བཟླ་བར་གསུངས་པ་ནི་སྤྱིར་བཏང་ཙམ་སྟེ། བྱེ་བྲག་གི་རྣམ་གཞག་ལག་ལེན་གྱི་དུས་སུ་འཆད་དོ། །བཞི་པ་ཡོ་བྱད་ནི། ཕྲིན་ལས་ཀྱི་ལུང་ལས། གང་ལ་དམིགས་པའི་ལྷ་ཡི་སྐུ༔ སྒྲུབ་པའི་རྟེན་དུ་བཞག་པར་བྱ༔ དེ་ནི་ཞི་བའི་ལྷ་གཞན་གྱི༔ སྒྲུབ་རྫས་རྟེན་གྱི་མཐར་ཐུག་ནི༔ ཞེས་དང་། བུམ་པ་མར་མེ་ཐོད་པ་དང༔ ཕྱག་རྒྱ་ཕུར་བུ་ཙིཏྟ་དང༔ མཆོད་གཏོར་ལིངྒ་ཉ་བོ་དག༔ སྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན༔ ཞེས་གསུངས་ཀྱང་། ཕྱག་ལེན་དུ་འགའ་ཞིག་དེ་དང་མི་འདྲ་བར་འབྱུང་བ་ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས་གསུངས་པ་སྟེ། དེ་ལས། ཞི་བ་རིགས་ཀྱི་རྟེན་རྫས་ནི༔ དམིགས་རྟེན་ས་བོན་ཡིག་འབྲུའི་གཟུགས༔ རབ་གསལ་འབྲུ་གཅིག་པ་ལ་ཐུག༔ ཅེས་སོགས་གསུངས་པ་ལྟར་ཞི་བའི་ཡིག་འབྲུ། ཆེ་མཆོག་གི་བུམ་གཅིག །ཡང་དག་གི་མེ་གཅིག །གཤིན་རྗེ་གཤེད་ཀྱི་ཁྲོཾ་གཅིག །རྟ་མགྲིན་གྱི་རྟ་ཞལ། རྡོ་རྗེ་གཞོན་ནུའི་ཕུར་གཅིག །མ་མོའི་སྙིང་གཅིག །རིག་འཛིན་དང་དྲེགས་པའི་སྐུ་གཅིག །དྲག་སྔགས་ཀྱི་སྙིང་པོ་རྣམས་ཏེ་རྟེན་བཅུ་དང་། བསྐྱེད་རིམ་ལྷའི་གེགས་བསལ་གྱི་མན་ངག །རས་ལ་ཚོན་གྱི་བྲིས་ནས་སྐུ་མདོག་བཞུགས་ཚུལ་དང༔ དབུ་རྒྱན་གདན་ཁྲི་ཕྱག་མཚན་དང་ལྡན་པར་བཞུགས་པ་དེ་ལ་བདག་གིས་བལྟས་པས་གོམས་པ་གདིང་དུ་གྱུར་ནས༔ ཞེས་གསུངས་པ་ལྟར་དམིགས་རྟེན་གྱི་བྲིས་སྐུ་སྟེ། དེས་མཚོན་ནས་དཀྱིལ་འཁོར་སོགས་བསྙེན་སྒྲུབ་ཀྱི་རྫས་དང་། གཞན་ཡང་འཚོ་བའི་ཟས། རྐྱེན་བཟློག་གི་སྨན་དང་སྨན་པ། མཆོད་པ་རྫས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱ་བའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། ཕྲིན་ལས་ཀྱི་ལུང་ལས། བསྒྲུབ་བྱ་བཅུ་ལ་སྒྲུབ་པའི་ཐབས༔ རྣམ་པ་བཅུ་སྟེ་སྒྲུབ་ལུགས་དག༔ མཉམ་ཉིད་ཞི་བའི་སྒྲུབ་པ་དང་། ཞེ་སྡང་ཁྲོ་བོར་བསྒྲུབ་བྱ་དགུ༔ ཞེས་གསུངས་པའང་རིགས་བསྡུས་ན་ཞི་ཁྲོ་གཉིས་ཏེ། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། སྒྲུབ་ལུགས་ཞི་ཁྲོ་རྣམ་གཉིས་ལ༔ ཞེས་གསུངས་པས་སོ། །དེས་ན་སྤྱི་དོན་རྣམ་པ་གསུམ་དུ་འདུ་སྟེ། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། དེ་གཉིས་ལ་བརྟེན་ནས་གང་དགོས་ཀྱི་ལས་ལ་སྦྱོར་བའོ། །སྤྱི་དོན་དང་པོ་ཞི་བ་ལ་སྒྲུབ་ཚུལ་ལྔ་སྟེ། ལག་ལེན་མན་ངག་གི་ཆིངས་ལས། རྒྱས་པར་འདོད་ན་རིགས་བརྒྱར་བསྟན༔ བསྡུས་པའི་དོན་དུ་བཞི་བཅུ་གཉིས༔ རབ་ཏུ་བསྡུས་དོན་རིགས་ལྔ་སྟེ༔ ཤིན་ཏུ་བསྡུས་པ་རིགས་གཅིག་དང༔ རིགས་ལྔ་སོ་སོ་གཅིག་སྒྲུབ་སྟེ༔ རྣལ་འབྱོར་བློ་ཁྱད་རིམ་བཞིན་བསྟན༔ ཞེས་པའི་སྒྲུབ་ཚུལ་རྩ་རྒྱུད་ཀྱི་ལེའུ་གཉིས་པ་ནས་དྲུག་པའི་བར་རེ་རེས་བསྟན་པ་ལྟར་མན་ངག་གིས་བཀྲལ་ན། དང་པོ་ཞི་བ་རྒྱས་པ་རིགས་བརྒྱ་ནི། ཕྱི་གཞལ་ཡས་ཁང་གཅིག་གི་ཁྱམས་ཀྱི་ནང་དུ་གདུང་བཞི་མིག་མང་རིས་སུ་བྲེས་པའི་ནང་སོ་སོར་གཞལ་ཡས་ཁང་རེ་རེ་སྟེ་དགུ་ལས། དབུས་མའི་གཙོ་བོ་རྣམ་སྣང་ལ་འཁོར་རིགས་བཞི་ཡབ་ཡུམ། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་སེམས་དཔའ་བརྒྱད་ལ་འཁོར་རང་རང་གི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཞི་སྟེ། རྩ་རྒྱུད་དུ་དཀྱིལ་འཁོར་གྱི་ལྟེ་བ་ཐམས་ཅད་འཁོར་ལོ་རྩིབས་བརྒྱད་པར་མཛད་ནས་གཙོ་བོ་དགུ་པོ་འཁྲིལ་སྦྱོར་ལ། འཁོར་རྣམས་ཐབས་ཤེས་ཕྲལ་ཏེ། ཡབ་རྣམས་ཕྱོགས་དང་ཡུམ་རྣམས་མཚམས་ཀྱི་རྩིབས་ལ་བཀོད། ཐིག་ཆོག་ཏུ་འཁོར་ལོ་རྩིབས་བཞི་པར་བཤད་པ་ལྟར་སྒྲུབ་ཐབས་སུའང་ཡུམ་རྣམས་རྩིབས་མཆན་ལ་བཀོད་མོད། ལྷའི་གྲངས་ལ་ཁྱད་པར་མེད་དོ། །དེ་ལྟར་ཚོམ་བུའི་ལྷ་དགུ་བཅུའི་སྟེང་དུ་ཕྱིའི་ཁྱམས་ལ་ཐུབ་དྲུག་དང་། སྒོར་སྒོ་མ་བཞི་སྟེ་དམ་པ་རིགས་བརྒྱའོ། །འདིའི་ཆ་ལག་ཏུ་ལས་ཆེན་ལྔ་དང་ལས་ཆུང་རྣམས་སྣང་བས་ཕྱི་གཞན་དོན་གཙོ་བོར་བྱེད་པའི་སྒྲུབ་ཐབས་སོ། །གཉིས་པ་བསྡུས་པ་བཞི་བཅུ་རྩ་གཉིས་ནི། རིགས་ལྔ་ཡབ་ཡུམ། བྱ་བྱེད། སེམས་དཔའ་ཡབ་ཡུམ་བརྒྱད། ཐུབ་དྲུག །སྒོ་བ་ཡབ་ཡུམ་བཞི་སྟེ། སྒྲུབ་ཐབས་སུ་གཞལ་ཡས་ཁང་གི་ཁྱམས་ནང་དུ་འཁོར་ལོ་རྩིབས་བཞིའི་ལྟེ་བ་དང་རྩིབས་ལ་རིགས་ལྔ་ཡབ་ཡུམ། གཙོ་བོའི་རྒྱབ་མདུན་དུ་བྱ་བྱེད། །མཆན་ལ་ནང་སེམས་དང་། གྲུ་ཆད་ལ་ཕྱི་སེམས་རྣམས་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞི་དང་སྟེང་འོག་གི་ཤར་སྟོད་ནུབ་སྨད་རྣམས་སུ་ཐུབ་དྲུག །སྒོར་མཐར་བྱེད་ཡབ་ཡུམ་རྣམས་བཀོད། གཏེར་སྟོན་གྱིས་མཛད་པའི་རྣམ་བཤད་དུ། དཀྱིལ་འཁོར་གྱི་ལྟེ་བ་རྩིབས་བརྒྱད་པ་དང་བཞི་པ་འདམ་ཁར་མཛད་དེ། བརྒྱད་མའི་ཚེ་རིགས་ཀྱི་ཡུམ་མཚམས་དང་། བཞི་མའི་ཚེ་ཡབ་ཀྱི་གཡོན་དུ་བསྒོམ། གྲུ་ཆད་བཞིར་སྒེག་སོགས་མཚམས་ཀྱི་ཕྱོགས་རེ་རེར་སེམས་དཔའ་གཉིས་གཉིས་ཏེ། མཚམས་བཞིར་དུས་ཀྱི་ལྷ་མོ། ཁྱམས་ཀྱི་སྒོ་ལ་ཉེ་བར། ཐུབ་དྲུག་ཤར་ནུབ་ཏུ་གཉིས་དང་ལྷོ་བྱང་དུ་རེ་རེ། སྒོར་མཐར་བྱེད་ཡབ་ཡུམ། བྱ་བྱེད་གཉིས་གཙོ་བོའི་དབུ་ཐོག་གམ་རྒྱབ་མདུན་དུ་བསྐྱེད་པར་མཛད་དོ། །གསུམ་པ་རབ་ཏུ་བསྡུས་པ་དེ་ཁོ་ན་ཉིད་རིགས་ལྔར་སྒྲུབ་པ་ནི། དཀྱིལ་འཁོར་ཁྱམས་སྤངས་པའི་དབུས་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་ལ་རིགས་ལྔ་ཡབ་ཡུམ་བསྒོམ་པའོ། །ཤིན་ཏུ་བསྡུས་པ་སྒྲུབ་ཐབས་སུ་གཉིས་སུ་ཕྱེ་སྟེ། བཞི་པ་རྡོར་སེམས་གསང་ཆེན་རིགས་གཅིག་དང་། ལྔ་པ་རིགས་ལྔ་སོ་སོ་རྐྱང་སྒྲུབ་ཏུ་བྱེད་པ་ཕྱག་རྒྱ་རྐྱང་པའོ། །ཕྱི་མ་འདིའང་གསང་ཆེན་རིགས་གཅིག་ལས་མ་འདས་ཞེས་རྣམ་བཤད་དུ་གསུངས་པ་འདི་ལྷ་གྲངས་ཙམ་ལ་དགོངས་ཀྱི། དོན་ལ་ཁྱད་པར་ཆེ་སྟེ། གསང་ཆེན་རིགས་གཅིག་གི་དཀྱིལ་འཁོར་གྱི་ཁྱབ་བྱེད་རིགས་འདུས་ཡིན་ཞིང་། ཕྱག་རྒྱ་རྐྱང་སྒྲུབ་ནི། སྒྲུབ་པ་པོ་རང་ཉིད་ཉོན་མོངས་པ་གང་ཤས་ཆེ་བ་དེ་དང་དེའི་གཉེན་པོར་རམ། མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷ་དེ་དང་དེ་ཉམས་སུ་ལེན་པའི་ཕྱིར་བྱེ་བྲག་ཏུ་གསུངས་པ་ཡིན་ནོ། །དེ་ལྟར་ཞི་བའི་དཀྱིལ་འཁོར་གང་སྒྲུབ་ཀྱང་སྒོམ་རིམ་གྱི་སྡོམ་ནི་འདི་ཡིན་ཏེ། མཛད་པ་ཆོ་འཕྲུལ་གྱི་ལུང་ལས། སྐྱེས་བུ་ཆགས་པས་རབ་གདུངས་པ༔ ཞི་བའི་སྒོ་ལ་སྤྱོད་བྱེད་པས༔ བསོད་ནམས་ཚོགས་ནི་རབ་བསགས་ནས༔ མི་རྟོག་མི་དམིགས་དེ་བཞིན་ཉིད༔ ལྷན་ནེར་གནས་པ་ཐུགས་རྗེར་ཤར༔ རྒྱུ་ཡི་ཏིང་འཛིན་ཡི་གེ་མཆོག༔ ཐམས་ཅད་སྐྱེད་བྱེད་རང་བཞིན་ནི༔ འབྱུང་བ་ཡུམ་ལྔའི་དཀྱིལ་འཁོར་དུ༔ ཡེ་ཤེས་གཞལ་ཡས་ལྷུན་གྱིས་རྫོགས༔ གདན་སྟེང་ས་བོན་ལས་བསྐྱེད་པའི༔ རིགས་གཅིག་རིགས་ལྔ་རིགས་བརྒྱ་ཡི༔ སྐུ་དང་བསྡུས་པ་བཞི་བཅུ་གཉིས༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ མཚན་དང་དཔེ་བྱད་མ་འགག་ཆོས༔ རང་རིག་བྱང་ཆུབ་སེམས་ལས་བྱུང༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་བསྟིམ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ མཆོད་བསྟོད་དགྱེས་མཛད་ཕྲིན་ལས་བཅོལ༔ གསང་སྔགས་བསྙེན་པའི་བཟླས་བརྗོད་ཀྱིས༔ ཉེ་བར་བྱས་ཏེ་དངོས་གྲུབ་བླང༔ བཟོད་པར་གསོལ་ལ་སྨོན་ལམ་བྱ༔ མི་དམིགས་མི་རྟོག་ཆགས་བྲལ་བས༔ ཆོས་ཉིད་ཀྱི་ནི་དགེ་རྩ་བསྔོ༔ འདི་ནི་ཞི་བ་ཞི་མཛད་ལྷའི༔ མཛད་པའི་ཆོ་འཕྲུལ་བསམ་རྫོགས་ལ༔ འདོད་པ་ཅན་གཞན་འདུལ་བའི་ཕྱིར༔ སངས་རྒྱས་རོལ་མོས་གར་མཛད་དོ༔ ཞེས་གསུངས་པ་ལྟར་རོ། །སྤྱི་དོན་གཉིས་པ་ཁྲོ་བོ་ལའང་། ལག་ལེན་མན་ངག་ཆིངས་ལས། དྲག་པོ་ཁྲོ་བོ་སྒྲུབ་ལུགས་ལ༔ སྔར་བཞིན་རིམ་པ་ལྔར་བཅིངས་པའི༔ བརྟེན་ལུགས་སྒྲུབ་ལུགས་ལྔར་ཚང་སྟེ༔ བསྐྱེད་རྫོགས་ཆེ་འབྲིང་ཆུང་ངུ་དང༔ སྔགས་སྒྲུབ་དང་ནི་སྒོས་སྒྲུབ་ཀྱི༔ ཁྱད་པར་ལྔ་ཡིས་བཅིངས་པ་ལ༔ ཞེས་པ་ལྟར་ལྔ་ལས། དང་པོ་སྤྲོས་པ་ལ་དགའ་བའི་དོན་དུ་བསྐྱེད་རྫོགས་ཆེན་མོ་ནི། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་ཁྱམས་ཀྱི་ནང་དུ་གདུང་བཞིས་བྲེས་པའི་རེའུ་མིག་དགུའི་ནང་ཁོངས་སུ། རྩ་རྒྱུད་ལས། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ༔ ཀུན་ལ་འཁོར་ལོ་རྩིབས་བཞི་པ༔ གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན༔ ཞེས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དགུའི་དབུས་མའི་གཙོ་བོ་ཆེ་མཆོག་དབུ་ཉེར་གཅིག་པ་ཡབ་ཡུམ་དང་། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་གཙོ་བོ་ཡང་དག་ལ་སོགས་པ་སྟེ། རིག་འཛིན་མ་གཏོགས་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ལ་སོ་སོ་ཡུམ་དང་བཅས་པ། དེ་དག་གི་ཚོམ་བུའི་འཁོར་ནི། རྒྱུད་ཀྱི་ལེའུ་བརྒྱད་པ་དང་། སྒྲུབ་ཐབས་ལས་དངོས་སུ་བསྟན་པ་ནི། ཆེ་མཆོག་གི་འཁོར་རྩིབས་ལ་རིགས་བཞི་ཡབ་ཡུམ། ཁྱམས་ལ་ཁྲོ་བཅུ། སྒོར་མཐར་བྱེད་བཞི་སྟེ་གཙོ་འཁོར་ཉེར་བཞི། ཡང་དག་གི་འཁོར་རྩིབས་བཞི་ལ་རིགས་བཞི་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་དུ་གཽ་རཱི་བརྒྱད་དང་སིཾ་ཧ་མ་བརྒྱད་སྤེལ་ཏེ་བཞུགས་པ། སྒོར་རྟ་གདོང་མ་སོགས་བཞི་སྟེ་གཙོ་འཁོར་སུམ་ཅུ། གཤིན་རྗེ་གཤེད་ཀྱི་འཁོར་གཙོ་བོའི་གཡས་སུ་སྒྲོལ་ཡུམ། རྩིབས་ལ་གཤེད་བཞི་ཡབ་ཡུམ། ཁྱམས་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་སོ་དགུ་དང་། སྒོམ་ཁོག་ཆེན་མོར་གཤེད་བཞི་ལའང་སྒྲོལ་ཡུམ་བཤད་པ་ལྟར་ན་ཞེ་གསུམ། རྟ་མགྲིན་གྱི་འཁོར་གཡས་གཡོན་དུ་ཕྲ་མེན། རྩིབས་དང་ཁྱམས་ཀྱི་ཕྱོགས་བཞིར་ཟིལ་གནོན་ཡབ་ཡུམ་བརྒྱད། སྒོ་བཞིར་ཁྲོ་བོ་བཞི་སྟེ་ཉེར་བཞི། རྡོ་རྗེ་གཞོན་ནུའི་འཁོར་རྩིབས་ལ་སྲས་མཆོག་ཀཱི་ལ་ཡ་བཞི། ཁྱམས་ཀྱི་ཕྱོགས་མཚམས་དང་ཤར་སྟོད་ནུབ་སྨད་རྣམས་སུ་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཉི་ཤུ་དང་བཅས་པ། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་ལྔ་བཅུ། བླ་མེད་ཧེ་རུ་ཀའི་གཙོ་བོའི་གཡས་དང་རྩིབས་བཞིར་རྟག་པའི་རྒྱལ་མོ་ལྔ། གཙོ་བོའི་མདུན་དང་གཡོན། ཁྱམས་ཀྱི་ནང་ངོས་རྣམས་སུ་རྗེ་མོ་བཅུ་བཞི། ཁྱམས་ཀྱི་ཕྱི་ངོས་སུ་སྲིད་པའི་སྨན་མོ་ཉེར་གསུམ། སྒོར་སྲིང་བཞི་སྟེ་གཙོ་འཁོར་ཞེ་བརྒྱད། རིག་འཛིན་ཐོད་པ་རྩལ་གྱི་འཁོར་རྩིབས་ལ་ལྷུན་གྲུབ་རིག་འཛིན་སོགས་བཞི། ཁྱམས་ལ་རིག་འཛིན་བརྒྱད། སྒོར་སློབ་དཔོན་བཞི་སྟེ། གཙོ་འཁོར་བཅུ་བདུན། འདི་ནི་རྣམ་བཤད་དང་རྗེ་བླ་མས་མཛད་པའི་སྒྲུབ་ཐབས་ཀྱི་ལུགས་ལྟར་ཏེ། སྒོམ་ཁོག་ཆེན་མོར། རྩིབས་དང་མཆན་ལ་རིག་འཛིན་བརྒྱད༔ ཁྱམས་ལ་རིག་འཛིན་བཞི་བཀོད་དོ༔ ཞེས་སོ། །དྲེགས་འདུལ་གྱི་འཁོར་གཙོ་བོའི་གཡས་གཡོན་དུ་དབང་ཕྱུག་ཡབ་ཡུམ། རྩིབས་ལ་ཡ་མ་རཱ་ཛ་སོགས་བཞི་ཡུམ་བཅས། སྟེང་འོག་ཏུ་གཟའ་དང་ཀླུ་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་རེར་ཤམ་པོ་སོགས་གསུམ་གསུམ་སྟེ་བཅུ་གཉིས། སྒོར་སྲོག་བདག་སོགས་བཞི་སྟེ་གཙོ་འཁོར་སོ་གཉིས། སྟོབས་ལྡན་ནག་པོའི་འཁོར་རྩིབས་ལ་འཆི་བདག་སོགས་བཞི་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞིར་མ་ཧཱ་དེ་ཝ་སོགས་བཞི། སྟེང་འོག་ཏུ་གཟའ་དང་ཀླུ །སྒོར་ལི་བྱིན་ཧ་ར་སོགས་བཞི་སྟེ་གཙོ་འཁོར་ཉི་ཤུ། དེ་ལྟར་ཕོ་བྲང་གླིང་དགུའི་ལྷ་ཚོགས་ལ་ཁྱོན་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བཞིའོ། །བཀའ་སྲུང་ནི། དཀྱིལ་འཁོར་ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད། ཕྱིའི་མུ་ཁྱུད་ལ་མཁའ་འགྲོ་སོ་གཉིས། གིང་བཅོ་བརྒྱད། ལངྐའི་གནས་གཞན་འགོད་པའི་རིམ་པས་དྲུག་ཅུ་སྟེ་བཅུ་དྲུག །འབར་མ་བརྒྱད། ས་བདག་སོ་གཉིས། མ་བདུན། སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། འབུམ་ཕྲག་ཡངས་པའི་མཁའ་འགྲོ་རིགས་བསྡུས་པས་ཉི་ཤུ། བརྟན་མ་བཅུ་གཉིས་ཏེ། དྲིལ་བས་བཀའ་སྲུང་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་རྣམས་རྩ་རྒྱུད་དང་སྒོམ་ཁོག་ལས་དངོས་སུ་བཤད་ཅིང་། དེའི་སྟེང་དཀྱིལ་འཁོར་དགུའི་མུ་རན་ལ་བཀོད་པའི་བཀའ་སྲུང་། ཆེ་མཆོག་གི་ཅེ་སྤྱང་མ་བརྒྱད། ཡང་དག་གི་དབང་མོ་ཉེར་བརྒྱད། གཤིན་རྗེ་གཤེད་ཀྱི་གིང་བདུད་རྩིས་པ་ཤན་པ་རྣམས་བཞི་བཞི་སྟེ་བཅུ་དྲུག །རྟ་མགྲིན་གྱི་ཁམས་རྒྱ་མ་དྲུག །དམུས་ལོང་བཞི། ཁྱི་བརྒྱད། སྤྱང་བརྒྱད། ཕོ་ཉ་བཞི། འབྲུག་མོ་བཞི་སྟེ་སོ་བཞི། ཕུར་པའི་ཤྭ་ན། བདག་ཉིད། ས་བདག །གིང་བདུད། སྐྱེས་བུ་རྣམས་བཞི་བཞི་སྟེ་ཉེར་བཞི། མ་མོའི་ཡང་གབ་མ་བཞི། སྦས་མ་བཞི། གདོང་མོ་བཞི། རོ་ཁ་མ་གསུམ། ནག་མོ་ཕུང་གསུམ། གསང་བའི་ཕོ་ཉ་གསུམ་སྟེ་ཉེར་བཞི། རིག་འཛིན་གྱི་དཔའ་བོ་དང་མཁའ་འགྲོ་བཞི་བཞི་སྟེ་བརྒྱད། དེ་ལྟར་དཀྱིལ་འཁོར་དྲུག་པོའི་བཀའ་སྲུང་ཆིག་བརྒྱ་ཞེ་གཉིས་ཡོད་ཅིང་། དྲེགས་འདུལ་དང་དྲག་སྔགས་ཀྱི་མུ་རན་ལ་བཀོད་པར་གྲངས་ངེས་མ་མཛད་དོ། །དེ་རྣམས་ཀྱི་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་ཞི་བ་བཞི་བཅུ་ཞེ་གཉིས་དང་། ཡུམ་གྱི་གཽ་སིང་བཅུ་དྲུག་བསྣན་པས་བསྐྱེད་རྫོགས་ཆེན་མོའི་ལྷ་གྲངས་ཀུན་དྲིལ་བས་རགས་རྩིས་བདུན་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །གཉིས་པ་བསྡུས་པ་བསྐྱེད་རྫོགས་འབྲིང་པོ་ནི། དབུས་ཀྱི་གཙོ་བོ་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། དཀྱིལ་འཁོར་བརྒྱད་པོའི་གཙོ་བོ་སྔར་ལྟར་ལས་འཁོར་ལས་བྱང་དུ་བསྐྱེད་རྫོགས་ཆེན་མོའི་སྒོམ་ཁོག་གིས་དངོས་བསྟན་དང་གྲངས་མཉམ་པ་བསྒོམ་པར་བཤད་མོད། རྩ་རྒྱུད་ཀྱི་ལེའུ་དགུ་པར་དཀྱིལ་འཁོར་དགུ་ཀའི་ལྟེ་བར་རྩིབས་བརྒྱད་པར་མཛད་ཅིང་ལྷ། དབུས་ཀྱི་ཆེ་མཆོག་ལ་ཁྲོ་བཅུ། ཡང་དག་ལ་གཽ་རཱི་བརྒྱད། གཤིན་རྗེ་གཤེད་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། རྟ་མགྲིན་ལ་ཟིལ་གནོན་ཡབ་ཡུམ་བརྒྱད། ཕུར་པར་ཁྲོ་བཅུ་ཡབ་ཡུམ། མ་མོར་ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི། རིག་འཛིན་ལ་གྲུབ་པའི་རིག་འཛིན་བརྒྱད། དྲེགས་འདུལ་ལ་དྲེགས་པ་དབང་ཆེན་སྡེ་བརྒྱད། དྲག་སྔགས་ལ་སྔགས་བདག་སྡེ་བརྒྱད་རྣམས་ཀྱིས་བསྐོར་ཞིང། ཕྱི་ཁྱམས་དང་ཕྱིའི་ལྕགས་རི་ལ་སྤྱིའི་བཀའ་སྲུང་ཉིས་བརྒྱ་ཞེ་གཅིག་སྔར་ལྟར་བསྒོམ་པར་གསུང་ངོ་། །གསུམ་པ་རབ་ཏུ་བསྡུས་པ་བསྐྱེད་རྫོགས་ཆུང་ངུ་ནི། ཚོམ་བུ་དགུའི་དཀྱིལ་འཁོར་གྱི་ལྟེ་བ་རྩིབས་བཞི་དང་། ཆེ་མཆོག་ཀྱང་ཞལ་གསུམ་ཕྱག་དྲུག་པར་བསྡུས་ཏེ། འཁོར་ལས་བྱང་དང་བསྒོམ་རིམ་དུ་བསྐྱེད་རྫོགས་ཆེན་མོ་ལྟར་གསུངས་ནའང་། རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང་། གཏེར་གཞུང་གི་ལས་བྱང་གཅིག་ཏུ། ཆེ་མཆོག་དང་ཡང་དག་རིགས་བཞི་ཡབ་ཡུམ། གཤིན་རྗེ་གཤེད་ལ་གཤེད་བཞི་ཡབ་ཡུམ། རྟ་མགྲིན་ལ་རྩིབས་ལྷོ་བྱང་དུ་སྲས་ཕྲ་མེན་གཉིས་དང་། ཤར་ནུབ་ཏུ་རྡོ་རྗེ་དང་པདྨ་གར་དབང་། ཕུར་པར་སྲས་མཆོག་རིགས་བཞི། མ་མོར་དབྱིངས་ཀྱི་མ་དྲུག །རིག་འཛིན་ལ་རིགས་ཀྱི་རིག་འཛིན་བཞི། དྲེགས་འདུལ་དང་དྲག་སྔགས་གཉིས་ལ་དྲེགས་པའི་སྡེ་དཔོན་བཞི་བཞིས་བསྐོར་ཞིང་། རྣམ་བཤད་དུ་རྒྱུད་ལྟར་ཉམས་སུ་ལེན་པ་ལེགས་ཞེས་ཕྱི་མ་འདི་ལེགས་པར་མཛད་དོ། །ཕྱི་ཁྱམས་དང་ཕྱིའི་ལྕགས་རིའི་སྲུང་མ་རྣམས་ནི་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་ལས་བྱང་ལྟར་དངོས་སུ་བསྒོམ་དགོས་པར་བཞེད་དོ། །བཞི་པ་སྔགས་སྒྲུབ་ནར་མའི་སྒྲུབ་ཐབས་ནི་ལྷ་གྲངས་དང་མངོན་རྟོགས་མཐའ་གཅིག་ཏུ་མ་ངེས་ཏེ། བསྐྱེད་རྫོགས་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་བསྲང་བའམ། མི་ནུས་ན་ཐམས་ཅད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ་བསྒོམས་ཀྱང་རུང་བར་གསུངས་སོ། །ལྔ་པ་སྒོས་སྒྲུབ་ནི། གང་ལ་མོས་པའི་ལྷ་དེ་ཉིད་ཕྱག་རྒྱ་རྐྱང་སྒྲུབ་ཀྱིས་བསྟན་མོད། དེ་ལྟར་ནའང་བདེ་གཤེགས་འདུས་པ་ཕྱག་རྒྱ་རྐྱང་སྒྲུབ་དང་། ལུས་དཀྱིལ་ལ་བརྟེན་ནས་ཧཱུྃ་གི་དྲིལ་སྒྲུབ་སྙིང་པོ་ཁྱད་པར་གྱི་རྫོགས་རིམ་ལྔ་དང་སྦྱར་བ་དང་། ཡོ་ག་གསུམ་དུ་སྒྲུབ་པ་སོགས་ཟབ་ལ་འདྲིལ་བ་མང་པོ་བསྟན་ནོ། །དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་རྒྱས་བསྡུས་གང་ལ་བརྟེན་ཀྱང་རུང་སྟེ། ཕྲིན་ལས་ཀྱི་སྒོམ་རིམ་ནི་ལྷའི་ལུང་ལས། ཤིན་ཏུ་གདུག་པའི་ཞེ་སྡང་ཅན༔ འཇུག་པའི་སྒོ་ནི་ཁྲོ་བོ་སྟེ༔ མཚམས་བཅད་བགེགས་བསྐྲད་གདུག་པ་འདུལ༔ སྔོན་དུ་འགྲོ་བའི་བྱ་བ་བདུན༔ རྫོགས་ནས་ཏིང་འཛིན་གསུམ་བསྒོམ་ཞིང༔ འབྱུང་བ་ལྔ་དང་རི་རབ་བསྐྱེད༔ རིན་ཆེན་དུར་ཁྲོད་རབ་འབར་བའི༔ གཞལ་ཡས་མཛེས་ཤིང་འཇིགས་པ་བསྒོམ༔ དེ་དབུས་གདན་སྟེང་རྒྱུ་མཆོག་ལས༔ བསྐྱེད་པའི་གཙོ་བོ་སྲས་དང་བཅས༔ སོ་སོའི་འཁོར་དང་རབ་ལྡན་པས༔ སྒེག་དང་དཔའ་བ་འཇིགས་པ་དང༔ བཞད་དང་གཤེ་རྔམ་ཁྲོ་བ་དང༔ སྙིང་རྗེ་ཞི་བའི་ཚུལ་འཆང་བས༔ གར་དགུའི་ཉམས་དང་ལྡན་པ་འོ༔ དེ་འདྲ་འཇིགས་བྱེད་ཆེན་པོའི་སྐུ༔ བསྐྱེད་དང་སྤྱན་འདྲེན་གཉིས་སུ་མེད༔ བསྟིམ་བཞུགས་ཕྱག་འཚལ་མཆོད་པས་མཆོད༔ བསྟོད་དང་སྔགས་བཟླས་རྫོགས་པའི་རིམ༔ དུས་དྲུག་དུས་བཞི་ངེས་མེད་དུ༔ རབ་ཏུ་འབད་པས་གང་སྙེད་ཅིང༔ སྒྲུབ་པ་གཞན་ནི་ལམ་གྱི་ཉམས༔ རྣལ་འབྱོར་རྟོགས་པའི་སྒོམ་པ་ནི༔ ཁྲོ་བོ་ཆེན་པོའི་སྟོབས་མཆོག་གིས༔ ལམ་དང་ལམ་གྱི་རྒྱུད་དུ་གསུངས༔ ཞེས་གསུངས་ཤིང་། དེའང་རྒྱས་པར་ཕྱེ་ན། ས་གཅོད་ཚོམས་ཀྱི་ཆིངས་ལས། ཁྲོ་བོའི་ཆོ་གའི་རིམ་པ་ལ༔ ཐུན་མོང་སྟོད་ལས་རྣམ་པ་བདུན༔ ཁྱད་པར་ཕྲིན་ལས་ཉི་ཤུ་དྲུག༔ སྨད་ལས་སྤྱི་རྒྱུག་དོན་བརྒྱད་དོ༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །དེ་ལྟར་ཞི་ཁྲོ་གང་ཡིན་ཀྱང་རུང་སྟེ། སྒྲུབ་ལུགས་ནི། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། སྒྲུབ་ལུགས་ཞི་ཁྲོ་རྣམ་གཉིས་ལ༔ སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས༔ མཐར་ཐུག་སྒྲུབ་ལུགས་གསུམ་སྨོས་ཏེ༔ ཞེས་པས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟེན་ནས་སྐུའི་སྒྲུབ་ལུགས། བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གསུང་གི་སྒྲུབ་ལུགས། ལྟ་སྒོམ་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་ཐུགས་ཀྱི་སྒྲུབ་ལུགས་དང་གསུམ་མོ། །དེ་ལས། དང་པོ་སྐུའི་སྒྲུབ་ལུགས་ནི། ཕྲིན་ལས་ཀྱི་ལུང་ཞི་ཁྲོའི་སྐབས་ལས། དཀྱིལ་འཁོར་རྒྱས་བསྡུས་ཡབ་ཡུམ་དང༔ སོ་སོའི་དཔའ་བོ་གཅིག་རྣམས་ལ༔ སྤྲོ་དང་བསྡུས་དང་རབ་བསྡུས་པ༔ མཐར་ཐུག་བསྒོམ་བྱའི་ལྷ་རུ་འགྱུར༔ ཞེས་པ་སྔར་བཤད་པ་ལྟར་བསྒོམ་བྱའི་ལྷ་ནི་ཞི་བ་རིགས་བརྒྱ། བཞི་བཅུ་རྩ་གཉིས། རིགས་ལྔ། རིགས་གཅིག །ཁྲོ་བོ་ལ་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ་དང་ཕྱག་རྒྱ་གཅིག་པ་སྟེ། དཀྱིལ་འཁོར་གང་དང་གང་སྒོམ་ནའང་། ལས་དང་པོ་པས་ཐོག་མར་བསླབ་པའི་རིམ་པ་ནི། རྙེད་དཀའ་འཇིག་སླའི་རྟེན་ལ་བསམས་ནས། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་ལུས་ཀྱི་བྱ་བྱེད་དང་། སེམས་ཀྱི་ཆགས་སྡང་སོགས་ཚེ་འདི་ལྟོས་ཀྱི་བྱ་བ་ཐམས་ཅད་བློས་ལིང་གིས་དོར། ཆོས་མིན་པ་བྱ་རྒྱུ་མེད་པར་བློ་ཐག་བཅད། རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་བར་ཉམས་ལེན་མཐར་སྐྱེལ་བའི་ཞེ་དམ་དྲག་པོ་བཅའ། དུས་རྟག་ཏུ་བླ་མ་ལ་མོས་གུས་དང་། སེམས་ཅན་ལ་སྙིང་རྗེ་བསྐྱེད། ཏིང་ངེ་འཛིན་གྱི་ཕན་ཡོན་ངེས་པས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་པ་རེ་བཟང་སྙམ་པ་རྣམས་ཡང་ཡང་དྲན་པར་བྱ་ཞིང་གསལ་གདབ། དེ་ནས་མདུན་དུ་དམིགས་རྟེན་བྲིས་སྐུ་ལྟ་བུ་བཞག་སྟེ། རང་གི་སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སྐྱབས་སེམས་སྔོན་དུ་འགྲོ་བས་དམིགས་རྟེན་ལ་མིག་ཆེ་རེ་མི་གཡོ་བར་བལྟ། དེ་ནས་ཡིད་ལ་ལྷ་སྐུའི་གསལ་སྣང་ལྷག་ལྷག་འཆར་ན་ཧ་ཅང་འཚིར་ཟིན་མི་བྱེད་པར། དེ་ཀའི་གསལ་སྣང་མ་འགགས་པའི་ངང་ལ་ཤིགས་སེ་མཉམ་པར་བཞག །རེ་ཞིག་བྱིང་ཉམས་བྱུང་ནའང་མི་གསེང་། དེ་ལྟར་བསྐྱངས་པས་ཇེ་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང་། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ། རང་ལྷར་བསྒོམས་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྒྱ་གྲམ་ལ་འབྲུ་གསུམ་གྱིས་མཚན་པར་བསམས་ནས། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། འབྲུ་གསུམ་གྱི་རྡོར་བཟླས་དང་ཡིད་བཟླས་སྤེལ་མར་བཟླ་ཞིང་། སྐྱོ་ན་ངག་བཟླས་ཀྱང་ཅུང་ཟད་རེ་བཟླ། དེ་ལྟར་ཡང་ཡང་བསྒོམས་པས། དང་པོ་ཡིད་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་གསལ། དེ་ནས་རེག་མཐོང་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་ཀྱང་འབད་པས་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་བྱ་སྟེ། རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་གཞན་ནུབ་ནས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ལྷའི་ང་རྒྱལ་བརྟན་པོ་འབྱུང་། དེ་གསུམ་ལ་གཞན་དུ་ཡིད་ཀྱི་ཡུལ། སྣང་བའི་ཡུལ། ཞེན་པའི་ཡུལ་དུ་གསལ་ཞེས་ཀྱང་ཟེར། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་། རྒྱན་ཆ་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཞིང་། ལྷ་སྐུ་ཆེ་ཆུང་དང་མང་ཉུང་དང་། རྒྱང་ཉེ་རིང་དང་། ཐུན་ཡང་རིང་ཐུང་གི་སྐྱེད་བྲི་སོགས་མ་ངེས་པ་ལ་རྩལ་སྦྱངས་པས། ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ། ཇི་ལྟར་བསྒོམ་ཡང་བདེ་བར་གྱུར་པ་དང་། དེ་ནས་ཞི་ཁྲོ་རྒྱས་འབྲིང་བསྡུས་པ་གང་ཡིན་དེ་དང་དེའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་འཇུག་སྟེ། དེ་ཡང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས། དེའི་ངང་ལས་སྣང་བ་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ཀྱི་ངང་ལ་ཅུང་ཟད་བཞག །དེ་ནས་ཤཱུནྱ་ཏཱའི་སྔགས་བརྗོད་པས། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སོ་སྙམ་དུ་མཉམ་པར་འཇོག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་ཡིན་ཡང་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་ལས་རང་རིག་ཨའམ་ཧཱུྃ་ལྟ་བུའི་ཡི་གེ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྒོམ་པ་རྒྱུའི་ཏིང་ངེ་འཛིན། དེ་ཉིད་རྒྱུའི་ལྷར་བསྐྱེད་དམ། མ་བསྐྱེད་ཀྱང་རུང་སྟེ། དེ་ལས་ས་བོན་རིམ་པར་སྤྲོས་ནས་འོག་གཞི་ཡུམ་ལྔའི་རྟེན་གཞལ་ཡས་ཁང་དང་བཅས་པ་བསྒོམ། དེ་ཡི་ནང་གདན་གྱི་སྟེང་དུ་རྒྱུའི་ཡི་གེའམ་རྒྱུའི་ལྷ་བབས་པ་ལས། བསྐྱེད་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་གཙོ་བོ་བསྐྱེད་ཅིང་། འཁོར་སྤྲོ་བའི་རིམ་པས་བརྟེན་པ་ལྷའི་འཁོར་ལོ་སྒོམ་ཞིང་ཞི་ཁྲོ་གང་དང་གང་ཡིན་ནའང་འདྲ་སྟེ། བསྐྱེད་རིམ་ལ་གསལ་སྣང་ཐོན་པ་དང་། སེམས་ཉིད་གདོད་ནས་ལྷར་དག་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་གཞན་ནས་བཙལ་དུ་མེད་པར་ཐག་བཅད་ཅིང་། སེམས་དང་ལྷ་སྐུ་ཟུང་འབྲེལ་དེའང་གསལ་སྟོང་ཞེན་བྲལ་དུ་བསྐྱང་བར་བྱ་བ་གནད་དམ་པའོ། །དེའང་ཁྱད་པར་གྱི་རྫོགས་རིམ་ལས། དེ་ཏིང་སོགས་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ས་དང་པོ་ནོན་པ་ལ་སོགས་པ་སྦྱར་ཞིང་། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། སྐྱེ་འཆི་བར་དོ་གསུམ་གྱི་བག་ཆགས་སྦྱོང་བ་དང་སྦྱར་ཏེ། དེ་ཏིང་སྒོམ་པས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པས་སྐྱེ་སྲིད་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད། མཐར་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་ལྡངས་བས་ནི། ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་ཕྱི་མ་རྣམས་ཀྱི་བག་ཆགས་མཐའ་དག་སྦྱོང་ཞིང་། རང་བཞིན་ཆོས་སྐུའི་ངང་ནས་འགྲོ་དོན་མཛད་པ་མཚོན་པ་ཡིན་ནོ། །སྤྱིར་མན་ངག་འདིའི་ལུགས་ཀྱིས་ཇི་ལྟར་སྒོམ་པའི་ཚུལ་ཡང་། གང་ཟག་གི་བློའི་ཁྱད་པར་ལས། ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས་སྣང་བ་ལྷར་སྦྱོང་བ། ནང་ཕུང་པོ་ལྔ་སོགས་རྟོག་ཚོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིགས་ལྔ་ལ་སོགས་པའི་ལྷར་སྦྱོང་བ། གསང་བ་དུག་ལྔའི་དཀྱིལ་འཁོར་ལ་བརྟེན་ནས་ཡེ་ཤེས་ལྔར་སྦྱོང་བའི་ཐབས་ཞི་བའི་སྐབས་སུ་རྒྱས་པར་གསུངས་པ་དང་། ཡང་ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཆོ་ག་གསུམ་བསྐྱེད་ལ་སོགས་པས་རིམ་པར་བསྐྱེད་པའམ། མཚན་མའི་དཀྱིལ་འཁོར་གྱིས་མཚོན་ནས་དཀྱིལ་འཁོར་ཕྱི་རུ་འགོད་པ། ནང་རྫོགས་པ་ཨ་ནུ་ཡོ་ག་ལྟར་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་དྭངས་པ་ལ་གཟའ་སྐར་ཤར་བ་ལྟར་རྫོགས་ཚུལ་དུ་བསྐྱེད་པའམ་ཕུང་པོ་འབྱུང་ལྔའི་དཀྱིལ་འཁོར་ལ་བརྟེན་ནས་ལུས་དཀྱིལ་དུ་འགོད་པ། གསང་བ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་རིག་པ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལྷ་སྐུ་སེམས་ཉིད་ཀྱི་རོལ་པར་ངོ་སྤྲོད་པའི་ཐབས་ཀྱིས་སེམས་ལ་འགོད་པའི་གནད་རྣམས་ཤེས་པར་བྱས་ནས་ཉམས་སུ་བླང་ངོ་། །མདོར་ན་ཕྲིན་ལས་ཀྱི་ལུང་གི་ཞི་བའི་སྐབས་ལས། ཡུལ་གསུམ་གསལ་བར་གྱུར་པ་དང༔ གང་འདོད་ལྷ་ཡི་རྣལ་འབྱོར་བསྒོམ༔ ཡུལ་ཀུན་ཏིང་འཛིན་ལྷར་མཉམ་པའི༔ བསྐྱེད་པའི་རིམ་པ་སྐུར་རྫོགས་པ༔ བསྐྱེད་རིམ་དོན་གྱི་མཐར་ཐུག་སྟེ༔ སྐུ་ཡི་སྒྲུབ་པ་ཞེས་བྱ་འོ༔ ཞེས་སོ། །གཉིས་པ་གསུང་གི་སྒྲུབ་ལུགས་ནི། སྤྱིར་བཟླས་ཐབས་ཀྱིས་གསལ་བར་བྱེད་པའི་མན་ངག་ལས། གསང་སྔགས་ལ་ནི་བཞི་སྟེ༔ རྒྱུ་མ་ནོར་བ་རྩ་བའི་སྔགས་དང༔ བསྐྱེད་པ་རྐྱེན་གྱི་སྔགས་དང༔ བཟླས་བརྗོད་བསྙེན་པའི་སྔགས་དང༔ བསྐུལ་བ་ཕྲིན་ལས་ཀྱི་སྔགས་སོ༔ ཞེས་པ་ལས་འདིར་ཕྱི་མ་གཉིས་འཆད་དོ། །དེ་ལ་ལུས་ངག་ཡིད་གསུམ་གྱི་བཟླ་ཚུལ་གསུམ་ལས། དང་པོ་ལུས་ཀྱི་བཟླས་པ་ལ་གང་བཟླ་ན་ཕྲེང་བ་སྟེ། དེའི་རྒྱུ་ནི། སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། ཕྲེང་བའི་བྱེ་བྲག་བོ་དྷི་ཙེ་བཟང་པོ༔ ཀུན་ལ་ཤིས་པས་སྤྱི་ཡི་བཟླས་པ་ཡིན༔ རུ་རཀྴ་ནི་ཁྲོ་བོའི་བཟླས་པ་འམ། དྲག་པོའི་ལས་ལ་རབ་ཏུ་བསྔགས་པར་བཤད༔ ཅེས་སོགས་གསུངས་པས་སྤྱིར་བོ་དྷི་ཙེ་ལས་ཐམས་ཅད་ལ་བསྔགས་པས་མཆོག་ཏུ་བཤད་དེ། རྒྱུད་གཞན་ལས་ཀྱང་། བོ་དྷི་ཙེ་ཡིས་གྲངས་མེད་འགྱུར༔ ཞེས་སོ། །བྱེ་བྲག་ཏུ་ཞི་བར་བོ་དྷི་ཙེ་དང། ཁྲོ་བོ་རུ་རཀྴ་ལ་ཤིས་ཤིང་། རིན་ཆེན་ཕྲེང་བར། ཕྲེང་བ་བདུད་རྩིའི་སྔགས་གདབ་བཟླས་པ་བྱ༔ ཞེས་པ་རབ་གནས་བདུད་རྩིའི་སྔགས་ཀྱིས་སྦྱང་བ་ཙམ་ལས་མ་བཤད་ཀྱང་། སྤྱིར་ལྷར་བསྐྱེད་བསྟིམ་ཕྲེང་བའི་རྣམ་པར་བསྒྱུར་བ། རུ་ཙི་ར་སོགས་ཀྱི་སྔགས་བཟླས་པས་བྱིན་གྱིས་རློབ་པའོ། །གང་གིས་བཟླ་ན། ལག་པའི་སོར་མོས་སོ། །ཇི་ལྟར་བཟླ་ན། དེ་ལས། ཀུན་ཀྱང་མཐེབ་མཛུབ་གཉིས་ཀྱིས་འཛིན་པར་བསྔགས༔ དྲག་པོ་གཡས་པའི་མཐེབ་སྲིན་གཉིས་ཀྱིས་བགྲང༔ ཞེས་པས་དྲག་པོའི་ལས་ལ་གཡས་མཐེབ་སྲིན་སྦྱར་བ་ཆོས་འབྱུང་གི་རྒྱས་འདྲེན་པར་བཤད་ཅིང་། ལས་གཞན་རྣམས་ལ་གཡས་གཡོན་གྱི་ངེས་པ་མ་གསུངས་ཀྱང་། དྲག་པོ་ལ་གཡས་དམིགས་བསལ་མཛད་པས། ཞི་རྒྱས་དབང་གསུམ་ལ་གཡོན་པས་བགྲང་བར་གོ་ནུས་ཤིང་། འདྲེན་ཚུལ་ནི། སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་ཕྲེང་བ་བཞག་ནས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་སོ། །གཉིས་པ་ངག་བཟླས་ལ། གང་བཟླ་ན། ལྷ་སོ་སོའི་སྙིང་པོ་སྟེ། དེའང་ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། བདེ་གཤེགས་གསུང་གི་སྒྲུབ་ལུགས་ཀྱི༔ མཐར་ཐུག་པ་ནི་འདི་ལྟ་སྟེ༔ དམ་པ་རིགས་བརྒྱའི་སྔགས་ཀྱི་གནད༔ ཨཱ་ལི་བཅོ་བརྒྱད་པ་ལ་ཐུག༔ ཅེས་སོགས་ཀྱིས་ཞི་བ་དང་། ཁྲོ་བོ་སྤྱི་བསྡུས་སྔགས་ཀྱི་གནད༔ དྲག་སྔགས་དགུ་བཅུ་པ་ལ་ཐུག༔ ཅེས་སོགས་ཀྱིས་ཁྲོ་བོའི་སྔགས་རྣམས་བསྟན་ཏེ། དེ་ཡང་ཞི་བ་རིགས་བརྒྱའི་ཨཱ་ལི་བཅོ་བརྒྱད་པ། ཞེ་གཉིས་ཀྱི་བོ་དྷི་བཅུ་བཞི་པ། རིགས་ལྔའི་དཔའ་བོ་འབྲུ་ལྔ། གསང་ཆེན་རིགས་གཅིག་གི་འབྲུ་གསུམ། ཕྱག་རྒྱ་རྐྱང་པའི་ཧཱུྃ་ཡིག །ཁྲོ་བོ་སྤྱི་བསྡུས་ཀྱི་བཛྲ་ཙཎྜ་འབྲུ་བཅུ་དགུ་པ། ཆེ་མཆོག་གི་མ་ཧཱ་བཅུ་གཉིས་པ། ཡང་དག་གི་རུ་ལུ་འབྲུ་དགུ །འཇམ་དཔལ་གྱི་ཨ་ཀྲོ་བཅུ་བདུན་པ། རྟའི་པདྨཱན་བཅུ་བཞི་པ། ཕུར་པའི་ཀཱི་ལ་ཡ་བཅུ་བཞི་པ། མ་མོའི་གུ་ཧྱ་སུམ་ཅུ་པ། དྲེགས་འདུལ་གྱི་བཛྲ་ཙཎྜ་འབྲུ་བཅུ་པ། དྲག་སྔགས་ཀྱི་བཛྲ་སརྦ་འབྲུ་བརྒྱད། རིག་འཛིན་ལ་འདིར་འབྲུ་གསུམ་བཤད་ཀྱང་། སྒྲུབ་ཐབས་རྣམས་སུ་བཛྲ་མ་ཧཱ་གུ་རུ་འབྱུང་ངོ་། །དེ་དག་ནི་བཟླས་བརྗོད་བསྙེན་པའི་སྔགས་ཏེ། ཕྲིན་ལས་ཀྱི་ལུང་ལས། ཐམས་ཅད་གསུང་གི་མཐར་ཐུག་སྟེ༔ ཐུགས་ཀྱི་སྙིང་པོ་སྐུལ་བྱེད་པའི༔ བཟླས་པའི་སྔགས་སུ་ཤེས་པར་བྱ༔ ཞེས་སོ། །བསྐུལ་པ་ཕྲིན་ལས་ཀྱི་སྔགས་ནི། ལས་བཞི་སོ་སོའི་སྤུ་གྲི་སྔགས་མཇུག་ཏུ་སྦྲེལ་བ་སྟེ། ཞི་རྒྱས་ལ་སྭཱ་ཧཱ། དབང་ལ་ཧཱུྃ། དྲག་པོ་ལ་ཕཊ་ཅེས་པའོ། །གང་གིས་བཟླ་ན། སྔགས་ཀྱི་སྒྲར་སྣང་བའི་ཚུལ་དུ་ཡིད་ཀྱིས་སམ། སྒྲར་གྲགས་པའི་ཚུལ་དུ་ལྕེ་རྐན་འཕྲད་པའི་རྩོལ་བས་སོ། །ཇི་ལྟར་བཟླ་ན། སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་དང་། ཡི་གེ་ཐུང་དུ་རྣམས་དལ་བུར་འདོན་པ་དང་། རིང་བ་རྣམས་མྱུར་པོར་འདོན་པ་དང་། ཧ་ཅང་གསལ་ཆེས་པའམ་མི་གསལ་བ་དང་། ཐུན་སྒང་དུ་མི་དང་གཏམ་འདྲེས་པའི་སྔགས་དང་འདོན་པ་གཞན་བྱེད་པ་སོགས་ཚིག་གཞན་གྱིས་བར་ཆོད་པ་དང་། སེམས་གཞན་དུ་ཡེངས་པ་སོགས་ཀྱི་སྐྱོན་སྤངས་ནས་བཟླ་སྟེ། སྐྱོན་ཡོན་སྒྲ་ཡི་མན་ངག་ལས། མི་འགྲུབ་པ་ཡི་སྐྱོན་བརྒྱད་ནི༔ སྒྲ་ཆེས་པ་དང༔ ཆུང་བ་དང༔ དལ་བ་དང༔ མྱུར་དྲགས་པ་དང༔ གསལ་དྲགས་པ་དང༔ མི་ཚིག་གིས་བར་ཆོད་པ༔ སེམས་རྣམ་པར་གཡེངས་བཞིན་པར་ཤོར་བ༔ དེ་རྣམས་སུ་ཤོར་བའི་བཟླས་པ་ནི་མཚམས་དམ་ཞིང་བཟླས་པ་མང་ཡང་དོན་མེད་པར་འགྱུར་རོ༔ ཞེས་གསུངས། གཞན་ཡང་དེ་ལས། ལྷག་དང་ཆད་དང་ནོར་བ་དང༔ ཞེས་དང་། རིན་ཆེན་ཕྲེང་བར། བཟླས་པ་བྱེད་ཚེ་སྦྲིད་པའམ་གླལ་བྱུང་ན༔ དེ་ཚེ་ཕྲེང་བའི་མགོ་བཟུང་བཟླས་པ་བསྐྱར༔ དེ་དག་གྲངས་སུ་བརྩི་བར་མི་བྱ་འོ༔ ཞེས་སོ། །དེ་ལྟར་ཡང་རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན༔ མགྱོགས་པར་མ་ཡིན་བུལ་བ་མིན༔ དྲག་པར་མ་ཡིན་ཞན་པར་མིན༔ ཡིག་འབྲུ་ཡན་ལག་ཉམས་པ་མིན༔ ཡེངས་པས་མ་ཡིན་སྨྲ་བཞིན་མིན༔ གླལ་སོགས་བར་དུ་ཆོད་པས་མིན༔ ཞེས་པའི་སྐྱོན་རྣམས་སྤངས་ནས། སྤྱིར་བཟླས་པ་ཡིད་བཟླས། བྱེ་བྲག་ལས་གང་ལ་མཐུན་པའི་ཚུལ་གྱིས་བཟླ་བ་སྟེ། རིན་ཆེན་ཕྲེང་བར། རྟོག་པ་ཀུན་བསལ་ཐུགས་ཀར་ཟླ་བའི་སྟེང༔ སྔགས་ཕྲེང་བཀོད་པ་དེ་ལ་སེམས་གཏད་དོ༔ རྩེ་གཅིག་ཡིད་ཀྱིས་བཟླ་བ་འབྲིང་ཡིན་ཏེ༔ དངོས་གྲུབ་ཉེ་བར་ཐོབ་པར་འགྱུར་བར་བཤད༔ ཅུང་ཟད་ཐོས་པས་བཟླས་བརྗོད་གཡེང་བ་ཅན༔ དེ་ནི་བཟླས་པ་ཐ་མ་ཡིན་པར་གྲགས༔ ཞི་རྒྱས་གཉིས་ལ་ཤུབ་བུའི་བཟླས་པ་བྱ༔ དབང་དྲག་ཕྲིན་ལས་བྱེད་ཚེ་དྲག་ཏུ་བརྗོད༔ ཅེས་གསུངས་ཤིང་། འདིར་བཟླས་པ་འབྲིང་ཐ་བཤད་ནས། དེ་ལས། མཆོག་གི་དངོས་གྲུབ་བཟླས་པ་ཁྱད་པར་ཅན་གྱིས་འགྲུབ༔ ཅེས་པ་ལ་དགོངས་པ་སྟེ། ཁྱད་པར་ཅན་གང་ཞེ་ན། གཡོ་བ་རླུང་གི་རྫོགས་རིམ་དུ་བཤད་པའི་རྡོར་བཟླས། རླུང་ཕྱིར་དབྱུང་བ་ཨོཾ། རྔུབས་པ་ཨཱཿ གནས་པ་ཧཱུྃ་ལ་སྦྱོང་བའམ། ཡང་ན་སྤྱི་འགྲོ་ལྟར་དབྱུང་བ་ཧཱུྃ། རྔུབས་པ་ཨོཾ། གནས་པ་ཨཱཿལ་བསླབ་པ་སྟེ་འདིར་མ་སྤྲོས་སོ། ཁྱད་པར་ཞི་ཁྲོའི་ལྷ་སོ་སོ་ལ་དམིགས་པའི་བཟླ་ཚུལ་ནི། ཞི་ཛཔ྄་སོས་དལ་འགྱུར་བར། ཆེ་མཆོག་གི་ཁོང་ཀློད་ལ་རིང་བར། ཡང་དག་ཕྲ་འགྱུར་རིང་བར། འཇམ་དཔལ་མགོ་རིང་ལ་མཇུག་ཐུང་བར། རྟ་མགྲིན་གདངས་ཆེ་ལ་འགྱིང་ཆགས་པར། ཕུར་པ་ཆེ་ལ་ངར་དྲག །མ་མོ་ཐུང་ལ་ངར་བ། རིག་འཛིན་རིང་ལ་ཁུག་པར། དྲེགས་འདུལ་དྲག་ལ་ཐུང་བར། དྲག་སྔགས་ཐུང་ལ་སྡུད་པར་བགྲང་བར་གསུངས་སོ། །གསུམ་པ་ཡིད་བཟླས་ལ་གང་བཟླ་ན། ཏིང་ངེ་འཛིན་ནོ། །གང་གིས་བཟླ་ན། སེམས་རྩེ་གཅིག་པའི་དྲན་པས་སོ། །ཇི་ལྟར་བཟླ་ན། དྲན་པ་ངེས་སེམས་ཏིང་ངེ་འཛིན་ལས་གཞན་དུ་མི་གཏོང་བར་རྩེ་གཅིག་ཏུ་འཛིན་པར་བྱེད་པ་སྟེ། དེ་ཡང་ཡང་བསྐྱར་བས་བཟླས་པའོ། །དེ་ཡང་ཛཔ྄་དགོངས་ནི་གསུམ་སྟེ། སྐུ་ཕྱག་རྒྱ་ཆེན་པོར། གསུང་སྔགས་ཀྱི་སྒྲར། ཐུགས་ཡེ་ཤེས་ལྔར་གསལ་འདེབས་པའོ། །དང་པོ་ནི། རྟེན་གཞལ་ཡས་ཁང་དུ་བརྟེན་པ་ལྷ་སུམ་བརྩེགས་སུ་གསལ་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཏེ་ཚུར་འདུས་པའི་ལྷ་རྣམས་རྒྱན་ཆ་ཕྲ་མོའི་བར་དུ་མ་འདྲེས་ཡོངས་རྫོགས་སྣང་ལ་རང་བཞིན་མེད་པར་གསལ་བའོ། །གཉིས་པ་ནི། ཐུགས་སྲོག་ལས་ཞི་ཁྲོའི་ཁྱད་པར་གྱི་ཨ་དང་ཕཊ་སོགས་ཡིག་འབྲུ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་པས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་བུང་བ་ཚང་བཤིག་པ་ལྟར་སྒྲོག་པར་བསམ་པའོ། །གསུམ་པ་ནི། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་སྟོང་དུ་ཤར་བ་མེ་ལོང་ལྟ་བུ། གསུང་གྲགས་སྟོང་སྔགས་ཀྱི་རང་སྒྲར་སྒྲོག་པ་སོར་རྟོག །འཕྲོ་འདུས་དོན་བྱེད་པ་བྱ་གྲུབ། དེ་ཐམས་ཅད་རིག་པའི་ངང་དུ་རོ་གཅིག་པ་མཉམ་ཉིད། རིག་པ་དཔལ་ཆེན་པོའི་ཐུགས་སྤྲོས་བྲལ་གྱི་ཡེ་ཤེས་སུ་རྟོགས་པ་ནི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ལས་མ་ཡེངས་པར་བྱའོ། །དེ་ལ་འཕྲོ་འདུའི་དམིགས་པ་སྤྱི་ཙམ་ནི། འབྱེད་ལྡེ་ལས། བཟླས་པའི་འཕྲོ་འདུ་བྱ་བ་ནི༔ ཕྱི་ནང་གཙོ་བོ་དགུ་རྣམས་ཀྱི༔ རང་རང་ཡེ་ཤེས་སེམས་དཔའ་ཡི༔ སྙིང་དབུས་ཁྲོ་བོའི་སྲོག་རྟེན་ལ༔ ཡི་གེ་ཕྲེང་སྔགས་འོད་འཕྲོས་པས༔ ནམ་མཁའི་ཁམས་ཀུན་ཁྱབ་བྱས་ཏེ༔ བདེ་བར་གཤེགས་ཀུན་མཉེས་མཛད་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ སེམས་ཅན་ཐབས་ཀྱིས་རྒྱུད་སྦྱངས་ཤིང༔ ཐམས་ཅད་རང་རིག་ལྷར་གྱུར་ནས༔ ཆོས་སྐུ་ཐིག་ལེ་གཅིག་ཏུ་བསྒོམ༔ ཞེས་གསུངས་ཤིང་། བྱེ་བྲག་གི་ཁྱད་པར་དག་ལག་ལེན་དུ་འཆད་པར་བྱའོ། །དེ་ཡང་བཟླས་ཐབས་ཀྱི་དོན་གསལ་བར་བྱེད་པའི་ཡི་གེ་ལས། བཟླས་བརྗོད་བསྙེན་པའི་སྔགས་ནི༔ གསེར་གྱི་བ་ཐག་འཛིངས་པ་ལྟར་བཟླ་སྟེ༔ བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའི་ཐུགས་ཀར་འོད་ཟེར་འཕྲོས་པ་ལྟར་བཟླ་བ་སྟེ༔ ཚུར་འདུས་པའི་སྤྲོ་བསྡུ་བྱའོ༔ ཞེས་པ་ལྟར་ན་ཛཔ྄་ཁང་ཕྱེ་བའི་མན་ངག་གིས་དམ་ཡེ་ཕྱེ་ནས་གསལ་བ་གསུམ་གྱི་སྒོ་ནས་བཟླས་ཀྱང་རུང་བར་སྣང་ངོ་། །དེ་ཡང་སྔོན་དུ་བྱ་བའི་བསྙེན་པ་ནི། ཐུན་བཞིར་བཅད་ནས་བཟླ་ཞིང་། དུས་ཀྱི་བསྙེན་པར་གྲགས་པ་སྒྲུབ་ཆེན་གྱི་ཚེ་ན་གྲོགས་དང་བཅས་ཏེ་གསུང་མི་ཆད་དུ་བཟླ་དགོས་སོ། །དེ་ལྟར་ཡང་རིན་ཆེན་ཕྲེང་བར། བསམ་གཏན་མཉམ་པའི་ཁང་པར་ལེགས་འདུག་ནས༔ ཇི་སྲིད་མི་སྐྱོའི་བར་བཟླ་སྐྱོ་ན་གཏང༔ འཕྲལ་ལ་གཡེང་བའི་བྱ་བ་ཀུན་སྤངས་ཏེ༔ དངོས་གྲུབ་ཐོབ་པར་འདོད་པས་སྔགས་རྣམས་ལ༔ སྔ་དྲོ་ཕྱི་དྲོ་སྲོད་དང་ཐོ་རེངས་ཀྱི༔ ཐུན་བཞིར་བཟླས་པའི་ཐུན་ཚད་བཟུང་བར་བཟླ༔ ཉིན་གུང་མཚན་གུང་གཉིས་ཀྱི་ཐུན་ཕྱེད་དམ༔ ཐུན་གྱི་སུམ་ཆ་ཡང་ན་ཅུང་ཟད་བཟླ༔ དེ་ལྟར་བྱས་པས་དངོས་གྲུབ་འགྲུབ་པར་ངེས༔ སྒྲུབ་ཆེན་དུས་སུ་མི་ཉལ་རྟག་ཏུ་བཟླ༔ ཁམས་ཀྱིས་མི་ཐུབ་གྱུར་ན་མཐུན་པ་ཡི༔ གྲོགས་ལ་བཟླས་བརྗོད་བཅོལ་ལ་རྒྱུན་མི་བཅད༔ འདི་བཞིན་རྟག་ཏུ་བྱས་ན་དངོས་གྲུབ་མྱུར༔ ཞེས་གསུངས། གཞན་ཡང་ཇི་ཙམ་བཟླ་བའི་སྔགས་དང་དུས་ཀྱི་གྲངས་ཚད་ནི་རགས་པ་སྔར་ཡང་བཤད་ཅིང་། ཕྱིས་ཀྱང་སྐབས་སུ་བབས་པ་ན་འཆད་པར་འགྱུར་རོ། །བཟླས་པ་གང་གི་ཚེ་ཡང་སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ་གདངས། དེ་ཡང་གྲགས་སྟོང་ཞེན་བྲལ་གཞོམ་མེད་ཀྱི་རང་སྒྲར་ཤེས་ནས་བཟླ་བ་ནི་གནད་དོ། །དེ་ལྟར་ཡང་ཕྲིན་ལས་ཀྱི་ལུང་ལས། མཐར་ཐུག་གསུང་གི་བསྒྲུབ་པ་སྟེ༔ བྲག་ཅ་སྒྲ་བརྙན་ཇི་བཞིན་དུ༔ ཐམས་ཅད་གསུང་དུ་སྣང་ཞིང་སྟོང༔ གསུང་གི་དེ་ཉིད་ཁོ་ན་སྟེ༔ མིང་འདི་མཐར་ཐུག་ཟབ་ཅིང་ཞི༔ ཞེས་སོ། །གསུམ་པ་ཐུགས་ཀྱི་སྒྲུབ་ལུགས་ནི། ཡིད་ལ་དྲན་རྟོག་ཅི་འགྱུ་ཡང་། ཆེད་དུ་མི་སྤང་ཆེད་དུ་མི་སྒྲུབ་པར་གང་ཤར་དེ་ཀའི་རང་ཞལ་ལ་ཆེར་རེ་བལྟས་པས། སྣང་རིག་ངོས་བཟུང་མེད་པར་རྗེན་ནེ་བ་དམིགས་མེད་བསམ་བརྗོད་དང་བྲལ་བའི་སྟོང་པ་ཉིད། མདངས་བདེ་བ་ཆེན་པོའི་རོལ་པར་མ་འགགས་ཤིང་། རྩལ་ཅིར་ཡང་འཆར་བའི་ཟུང་འཇུག་འདི་ཀ་དངོས་པོའི་གནས་ལུགས་ཏེ། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ལྷུན་རྫོགས་ཐིག་ལེ་ཆེན་པོར་ངོ་ཤེས་པར་བྱ་ཞིང་། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་རང་མདངས་མ་འགགས་པར་གསལ་ཙམ་ནས་རང་བཞིན་སྤྲོས་བྲལ་ངོས་བཟུང་མེད་པའི་གཤིས་ལུགས་སུ་ལ་བཟླ་བར་བྱས་ཏེ། ཡུལ་མེད་རང་གསལ་རྗེན་པར་བསྐྱང་བའོ། །ཇི་སྐད་དུ་ཕྲིན་ལས་ཀྱི་ལུང་ལས། སྤྲོས་མེད་ཡུལ་དང་བྲལ་བ་ནི༔ ཞི་བ་ཐུགས་ཀྱི་སྒྲུབ་པར་བརྗོད༔ ཅེས་དང་། ཊཱི་ཀ་བསྡུས་དོན་གྱི་ཆིངས་ལས། དུས་གསུམ་བདེ་བར་གཤེགས་པ་ཡི༔ ཐུགས་ཀྱི་སྒྲུབ་པ་མཐར་ཐུག་པ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་དུ༔ འཁོར་འདས་གཉིས་སུ་མེད་པར་རྫོགས༔ བྱང་ཆུབ་སྙིང་པོས་ཁྱབ་པར་གདལ༔ ལྷུན་རྫོགས་ཐིག་ལེ་ཉག་གཅིག་ལ༔ འགག་མེད་མ་བཙལ་གཉིས་མེད་པར༔ སྣ་ཚོགས་རོལ་པ་ཆེན་པོར་ཤར༔ ཡེ་ནས་དག་པ་ཆོས་ཉིད་དོན༔ སྤྲོས་མེད་དོགས་མེད་བཀག་མེད་གསལ༔ རང་བྱུང་ངོ་བོ་ཉིད་ཀྱི་གཞི༔ རྡོ་རྗེ་དབྱིངས་ཀྱི་དགོངས་པར་འདུས༔ ཞེས་གསུངས། དེ་ལྟར་རྟོགས་པའི་དུས་ན་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བའི་རྟོག་ཚོགས་ཐམས་ཅད་རང་ཚུགས་མ་ཐུབ་པར་རང་ཡལ་གྱིས་འཇོག་ཅིང། དེ་ཙ་ན་ཐུགས་རྗེ་ཆེན་པོ་ངང་ངམ་ཤུགས་ཀྱིས་འཆར་བས་བདུད་བགེགས་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པ་ནི་ཁྲོ་བོའི་དགོངས་པ་སྟེ། དེ་ལས། ཐུགས་རྗེའི་ཤུགས་དང་རྟོགས་པའི་ངང༔ འདུལ་བའི་ཐབས་ཀྱི་ཁྲོ་བོར་སྟོན༔ གདུག་ཚོགས་རང་བཞིན་རྣམ་དག་པས༔ ཁྲོ་བོའི་དགོངས་པ་བསམ་མཐའ་ཡས༔ ཞེས་གསུངས། གཞན་ཡང་དཔལ་ཆེན་པོ་སྒྲུབ་སྡེ་སོ་སོའི་དགོངས་པའང་རྒྱས་པར་གསུངས་མོད་ཀྱི་འདིར་ཡི་གེས་འཇིགས་པས་མ་སྤྲོས་སོ། །དེ་ལྟར་སྒྲུབ་ལུགས་གསུམ་པོ་དེ་ཐམས་ཅད་ཀྱང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཤེས་པས། ཁྱད་པར་གྱི་རྫོགས་རིམ་ལྔའི་གཞུང་ཉིད་ལ་བསྐྱེད་རྫོགས་ཀྱི་སྒྲུབ་ལུགས་ལྔ་དང་། སྐུ་གསུམ་གྱི་གཟེར་ལྔའི་ཕྲ་བཀོད། སྔགས་ཀྱི་བཟླས་ཐབས་ལྔ་རིམ་པ་དང་པོའི་ཡན་ལག་ཏུ་སྦྱར་ཏེ། བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་མཉམ་གཞག་ཏུ་ཉམས་སུ་བླང་ཞིང་། རྗེས་ཐོབ་ཏུ་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་ཡེ་ཤེས་ཀྱི་རྒྱས་ཅི་ཐེབས་དང་། ལས་དང་པོ་པའི་སྤྱོད་པ་རྣམ་པར་དག་པར་བྱ་བའི་ཆེད་དུ་ཐུན་མོང་གི་རྣལ་འབྱོར་ལྔ་ལ་སྤྱད་པར་བྱ་བ་ཡིན་ནོ། །སྤྱི་དོན་གསུམ་པ་ཞི་ཁྲོ་གཉིས་ལ་བརྟེན་ནས་གང་དགོས་ཀྱི་ལས་ལ་སྦྱོར་བ་ནི། ཞི་བའི་ལས་ཆེན་ལྔ་དང་ལས་ཆུང་ལྔ་སྟེ་བཅུ་དང་། ཁྲོ་བོའི་ཕན་གདགས་ཀྱི་ལས་ཆེན་ལྔ་དང་ཕྲིན་ལས་ཀྱི་གཟེར་ཆེན་ལྔ་སོགས་ཀྱིས་ཤེས་པར་བྱ་བ་ཡིན་མོད། འདིར་བསྙེན་པ་དང་འབྲེལ་བས་ལས་སྦྱོར་གྱི་བཟླས་པ་བྱ་ཚུལ་ཙམ་ཞིག་སྐབས་སུ་བབས་ཏེ། ལག་ལེན་དུ་འཆད་པར་འགྱུར་རོ། །གསུམ་པ་གྲུབ་པ་འབྲས་བུའི་རྣམ་གཞག་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །དང་པོ་ལའང་། ཉམས་དང་དྲོད་ཚད་རྟགས་དང་ཡོན་ཏན་རྣམས་ལས་ཉམས་ནི། བསྐྱེད་རྫོགས་གང་ལ་བསླབ་ཀྱང་འདྲ་སྟེ། དེ་དང་དེའི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་རིམ་པར་སྐྱེ་བའོ། །ཏིང་ངེ་འཛིན་གྱི་དྲོད་ལ། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ། ནང་གི་དྲོད་དབུགས་ཀྱི་འགྱུ་བ་མི་ཚོར་བ། གསང་བའི་དྲོད་བདེ་བ་ཁོང་ནས་འཆར་བའམ། ཡང་ན་ལུས་བདེ། ངག་གསལ། སེམས་མི་རྟོག་པའི་དྲོད་དོ། །ཏིང་ངེ་འཛིན་གྱི་ཚད་ནི། མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བ། རྒྱ་མཚོའི་གཏིང་ལྟར་མི་གཡོ་བ། ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་འཇམ་པའོ། །རྟགས་ལ། རབ་བདེ་བར་གཤེགས་པའི་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་མ་མོ་དང་མཁའ་འགྲོ་འདུ་བ་སོགས་དངོས་ཉམས་རྨི་ལམ་ཅི་རིགས་པར་འབྱུང་བ་དང་། ལུས་དྲི་ཞིམ་ཞིང་སྲོག་ཆགས་མི་འབྱུང་བ་སོགས་སོ། ཁྱད་པར་བསྙེན་སྒྲུབ་ཀྱི་དུས་སུ་སྒྲུབ་རྫས་ཀྱི་ལྷ་སྐུ་བཞད་ཅིང་། བྷན་ཕུར་འཁྲབ་པ། སྨན་རཀ་ཁོལ་བ། མར་མེ་འབར་བ་སོགས་དང་། གཞན་ཡང་སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་དང་། སྣང་བ་སྒྱུ་མ་ལྟར་ཤེས་ཤིང་། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་འཆར་བ་དང་། ཐ་ནའང་རྨི་ལམ་དུ་རི་བོར་འཛེགས་པ། ཆུ་ཆེན་བརྒལ་བ། ཉི་ཟླ་ཤར་བ་སོགས་སྤྱི་དང་མཐུན་པར་འབྱུང་བའོ། །ལྔ་པ་ཡོན་ཏན་ལ། ཐུན་མོང་གི་ལས་ཕྲན་ཚེགས་རྣམས་ནི། བསྐྱེད་རིམ་ལྷའི་དམིགས་པ་ལ་ཡིད་ཤུགས་དྲག་པོ་དང་ལྡན་ན་སྔོན་དུ་བསྙེན་པ་མ་སོང་ཡང་འགྲུབ་པར་བཤད་དེ། རིན་ཆེན་ཕྲེང་བར། ཐུན་མོང་དངོས་གྲུབ་ལས་རྣམས་ཕལ་ཆེར་ནི༔ སྔོན་དུ་བསྙེན་པ་མེད་ཀྱང་འགྲུབ་པར་གསུངས༔ ཞེས་སོ། །གཞན་དུ་ཐུན་མོང་པ་འཇིག་རྟེན་པའི་དངོས་གྲུབ་རྣམས་ནི། བསྐྱེད་རིམ་མཐར་ཕྱིན་པའི་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་ཐོབ་ཅིང་། དེ་ལའང་དམན་མཆོག་གཉིས་ལས། དམན་པ་ནི། ཕྲིན་ལས་ཀྱི་ལུང་ལས། འཇིག་རྟེན་ཐ་མལ་དངོས་གྲུབ་ནི༔ ཕྲིན་ལས་རྫོགས་པའི་དངོས་གྲུབ་ཅེས༔ རྒྱལ་བ་མཆོག་གིས་གསུངས་པས་ན༔ ཞི་དང་རྒྱས་དང་དབང་དང་དགུག༔ བསྐྲད་དང་བསྒྲལ་ལ་སོགས་པ་ཡི༔ ལས་ཀྱི་བྱ་བ་རྣམ་མང་པོ༔ གང་ལ་འདོད་པ་དེ་བསྒྱུར་ཞིང༔ དོགས་པ་མེད་པའི་སེམས་ཀྱིས་འགྲུབ༔ ཅེས་སོ། །མཆོག་ནི། དེ་ལས། དངོས་གྲུབ་ཆེན་པོ་མཆོག་བཤད་པ༔ མཁའ་ལ་སྤྱོད་དང་རྐང་མགྱོགས་དང༔ ས་འོག་སྤྱོད་དང་ཆུ་ལ་འཆག༔ མེ་དང་རླུང་གིས་མི་བརྫི་དང༔ མིག་དང་རྣ་བ་སྣ་དང་ལྕེ༔ ལུས་དང་ཡིད་ནི་དག་བྱས་པས༔ ལྐོག་གྱུར་རིག་པའི་ཡུལ་འཛིན་ཅིང༔ ལྷ་དབང་དག་པ་མ་ལུས་མཐོང༔ རྒྱལ་བའི་ཐབས་མཆོག་བསམ་ཡས་པ༔ རྒྱུད་མཆོག་རྒྱུད་དུ་གསུངས་པ་གཞན༔ སོ་སོའི་རྟགས་རྫོགས་རབ་ཏུ་བསྒྲུབ༔ འདི་དག་ཐ་མས་སྒྲུབ་པ་སྟེ༔ དངོས་གྲུབ་ཆེན་པོ་སྟེར་བར་བྱེད༔ དེ་ནས་གང་འདོད་ལས་ལ་སྦྱར༔ འབད་པ་མེད་པར་གཞན་དོན་སྤྱོད༔ ཅེས་པས་ཚར་གཅོད་དང་རྗེས་འཛིན་གྱི་སྒོ་ནས་འགྲོ་དོན་ཐོགས་པ་མེད་པར་བྱེད་པའོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། གསལ་བྱེད་སྒྲོན་མེའི་ལུང་ལས། བསྐྱེད་རྫོགས་པ་ཡི་རིམ་པ་བསྟན༔ རྩ་དང་རླུང་དང་བྱང་ཆུབ་སེམས༔ མི་ཤིགས་ཐིག་ལེའི་དོན་རྟོགས་ནས༔ གསང་ཆེན་མཉམ་པ་ཆེན་པོ་ཡི༔ མཐའ་ལས་གྲོལ་ཏེ་ཀློང་དུ་བསྐྱལ༔ འདི་ནི་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་མཆོག་གི་བསྙེན་པ་སྟེ༔ སྐྱེས་མཆོག་ཆོས་ཀྱི་རྒྱལ་པོ་ཡིས༔ རྒྱལ་བའི་རྒྱལ་ཚབ་རྣམས་ལ་བཤད༔ ཅེས་གསུངས་པ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་ལ་བརྟེན་ནས་ཉམས་སུ་བླངས་པས། དགྲ་གསུམ་པོ་སོད་དེ། ང་བདག་གི་ཞེན་པ་ལོག་པས་གསང་དགྲ་གསད། དེས་ཕུང་པོའི་ཞེན་པ་བཅོམ་སྟེ་ནང་དགྲ་གསད། དེ་ཙ་ན་རྩོལ་བ་མེད་པའི་ཕྲིན་ལས་དྲག་པོས་ཕྱིའི་དགྲ་གསོད་པའོ། །དེ་ལྟར་དགྲ་གསུམ་སོད་པས། བདུད་བཞི་ཡང་ཆོམས་ཏེ། ཕུང་ལྔ་ལྷར་དག་པས་ཕུང་པོའི་བདུད་བཅོམ། རང་རིག་པའི་རྩལ་གྱིས་ཉོན་མོངས་པ་ཡེ་ཤེས་ལྔར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་ལ་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཤིང་སེམས་ཉིད་སྐྱེ་ཤི་ལས་གྲོལ་བས་ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་བཅོམ། དུས་དེར་འགྲོ་དྲུག་གི་སྡུག་བསྔལ་ཡང་རང་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་པས་འགྲོ་དྲུག་གི་གཡང་ས་ཆོད་ཅིང་། རིག་རྩལ་འབྱོངས་པས་མཚན་མ་ཐམས་ཅད་ཟིལ་གྱིས་ནོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བར་འགྱུར་རོ། །དེ་ལྟར་རྫོགས་རིམ་བརྟན་པས་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པ་དེས་སྤྲོས་བཅས་ཚོགས་སྒྲུབ་བམ། སྤྲོས་མེད་རྣལ་འབྱོར་ཡབ་ཡུམ་ཙམ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁ་སྦྱོར་ཏེ། སྤྱོད་པ་གསུམ་གང་ཡང་རུང་བའི་ཉེ་རྒྱུས་འཕགས་ལམ་མངོན་དུ་བྱས་ནས་སློབ་པའི་ཟུང་འཇུག་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུས་ས་བཅུ་བགྲོད་དེ། སྤང་རྟོགས་མཐར་ཕྱིན་པ་སྐུ་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་སྟེ། ཐུགས་རྗེ་དཔྱང་ཐག་གནས་ཀྱི་ལུང་ལས། ངོ་བོ་ཉིད་དང་རྣམ་སྨིན་དང༔ ཆོས་དང་ལོངས་སྤྱོད་སྤྲུལ་པ་ལྔ༔ རྣམ་སྨིན་རྒྱུ་མཐུན་འབྲས་བུ་སྟེ༔ དེས་ན་ཐུབ་པའི་སྐུ་མཆོག་བཞི༔ ངོ་བོ་ཉིད་སྐུ་བྲལ་འབྲས་ཞེས༔ སངས་རྒྱས་གསུང་བས་སྐུ་གསུམ་ཉིད༔ མདོར་ན་སེམས་ཉིད་སངས་རྒྱས་ཏེ༔ དེ་ཉིད་མ་ཡིན་སེམས་ཅན་ཞིག༔ འགའ་ཡང་ཡོད་པ་མ་ཡིན་པས༔ མ་བཅོས་ཡེ་ནས་མངོན་སངས་རྒྱས༔ ཀུན་ཀྱང་བྲལ་བའི་འབྲས་བུ་སྟེ༔ དེ་ཕྱིར་ངོ་བོ་ཉིད་སྐུ་གཅིག༔ མཁྱེན་པའི་ཡེ་ཤེས་བཞི་དང་ལྔ༔ མེ་ལོང་བཞིན་དང་མཉམ་པ་ཉིད༔ སོ་སོར་རྟོག་དང་བྱ་བ་གྲུབ༔ ཆོས་དབྱིངས་ཤེས་པའི་ཡེ་ཤེས་སོ༔ ཞེས་སོགས་རྒྱས་པར་གསུངས་པ་སྟེ། སྤྲོས་པས་ཆོག་གོ །དེ་དག་གིས་ཤེས་པར་བྱ་བའི་རྣམ་གཞག་སྤྱིར་བཤད་པ་བསྟན་ཟིན་ཏོ། ༈ །ཨོཾ་སིདྡྷི་རསྟུ། བླ་མ་དང་བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །གཉིས་པ་བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པ་ནི། བསྙེན་པ་ལ་འཇུག་པའི་གོང་དུ་དཀོན་མཆོག་གི་རྟེན་མཆོད་པ། གསུང་སྒྲོག །དགེ་འདུན་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བསླུ་བ། ཉེའུ་འདོན་པ། ལམ་འཕྲང་བཟོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ། མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས། རྒྱབ་རིམ་གྱི་དགེ་བའི་དཔུང་ཅི་འགྲུབ་སྔོན་དུ་གཏོང་ཞིང་། གལ་ཏེ་ལོང་སྐབས་ཆུང་ནས་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་གང་དུ་སྒྲུབ་པའི་གནས་དབེན་ཞིང་ཤིས་ལ་ཡིད་དུ་འོང་བའི་ཁང་པ་ཕྱག་བདར་བྱས། དེར་སྟན་ནང་ཚང་ཅན་གྱི་འོག་ཏུ་འབྲས་སམ་ས་དཀར་པོས་གཡུང་དྲུང་གཡས་སྐོར་དུ་བྲི། མཚམས་གཡོག་དང་སྨན་པ། མཆོད་ཆས་བཟའ་བཏུང་སོགས་ཉེར་མཁོའི་ཡོ་བྱད་མཚམས་ཁོག་ཏུ་ཆུད་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱ་ཞིང་། རྒྱུད་སྦྱོང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་ལོང་སྐབས་ཡོད་ན་རེ་རེ་ནས་རྟགས་ཐོན་གྱི་བར་དུ་སྦྱང་དགོས་པས་ན་གནས་ཁང་དེ་ཉིད་དམ་གཞན་དུའང་བཀག་པ་མེད་མོད། དེ་ཙམ་མི་ནུས་པས་ཕྱི་མཚམས་བཅད་ནས་ཞག་འགའ་ཡར་མཛད་པའི་ཕྱག་ལེན་ལྟར་ན། ར་བ་བཞིའི་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་དགེ་ཞིང་ཤིས་པ་ནས་དབུ་བརྩམ་སྟེ། དེ་ཉིན་གྱི་དགོང་ཐུན་ལ་ཆེ་མཆོག་ཕྱག་རྒྱ་གཅིག་པའི་བདག་བསྐྱེད་བཟླས་པའི་བར་བྱས་རྗེས། འོད་གསལ་དུ་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བཀའ་བསྒོ་ཐུན་བྲབ་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། སྲུང་བའི་འཁོར་ལོའི་མཚམས་ཀྱིས་བརྟན་པར་བཅིངས་ལ། དེ་ནུབ་ནས་བཟུང་བསྙེན་པ་དངོས་གཞི་མ་ཚུགས་བར་ཞག་བདུན་ནམ། ཐ་ནའང་ཞག་གསུམ་ཙམ་གྱི་བར་ཐུན་བཞིར་བཅད་དེ་གསག་སྦྱོང་ལ་འབད། དེ་ཡང་ཐུན་རེ་རེ་བཞིན་ཐུན་གྱི་བཞི་ཆ་གསུམ་ཙམ་ཡིག་བརྒྱ་དང་། བཞི་ཆ་གཅིག་ཙམ་ལ་ཚོགས་གསག་བྱ་སྟེ། དེའི་རིམ་པ་ནི། དལ་འབྱོར་གྱི་རྟེན་འདི་རྙེད་དཀའ་ལ་འཇིག་སླ་བས་མི་རྟག་ཅིང་། འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པར་བསམ་པའི་སྐྱོ་ཤས་དྲག་པོས་ཡིད་བསྐུལ་ནས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ལྟར་ཡིག་བརྒྱའི་སྒོམ་བཟླས་བྱ་ཞིང། རྡོར་སེམས་རང་ལ་བསྟིམ་རྗེས་སུ་སྡིག་སྒྲིབ་ཀྱི་ངོ་བོ་ལ་བལྟས་ཏེ་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལ་དར་ཅིག་གློད་ལ་བསྔོ་བ་བྱ། དེ་ནས་ཚོགས་གསག་པ་ནི། གནས་ཁང་དག་པའི་ཞིང་དུ་མོས་པར་རང་ཉིད་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རྡོར་སེམས་སུ་གསལ་བའི་སྙིང་གར་ཧཱུྃ་ཡིག །དེ་ལས་འཕྲོས་པའི་འོད་ཟེར་གྱིས་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ། པདྨའི་གདན་ཡངས་ཤིང་རྒྱ་ཆེ་བ་ལ་བཞུགས་པར་མོས་ལ། སྤྲོ་ཞིང་ནུས་ན། ཆོས་སྤྱོད་ནར་མའི་རྣལ་འབྱོར་ལྟར། ཕྱག་མཆོད་ཡན་ལག་བདུན་པ། བསྟོད་པ་རྣམས་བྱས་རྗེས། བརྒྱུད་པའི་གསོལ་འདེབས་དབང་བཞི་ལེན་པ་དང་བཅས་པ་བྱ་བ་ཡིན་མོད། དེ་ཙམ་མི་ནུས་ན། རང་ལུས་ཞིང་གི་རྡུལ་སྙེད་ལྟར་སྤྲུལ་ཏེ། སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་པར་བསམས་ནས་ཤིན་ཏུ་གུས་པས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཡན་ལག་བརྒྱད་པ་དང་། བ་སྤུ་ལང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་བརྒྱུད་པའི་གསོལ་འདེབས་ཅི་ནུས་བཟླས་མཐར་ཚོགས་ཞིང་གཞན་རྣམས་རྩ་བའི་བླ་མ་ལ་བསྡུས་ཏེ། དེ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དུ་གྱུར་པའི་གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སྤྲོས་པ་རང་གི་གནས་གསུམ་དུ་ཐིམ་པ་ལ་དམིགས་པས་དབང་བཞི་བླངས་ནས། བླ་མ་རང་ལ་བསྟིམ་པའམ། ཡང་ན་བླ་མའི་ཐུགས་ཀར་སེམས་གཏད་ནས་ཅི་གནས་མཉམ་པར་གཞག་ལ་བསྔོ་བ་བྱ་ཞིང་། ཐུན་མཚམས་སུའང་ཕྱག་མཆོད་སོགས་ཚོགས་གསོག་གི་ལག་ལེན་ལ་མཁས་པར་བྱའོ། །དེ་ནས་བསྙེན་པ་དངོས་ལ་གཉིས་ཏེ་ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ལ། སྤྱིར་ཞི་བསྙེན་ཁྲོ་སྒྲུབ་ཆེན་མོ་རུ་འབྱུང་བས་གོ་བཅད་ནས་སྒེར་དུ་མི་མཛད་པ་ཤས་ཆེ་ཡང་འདིར་སྒེར་སྒྲུབ་བྱེད་པའི་དབང་དུ་བྱས་ཏེ། དེ་ལའང་ཞི་བ་རིགས་བརྒྱ། ཞེ་གཉིས། རིགས་ལྔ་སོགས་གང་ལ་བགྱིས་ཀྱང་རུང་མོད། ཁྲོ་བོའི་བསྙེན་པ་ལ་གཙོ་བོར་བྱེད་པའི་སྐབས་འདིར་ཞི་བ་ཧ་ཅང་རྒྱས་དྲགས་ན། ཁྲོ་སྒྲུབ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པར་འགྱུར་བ་སོགས་ཀྱི་སྐྱོན་སྣང་བས་ན་འདིར་ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་ལྟར་སྒྲུབ་པ་ལ། སྤྱིར་སྒྲུབ་ལུགས་ལྔ་ལས། བསྐྱེད་རྫོགས་ཟུང་འབྲེལ་ལ་བརྟེན་ནས་ཡི་དམ་ནར་མར་སྒྲུབ་པ་དང་སྦྱར་བར་བྱ་སྟེ། དེ་ལ་ཐོག་མར་གནས་ཁང་གསར་པ་ཡིན་ན་ས་ཆོག་ཀྱང་བྱ་དགོས་མོད། འདིར་སྒྲུབ་ཁང་རྙིང་པའི་དབང་དུ་བྱས་ཏེ། སྔར་བཞིན་ཕྱོགས་སྐྱོང་གཞི་བགེགས་ལ་གཏོར་མ་སྦྱིན། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བགེགས་བསྐྲད་རྗེས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ་ལ་བསང་སྦྱང་བྱིན་གྱིས་བརླབ། ཐོ་རྒྱལ་ཆེན་བཞིར་བསྐྱེད་བསྟིམ་དང་། དྷྲྀཥྚ་རཱཥྚ་སོགས་སོ་སོའི་སྔགས་ཅི་རིགས་བཟླས་རྗེས་མཆོད་གཏོར་ཕུལ་ནས། ཧཱུྃ༔ རི་རབ་གླིང་བཞིའི་ངོས་བཞི་ན༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྡེ་བཞི་རྣམས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ ཅེས་ཕྲིན་ལས་བཅོལ་ནས་མེ་ཏོག་གཏོར་བས། སྒྲུབ་ཁང་གི་ཕྱོགས་སོ་སོར་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་སྲུང་བར་བསམ། དེ་ནས་ནང་གསང་གི་མཚམས་གཉིས་རིགས་བརྒྱའི་མཚམས་གཅོད་བརྒྱད་པ་ལྟར་འགྲུབ་ན་བྱ་ཞིང་། མ་འགྲུབ་ན་ཁྲོ་བོའི་ལས་བྱང་ལྟར་ནང་མཚམས་ལྔ་དང་གསང་མཚམས་བཅད། དེ་ཕྱིན་ཆད་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་། ཆས་ཀའི་གཏོང་ལེན་ཡང་སྤང་། སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུའང་གསལ་འདེབས་རེ་བྱ་སྟེ། བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། དེ་ནས་བཤམས་བཀོད་ནི། རང་ཁ་ཤར་དུ་བལྟ་བ་དང་ཁ་སྤྲོད་ཀྱི་ཚུལ་དུ་སྒྲུབ་ཁང་གི་ཤར་ངོས་སུ་སྟེགས་བུ་བྱི་དོར་བྱས་པ་ལ། དྲི་སྣ་ལྔ་དང་། བ་བྱུང་གིས་ཆག་ཆག་གདབ། ཐིག་སྐུད་དང་ཚོན་རྩི་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་པདྨ་འདབ་བརྒྱད་བྲི་བའམ། ཡང་ན་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་དགྲམ། གང་ལྟར་ཡང་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ཡིག་བྲིས་པའི་ཙཀ་ལི་དགོད། དཀྱིལ་འཁོར་གྱི་མདུན་དུ་སྟེགས་གཙང་མར་རྩ་གསུམ་གྱི་གཏོར་མ་སྤྱི་བྱེ་བྲག་སྨན་རཀ་ཉེར་མཆོད་སོགས་མཆོད་རྫས་རྣམས་བཟང་ཞིང་བཀོད་ལེགས་པར་བཤམས་པ་ཉིན་རེ་བཞིན་ཁ་གསོ། རང་གི་མདུན་དུ་རྡོར་དྲིལ། ནང་མཆོད་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་ནི་ཞག་བདུན་ནམ་གསུམ་ཙམ་གྱི་བར་དུ་སྦྱང་བ་གསུམ་ལ་བསླབ་པར་བྱ་སྟེ། དེ་ཡང་ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པས་ཉི་མ་ཕྱི་དྲོར་བབས་པ་ན་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་དེ། སྐྱབས་ཡུལ་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་ཉིད་མཁྱེན་སྙམ་པས་སྐྱབས་འགྲོ་བྱ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་དྲིན་ཅན་གྱི་མར་ཤེས་པས། དེ་དག་གི་སྡུག་བསྔལ་ལ་ཚུགས་པ་མེད་པའི་སྙིང་རྗེ་ཆེན་པོས། སེམས་ཅན་གྱི་སྡུག་བསྔལ་བསལ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་ཏིང་ངེ་འཛིན་གྱིས་སྦྱང་བར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། མདུན་གྱི་དམིགས་རྟེན་ཧཱུྃ་ཡིག་ལ་མིག་ཆེ་རེ་གཏད་དེ་མཉམ་པར་བཞག །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་དམིགས་རྟེན་ལ་སེམས་ཟིན་པ་དང་། ཧཱུྃ་ཡིག་མི་དམིགས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། པད་ཉི་ཟླ་བའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་ཡིག་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་ཟེའུ་འབྲུའི་དབུས་སུ་ཨཱཿཡིག་དམར་པོས་མཚན་པ། སྙིང་གར་རྡོ་རྗེ་རྒྱ་གྲམ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་གས་མཚན་པར་བསམས་ལ་མཉམ་པར་འཇོག །དེ་གསལ་བ་དང་རང་ཉིད་ཀྱང་དེ་ཅི་འདྲ་བར་ལམ་གྱིས་བསྒོམས་ནས། རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་འབྲུ་གསུམ་གྱི་རྡོར་བཟླས་སམ། མ་ནུས་ན་གནས་གསུམ་གྱི་ཡིག་འབྲུ་ལ་ཡིད་གཏད་དེ། ཡིད་བཟླས་དང་ངག་བཟླས་སྤེལ་མར་བཟླ། ཐུན་བསྡུ་བའི་ཚེ་ལྷ་སྐུའི་སྣང་བ་མེ་ལོང་ལ་ཧས་བཏབ་པ་བཞིན་འོད་གསལ་མི་དམིགས་པའི་དབྱིངས་སུ་བསྡུ་ཞིང་། དེ་ལས་ལྷར་ལྷག་གིས་ལྡངས་ནས་བསྔོ་བ་བྱའོ། །དེ་ལ་ཡུལ་གསུམ་གསལ་བར་གྱུར་པ་ན། དངོས་གཞི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་ལ་འཇུག་པ་ཡིན་མོད། འོན་ཀྱང་སྔར་ནས་དམིགས་པ་འབྱོངས་ཟིན་པས་ཆེད་དུ་སྦྱང་མི་དགོས་པ་དང་། དགོས་ནའང་བསྙེན་པ་ཟླ་གཅིག་ཙམ་ལས་མི་བྱེད་པ་སོགས་མོས་སློབ་གཙོ་བོར་བྱེད་པའི་རིགས་ལ། སྦྱང་བ་འདི་ཐུན་མོང་གི་སྔོན་འགྲོ་གསག་སྦྱོང་གཉིས་ཀྱི་ཐུན་གཤམ་དུ་སྦྲེལ་ཏེ་ཐུན་གྱི་སུམ་ཆ་ཙམ་རེ་བསྒོམ་པས་ཆོག་ཅིང་། དེ་ལྟར་ཐོག་མ་ཉིད་ནས་ཐོ་སྡོམ་སོགས་བྱ་བ་ལས། མཚམས་གཅོད་ཐེངས་གཉིས་བྱ་མི་དགོས་སོ། །གང་ལྟར་ཡང་ཁྱད་པར་གྱི་སྔོན་འགྲོ་རྫོགས་པའི་དགོང་ཐུན་དེ་ནས་བསྙེན་པ་དངོས་གཞི་ལ་འཇུག་པ་ཡིན་པས། ཐུན་འགོར་སྲུང་འཁོར་གསལ་འདེབས། དེ་ནས་སྔར་བཞིན་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་འདུན་པས། དེའི་ཆེད་དུ་ཞི་བ་གསང་ཆེན་རིགས་གཅིག་གི་བསྙེན་པ་ལ་འཇུག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཡན་ལག་བརྒྱད་པས་ཚོགས་བསགས་ལ། ཚོགས་ཞིང་རྣམས་རང་ལ་བསྡུས་ནས་སེམས་ཉིད་ནམ་མཁའ་ལྟ་བུའི་ངང་ལ་བསལ་བཞག་མེད་པར་དར་གཅིག་མཉམ་པར་འཇོག་གོ །དེ་ནས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་སྤྲོས་བྲལ་སྟོང་པ་ཉིད་དུ་སྒོམ་པ་དེ་ཏིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་པ་ཀུན་སྣང་། དེ་གཉིས་ཟུང་དུ་འཇུག་པའི་རང་རིག་ཨ་དཀར་པོའི་རྣམ་པར་སྒོམ་པ་རྒྱུ་ཏིང་། དེའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་སུ་གསལ་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨར། རཾ་ལས་ཉི་མ། ཨ་ལས་ཟླ་གདན་སྟེང་རྒྱུའི་ཨ་ཡིག་བབས་པ་ལས་ཆོ་ག་གསུམ་གྱིས་བདག་དང་མདུན་རྟེན་དབྱེར་མེད་རྡོ་རྗེ་སེམས་དཔའ་དམ་ཚིག་པ་བསྐྱེད། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། དམ་ཡེ་དབྱེར་མེད་དུ་གྱུར་པ་ལ་ཕྱག་མཆོད་བསྟོད་པ་རྣམས་བྱ་བ་སྟེ། དེའི་གསལ་འདེབས་ངག་འདོན་ནི། མི་དམིགས་ཆོས་དབྱིངས་དེ་བཞིན་ཉིད༔ རང་བཞིན་འོད་གསལ་ཀུན་ཏུ་སྣང༔ ཨ་ཡིག་རྒྱུ་ལས་དཀྱིལ་འཁོར་འབྱུང༔ པཾ་ལས་སྣ་ཚོགས་པདྨ་ཡི༔ གེ་སར་དབུས་སུ་རཾ་ལས་ཉི༔ དེ་སྟེང་ཨ་ལས་ཟླ་བའི་དཀྱིལ༔ རང་རིག་ཨ་དཀར་གདན་སྟེང་བབས༔ དེ་ཉིད་ཐུགས་མཚན་རྡོ་རྗེར་གྱུར༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རྡོ་རྗེ་སེམས་དཔའ་ནི༔ སྐུ་མདོག་དཀར་པོ་ཤེལ་ལྟར་དྭངས༔ གཡས་པས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རྒྱན་དང་ཆ་ལུགས་ལྡན་པར་གྱུར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར༔ དེ་ཡི་སྤྱི་བོ་མགྲིན་པ་དང༔ སྙིང་གའི་གནས་ནི་གསུམ་པོ་རུ༔ འཁོར་ལོ་པདྨ་རྡོ་རྗེའི་ལྟེར༔ ཨོཾ་དང་ཨཱཿདང་ཧཱུྃ་རྣམས་གསལ༔ ཡིག་འབྲུ་གསུམ་ལས་འོད་འཕྲོས་པས༔ ཡེ་ཤེས་འཁོར་ལོ་མདུན་མཁར་བཀུག༔ ཨོཾ༔ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ༔ མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ནས། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ༔ འཇུག་པའི་མཚན་ཉིད་མཉམ་སྦྱོར་བ༔ ཕྱོགས་དུས་ཀུན་ནས་གཤེགས་པ་ཡི༔ བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས༔ ཉེ་བར་གྱུར་པའི་དམ་ཚིག་མཆོག༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམས་པ་ལ། ཕྱོགས་བཞི་ནས་ལྷ་མོ་བཞི་བྱུང་བས་ཕྱག་མཆོད་བསྟོད་པ་རྣམས་བྱ་བར་མོས་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་པཱུ་ཧོ༔ ཞེས་ཕྱག་བྱ། དེ་ནས་རང་གི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས་ཕྱི་ནང་གསང་བའི་མཆོད་རྫས་ཐམས་ཅད་སྦྱངས་རྟོགས་སྦར་གསུམ་གྱིས་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས། ཕྱི་ཉེར་མཆོད་ལྔ་འབུལ་བ་ནི། མེ་ཏོག་རིན་ཆེན་སྣ་ཚོགས་འཕྲོ༔ བདུག་པའི་ན་བུན་སྤོས་ངད་གཏིབས༔ མར་མེ་སྣང་གསལ་ཉི་ཟླའི་འོད༔ དྲི་ཆབ་བདུད་རྩིའི་ཆར་རྒྱུན་འབེབ༔ ཞལ་ཟས་རོ་མཆོག་བརྒྱ་དང་ལྡན༔ སྙན་པའི་སྒྲ་དབྱངས་མི་ཟད་འཁྲོལ༔ འདུས་མ་བྱས་པ་ནམ་མཁའི་མཛོད༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་མཆོད། ནང་མཆོད་ནི། ཧཱུྃ༔ རང་བྱུང་གདོད་ནས་དག་པ་སྟེ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ དུག་ལྔ་སེལ་བ་སྨན་གྱི་མཆོག༔ བླ་མེད་བདུད་རྩིའི་མཆོད་པ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ གསང་མཆོད་ནི། གཏི་མུག་ཤ་དང་ཞེ་སྡང་རུས༔ ང་རྒྱལ་མཁྲིས་པ་འདོད་ཆགས་ཁྲག༔ ཕྲག་དོག་དབུགས་ཀྱི་མཆོད་པ་ལྔ༔ རིགས་འདུས་རྡོ་རྗེ་སེམས་དཔར་འབུལ༔ མ་ཧཱ་པཱུ་ཛ༔ ཨ་ལ་ལ་ཧོ༔ བསྟོད་པ་ནི། ཧཱུྃ༔ རང་བཞིན་ཆོས་སྐུ་དག་པའི་ཀློང༔ སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཡིས༔ རིགས་ལྔ་ཡེ་ཤེས་ལྔར་སྟོན་པ༔ རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ༔ ཞེས་བསྟོད། དེ་ནས་ལྷའི་གསལ་སྣང་དང་། ལྷ་སྐུ་རིག་རྩལ་དུ་ཐག་བཅད་དེ་རྡོ་རྗེ་སེམས་དཔའ་ངའོ་སྙམ་པའི་ང་རྒྱལ་གཉིས་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་འཇོག །དེས་སྐྱོ་ན་བཟླས་པ་བྱ་སྟེ། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་ལྟེ་བར་ཨོཾ་ཡིག་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་བཞིའི་ལྟེ་བར་ཨཱཿཡིག་དམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་མཐིང་ག་རྣམས་གསལ་བ་ལས། འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ནས་བདེ་ཆེན་ལ་བཀོད། ཚུར་འདུས་པ་བདག་གི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་དག །བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ། བྱིན་གྱིས་བརླབས་པའི་བགྲང་ཕྲེང་གཡོན་པའི་མཐེབ་མཛུབ་ཀྱིས་བགྲང་ཞིང་། འབྲུ་གསུམ་གྱི་ཡིད་བཟླས་དང་ངག་བཟླས་སྤེལ་མར་བཟླ། ནུས་ན་རེས་སྤྲོ་བསྡུའི་དམིགས་པ་བཞག་ནས་རྡོ་རྗེའི་བཟླས་པ་བྱའོ། །དེ་ལྟར་ཐུན་གྱི་གཞི་འབྲུ་གསུམ་གྱི་བཟླས་པས་བཟུང་ཞིང་མཇུག་ཏུ་ཞི་བ་སྤྱི་སྔགས་ཀྱང་ཅུང་ཟད་བཟླ་སྟེ། དམིགས་པ་ནི། རང་གི་ཐུགས་ཀའི་རྒྱ་གྲམ་གྱི་ལྟེ་བའི་ཧཱུྃ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བར་བསམས་ཏེ། དེ་ལས་འོད་ཟེར་སྤྲོ་བསྡུའི་ཁྱད་པར་ཙམ་མ་གཏོགས་གཞན་སྔར་དང་འདྲ་བས། བོ་དྷི་ཙིཏྟ་བཟླའོ། །དེའང་ལས་དང་པོ་པས་ཐོག་མར་གནས་གསུམ་གྱི་འབྲུ་གསུམ་དང་སྔགས་ཕྲེང་ལ་སེམས་གཏད་ནས་སྔགས་དལ་བུས་བཟླ། རྟག་ཏུ་ཏིང་ངེ་འཛིན་གྱི་ཤུགས་དྲག་པོས་ལྷའི་གསལ་སྣང་དང་ལྷ་དངོས་ཡིན་སྙམ་པའི་ང་རྒྱལ་དང་མ་བྲལ་བ་དགོས། ཁྱད་པར་བཟླས་པ་ཕྲེང་སྐོར་རེ་སོང་མཚམས་སུ་གསལ་འདེབས་སྐྱར་མ་རེ་བྱ་ཞིང་། བླ་མ་དང་ལྷ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་དུང་པ་རེ་ཡང་བྱས་ན་གནད་ཆེ། དེས་མཚོན་ནས་ད་རེས་བསྙེན་པ་འདི་མ་གྲོལ་བར་རྐྱེན་གང་གི་ཡང་དབང་དུ་མི་གཏོང་། ན་ནའང་ན་གོ་ཆོད། ཤི་ནའང་ཤི་གོ་ཆོད། སྔར་མི་ལུས་ཡང་ཡང་ཐོབ་ཀྱང་དོན་མེད་ཁོ་ནར་སོང་བ་ལ། ད་རེས་ལྷག་པའི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་སྐལ་བ་རེ་བཟང་སྙམ་པའི་མོས་གུས་ཀྱིས་འབད་རྩོལ་དྲག་པོ་བྱས་པས་བར་ཆད་མི་འབྱུང་བ་དང་། དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་གོང་འོག་ཐམས་ཅད་དུ་དེ་ལྟར་ཤེས་པར་བྱ་བ་གནད་དོ། །བཟླས་པས་སྐྱོ་ན། ཡིག་བརྒྱས་ནོངས་པ་བཤགས་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་དག་པའི་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་རིམ་གྱིས་ཐུགས་ཀའི་ཧཱུྃ་ལ་བསྡུ། དེའང་གྱེན་རྫོགས་སུ་བསྡུས་ཏེ་མི་དམིགས་ཁྱབ་བརྡལ་བདེ་བ་ཆེན་པོ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ལངས་ལ་བསྔོ་བ་བྱ་ཞིང་། ཐུན་མཚམས་ཀུན་ཏུ་སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་རྒྱས་བཏབ་ནས་བྱ་སྤྱོད་ཐམས་ཅད་དོན་ཡོད་པར་སྤྱད་དོ། །དེ་ནས་སྲོད་ཐུན་ཀྱང་སྲུང་འཁོར་གསལ་འདེབས་ནས་བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས། ཐུན་མཐར་སྤྱི་བྱེ་བྲག་གི་གཏོར་བསྔོ་བྱ་ཞིང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་དུ་ཉལ་བའམ། ཡང་ན་ལུས་གདོས་བཅས་མི་དམིགས་པར་ལྷ་སྐུ་དྭངས་གསལ་འོད་ཀྱི་ཕུང་པོར་བསམས་ནས་ཉལ་ལོ། །ནངས་པར་ཐོར་ཐུན་ལ་བབས་པ་ན་གཞོམ་མེད་སྔགས་ཀྱི་སྒྲ་གདངས་འུར་དིང་གིས་གྲགས་པས་གཉིད་སད་པར་བསམས་ཏེ། སྣང་བ་ཐམས་ཅད་ལྷར་ལམ་གྱིས་གསལ་བཏབ་ནས་ལངས་ལ། དེ་ནས་ཐོར་ཐུན་སྔ་ཐུན་ཀྱང་སྔར་དང་འདྲ་ཞིང་། ཐུན་མཚམས་སུ་བཟའ་བཏུང་ལ་སྤྱོད་པ་ན། བསོད་ནམས་ཀྱི་ཚོགས་སུ་བསྒྱུར་བའི་ཕྱིར་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པར་བྱའོ། །དེ་ལྟར་སྔ་ཐུན་གཉིས་དང་ཕྱི་ཐུན་གཉིས་ཏེ་ཐུན་བཞིར་གཅོད་ཅིང་། རིམ་པ་དེ་ལྟ་བུས་གྲངས་བསྙེན་འབྲུ་གསུམ་གྱི་ཡིད་བཟླས་ངག་བཟླས་དྲིལ་བ་འབུམ་ཕྲག་ཉི་ཤུ་རྩ་ལྔའམ་བཅོ་ལྔ། རྡོར་བཟླས་དང་བོ་དྷི་ཙིཏྟ་འབུམ་ཕྲག་གཅིག་གིས་མཐའ་རྟེན་པར་བཟླ་ཞིང་། དུས་ནི་རབ་ལོ་གཅིག །འབྲིང་ཟླ་དྲུག །ཐ་མ་ཟླ་བ་གཅིག་གོ །མཚན་བསྙེན་ནི་དངོས་ཉམས་རྨི་ལམ་གང་རུང་དུ་དགེ་བའི་མཚན་མ་མ་མཐོང་གི་བར་དེ་སྲིད་དུའོ། །ཡང་རེ་ཞིག་ཁྲོ་བོའི་བསྙེན་པ་མི་བྱེད་པར་ཞི་བ་ཁོ་ན་ལ་དྲིལ་བ་ཡིན་ན། སྒྲུབ་པའི་མཇུག་ཏུ་ཐུན་བཞི་པོ་དེ་ལས་གང་དང་གང་ལ་ཤིས་པའི་དུས་གནད་དང་སྦྱར་ནས་ཐུན་གཤམ་རྣམས་སུ་ལས་སྦྱོར་གྱི་བཟླས་པའང་ཅུང་ཟད་རེ་བྱ་སྟེ། ཞི་རྒྱས་གཉིས་ལ་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དང་སེར་པོ། དབང་ལ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ། དྲག་པོར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནག་པོ་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བསལ་བ་དང་། ཚེ་དཔལ་ལོངས་སྤྱོད་རྒྱས་པར་བྱས་པ་དང་། དྲེགས་པ་ཅན་རྣམས་དབང་དུ་སྡུད་པ་དང་། གདུག་པ་ཅན་རྣམས་ཚར་བཅད་པ་རྣམས་ལས་སོ་སོ་ལ་རིམ་པར་སྦྱར་ཞིང་། འོད་ཟེར་ཚུར་འདུས་པས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་མཉམ་པར་བཞག་སྟེ་འབྲུ་གསུམ་བཟླ་བ་ཡིན་ནོ། །ཞི་སྒྲུབ་རྫོགས་པའི་ནུབ་ཐ་མའི་སྔ་ཐུན་དེ་ལ་མཆོད་གཏོར་རྒྱས་པར་བཤམ། བསྟོད་པའི་བར་སྔར་ལྟར་ལས་བཟླས་པའི་མཐར་བདག་དམ་ཚིག་པ་ལས་མདུན་རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་བཞུགས་པར་མོས་ལ། རང་དམ་ཚིག་པའི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོར་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་དབྱིག་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ནས་མཚོ་ལ་ཁ་བ་བབས་པ་ལྟར་རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཐོབ་པར་མོས་ལ། འབྲུ་གསུམ་གཙོ་བོར་བཟླ་ཞིང་། མཇུག་ཏུ་བོ་དྷི་ཙིཏྟའི་སྔགས་མཐར་སརྦ་སིདྡྷི་ཕ་ལ་ཧོཿཞེས་སྦྲེལ་བའང་ཅུང་ཟད་བཟླས་ཏེ་དངོས་གྲུབ་བླང་། དེ་ནས་མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་དང་བཟོད་པར་གསོལ་ལ། ཡེ་ཤེས་པ་རང་དང་གཉིས་སུ་མེད་པར་བྱས་ནས་ཉེར་བསྡུ་དང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། ༈ །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། ཐོག་མར་ཁྱད་པར་གྱི་སྔོན་འགྲོ་སྦྱང་བ་གསུམ་ནི། སྔར་ཞི་བའི་དུས་འབྱོངས་ཟིན་པའམ། མོས་སློབ་ཙམ་ལ་མ་བྱས་ཀྱང་ཆོག་མོད། འོན་ཀྱང་ཞི་སྒྲུབ་སྔོན་དུ་མ་བཏང་བར་ཁྲོ་བོར་སྒྲུབ་པ་དང་། སྤྱིར་སྨིན་སློབ་ལ་རྩ་རྒྱུད་དུ་ཁྲོ་བོ་སྤྱི་སྒྲུབ་ཀྱི་སྐབས་སུ་མ་བཤད་ནའང་སྒོས་སྒྲུབ་ཏུ་གསུངས་པ་ཉིད་མན་ངག་གི་དགོངས་པར་འདིར་བླང་དགོས་པར་བཞེད་པ་ལྟར་སྦྱང་བ་གསུམ་བྱ་སྟེ། ཇི་ལྟར་བྱ་བའི་ཚུལ་ནི། མདུན་དུ་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པའི་དབུས་སུ། དུར་ཁྲོད་ཀྱི་རས་ལ། ཐལ་ཆེན་དང་ཁྲག་ཆེན་གཉིས་དང་སྦྱར་བའི་ཚོན་སྔོན་པོས་ཧཱུྃ་ཡིག་ཁྲུ་གང་བ་ཞིག་བྲིས་པའི་ཙཀླི་དགོད། དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས་དམིགས་རྟེན་ལ་རྩེ་གཅིག་ཏུ་འཇོག་པ་སོགས་ཞི་བ་ལྟར་ལས་སེམས་ཟིན་ནས་ཧཱུྃ་ཡིག་མི་དམིགས་པ་ལས་ཆེ་མཆོག་ཧེ་རུ་ཀ་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། ཞབས་དོར་སྟབས་སུ་བཞུགས་པའི་གནས་གསུམ་དུ་འཁོར་ལོ་པདྨ་རྒྱ་གྲམ་ལ་འབྲུ་གསུམ་བཀོད་དེ་འབྲུ་གསུམ་བཟླ་བ་སོགས་ཞི་བའི་སྐབས་ལྟར་སྦྱངས་པས། ཡུལ་གསུམ་གསལ་བ་དང་བསྙེན་པ་དངོས་ལ་འཇུག་པ་ཡིན་ནོ། །དེ་ལ་གཤོམ་ནི། སྟེགས་བུའི་སྟེང་དུ་སྤྲོ་ཞིང་ནུས་ན་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་བའམ། ཡང་ན་རས་བྲིས་དགྲམ། མ་འབྱོར་ན་སྟེགས་བུ་ལ་ཚངས་ཟུར་གྱི་ཐིག་བཏབ་སྟེ་གླིང་དགུར་བཅད་པ་ལ་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པས་ཀྱང་རུང་། དཀྱིལ་འཁོར་གྱི་སྟེང་དུ་རྒྱས་པར་ན་རྟེན་དགུ་སོ་སོའི་གནས་སུ་དགོད། འབྲིང་པོར་དབུས་སུ་ཐོད་སྐུ་བཤམ། དེ་ཡང་མ་འགྲུབ་ན་བསྡུས་པའི་ལུགས་སུ་སྒྲུབ་གཏོར་ཙམ་ལ་བརྟེན་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། གང་ལྟར་ཡང་སྟེགས་གཙང་མར་སྨན་རཀ་གཏོར་གསུམ། ཕྱི་ནང་གི་མཆོད་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་ཞིང་བཀོད་ལེགས་པར་བཤམས་པར་བྱའོ། །དེ་ལ་བསྒོམ་བྱའི་དཀྱིལ་འཁོར་ནི་བསྐྱེད་རྫོགས་ཆེ་འབྲིང་ཆུང་གསུམ། སྔགས་སྒྲུབ། ཕྱག་རྒྱ་རྐྱང་སྒྲུབ་རྣམས་གང་ལ་བརྟེན་ཀྱང་རུང་མོད། འདིར་ལས་དང་པོ་པ་ལ་རྒྱས་བསྡུས་འཚམ་པའི་དབང་དུ་བྱས་ཏེ། བསྐྱེད་རྫོགས་ཆུང་ངུ་ལྟར་ཉམས་སུ་ལེན་པའི་རིམ་པ་ལ། སྦྱོར་བ་ཚོགས་གསག་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས། མཚམས་གཅོད་ནས་བརྩམ་སྟེ་སྔོན་འགྲོའི་ལས་བདུན་བདེ་ཆེན་རྣམ་རོལ་ལྟར་བྱ་ཞིང་། དེའང་ཉིན་དང་པོའི་དགོང་ཐུན་དང་ཉིན་གཉིས་པ་མན་ཆད་ཀྱི་ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། ཕྱི་ཐུན་རྣམས་ལ་ཚོགས་གསག་དང་། སྲུང་འཁོར་གསལ་འདེབས་ཙམ་གྱིས་ཆོག །དངོས་གཞིའི་ཆོ་ག་ནི། བསྐྱེད་རྫོགས་ཆུང་ངུའི་ལས་བྱང་རང་ལ་བརྟེན་ན་སྨོས་མ་དགོས། གཞན་དུ་ཆེ་འབྲིང་གི་ལས་བྱང་གང་རུང་ལ་བརྟེན་པ་ཡིན་ན། དེ་དང་དེ་ལ་ཆུང་ངུའི་བསྒོམ་བྱའི་གནད་སྡུད་ཚུལ་གྱི་འཕྲུལ་ཤེས་པར་བྱས་ནས་ཉམས་སུ་བླངས་ཀྱང་མི་འགལ་བས་འདིར་གྱེར་སྒོམ་བདེ་ཕྱིར་བདེ་ཆེན་རྣམ་རོལ་ལྟར་ལས་ཁྱད་པར་བ་རྣམས་འདོར་ལེན་ཇི་ལྟར་བྱ་བའི་ཆིངས་སྟོན་ཏེ། དང་པོ་ཏིང་འཛིན་གསུམ་ནི། ཧཱུྃ། རྣམ་དག་བྱང་ཆུབ་སེམས་ཞེས་པ་ནས། ཧཱུྃ་བཛྲ་ཙིཏྟ་ཧཱུྃ་གི་བར་རོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ནམ་མཁར་གནས་པའི་ཧཱུྃ་ཡིག་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད་པ་ལས། ཨེ་ཨཱ་ཀ་ཤ་མཎྜ་ལ། ཞེས་པ་ནས། མི་ཕྱེད་རབ་འབར་ཕྲེང་བ་འཁྲིགས་པས་བསྐོར། །ཞེས་པའི་བར་རོ། །གསུམ་པ་གདན་བསྐྱེད་པ་ནི། རུ་དྲ་ཀྲོ་དྷཱ་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། ཕོ་བྲང་ལྟེ་བར་པདྨའི་གེ་སར་ལ། །རབ་འབར་ཉི་མ་དཀར་གསལ་ཟླ་བའི་དཀྱིལ། །མ་ཧཱ་དེ་ཝ་ཨུ་མ་དེ་ཝཱིར་བཅས། །ཕྱོགས་མཚམས་བརྒྱད་པོར་ཞེས་པ་ནས། བསྣོལ་མར་གྱུར། ཞེས་པའི་བར་རོ། །བཞི་པ་བརྟེན་པ་ལྷ་བསྐྱེད་པ་ནི། རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་པ་ལས་ཆེ་མཆོག་དང་། དེའི་ཐུགས་ཀ་ནས་ཧཱུྃ་སྤྲོས་ཏེ་དཀྱིལ་འཁོར་བརྒྱད་པོའི་གཙོ་བོ་རྣམས་བསྒོམ། དེ་ཐམས་ཅད་ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ཅིང་། འཁོར་རྣམས་རང་རང་གི་གཙོ་བོའི་འཁོར་ལ་རང་བཞིན་གྱིས་གནས་པའི་ཚུལ་དུ་བསྐྱེད་པར་སྒོམ་ཁོག་དང་འགྲེལ་པར་གསུངས་པ་ལྟར་འདི་སྐད་ཅེས། ནམ་མཁར་གནས་པའི་ཧཱུྃ་ཡིག་དབུས་ཀྱི་གདན་ལ་བབས་པ་ཡོངས་སུ་གྱུར་པ་ལས་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོའི་སྐུར་གྱུར་པར་བསམས་ལ། ཧཱུྃ། དབུས་ཕྱོགས་མི་འགྱུར་མཐིང་ནག་ཨེ་དབྱིངས་སུ། ཁྲག་འཐུང་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ། །ཆེ་མཆོག་མཐིང་ནག་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་རྩེ་དགུ་རྩེ་ལྔ་རྩེ་གསུམ་གཡས། །སྐྲ་ཅན་ཐོད་རློན་དུང་དམར་གཡོན་ན་བསྣམས། །གནམ་ཞལ་ཁ་ཊྭཱཾ་ཐོད་ཁྲག་སྟོབ་པས་འཁྱུད། །རྩིབས་བཞི་རིགས་ཀྱི་ཁྲག་འཐུང་ཡུམ་བཅས་གསལ། །ཨོཾ་བཛྲ་ཀྲོ་དྷ་སོགས་སོ། །ཆེ་མཆོག་ཡབ་ཡུམ་ཐུགས་ལས་མཐིང་ནག་ཧཱུྃ། །ཕྱོགས་མཚམས་དཀྱིལ་འཁོར་བརྒྱད་ཀྱི་ལྟེ་བར་སྤྲོས། །ཡོངས་གྱུར་དཔལ་ཆེན་ཁྲག་འཐུང་གཙོ་བོ་བརྒྱད། །རང་རང་འཁོར་དང་བཅས་པ་གསལ་བར་གྱུར། །ཧཱུྃ། ཤར་ཕྱོགས་དཀྱིལ་འཁོར་དབུས་སུ་སོགས་གཞན་འདྲ་བ་ལས། འཁོར་གྱི་ཁྱད་པར་ཡང་དག་ལ། རྩིབས་ལ་རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་འཁོད། །གཤིན་རྗེ་ལ། རྩིབས་ལ་གཤེད་བཞི་རང་རང་ཡུམ་བཅས་འཁོད། །རྟ་མགྲིན་ལ། ཐོད་འཛིན་འཁྱུད། རྩིབས་བཞིར་གཡས་གཡོན་བྱི་ལ་པུ་ཤུད་གདོང་། །མདུན་རྒྱབ་རྡོ་རྗེ་པདྨ་གར་དབང་འཁོད། །ཕུར་པ་ལ། རྩིབས་ལ་རིགས་ཀྱི་ཀཱི་ལ་ཡ་བཞི་འཁོད། །མ་མོར། གཙོ་བོའི་གཡས་དང་གཡོན་དུ་བཀྲག་གསལ་དང་། །སྲིད་པ་བདེ་འགྲོ་རྩིབས་ལ་མ་མོ་བཞི། །རིག་འཛིན་ལ། རྩིབས་ལ་རིགས་ཀྱི་རིག་འཛིན་རྣམ་བཞི་འཁོད། །དྲེགས་འདུལ་ལ། ཐོད་འཛིན་འཁྱུད། རྩིབས་ལ་དྲེགས་པའི་སྡེ་དཔོན་ཆེན་པོ་བཞི། །དྲག་སྔགས་ལ། རྩིབས་ལ་སྔགས་བདག་དྲེགས་པའི་སྡེ་དཔོན་བཞི། །ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ། རིག་འཛིན་མ་གཏོགས་དཔལ་ཆེན་ཁྲག་འཐུང་ཀུན། །ཞེས་པ་ནས། དངོས་བསྟན་ཐུན་མོང་གི་མཆོད་པའི་མཇུག་གི །ཐུན་མཆོག་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་ཡན་ཆད་དཀྱུས་ལྟར་གྱི་རྗེས་སུ། ཧཱུྃ། བདེ་གཤེགས་སྐུ་ལྔའི་ཞེས་སོགས་ཀྱི་བསྟོད་པ་སྦྲེལ་ལོ། །དེ་ནས་ཞི་བའི་སྐབས་ལྟར་ལྷའི་སྣང་ཞེན་ལ་ཇི་སྲིད་མི་སྐྱོའི་བར་མཉམ་པར་བཞག་ནས། དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། དེ་ལ་གཉིས། ཚོམ་བུ་དགུ་སོ་སོར་སྒྲུབ་པ་དང་། དྲིལ་ཏེ་བཟླ་བ་དང་ལས་ལ་སྦྱར་བའོ། །དང་པོ་ནི། རྒྱས་པར་གོང་དུ་བཤད་པའི་སྐུ་གསུང་ཐུགས་ཀྱི་ཛཔ྄་དགོངས་གསུམ་བསྐྱར་བར་བྱ་ཞིང་། འདིར་བསྡུས་པ་བསྐྱེད་རྫོགས་ཆུང་ངུའི་ཛཔ྄་དགོངས་ལྟར་ན། འོད་ཟེར་སྤྲོ་བསྡུའི་ཚེ་མ་མོ་ཡན་ཆད་ལ། འོད་ཟེར་སྤྲོས་པས་རྒྱལ་བ་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱོང་བ་སྒྲུབ་པ། ཚུར་བསྡུ་བ་སྒྲུབ་ཆེན་དུ་གསུངས་པ་ལྟར། དཔལ་དགུ་པོ་རང་རང་གི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ཟླ་བའི་དཀྱིལ་འཁོར་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་མཚོན་གང་བ། དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་གནས་པའི་མི་འགྱུར་བའི་ཐིག་ལེ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་རྣམས་ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་བསྐོར་བར་བསམ་པ་ནི་སྤྲོ་བསྡུའི་གཞིའོ། །དེ་ནས་རིག་འཛིན་ཡན་ཆད་སྤྲོ་བསྡུའི་གནད་གཅིག་པས། ཐོག་མར་ཞི་སྔགས་ལ་བསྐྱེད་རྫོགས་རྒྱས་པའི་དུས་སུ་ཕྱག་གི་དཀྱིལ་འཁོར་ཞི་བའི་ལྷ་ཚོགས་ལས་སྤྲོ་བསྡུ་བྱེད་པ་ཡིན་ཡང་། འདིར་རང་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས། ལྷ་སོ་སོའི་དབུ་རྒྱན་རིགས་ལྔའི་ཁང་བུ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རིགས་ལྔ་མཆོད་པ་སོགས་ཀྱི་སྤྲོ་བསྡུ་སྦྱར། ཁྲོ་བོ་རྣམས་ལ་རང་རང་གི་ཐུགས་ཀའི་སྔགས་ཕྲེང་ལ་བློ་བཞག་སྟེ། སྔགས་ཟློས་པའི་ཚེ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ལ་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས་ཐམས་ཅད་དཔལ་ཆེན་པོའི་སྐུར་གྱུར། འོད་ཟེར་ཚུར་འདུས་རྒྱལ་བ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྔགས་སྒྲ །དྲན་རྟོག་ཐམས་ཅད་འོད་གསལ་མཉམ་པ་ཉིད་ཀྱི་ངང་ལ་བཞག །དྲེགས་འདུལ་ལ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། དྲེགས་པ་ཅན་ཐམས་ཅད་ལ་ཕོག་པས་དབང་དུ་བསྡུས། སྲོག་བསྐུལ་བས་ཐོགས་པ་མེད་པའི་ལས་ཀྱིས་གཟས་པོ་སྒྲོལ་བར་བསམ་པ་དང་། དྲག་སྔགས་ལ། སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། དྲེགས་པ་ཅན་རྣམས་ཀྱི་སྟོབས་ནུས་འོད་ཀྱི་རྣམ་པར་འཕྲོགས་ནས་ཐུགས་སྲོག་གི་ཞབས་ཀྱུ་ལ་ཐིམ་པས་བཀའ་འོག་ཏུ་འདུས་ཏེ་ལས་ལ་བསྐུལ་བས་དམོད་པའི་མཚོན་ཆས་དགྲ་བགེགས་སྒྲོལ་བར་བསམ་པའོ། །བཀའ་སྡོད་ལ། འོད་ཟེར་འཕྲོས་དབང་མོ་དང་མཁའ་འགྲོ་སོགས་བཀའ་སྡོད་རྣམས་ཀྱི་སྲོག་སྙིང་ལ་ཕོག་པས། རང་རང་གི་ལས་ཀྱི་སྐལ་པ་གང་ཡོད་ཐོགས་པ་མེད་པར་སྒྲུབ་པར་མོས་ལ་བཟླ་བའོ། །དེ་ལྟར་ཛཔ྄་དགོངས་གསལ་བཏབ་ནས། སོ་སོའི་བསྙེན་པ་རྫོགས་པ་དང་། གཉིས་པ་དྲིལ་ཏེ་བཟླ་བ་ནི། དེ་ནས་ཛཔ྄་དམིགས་གཞན་འདྲ་བ་ལས། ཁྱད་པར་རང་ཉིད་ཆེ་མཆོག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཚོམ་བུའི་ལྷ་ཚོགས་ཐམས་ཅད་བསྐུལ་བས། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་བདེ་ཆེན་རྣམ་རོལ་གྱི་དཀྱུས་ལྟར་སྦྱར་ཏེ། ཁྲོ་བོ་སྤྱི་བསྡུས་ཀྱི་སྙིང་པོ་ཁོ་ན་ལ་ཆིག་སྒྲིལ་དུ་བཟླ་བའོ། །ལས་སྦྱོར་ནི། ཕྲིན་ལས་བཞི་ལས་འདིར་དྲག་པོ་སྟེ། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལ་དྲག་སྔགས་སོ་ལྔ་པས་བསྐོར་བར་བསམས་ལ། སྔགས་ཟློས་པའི་ཚེ། ཆེ་མཆོག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཚོམ་བུའི་ལྷ་ཚོགས་ཐམས་ཅད་བསྐུལ་བས། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་གློག་ལྟར་འཁྱུག་པ་འཕྲོས། གནོད་བྱེད་རྣམས་ལ་ཕོག་པས་རྩ་སྦུར་མེས་བསྲེགས་པ་བཞིན་སྦྱངས། སེམས་དག་པ་འོད་གསལ་བའི་ཀློང་དུ་གྲོལ་བར་བསམས་ལ། དྲག་སྔགས་སོ་ལྔ་པ་ངར་དང་བཅས་ནས་བཟླ་བ་སྟེ། ལས་སྦྱོར་གྱི་བཟླས་པ་ཅུང་ཟད་ཙམ་ལས་མི་བྱེད་ན། འདི་ཁྲོ་བོ་སྤྱི་སྒྲུབ་ཀྱི་ཐུན་གཤམ་དུ་ཇི་ལྟར་རིགས་པ་རེ་བཟླས་པས་ཆོག་གོ །གང་ལྟར་ཡང་ཐུན་བསྡུ་བ་ན། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་སོགས་ཀྱིས་བསྡུས་ཏེ། མི་དམིགས་སྤྲོས་བྲལ་ཁྱབ་བརྡལ་བདེ་བ་ཆེན་པོའི་དབྱིངས་སུ་མཉམ་པར་བཞག །ཐུན་ལས་ལྡང་བའི་ཚེ། ཕཊ་ཕཊ་ཕཊ་སྟོང་གསལ་གྱི་ངང་ལས་ཞེས་སོགས་ཀྱིས་ཐུན་མཚམས་ཀྱི་ལྷར་ལངས་ལ་གོ་བགོ་ལུས་སྲུང་བྱ་ཞིང་། སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ། ཐུན་མཚམས་སུའང་ལྷ་སྔགས་འོད་གསལ་གྱི་ཕྱག་རྒྱ་སྣང་གྲགས་འགྱུ་གསུམ་ལ་གདབ་ཅིང་། ཐུན་བཞིར་གཅོད་ཚུལ་དང་། ཟ་ཉལ་ལྡང་བའི་རྣལ་འབྱོར་སོགས་ཞི་བ་དང་འདྲ་ལ། འདིར་སྲོད་ཀྱི་གཏོར་མ་དང་སྦྲེལ་ནས་ཚོགས་མཆོད་ཀྱང་འགྲུབ་ན་བྱ། ཚུལ་དེ་ལྟ་བུས་གྲངས་བསྙེན་ནི། ཞི་བ་ལ་གོང་དུ་སྒེར་སྒྲུབ་སོང་ན་འདིར་ཆིག་ཁྲི་ཙམ་གྱིས་ཆོག །གཞན་དུ་ན་དཔལ་བརྒྱད་པོ་དང་འདྲ་བས། ཆེ་མཆོག་དང་སྤྱི་སྒྲུབ་ལ་འབུམ་ཕྲག་བཞིའམ་གསུམ། ཞི་བ་དང་དཔལ་བརྒྱད་པོར་འབུམ་ཕྲག་རེ། བཀའ་སྡོད་ལ་ཆིག་ཁྲི །དྲག་སྔགས་སོ་ལྔ་པ་ཆིག་ཁྲིའམ་ལྔ་སྟོང་། སོ་སོའི་སྒྲུབ་པ་དེ་ཙམ་མི་ཁོམ་པས་སྤྱི་སྒྲུབ་ལ་གཙོ་བོར་འདོན་ན། ཆེ་མཆོག་ལ་ཆིག་འབུམ། ཞི་བ་དང་དཔལ་བརྒྱད་པོར་ལྔ་ཁྲི། སྤྱི་བསྡུས་ཀྱི་སྙིང་པོ་འབུམ་ཕྲག་བཞི། བཀའ་སྡོད་དང་དྲག་སྔགས་སོ་ལྔ་པ་ཆིག་ཁྲི་རེ་བཟླའོ། །དུས་བསྙེན་ནི། རབ་ལོ་ཕྱེད་གཉིས་སམ་ལོ་གཅིག །འབྲིང་ཟླ་བ་དགུའམ་དྲུག །ཐ་མ་ཟླ་བ་གསུམ་མོ། །མཚན་མའི་བསྙེན་པ་ནི་རྟགས་དང་ནུས་པ་མཐོང་གི་བར་དེ་སྲིད་དུ་བཟླ་བའོ། །དེ་ལྟར་བསྙེན་སྒྲུབ་རྫོགས་ནས་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསོ། བཟླས་པའི་མཐར་ཛཔ྄་ཁང་ཕྱེས་ནས། དངོས་གྲུབ་བསྐུལ་ཞིང་བསྡུ་བའི་དམིགས་པ་ཞི་བའི་སྐབས་ལྟར་གསལ་བཏབ་ནས་ལྷ་སྔགས་ཐམས་ཅད་ཀྱི་གཤམ་དུ་སརྦ་སིདྡྷི་ཕ་ལ་ཧོཿབཏགས་པ་ཅི་ནུས་རེ་བཟླ་ཞིང་། སྲོད་ཐུན་དེ་ལ་ཚོགས་མཆོད་ཀྱང་ངེས་པར་བྱ། ནུབ་ཐ་མའི་སྔ་ཐུན་ལ་མཆོད་གཏོར་རྒྱ་ཆེར་བཤམ། བཟླས་པ་དཀྱུས་ལྟར་སོང་མཚམས། སླར་ཡང་འབྱུང་པོ་བལྟ་ཉན་ཚར་གཅོད་པའི་ཕྱིར་དྲག་སྔགས་ཀྱིས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། ལྷ་དང་འཁོན་གཅུགས་སྦྱང་ཕྱིར་བཤགས་པ་བྱ། འགྲོ་དོན་མཐར་དབྱུང་ཕྱིར་དམ་བཅའ། རང་ཉིད་གཟི་བྱིན་བསྐྱེད་པའི་ཕྱིར་བྱིན་དབབ། མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་ཕྱེ་ལ། བདག་དམ་ཚིག་འཁོར་ལོ་དངོས་གྲུབ་ལེན་པ་པོར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོའི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། ལྷ་སོ་སོའི་ཛཔ྄་ཀྱི་མཐར་སིདྡྷི་བཏགས་པའི་རྗེས། སྨན་གཏོར་རཀྟས་མཆོད་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ནས། །ཞེས་སོགས་ཀྱིས་དངོས་གྲུབ་བསྐུལ་ཞིང་སྒྲུབ་རྟེན་ནམ་གཏོར་མ་གནས་གསུམ་དུ་གཏུགས། མཐར་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་གྱུར་པར་བསམ། གཏོར་རྫས་བདུད་རྩིར་མོས་ནས་མྱངས་པས་ཟག་མེད་ཀྱི་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་བར་བསམས་ལ་མཉམ་པར་བཞག །དེ་ཉིན་ཚོགས་མཆོད་དང་། སྤྱི་བྱེ་བྲག་གི་གཏོར་ཆོག་ཀྱང་རྒྱས་པར་བྱ་དགོས་ཤིང་། དེ་ཡང་ཆོ་གའི་དཀྱུས་ལྟར་དངོས་གྲུབ་ལེན་པའི་གོང་དུ་བྱ་བའམ། སྐབས་འདིར་བྱས་ཀྱང་མི་འགལ་ཞིང་ལག་ལེན་ལ་བདེ། གང་ལྟར་ཡང་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ་ལམ། ཡང་ན་བྲིས་སྐུ་ལ་བསྟིམ། དེ་དང་རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་། ཐུན་མཚམས་ཀྱི་ལྷར་ལངས་ཏེ། ལུས་སྲུང་དང་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱའོ། །དེ་རྗེས་ཁ་སྐོང་གི་ཞི་བའི་སྲེག་བླུགས་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་གསག་ཅིང་། སྔར་ཚོགས་མཆོད་བྱས་པའི་ལྷག་གཏོར་རྣམས་བསགས་ཡོད་ན། བསྲེག་རྫས་ལྷག་མ་དང་དཀྱིལ་འཁོར་གྱི་མཆོད་པའི་རས་མ་ཕྱགས་བདར་དང་བཅས་པ་ལྷན་ཅིག་ཏུ་བསྡུས་ནས། ལྷག་མའི་ཆོ་ག་སྐབས་འདིར་གཏང་ཡང་རུང་། སྔར་དངོས་གྲུབ་བླངས་རྗེས་ཀྱི་ཚོགས་མཆོད་ལ་སྦྲེལ་ཀྱང་མི་འགལ། སྲུང་མའི་གཏོར་མ་རྣམས་ཕུལ་ནས་ཆད་ཐོ་བསྒྲག་པ་དང་བརྟན་མ་སྐྱོང་བ་སོགས་ཀྱང་དེ་དང་འདྲའོ། །དེ་ནས་ཐོ་ལ་མཆོད་གཏོར་སྔར་ལྟར་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་འགྲོལ། དེ་ནས་ཀྱང་བག་གསེང་ཞིང་གནས་སྲུང་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། ༈ །ཡང་རྒྱུན་བཟླས་ནར་མར་བྱེད་པ་ལ་མཁོ་བ་ཤིན་ཏུ་བསྡུས་པའི་སྒྲུབ་ཐབས་འཕྲོས་དོན་དུ་བཤད་པ་ལ་གཉིས་ཏེ། ཕྱག་རྒྱ་རྐྱང་སྒྲུབ་ཆིག་དྲིལ་དུ་སྒྲུབ་པ་དང་། ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བདེ་གཤེགས་འདུས་པའི་སྒྲུབ་པ་བྱའོ་སྙམ་དུ་སེམས་བསྐྱེད། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག །དེ་ལས་བྱུང་བའི་འོད་ཟེར་གྱིས་ཚོགས་ཞིང་མཁའ་ཁྱབ་ཏུ་སྤྱན་དྲངས་ལ། ཚོགས་གསག་ཡན་ལག་བརྒྱད་པ་དང་། ཚད་མེད་བཞི་བསྒོམ། དེ་ནས་ཤཱུནྱ་ཏཱའི་སྔགས་ཀྱིས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ལུས་འཇའ་ཚོན་ལྟ་བུའི་དབུས་སུ་རང་རིག་ཧཱུྃ་ཡིག་སྔོན་པོར་འབར་བ། དེ་ལས་ཙ་ཡིག་སེར་པོ་ཆད་པ་ཡོངས་སུ་གྱུར་པ་ལས། འཁོར་ལོ་སེར་པོ་རྩིབས་བརྒྱད་ཕྱོགས་མཚམས་སོ་སོ་དང་རྩ་རྩེ་སྟེང་འོག་ཏུ་ཕྱོགས་པ་ཁོག་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལུས་འོད་ཀྱི་ཕུང་པོ་ཧཱུྃ་ལ་འདུས་ཏེ། ཉི་གདན་གྱི་སྟེང་དུ་བབས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཁྲོ་བོ་གནོད་མཛེས་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་དང་། འོག་མ་གཉིས་ཞགས་པ་དང་ལྕགས་ཀྱུ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བཅུ་མཆེད་སྟེང་འོག་ཕྱོགས་མཚམས་ཀྱི་རྩིབས་སྟེང་དུ་འཕྲོས་པ་ལས་ཁྲོ་བོ་བཅུ་པོ་ཐམས་ཅད་མཐིང་ནག་ཞགས་པ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། བདག་གི་རྩ་ཞལ་ནས་ཨོཾ་སུམྦྷ་སོགས་ཧཱུྃ་བཞི་པ་བརྗོད་པས་ཁྲོ་བཅུ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས་པས་བགེགས་ཐམས་ཅད་བསྡིགས་བསྐྲད། གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་མགྲིན་སྙིང་གར། གཤིན་རྗེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་སྨད་ཟུར་གསུམ་མེ་འབར་བའི་ཕུར་བུ་གསུམ་སྡེར་མོའི་སྔགས་བརྗོད་ཅིང་བཏབ་པས་བགེགས་རྣམས་རྟོག་པ་དང་བྲལ་ཏེ་བདེ་བ་ཆེན་པོའི་ངོ་བོར་མྱོས་པར་གྱུར་པ་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ལྷག་མ་རོ་དང་བཅས་པ་བསྲེགས་ཤིང་སྦྱངས། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་འཁོར་ལོའི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་དང་བླ་རེ། དེ་དག་ལས་ཀྱང་མདའི་དྲྭ་བ་མདེའུ་ཕྱིར་བསྟན་པ། མེ་རབ་ཏུ་འབར་བའི་སྲུང་འཁོར་གྱིས་ཁྱབ་པས་ཅིས་ཀྱང་མི་ཤིགས་པར་གྱུར། འཁོར་ལོའི་ནང་དུ་བདག་གི་ཐུགས་ཀ་ནས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉི་ཟླ་བའི་ལྟེ་བར་ཚངས་པ་དང་བརྒྱ་བྱིན་གྱི་གདན་ལ་རང་ཉིད་འཁོད་པར་གྱུར། སྙིང་གའི་འོད་ཀྱིས་སྲུང་འཁོར་གྱི་ཁྲོ་བཅུ་རང་ལ་བསྡུ་སྟེ། ཤར་དང་ཤར་ལྷོ་གཉིས་ཤར་སྒོ་ནས་རྩ་ཞལ་ལ་ཐིམ། ལྷོ་དང་ལྷོ་ནུབ་གཉིས་ལྷོ་སྒོ་ནས་གཡས་ཞལ་ལ་ཐིམ། ནུབ་དང་ནུབ་བྱང་གཉིས་ནུབ་སྒོ་ནས་རྒྱབ་ཞལ་ལ་ཐིམ། བྱང་དང་བྱང་ཤར་གཉིས་བྱང་སྒོ་ནས་གཡོན་ཞལ་ལ་ཐིམ། སྟེང་དང་འོག་གཉིས་སྤྱི་བོ་དང་གསང་གནས་ནས་ཐིམ་པའི་རྐྱེན་གྱིས་བདག་ཉིད་འོད་དུ་ཞུ་བ་གདན་གྱི་སྟེང་དུ་འོད་ཀྱི་གོང་བུ་ཆ་གཉིས་སུ་ཆད་དེ། ཉི་དཀྱིལ་ཨ་དམར་པོས་མཚན་པ་དང་། དེའི་སྟེང་དུ་ཟླ་དཀྱིལ་ཧཱུྃ་མཐིང་གས་མཚན་པ་ཁ་སྦྱོར་གྱི་རྣམ་པ་ཅན་ཨ་དང་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཟླ་ཉི་ས་བོན་དང་བཅས་པ་ལ་ཐིམ་པས་གསུམ་ཀ་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་ཧཱུྃ་སྔོན་པོ་དང་དྲིལ་བུ་ཨས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་ཆེན་པོ་བདེ་གཤེགས་འདུས་པའི་སྤྱི་གཟུགས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་རྩེ་ལྔ་པ་དང་དུང་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོ་ནག་དྲིལ་བུ་དང་ཐོད་ཁྲག་སྟོབ་པ་ལ་འཁྱུད་པ་ཁྲོ་གཏུམ་བཟོད་པར་དཀའ་བ་འབར་བ་ཆེན་པོའི་འོད་ཟེར་ཅན། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ཧཱུྃ་གི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོའི་གནས་ལྔར་འཁྱིལ་པ་ལས་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ ཞེས་པས་མཆོད་ནས། བསྟོད་པ་ནི། ཧཱུྃ༔ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཐབས་ལ་མཁས་པས་དྲག་པོའི་སྐུར་སྟོན་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷའི་གསལ་སྣང་ང་རྒྱལ་ལ་མཉམ་པར་བཞག །དེས་སྐྱོ་ན། རང་གི་ཐུགས་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ཀློང་དུ་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་འབར་བ་ལ་བཟླ་བྱའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བ་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨར་སོན། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཞུགས་པ་ཐུགས་ཀར་ཐིམ། དེའི་ཚེ་སྔགས་ཀྱི་འོད་ཟེར་མེ་འོད་ལྟར་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱང་བའམ། ཡང་ན་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟ་བུས་སྦྱངས་ཤིང་བཀྲུས་པས་ལུས་དྭངས་ཤེལ་ལྟར་དྲི་མ་མེད་པར་བསམས་ལ། ཞི་བའི་བོ་དྷི་ཙིཏྟ་དང་། ཁྲོ་བོ་དཔལ་དགུའི་སྙིང་པོ་རྣམས་ཅུང་ཟད་རེ་དང་། གཙོ་བོར་སྤྱི་སྔགས་རྒྱས་པ་འབྲུ་བཅུ་དགུ་པའམ། ཡང་ན་སྤྱི་སྔགས་བསྡུས་པ་ཨོཾ་ཨཱཿཧཱུྃ་གི་ཡིད་བཟླས་དང་ངག་བཟླས་སྤེལ་མ་དང་། ཤིན་ཏུ་བསྡུས་པ་ཧཱུྃ་རིང་ཧཱུྃ་ཐུང་བཟླ་བ་སྟེ། ཕྱི་མ་གཉིས་ལ་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་འཁོར་བ་མི་བསྒོམ་པས། ཧཱུྃ་ཡིག་ལས་འོད་ཟེར་བྱུང་བ་ཡབ་ཀྱི་ཞལ་ནས་ཐོན་པའི་ཁྱད་པར་མ་གཏོགས་གཞན་འདྲའོ། །ཐུན་མཐར་གཏོར་མ་ཕུལ་ནས་འདོད་དོན་གསོལ། ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རིམ་པར་བསྡུས་ཏེ་འོད་གསལ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་མཉམ་པར་འཇོག །དེ་ལས་ལྷར་ལངས་ནས་བསྔོ་བ་བྱས་ཏེ་སྤྱོད་ལམ་ལ་འཇུག་པའམ། ཡང་ན་ཐུན་དང་པོ་རྣམས་ལ་གཤེགས་བསྡུ་གཉིས་ཀ་མི་བྱེད་པར། ལྷའི་ཐུགས་ཀ་ནས་རང་ཉིད་སྲས་ཀྱི་ཚུལ་དུ་སྤྱོད་ལམ་ལ་འཇུག་ཅིང་། བྱ་བ་ཟིན་ནས་རང་ལ་བསྟིམ། ཐུན་ཐ་མ་ལ་གཤེགས་གསོལ་དང་ཉེར་བསྡུ་བྱ་བ་ཡིན་ནོ། །གཉིས་པ་ལུས་དཀྱིལ་ལ་བརྟེན་པའི་ཧཱུྃ་གི་དྲིལ་སྒྲུབ་ནི། ཚོགས་གསག་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་མི་ཤིགས་པར་བཅིངས་པའི་དབུས་སུ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེས་གཡོན་པའི་དུང་དམར་དཀྲུགས་པ། པད་ཟླ་ཉི་མ་དྲེགས་པའི་གདན་ལ་ཞབས་གཉིས་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། རང་འདྲའི་ཡུམ་དང་གཉིས་སུ་མེད་པར་འཁྲིལ་བ། ཡབ་ཀྱི་སྐུའི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་རྩ་འཁོར་རྣམས་གསལ་བར་མོས་ནས། རང་གི་སྤྱི་བོའི་གཙུག་ཏུ་པད་ཉི་ཟླ་བའི་གདན་ལ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་སློབ་དཔོན། དེ་བཞིན་དུ་སྤྱི་བོ་སྐུའི་འཁོར་ལོའི་དབུས་སུ་ཧཱུྃ་ཧཱུྃ་གིས་འཇམ་དཔལ་གཤིན་རྗེ་ཡབ་ཡུམ། མགྲིན་པ་གསུང་གི་འཁོར་ལོར་ཧཱུྃ་ཧཱུྃ་གིས་རྟ་མགྲིན་ཡབ་ཡུམ། སྙིང་ག་ཐུགས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་གིས་ཡང་དག་ཡབ་ཡུམ། ལྟེ་བ་ལས་ཀྱི་འཁོར་ལོར་ཧཱུྃ་ཧཱུྃ་གིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ། གསང་གནས་བདེ་བའི་འཁོར་ལོར་ཧཱུྃ་ཧཱུྃ་གིས་བླ་མེད་ཧེ་རུ་ཀ་ཡབ་ཡུམ། རྐང་པ་རླུང་གི་འཁོར་ལོ་གཡས་པར་ཧཱུྃ་ཧཱུྃ་གིས་དྲེགས་འདུལ་ཡབ་ཡུམ། གཡོན་པར་ཧཱུྃ་ཧཱུྃ་གིས་དྲག་སྔགས་ཡབ་ཡུམ། དེ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པས་རང་འདྲའི་ཡུམ་དང་འཁྲིལ་བ། ཞབས་གཡོན་བརྐྱང་བའི་དོར་སྟབས་ཅན་ནོ། །སྒོམ་ཚུལ་འདི་ཉིད་ཡེ་ནས་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་དེ། གཉུག་མའི་ལྷ་དེ་གློ་བུར་དྲི་བྲལ་གྱི་རྒྱལ་བ་རྣམས་དང་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས་ན་ཡེ་ཤེས་སྤྱན་དྲངས་ནས་བསྟིམ་པ་སོགས་མི་དགོས་སོ། །དེ་ལྟར་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྣམ་པ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་གི་ངང་ལ་ཅི་གནས་མཉམ་པར་བཞག །དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། སྤྱི་བོའི་བླ་མ་ནས་གསང་བའི་བླ་མེད་ཧེ་རུ་ཀའི་བར་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རིམ་པར་འཕྲོས། རྐང་པའི་རྩ་བོ་ཆེ་གཡས་གཡོན་ནས་སོང་སྟེ། དྲེགས་འདུལ་དང་དྲག་སྔགས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཞུགས། དེ་ལས་འོད་ཟེར་ཕྱིར་འཕྲོས་པ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས་ཡང་དག་པའི་ཡེ་ཤེས་ཀྱི་དབྱིངས་སུ་བསྡུས། སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་དྲན་རྟོག་དང་ཉོན་མོངས་པའི་དྲི་མ་སྦྱངས་ནས་ཡེ་ཤེས་ཀྱི་ལྷར་གྱུར། རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཧཱུྃ་གི་འོད་ཟེར་དཀར་འཚེར་གྱིས་གྱུར་ནས་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་བཞག་པས། ཉོན་སྒྲིབ་དག་པར་བསམས་ལ། མཆུ་བཙུམ་སྟེ་རླུང་གི་རྟ་ལ་དྲངས་ནས་ཧཱུྃ་ཧཱུྃ་ཞེས་རིང་པོར་བཟླ་བའོ། །ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གྱུར་པ་དེ་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་ཚུར་འདུས་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ལས་འོད་ཟེར་ཡར་རིམ་པར་སྤྲོས་པས་མ་མོ་ལ་ཐིམ་པས་བྱ་གྲུབ། རྡོ་རྗེ་གཞོན་ནུར་ཐིམ་པས་སོར་རྟོག །ཡང་དག་ལ་ཐིམ་པས་མེ་ལོང་ལྟ་བུ། རྟ་མགྲིན་ལ་ཐིམ་པས་མཉམ་ཉིད། གཤིན་རྗེ་གཤེད་ལ་ཐིམ་པས་ཆོས་ཀྱི་དབྱིངས་ཀྱི་ངང་དུ་གསལ་བར་བསམ། དེ་ལས་འཕྲོས་པའི་འོད་ཟེར་སྤྱི་བོའི་བླ་མ་ལ་ཕོག་པས་ཡེ་ཤེས་ལྔར་དབང་བསྐུར། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གསལ་ལ་མ་འདྲེས་འགག་མེད་དུ་རང་ཤར་བས་ཤེས་སྒྲིབ་དག་པར་བསམས་ལ། སྔར་བཞིན་ཧཱུྃ་རིང་པོར་བཟླའོ། །དེ་ནས་སྦྱོར་བའི་སྒོ་ནས་བདེ་བའི་ཡེ་ཤེས་བསྐྱེད་པ་ནི། སྤྱི་བོའི་བླ་མ་ཡབ་ཡུམ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བྱང་སེམས་བབས་པ་བདག་གི་ཚངས་བུག་ནས་སྤྱི་བོའི་ལྷའི་ཚངས་བུག་ཏུ་ཐིམ་པ་སོགས་རིམ་པར་རྩ་འཁོར་གྱི་འཁོར་ལོ་དྲུག་གི་ལྷ་ཐམས་ཅད་མཉམ་པར་སྦྱོར་བའི་བྱང་སེམས་བབས་པས་འཁོར་འདས་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལྷག་གིས་སྐྱེས་པར་བསམས་ལ་མཉམ་པར་བཞག་ནས། སྔར་བཞིན་ཧཱུྃ་རིང་བཟླའོ། །ཡང་སྒྲོལ་བའི་སྒོ་ནས་དགྲ་བགེགས་ཚར་བཅད་པ་ནི། སྤྱི་བོའི་རིག་འཛིན་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་འཇམ་དཔལ་སྐུའི་ལྷ་ལ་ཕོག་པས། དེའི་གཡས་ཕྱོགས་ནས་ཁྲོ་བོ་དང་གཡོན་ཕྱོགས་ནས་ཁྲོ་མོ་བརྒྱད་ཅུ་རྩ་གཉིས་མཚོན་ཆ་ཐོགས་པ་བྱུང་ནས། མགྲིན་པ་ལ་སོགས་པ་འཁོར་ལོ་ལྔ་རིམ་གྱིས་བརྒྱུད་རྐང་པ་ནས་ཕྱིར་འཕྲོས་པས་དགྲ་བགེགས་ཐམས་ཅད་རྩད་ནས་བཅད་པར་བསམ་པ་ནི་ཐུགས་རྗེས་གཞན་བསྒྲལ་བའོ། ཁྲོ་བོ་དང་ཁྲོ་མོ་རྣམས་ཚུར་འདུས་ནས་འོད་དུ་ཞུ་བ་དྲེགས་འདུལ་དང་དྲག་སྔགས་ལ་ཐིམ། དེ་ནས་ཡར་རིམ་བཞིན་གནས་ལྔའི་ལྷ་ལ་ཐིམ་པས་དུག་ལྔ་རྩད་ནས་བཅད། ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་ཏེ་རིག་འཛིན་བླ་མའི་ཐུགས་ཀར་ཐིམ་པས། རང་གཞན་ལྷ་སྔགས་ཀྱི་སྣང་བ་ཐམས་ཅད་གསལ་སྟོང་མི་དམིགས་པའི་ཀློང་དུ་གྲོལ་བས་དེའི་ངང་བསྐྱང་བ་ནི་རྟོག་པས་བདག་བསྒྲལ་བ་སྟེ། དེ་ལྟར་གསལ་བཏབ་ནས་ཧཱུྃ་དྲག་ཅིང་ཐུང་བར་བཟླ་བ་ཡིན་ནོ། །ཐུན་བསྡུ་བ་ན་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ལུས་ཀྱི་ལྷ་རྣམས་གནས་དེ་དང་དེར་འོད་དུ་ཞུ། གཞིའི་ལྷ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་ཅི་གནས་སུ་བཞག །དེའི་ངང་ནས་ཆུ་ལས་ཉ་ལྡང་བ་ལྟར་ལྷར་སྐད་ཅིག་གིས་ལངས་ལ་བསྔོ་བ་བྱ་བ་ཡིན་ནོ། །དེ་དག་གིས་ནི་བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པ་བསྟན་ཟིན་ཏོ། །དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པའི་གོ་དོན་ལག་ལེན་དང་བཅས་པ་གསལ་བར་བྱེད་པའི་ཡི་གེ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི་དཔལ་རི་སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས་རྗེ་བླ་མ་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཆེད་དུ་གསོལ་འདེབས་གནང་བ་ལས། རྗེ་བླ་མ་དམ་པའི་ཞལ་སྔ་ནས་ཚུལ་འདི་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་བཀའི་གནང་བ་ཐོབ་པ་ལྟར་གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་སྨྱོས་བཙུན་རྨོངས་པ་དྷརྨཱ་ཤྲཱིས་ཆུ་ལུག་ཧོར་ཟླ་བཅུ་གཅིག་པའི་ཡར་ངོའི་ཚེས་གཉིས་ལ་ཁྲ་འབྲུག་སྤྲུལ་བའི་གཙུག་ལག་ཁང་ཆེན་པོ་དང་འབྲེལ་བའི་འདབས་གསང་སྔགས་ཕོ་བྲང་དུ་རྫོགས་པར་སྦྱར་བ་སྟེ། འདིས་ཀྱང་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་དང་མི་འབྲལ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཧེ་རུ་ཀའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).