Terdzo-PHA-029



Property "author" has been marked for restricted use.








Terdzo-PHA-029.pdf
Click the picture above to view the Shechen manuscript.

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་

bka' brgyad bde gshegs 'dus pa las:_khyad par gnad kyi rdzogs rim lnga

by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  བཀའ་བརྒྱད་བདེ་གཤེགས་འདུས་པ་ (Bka' brgyad bde gshegs 'dus pa)
Volume 14 (ཕ) / Pages 845-881 / Folios 1a1 to 19a6

Tibetan Text

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ ཁྱད་པར་གནད་ཀྱི་རྫོགས་རིམ་ལྔ་བཞུགས་སོ༔ ༔ ལྷ་ལ་བསྟེན་ནས་བསྐྱེད་པའི་རིམ་པའི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ལ་བསྟེན་པ་བསྐྱེད་པའི་རིམ་པའི་རྫོགས་རིམ་ཞེས༔ གསང་སྔགས་ཀྱི་དངོས་གྲུབ་ནི་ལྷའི་དཀྱིལ་འཁོར་ལ་བསྟེན་ནས་བསྒྲུབ་དགོས་པས༔ དང་པོ་ཆོས་ཐམས་ཅད་སྟོང་པ་བདག་མེད་པ༔ ཤེས་པ་དང་བརྗོད་པའི་མཐའ་ལས་འདས་པ་ནི་དེ་བཞིན་ཉིད་དེ༔ དེ་ཁོ་ན་ཉིད་ཐོབ་པར་བྱ་བ་ཡིན་པས༔ དེ་ལ་བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་དེ་བཞིན་ཉིད་དང༔ ལས་དང་པོ་པས་བསྒོམ་པར་བྱ་བའི་དེ་བཞིན་ཉིད་གཉིས་སོ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་དེ་བཞིན་ཉིད་ནི༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བ་འདི་ལྟ་སྟེ༔ ཆོས་ཉིད་མ་བཅོས་པ་ཐོབ་པར་བྱ་བ་ཡིན་ཏེ༔ ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པ་སྟོང་པ་ཆེན་པོའི་རང་བཞིན་པར༔ བློས་བརྟགས་ཀྱང་མངོན་དུ་མ་གྱུར་ཏེ༔ སྤྱིའི་རྣམ་པ་ཙམ་ལ་དམིགས་པའོ༔ རྣལ་འབྱོར་པས་དམིགས་པ་དང་བཅས་པའི་ཤེས་པ་དེ་ལ་ནི༔ ཡུལ་དམིགས་པའི་ཡེ་ཤེས་པ་ཞེས་བྱ་བའོ༔ ཏིང་ངེ་འཛིན་གྱི་སྟོབས་དེས་ས་དང་པོ་ནོན་ནོ༔ དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ལའང་གཉིས་ཏེ༔ བདེ་བར་གཤེགས་པའི་རྒྱུད་ལ་གནས་པའི་ཀུན་ཏུ་སྣང་བ་ནི༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང༔ ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་པ་རྣམས་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ༔ ཆོས་སྐུ་ལས་གཟུགས་སྐུ་རྣམ་གཉིས་འབྱུང་བར་མཛད་པ་ལ་ནི༔ ཀུན་ཏུ་སྣང་བ་སྟེ་སེམས་ཅན་གྱི་དོན་ལ་གཡོ་བའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བའི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འདི་ལྟ་སྟེ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དེ་བཞིན་ཉིད་ཀྱི་དོན་མ་རྟོགས་པར་གཟུང་འཛིན་གྱི་རྣམ་པར་རྟོག་པས་ཁམས་གསུམ་དུ་འཁྱམས༔ རྒྱུད་དྲུག་དུ་འཁོར་བ་ལ་སྙིང་རྗེ་བསྐྱེད་པས་ཡུལ་ལ་གཡོ་བའི་ཤེས་པ་གང་ཡིན་པ་དེ་ལ་ནི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཏེ༔ ཤེས་པ་དེ་ལ་ནི་རྗེས་སུ་འབྲངས་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་གཉིས་པ་ནོན་ཏོ༔ དེ་ནས་འབྲས་བུའི་ཏིང་ངེ་འཛིན་ལ་གཉིས་ཏེ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་འབྲས་བུའི་ཏིང་ངེ་འཛིན་ནི༔ སྐུ་རྣམ་པ་གཉིས་བྱུང་ནས་སེམས་ཅན་གྱི་དོན་མཛད་པའོ༔ རྣལ་འབྱོར་པ་ལས་དང་པོ་པས་བསྒོམ་པར་བྱ་བ་ནི༔ ཡོ་གའི་ཏིང་ངེ་འཛིན་གང་ཡིན་པ་དེས་རྐྱེན་བྱས་ནས༔ ཀུན་གཞིའི་རྣམ་པར་ཤེས་པ་རྟེན་དང་བརྟེན་ཅན་དུ་བཅས་པ༔ ཡི་གེ་ཧཱུྃ་གི་རང་བཞིན་དུ་གསལ་བར་གྱུར་པ་ནི་འབྲས་བུའི་ཏིང་ངེ་འཛིན་ནོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་གཟུགས་བརྙན་ལྟར་སྣང་བའི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ནི་ས་གསུམ་པ་ནོན་ཏོ༔ དེ་ལྟར་ཏིང་ངེ་འཛིན་གྱི་བྱེ་བྲག་གསུངས་པ་དེའང་དོན་རྣམ་པ་གཉིས་སུ་གསུངས་ཏེ༔ བདེ་བར་གཤེགས་པའི་ཐུགས་ཀྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་གསུམ་གྱིས་གཞན་དོན་མཛད་དོ༔ རྣལ་འབྱོར་པ་ལས་དང་པོ་པས་བསམ་པར་བྱ་བའི་ཏིང་ངེ་འཛིན་རྣམ་པ་གསུམ་ནི་བདག་དོན་ནོ༔ སེམས་ཅན་གྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་གསུམ་ཡང་གསུངས་ཏེ༔ སྙིང་དཀར་ནག་མཚམས་ན་ཆོས་ཀྱི་འཁོར་ལོ་གནས་ཏེ༔ འཁོར་ལོའི་ལྟེ་བ་ན་ཡི་གེ་ཨཿགནས་ཏེ༔ ཡི་གེ་ཨཿདེ་ནི་ཡེ་ཕྱི་མོ་ཉིད་ནས་གྲུབ་སྟེ་གདོད་མ་ནས་གནས་པའོ༔ ཡི་གེ་དེའི་མཚན་ཉིད་སྤྲོས་པ་དང་བྲལ་ཏེ་སེམས་ཅན་གྱི་རང་རྒྱུད་ལ་ཡེ་ནས་གྲུབ་པའི་དེ་བཞིན་ཉིད་དོ༔ ཡི་གེ་ཨཿའི་དབུས་ན་ཡེ་ཕྱི་མོ་ནས་གྲུབ་པའི་ཧཱུྃ་གཅིག་གནས་ཏེ༔ ཧཱུྃ་དེ་ནི་ཤེས་པ་དང་དྲན་རྟོག་ཐམས་ཅད་འབྱུང་བར་བྱེད་པའི་རྐྱེན་ཏེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནོ༔ ཧཱུྃ་དེའི་རྣམ་པ་དེས་བསྐྱེད་ནས༔ ཐབས་དང་ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ཀཱ་ལི་ལྟར་བྱུང་ནས་ཤེས་པ་དང་བརྗོད་པ་ཐམས་ཅད་འབྱུང་བ་ནི་འབྲས་བུའི་ཏིང་ངེ་འཛིན་ནོ༔ དེ་ལྟར་སེམས་ཅན་གྱི་རྒྱུད་ལ་གནས་པའི་ཏིང་ངེ་འཛིན་རྣམ་གསུམ་གྱིས་ནི་བསྒྲུབ་པའི་བསྒོམ་པ་ཆུད་མི་ཟ་བའི་ས་བོན་ནོ༔ དེ་ལྟར་ཏིང་ངེ་འཛིན་རྣམ་པ་དགུར་བསྟན་ནས༔ ད་ནི་རྟེན་རང་བཞིན་གྱིས་སེམས་སྦྱོང་བ་བསྟན་ཏེ༔ ཕྱི་དང་ནང་དུ་བསྟན་པའི་ཡུལ་རང་བཞིན་ཅན་འདི་ནི་རྟེན་གྱི་དལ་དུ་སྣང་བ་སྟེ༔ དེའང་ཇི་ལྟར་སྣང་ཞེ་ན་ཡི་གེ་ཧཱུྃ་གི་འོད་ཟེར་ལས་ཡི་གེ་ཨེ་བྱུང༔ ཨེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བའི་ཕྱག་རྒྱར་གསལ་ཏེ༔ དབྱིབས་གྲུ་གསུམ་པ་གསལ་ཏེ༔ འབྱུང་བ་ནམ་མཁའི་རང་བཞིན་ཡུམ་ཀུན་ཏུ་བཟང་མོའི་མཁའ་འོ༔ ཧཱུྃ་ལས་ཡཾ་འཕྲོས་པས་རླུང་གི་དལ་གཞུའི་དབྱིབས་བ་དན་གྱིས་མཚན་པའོ༔ འབྱུང་བ་རླུང་གི་རང་བཞིན་ཡུམ་དམ་ཚིག་སྒྲོལ་མའི་མཁའ་འོ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་དམར་སེར་འཕྲོས་པས་དེ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རྡོ་རྗེས་མཚན་པ༔ འབྱུང་བ་མེའི་རང་བཞིན་ཡུམ་གོས་དཀར་མོའི་མཁའ་འོ༔ དེའི་སྟེང་དུ་ཧཱུྃ་ལས་ཁཾ་དཀར་པོ་ཞིག་འཕྲོས་པས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ༔ འབྱུང་བ་ཆུའི་རང་བཞིན་ཡུམ་མཱ་མ་ཀིའི་མཁའ་འོ༔ དེའི་སྟེང་དུ་སུཾ་སེར་པོ་འཕྲོས་པས་གསེར་གྱི་ས་བཞི་གྲུ་གཞི་སེར་པོ་གྲ་རེ་རེར་རྡོ་རྗེས་མཚན་པ༔ འབྱུང་བ་སའི་རང་བཞིན་ཡུམ་སངས་རྒྱས་སྤྱན་གྱི་མཁའ་འོ༔ དེ་ལྟར་མཁའ་རྣམ་པ་ལྔ་ནི་གཞལ་ཡས་ཁང་གི་ངོ་བོ་སྟེ༔ དེའི་སྟེང་དུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གཞལ་ཡས་ཁང༔ ཕྱི་ནས་བལྟས་པས་ནང་གསལ་བ༔ ནང་ནས་བལྟས་པས་ཕྱི་གསལ་བར་གྱུར་པ་དེ་ལ་ནི་སྣང་བ་དག་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བཞི་པ་ནོན་ཏེ༔ དེ་ལ་གཞལ་ཡས་ཁང་གྲུ་བཞིའི་དབུས་སུ༔ རྡོ་རྗེའི་ཆོ་ག་རྣམ་པ་གསུམ་གྱི་རྟེན་ཅན་ལྷའི་སྐུ་བསྒོམ་སྟེ༔ གཞལ་ཡས་ཁང་གི་དབུས་སུ་ལྷ་བརྒྱད་བསྣོལ་བའི་སྟེང་དུ༔ ཉི་ཟླ་པདྨ་བརྩེགས་པའི་སྟེང་དུ་རང་གི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡི་གེ་ཧཱུྃ་ནམ་མཁའ་ནས་ཐིགས་པའི་ཚུལ་དུ་བབས་པ་ནི༔ ཆོ་ག་གཅིག་སྟེ༔ ཧཱུྃ་ལས་འོད་ཟེར་འཕྲོས་སླར་འདུས་པ་ལས་ཧཱུྃ་ལྟེམ་གྱིས་ཞུ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྗེས་སུ་འབྲངས་པའི་སེམས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་ལྔ་པ་ནོན་ཏོ༔ དེ་ནས་ཧཱུྃ་དེ་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡེ་ཤེས་ལྔའི་གཟུགས་བརྙན་ལྟར་སྣང་བའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་དྲུག་པ་ནོན་ཏོ༔ དེ་ནས་རྡོ་རྗེ་ལས་འོད་འཕྲོས་སླར་འདུས་པ་ལས་རྡོ་རྗེ་འོད་དུ་ཞུ་བར་གྱུར་ཏེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཆོས་ཀྱི་སྐུ་ལ་བཞུགས་པའི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བདུན་པ་ནོན་ཏོ༔ དེ་ནས་འོད་ཀྱི་གོང་བུ་དེ་ལས་དཔལ་ཆེན་པོའི་སྐུར་གྱུར་ཏེ༔ དེའང་ཡེ་ཤེས་བྱེ་བྲག་ལས་མངོན་དུ་གྲུབ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བརྒྱད་པ་ནོན་ཏོ༔ དེའང་སྐུ་དེ་གདོས་པ་ཅན་མ་ཡིན་ཏེ༔ ཡིད་ཀྱི་སྤྱོད་ཡུལ་དུ་སྣང་བ་སྟེ༔ དེ་ལ་རང་བཞིན་ཡོད་པ་མ་ཡིན་ནོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ མེ་ལོང་ལྟར་སྣང་གི་ཡེ་ཤེས་ཞེས་བྱ་སྟེ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་དགུ་པ་ནོན་ཏོ༔ དེ་ལྟར་བསྐྱེད་པའི་རིམ་པ་མཐར་ཕྱིན་པར་བསྟན་ཀྱང༔ རྣལ་འབྱོར་པ་ལས་དང་པོ་པ་རྣམས་ལ་སྐྱོན་གསུམ་འབྱུང་སྟེ༔ དེའང་རྒོད་པ་དང༔ བྱིང་བ་དང༔ རྣམ་པར་གཡེང་བའོ༔ དེ་ལ་རྒོད་པ་ནི༔ དང་པོ་ཏིང་ངེ་འཛིན་ལ་ཞུགས་པས་བསྐྱེད་པའི་རིམ་པ་ཡིད་ལ་གསལ་སྙམ་བྱས་ལ༔ དེ་དང་དེར་མི་གནས་ཏེ༔ ཡུལ་སྔར་བྱས་པ་དང༔ ཕྱིས་བྱེད་པ་དྲན་པའི་ཡུལ་ལ་འཕྲོ་བའོ༔ དེ་བསལ་བའི་ཐབས་ནི༔ དེ་ལྟར་ཡུལ་སྔར་དྲན་པ་ཕྱིས་སྐྱེས་པ་ཅི་ལྟར་དྲན་ཅིང་གསལ་བ་དེ་ཉིད་བོར་ལ༔ གོང་མའི་ཏིང་ངེ་འཛིན་དེ་ཉིད་ལ་བསླབ་པར་བྱ་བ་ཡིན་ཏེ༔ ཇི་ལྟར་ཡིད་ཀྱི་ཡུལ་དུ་གསལ་བ་དེ་ཉིད་རྟེན་དང་རྟེན་ཅན་གྱི་ཡུལ་དུ་གསལ་བར་བྱ་ཞིང༔ དེ་ལས་གཞན་དུ་མི་གཡོ་བར་སེམས་བརྟན་པར་བཏག་པ་ནི་རྒོད་པ་བསལ་ཐབས་སོ༔ དེ་ལ་བྱིང་བ་ནི་འདི་ལྟར་སྟེ༔ དང་པོ་ཏིང་ངེ་འཛིན་གསལ་ཙམ་ན༔ གསལ་བ་སྙམ་བྱེད་ཅིང་དེ་ནས་ཅུང་ཟད་ན་མར་ཇེ་བྱིང་ཇེ་བྱིང་ལ་འགྲོ༔ རྒྱུས་མེད་པས་མུན་པའི་ནང་ནས་རྫས་འཚོལ་བ་དང་འདྲ༔ གསལ་བ་ཙུག་བྱས་ཀྱང་རྟེན་དང་རྟེན་ཅན་དུ་གསལ་རྒྱུ་མེད་པར་མོག་མོག་པོར་གྱུར་པ་ནི་བྱིང་བ་ཞེས་བྱ་སྟེ༔ དེ་བསལ་བའི་ཐབས་ནི་ཏིང་ངེ་འཛིན་བཏང་ཏེ༔ བདེ་བར་གཤེགས་པའི་སྐུ་དངོས་སུ་འབྱོར་ན་རབ༔ མ་འབྱོར་ནའང་ཡིད་ཀྱིས་མདུན་དུ་དམིགས་ལ༔ དེ་ལ་དངོས་སམ་ཡིད་ཀྱིས་མཆོད་པ་འབུལ༔ དེ་ལ་བསྐོར་བ་ལན་གསུམ་མམ་བདུན་བྱ༔ དེའི་རྗེས་ལ་ཆུས་བདག་གི་གདོང་སོགས་བཀྲུས་ལ༔ སྔོན་གྱི་ལས་ཇི་ལྟ་བ་དང༔ ཕྱིས་བྱ་བའི་ལུགས་ཇི་ལྟ་བ་ལ་སེམས་ཡན་དུ་བཅུག་ལ༔ དེ་ནས་གདོད་ཏིང་ངེ་འཛིན་ལ་སེམས་གནས་པར་བྱའོ༔ དེ་ནི་བྱིང་བ་བསལ་ཐབས་ཡིན་ནོ༔ དེ་ནས་གཡེང་བ་ཇི་ལྟར་ཞེ་ན༔ དང་པོ་ཏིང་ངེ་འཛིན་བརྩམ་པའི་དུས་ན༔ སྔོན་ལ་རིམ་པ་དང་པོ་དང་གཉིས་པ་ལ་སོགས་པ་གསལ་བ་སྙམ་བྱེད་ཀྱང༔ དེའི་འཕྲོ་ལ་གནས་པར་མི་བྱེད་པར༔ ཡུལ་གྱི་དངོས་པོ་ལ་རྨི་ལམ་གྱི་ཚུལ་ཇི་བཞིན་དུ་ཡུལ་ལ་ཡན་པ་ནི་གཡེང་བའོ༔ དེ་བསལ་བའི་ཐབས་ནི༔ ཤེས་པ་དེ་ལ་སེམས་ཅུང་ཟད་བརྟག་པ་བཅུག་པས༔ དེ་ནས་གདོད་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ དེ་ནས་ངན་སོང་གསུམ་གྱི་སྡུག་བསྔལ་དང༔ ཁམས་གསུམ་གྱི་སེམས་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་འདི་རྣམས་སྙིང་རྗེ་བར་བསམས་ལ༔ སྙིང་རྗེ་དུང་གིས་བསྐྱེད་ལ་གདོད་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ དེ་ལྟར་ཏིང་ངེ་འཛིན་གྱི་སྐྱོན་བསལ་ཡང་ནང་ལ་འབྱུང་བའི་སྐྱོན་འབྱུང་སྟེ་ཏིང་ངེ་འཛིན་ལ་གནས་པའི་དུས་ན༔ ཡིད་ལ་བདག་ཉིད་འཕྲེད་ལ་ཉལ་སྙམ་བྱེད་པ་དང༔ ལྷའི་སྐུར་ཡིད་ཀྱི་དབང་པོ་ཉིད་དུ་བརྟགས་པ་ལ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་འགྱུར་བ་སྙམ་བྱེད་པ་དང༔ དཀྱིལ་འཁོར་གྱི་ལྷ་ཉིད་མི་འདྲ་བར་བདག་ཉིད་ཀྱིས་མཐོང་བ་དང༔ བདག་གི་མིག་སྔར་མི་མཐུན་པ་ཉིད་ཀྱི་གཟུགས་མཐོང་བ་ནི་རླུང་གཡོས་པའི་དགྲ་རུ་བལྟའོ༔ ཏིང་ངེ་འཛིན་འཕྲོ་བཅད་ལ་རླུང་གཞིལ་བའི་ཆོ་ག་བྱའོ༔ དེ་ལྟར་ཏིང་ངེ་འཛིན་གྱི་སྐྱོན་བསལ་ནས་བསྒོམ་པའི་དུས་ན༔ བསྐྱེད་པའི་རིམ་པ་མཐུ་བརྟས་པའི་དྲོད་ནི༔ ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་མ་སྐྱེད་པར་དུང་གིས་སྐྱེའོ༔ དེ་ལ་ཡང་ནས་ཡང་དུ་གོམས་ཙ་ན༔ གདོང་མཆི་མ་ཕྲུགས་གེ་འདུག་པ་ཞིག་འབྱུང་ངོ༔ དེ་ལ་ཡང་ནས་ཡང་དུ་གོམས་ཙ་ན༔ དགའ་བ་མ་སྐྱེད་པར་ཤིན་ཏུ་དགའ་བ་སྐྱེ་སྟེ་དེ་ལྟ་བུའི་རྟགས་ལའང་བྲོད་སྐྱེད་པར་མི་བྱེད༔ དེ་ལས་ཀྱང་གོམས་པའི་དུས་ན༔ འཁོར་གཅིག་ཏིང་ངེ་འཛིན་མི་གསལ་བ་སྙམ་བྱེད་པ་ཞིག་འབྱུང་སྟེ་དེ་ལ་ཡི་ཆད་པར་མི་བྱ༔ དེ་ལ་ཡང་ནས་ཡང་དུ་བརྩོན་འགྲུས་བསྐྱེད་ཅིང་གོམས་པའི་དུས་ན༔ དལ་གྱི་ལྷ་ཇི་ལྟར་རྟོགས་པ་བཞིན་དུ་གསལ་ཞིང་དོད་པར་བལྟ་སྟེ༔ དེ་ལ་ཡང་ནས་ཡང་དུ་གོམས་པའི་དུས་ན༔ གཉིད་ལོག་ཀྱང་རུང༔ འགྲོ་ཡང་རུང༔ ཇི་ལྟར་འདུག་ཀྱང་རུང་སྟེ༔ ལྷའི་དཀྱིལ་འཁོར་འབའ་ཞིག་གསལ་བ་མ་གཏོགས་པ་གཞན་སྣང་རྒྱུ་མེད་པར་མཐོང་བ་དང་ཡི་དམ་ལྷའི་ཞལ་མཐོང་བ་ཞེས་བྱ་སྟེ༔ བསྐྱེད་པའི་རིམ་པ་མཐར་ཕྱིན་པ་ཞེས་བྱའོ༔ དེ་ནི་བསྐྱེད་པའི་རིམ་པ་ཡིན་ཀྱང་ཡང་དག་པའི་དོན་ལ་རེག་པ་མ་ཡིན་ཏེ་ཞི་བའི་ལམ་པ་ཞེས་བྱའོ༔ དེ་ནས་གདོད་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་སྟེ༔ དེ་ལ་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་བ་ནི༔ རྟེན་གཞལ་ཡས་ཁང་དང༔ བརྟེན་པ་ལྷ་རུ་སྣང་བ་འདི་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཙམ་དུ་བདེན་པར་སྣང་ཡང༔ དོན་ལ་བདེན་པ་མ་ཡིན་ཏེ་སེམས་ཀྱི་ཆོ་འཕྲུལ་དུ་བལྟའོ༔ སེམས་ཉིད་ལྷའི་དཀྱིལ་འཁོར་དུ་ཡེ་ནས་གནས་ཏེ༔ སེམས་ཉིད་ལྷར་སྣ་ཚོགས་སུ་སྣང་བ་ཡང་རང་གི་རིག་པ་ཡིན་ཏེ༔ རང་གི་རིག་པ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོར་རྟོགས་པར་བྱའོ༔ དེའི་དུས་སུ་ཕྱི་ནང་གི་རྟགས་འབྱུང་སྟེ༔ ཕྱི་རྟགས་ནི་ཡེ་ཤེས་ཀྱི་སྟོབས་རྙེད་ཅིང་མངོན་དུ་འགྱུར་བའི་དུས་ནི༔ ཐལ་ལྕག་བརྒྱབ་ཀྱང་རུང༔ སྦྲང་བུས་ཟོས་ཀྱང་རུང༔ རྔ་བོ་ཆེ་ལ་སོགས་པའི་སྒྲ་གྲགས་ཀྱང་རུང་སྟེ༔ ཏིང་ངེ་འཛིན་མི་འཕྲོག་པར་གནས་སོ༔ ནང་རྟགས་ནི་ཕྱི་ཡུལ་གྱི་དངོས་པོ་ལ་མི་གནས་ཤིང༔ སྐད་ཅིག་མ་གཅིག་ལ་དབང་པོའི་མངོན་སུམ་པར་ཆོས་ཉིད་ལྷག་གིས་མཐོང་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ རྣམ་པར་སྣང་མཛད་ཅེས་བརྗོད་དོ༔ དེའི་དུས་སུ་ཕྱི་ནང་དུ་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་གསལ་བས་རིན་ཆེན་འབྱུང་ལྡན་ཞེས་བྱའོ༔ དུས་དེ་ཉིད་དུ་ཆོས་ཉིད་ལས་དཔག་ཅིང་གཞལ་བ་ལས་འདས་པས་སྣང་བ་མཐའ་ཡས་ཞེས་བརྗོད་དོ༔ དུས་དེ་ཉིད་དུ་བརྗོད་པ་ཐམས་ཅད་ལས་འདས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་དོན་ཡོད་གྲུབ་པ་ཞེས་བྱའོ༔ དུས་དེ་ཉིད་དུ་བརྗོད་པ་ཐམས་ཅད་ལས་འདས་ཞེས་བྱ་བར་གདགས་སུ་མེད་ཅིང་ཚིག་དང་དངོས་པོ་གང་གིས་ཀྱང་གཞིག་ཏུ་མེད་པས༔ སྟོང་པ་ཆེན་པོ་ནམ་མཁའ་དང་འདྲ་བ་དེ་ལ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ བསྐྱེད་པའི་རྫོགས་པ་ཆེན་པོ་ཞེས་མཐར་ཕྱིན་པ་ཞེས་བྱ་སྟེ༔ ས་བཅུ་གཅིག་ནོན་པའོ༔ དེའང་རྣལ་འབྱོར་པ་ལ་ལ་ནི༔ སྐྱེ་བ་སྔ་མ་ལ་བསྐྱེད་པའི་རིམ་པ་ལ་སྦྱངས་ནས་སྐྱེ་བ་འདི་ལ་རྫོགས་པ་ལ་གནས་པའང་ཡོད་དོ༔ དེའི་མཚན་ཉིད་བསྐྱེད་པའི་རིམ་པ་བསྟན་མ་ཐག་ཏུ་གསལ་ཞིང་ཤེས་ནས༔ དེ་ལ་ཡིད་གནས་སུ་མི་འདོད་པར་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་དེ་ནི་སྐྱེ་བ་སྔ་མ་ལ་བསྐྱེད་པའི་རིམ་པ་ལ་སྦྱངས་པ་ཡིན་པར་ཤེས་པར་བྱའོ༔ བསྐྱེད་རིམ་ལ་བརྟེན་པ་ལྷའི་རྫོགས་རིམ་རྫོགས་སོ༔ ྈ ༈ གཡོ་བ་རླུང་གི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ གཡོ་བ་རླུང་གི་རྫོགས་རིམ་ལ༔ དང་པོ་ལུས་ནི་འབྱུང་བ་བཞི་ལ་བརྟེན་ནས་བླངས༔ ཕ་མ་གཉིས་ཀྱི་ཁུ་ཁྲག་དང༔ རིག་པ་ཡིད་ཀྱི་ཀུན་གཞི་ལས་ཀྱིས་དེད་ནས་མངལ་དུ་ཞུགས༔ དེ་ནས་མི་ལུས་འདོམ་གང་གྲུ་བཞི་ལ༔ རྩ་སྟོང་རྩ་གཉིས་གནས༔ རྩ་སྟོང་རྩ་གཉིས་ཀྱི་རྩའི་རྒྱལ་པོ་སྲོག་རྩར་རིག་པའི་སེམས་རླུང་གིས་དེད་ནས་ཨ་ཝ་དྷཱུ་ཏིར་ཚུད་ནས་དྲན་པ་སྙེད་དེ་རླུང་ཉི་ཁྲི་ཆིག་སྟོང་དུ་རྒྱས་སོ༔ རླུང་ཉི་ཁྲི་ཆིག་སྟོང་ཡང༔ རྩ་བ་རླུང་བཅུ་དྲུག་ཏུ་འདུས་སོ༔ རླུང་བཅུ་དྲུག་ལས་མེ་ཏོག་ཉི་ཁྲི་ཆིག་སྟོང་དུ་ཤར༔ མེ་ཏོག་ཉི་ཁྲི་ཆིག་སྟོང་ལས༔ འབྲས་བུ་བརྒྱད་ཁྲི་བཞི་སྟོང་དུ་ཤར༔ འབྲས་བུ་བརྒྱད་ཁྲི་བཞི་སྟོང་ལས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དུ་ཤར་བའོ༔ དེ་ལ་རླུང་ཐམས་ཅད་བསྡུས་པས༔ ཕྱིའི་རླུང༔ ནང་གི་རླུང༔ གསང་བའི་རླུང་དང་གསུམ་དུ་འདུས་སོ༔ དེ་ལ་ཕྱིའི་རླུང་ལ་བརྒྱད་དེ༔ འདེགས་པར་བྱེད་པའི་རླུང༔ སྙོམས་པའི་རླུང༔ འཇིག་པའི་རླུང༔ གཅོད་པའི་རླུང༔ བྱངས་པའི་རླུང༔ ལས་བྱེད་པའི་རླུང༔ འབིག་པའི་རླུང༔ ཀུན་ཏུ་ཁྱབ་པའི་རླུང་ངོ༔ ནང་གི་རླུང་ནི་བརྒྱད་དེ༔ གྱེན་དུ་རྒྱུ་བའི་རླུང༔ མཐུར་དུ་རྒྱུ་བའི་རླུང༔ ཕོ་བ་དྭངས་སྙིགས་འབྱེད་པའི་རླུང༔ བཀྲག་དང་གཟི་མདངས་སྐྱེད་པའི་རླུང༔ སྙིང་རྗེ་མེད་པ་ལས་ཀྱི་རླུང༔ ཐུགས་རྗེ་མེད་པ་མཉམ་པའི་རླུང༔ འབྱུང་བ་དྭངས་སྙིགས་འབྱེད་པའི་རླུང༔ ཤེས་རབ་ཆོས་སྐུ་དང་མཉམ་པའི་རླུང་ངོ༔ གསང་བའི་རླུང་ནི༔ ཀུན་གཞི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་དེ་ལ་བྱའོ༔ དེ་ལ་རླུང་ངོས་བཟུང་བ་ལ༔ ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་རྒྱུ༔ དེའང་ཡེ་ཤེས་ཀྱི་རླུང་དང༔ ཉོན་མོངས་པའི་རླུང་གཉིས་སུ་འདུ༔ ཡེ་ཤེས་ཀྱི་རླུང་ཞག་གཅིག་ལ་ཁྲི་ཚོ་གཅིག་དང་ལྔ་བརྒྱ་རྒྱུ༔ ཉོན་མོངས་པའི་རླུང་ཞག་གཅིག་ལ་ཁྲི་ཚོ་གཅིག་དང་ལྔ་བརྒྱ་རྒྱུ༔ རླུང་དེ་ལ་ཞོན་ནས་ཡིད་ཀྱི་འགྱུ་བ་འབྱུང་སྟེ༔ འཁོར་བར་འཁྱམས་པ་ནི་སྐྱེད་བྱེད་ཀྱི་རླུང་ངོ༔ དེའང་འགྲོ་བ་རིགས་དྲུག་གཞན་ནས་བཙལ་དུ་མེད་དེ༔ མི་ལུས་འདོམ་གང་གྲུ་བཞི་ལ་ཚང་ངོ༔ རིག་པ་བྱང་ཆུབ་སེམས་དེ་སྙིང་རྗེ་མེད་པའི་ལས་ཀྱི་རླུང་ལ་ཞོན་ནས་རྐང་མཐིལ་ནས་ཐོན་ནས་དམྱལ་ཁམས་བཅུ་དྲུག་དུ་བརྒྱུད་པའོ༔ མཐུར་དུ་རྒྱུ་བའི་རླུང་ལ་ཞོན་ནས་གསང་གནས་ནས་མར་ཐོན་པས་ཡི་དྭགས་སུ་འཁྲུལ་ལོ༔ བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ལ་ཞོན་ནས་མིག་ནས་ཐོན་པས་ལྷའི་གནས་སུ་འཁྲུལ༔ ཕོ་བ་དྭངས་སྙིགས་འབྱེད་པའི་རླུང་ལ་ཞོན་ནས་སྣ་བུག་ནས་ཐོན་པས་མིར་འཁྲུལ༔ སྙིང་རྗེ་མེད་པ་མེ་དང་མཉམ་པའི་རླུང་ལ་ཞོན་ནས་ལྟེ་བ་ནས་ཐོན་ནས་བྱོལ་སོང་དུ་འཁྲུལ་ལོ༔ སངས་རྒྱས་སུ་འགྲོ་བ་ཡང་རླུང་ཡིན་ཏེ༔ གྱེན་དུ་རྒྱུ་བའི་རླུང་ལ་རིག་པ་བྱང་ཆུབ་ཀྱི་སེམས་ཞོན་ནས་སྤྱི་གཙུག་ནས་ཡར་ཐོན་ནས་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པར་འགྱུར་རོ༔ ཤེས་རབ་ཆོས་སྐུ་དང་མཉམ་པའི་རླུང་ལ་རིག་པ་བྱང་ཆུབ་སེམས་དེ་ཞོན་ནས་སྙིང་ཙིཏྟའི་དབུས་སུ་སད་པས་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་ཤེས་པས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཤེས་པར་འགྱུར་རོ༔ རླུང་འཛིན་པའི་མན་ངག་ལ་བཞི་སྟེ༔ རླུང་མདའ་ལྟར་འཕང་བ༔ རླུང་གཞུ་ལྟར་དགུག་པ༔ རླུང་བུམ་པ་ལྟར་བསྐྱིལ་བ༔ རླུང་འཁོར་ལོ་ལྟར་བསྐོར་བའོ༔ རླུང་མདའ་ལྟར་འཕང་བ་ནི་རླུང་ཕྱིར་འདོན་པ་སྟེ་ཨོཾ་ལ་སྦྱང༔ རླུང་གཞུ་ལྟར་དགུག་པ་ནི་བར་དུ་རྔུབ་པ་སྟེ་ཨཱཿལ་སྦྱང༔ རླུང་བུམ་པ་ལྟར་བསྐྱིལ་བ་ནི་ནང་དུ་བཟུང་བ་སྟེ་ཧཱུྃ་ལ་སྦྱང༔ རླུང་འཁོར་ལོ་ལྟར་བསྐོར་བ་ནི༔ སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་ལ་ཡི་གེ་ཡཾ་གིས་ཁ་བཅད༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་ཡི་གེ་ཨོཾ་གྱིས་ཁ་བཅད༔ སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཡི་གེ་ཨཱཿཡིས་ཁ་བཅད༔ གློ་བ་ཀུན་བྱེད་འཁོར་ལོ་ལ་ཡི་གེ་ནི་ཡིས་ཁ་བཅད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་ཡི་གེ་ཧཱུྃ་གིས་ཁ་བཅད༔ མཆུ་སོ་ཆུའི་འཁོར་ལོ་ལ་ཡི་གེ་ཨེ་ཡིས་ཁ་བཅད༔ རྐང་པ་རླུང་གི་འཁོར་ལོ་ལ་ཡི་གེ་ཡཾ་གིས་ཁ་བཅད་ནས་གནས་སོ༔ དེ་རྣམས་སུ་སེམས་གཏད་ཅིང་གཟུང་བར་བྱའོ༔ དེར་སེམས་གཏད་པས་རྩའི་མདུད་པ་གྲོལ་ཏེ༔ རླུང་ཨ་ཝ་དྷཱུ་ཏིར་ཚུད་པས་སྐྱེད་བྱེད་ཀྱི་རླུང་གིས་འགུལ་བསྐྱོད་དང་བྲལ་ནས་སྙིང་ཙིཏྟའི་དབུས་སུ་སད་དེ༔ ཆོས་ཐམས་ཅད་མ་བཅོས་པ་བྱང་ཆུབ་སེམས་སུ་རྟོགས་ཤིང་མི་འགུལ་བ་ལ་ཉོན་མོངས་པ་སྐད་ཅིག་ཀྱང་མི་འགྱུ་སྟེ༔ དེ་ལྟར་གསང་བའི་རླུང་ངོས་ཟིན་པ་ཞེས་བྱའོ༔ དེ་ལ་རྟགས་ནི་ཕྱི་ནང་གསང་གསུམ་འབྱུང་སྟེ༔ ཕྱི་རྟགས་ནི་ལུས་འཕར་བ་དང༔ དྲོད་སྐྱེ་བ་དང༔ འགྲོ་བ་མགྱོགས་པ་དང༔ གོས་མི་དགོས་པ་དང༔ གཡང་ལ་མི་འཇིགས་པ་འབྱུང་ངོ༔ ནང་རྟགས་ནི༔ དབུགས་མི་རྒྱུ་བ་དང༔ ཉོན་མོངས་པ་མི་རྒྱུ་བ་དང༔ རྩ་མི་རྒྱུ་བ་དང༔ སྣང་བ་འདི་སྒྱུ་མ་ལྟ་བུ་འབྱུང་ངོ༔ གསང་བའི་རྟགས་ནི༔ སེམས་ཉིད་མ་བཅོས་པའི་དོན་བདེ་གསལ་ཆེན་པོ་ལས་སྐད་ཅིག་ཀྱང་མི་འགྱུར་ཏེ༔ དེ་ལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ༔ དེའང་རླུང་གི་རོ་འདོན་མ་ཤེས་ན༔ རླུང་ཤ་ལྤགས་མཚམས་སུ་སོང་ནས་མཛེར་འགྲོ་བ་འམ༔ རླུང་སྲོག་རྩར་འཁྱིལ་ནས་སྨྱོ་ནས་འགྲོ་བའམ༔ རླུང་མཐུར་དུ་ལོག་ནས་ཕྱི་ས་མི་ཐུབ་པ་དང༔ རླུང་ལོག་འོང་བས་བསྒོམ་པའི་ཚེ་སྐབས་སུ་ཧ་དྲག་པོ་བསྟུད་དེ་རླུང་གི་རོ་འདོན་གལ་ཆེའོ༔ རླུང་ལ་དབང་ཐོབ་ན་རིག་པ་ལ་དབང་ཐོབ༔ ཚེ་ལ་དབང་ཐོབ་པ་ཡིན་ནོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་གདམས་པ༔ གཡོ་བ་རླུང་གི་རྫོགས་རིམ་རྫོགས་སོ༔ ྈ ༈ བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བཀོད་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ༔ དེ་ལ་དོན་རྣམ་པ་བཞི༔ བྱང་ཆུབ་ཀྱི་སེམས་རྟོགས་པར་བྱ་བའི་ལྟ་བ༔ བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བའི་སྒོམ་པ༔ བྱང་ཆུབ་སེམས་ཀྱི་གྲོགས་བྱ་བའི་སྤྱོད་པ༔ བྱང་ཆུབ་ཀྱི་སེམས་མཐར་ཕྱིན་པའི་འབྲས་བུའོ༔ དེ་ལ་བྱང་ཆུབ་སེམས་རྟོགས་པར་བྱ་བའི་ལྟ་བ་ནི༔ རིག་པ་བྱང་ཆུབ་ཀྱི་སེམས་འདི་དང་པོ་རྒྱུ་ལས་མ་སྐྱེས༔ བར་དུ་རྐྱེན་ལས་མ་བྱུང༔ ཐ་མ་འདི་ལྟར་གནས་པའི་ཡུལ་མེད༔ དབྱིབས་དང་ཁ་དོག་ཏུ་མ་གྲུབ༔ བལྟས་པས་མཐོང་བ་མེད༔ ཆོས་ཉིད་གཉུག་མ་རང་གསལ༔ འཛིན་མེད༔ རྟེན་བྲལ༔ སྐུ་ལྔ་ལྷུན་གྲུབ་ཡིན་ནོ༔ ཆོས་ཉིད་དེ་རིག་པ་གང་ལྟར་ཡང་མ་འགགས་པས་ན་སྤྲུལ་སྐུ༔ རིག་པ་འགག་མེད་ཀྱི་དོན་སྐྱེ་བ་མེད་པས་ན་ལོངས་སྐུ༔ དེ་བློ་ཡི་སྤྱོད་ཡུལ་ལས་འདས་པས་ན་ཆོས་སྐུ༔ ངོ་བོ་ལ་དེ་གསུམ་དབྱེར་མེད་པས་ན་ངོ་བོ་ཉིད་ཀྱི་སྐུ༔ དེ་ལ་ཉེས་པས་མ་གོས་པས་ན་བདེ་བ་ཆེན་པོའི་སྐུའོ༔ སྒོམ་པ་བློ་ཡི་བཞག་ཐབས་ནི༔ གཉུག་མ་རང་གསལ་རྟེན་མེད་དུ་རྟོགས་པའི་སོ་མ་ཤེས་པ་མ་བཅོས་པར་རང་ལུགས་སུ་བཞག༔ ཡུལ་དང་ཡུལ་ཅན་དུ་མི་དམིགས་པ་ལ་བཞག༔ རྟེན་མི་བཅའ་བར་བཞག༔ སེམས་ཡོད་མེད་གང་དུའང་མ་གྲུབ་པར་དགག་སྒྲུབ་མེད་པར་ལྷུག་པར་བཞག་གོ༔ དེ་ལྟར་ཡེངས་སུ་སྐད་ཅིག་ཀྱང་མེད་ལ༔ བསྒོམ་དུ་རྡུལ་ཙམ་ཡང་མེད་པར༔ གསལ་ལ་མི་རྟོག་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུར་བཞག་གོ༔ དེ་ལ་མི་གནས་པར་རྟོག་པ་འཕྲོ་ན༔ སྐྱོན་བྱིང་རྒོད་གཉིས་ཡིན་པས༔ བྱིང་བ་ལ༔ གནས་ཚད་ཁུངས་དང༔ ཟས་ཤ་ཆང་དང༔ གོས་ལག་མང་བས་དོན་མི་གསལ་ཏེ༔ དེ་བཅོས་ན་ཁྲུས་བྱ༔ བཅག༔ གསེང༔ རྒོད་ན་སྔ་ཕྱི་གཉིས་ཏེ༔ རྟོགས་པའི་སོ་ལ་སྙགས་པ་དང༔ རང་བྱུང་རང་ཞིའི་བཅོས་ཐབས་སོ༔ དེ་ལ་ཉམས་བཞི་སྟེ༔ སྣང་བ་ནི་ཡོད་པ་དངོས་པོར་རྟོག་པ་མེད་པ་དང༔ ཏིང་ངེ་འཛིན་གསལ་ལ་དངོས་པོ་གཟུང་འཛིན་མེད་པ་དང༔ སྒོ་ལྔ་གསལ་ལ་ཞེན་པ་མེད་པ་ཡིད་གར་ཡང་མི་འགྱུ་བ་དང༔ རིག་པ་གསལ་ལ་འཕོ་འགྱུར་མེད་པའི་ཉམས་བསྒོམ་ན་རང་ཤུགས་ལས་འབྱུང་ངོ༔ སྤྱོད་པ་ནི༔ ཆོས་ཉིད་དེས་ཟིན་པའི་སྒོ་ནས་སྤྱོད་ལམ་འགྲོ་འདུག་ཟ་ཉལ་བཞིར་ལུས་ཀྱི་སྤྱོད་པ་ཅི་བྱས་ཆུ་ཟླ་ལྟ་བུ༔ ངག་གིས་ཅི་སྨྲས་བྲག་ཅ་ལྟ་བུ༔ ཡིད་ཀྱིས་ཅི་བྱས་སྒྱུ་མ་ལྟ་བུར་བྱ་སྟེ་ཞེན་པ་མེད་པར་བྱའོ༔ འབྲས་བུ་ལ༔ གྲོལ་ལུགས་གསུམ་སྟེ༔ རབ་ཡེ་ཤེས་ཀྱི་བར་དོ་ནས་གྲོལ་བ༔ འབྲིང་སྲིད་པའི་བར་དོ་ནས་གྲོལ་བ༔ ཐ་མ་སྐྱེ་བ་གཅིག་གིས་གྲོལ་ལོ༔ རབ་ཡེ་ཤེས་ཀྱི་བར་དོ་ནས་གྲོལ་བ་ནི༔ འཆི་ཁར་འབྱུང་བ་འགག་པའི་དུས་སུ༔ ཚོགས་དྲུག་པོ་ས་ལ་ཐིམ་པས་དབང་པོ་མི་གསལ༔ ས་ཆུ་ལ་ཐིམ་པས་ལུས་ལྕི༔ རིས་ནོན་པ་ལྟ་བུ་འབྱུང༔ ཆུ་མེ་ལ་ཐིམ་པས་བཤང་གཅི་མལ་དུ་འབྱུང༔ མེ་རླུང་ལ་ཐིམ་པས་རྐང་མཐིལ་ནས་དྲོད་ཆད༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད༔ དེར་སྒོ་ལྔའི་སྣང་བ་ནུབ༔ སྤྱི་བོ་ནས་བྱང་ཆུབ་སེམས་དཀར་པོ་མར་བབས་པ་དེ་སྣང་བ༔ ལྟེ་བ་ནས་བྱང་ཆུབ་སེམས་དམར་པོ་ཡར་བབས་པ་དེ་སྣང་བ་མཆེད་པ༔ སྙིང་ག་ཆོས་ཀྱི་འཁོར་ལོར་ཡས་ཀྱི་ཧཾ་དང༔ མས་ཀྱི་ཨ་གཉིས་འཕྲད་ནས་བདེ་བས་བརྒྱལ་བ་དེ་སྣང་བ་ཐོབ་པ༔ དེ་ཞག་ཕྱེད་དང་བཞིར་བདེ་བས་བརྒྱལ་ནང་དབུགས་ལ་གནས་སོ༔ ཞག་ཕྱེད་དང་བཞི་ན་རྨུགས་པ་གཉིད་སད་པ་ལྟར་ལུས་དང་ཤེས་པ་བྲལ་ནས༔ ནང་དབུགས་ཆད་ནས་ལུས་སྦྲུལ་ལྤགས་རྙིང་པ་བོར་བ་བཞིན་དུ་བཞག་ནས་སེམས་རླུང་ལ་ཞོན་ནས་ནམ་མཁའ་ལ་དག་སྟེ༔ དེའི་དུས་སུ་འོད་གསལ་འཆར་ཏེ་དེར་གདམས་ངག་ངོ་ཤེས་པར་བྱས་ནས་དེའི་ངང་ལ་གནས་པས་ཐུན་གཅིག་གིས་སངས་རྒྱས་ཏེ་སྐུ་ལྔར་མངོན་དུ་གྲོལ་ནས་འགྲོའོ༔ འབྲིང་གིས་སྲིད་པའི་བར་དོ་ནས་གྲོལ་བ་ནི༔ དེའང་གདམས་པས་ཟིན་ནས་མཉམ་པར་བཞག་ནས་ཐུན་གཅིག་བསྒོམ་པས་གྲོལ་བ་སྟེ་སྔར་ནས་སྦྱངས་པ་ཞེས་བྱའོ༔ དེ་ལྟར་མ་གྲོལ་ན་ཐ་མ་མའི་མངལ་དུ་ཞུགས་ནས་སྐྱེ་བ་དེ་ཉིད་ལ་སྔར་སྦྱངས་པའི་སྟོབས་དང༔ མོས་པའི་སྟོབས་ཀྱིས་རྐྱེན་བྱས་ནས༔ གོང་གི་གནས་ལུགས་དང་འཕྲད་ནས་ཚེ་དེས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་བོ༔ སེམས་ཉིད་ལ་བརྟེན་པ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་རྫོགས་སོ༔ ྈ ༈ ལུས་ལ་བརྟེན་པ་རྩའི་རྫོགས་རིམ་བཞུགས་སོ༔ ༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ལུས་ལ་བརྟེན་པ་རྩའི་རྫོགས་རིམ་ལ༔ རྣལ་འབྱོར་པ་ལྷའི་སྐུར་བསྒོམ་པ་དེ་ལ་ཕོ་བྲང་རྣམ་པ་དྲུག་ཡོད་དེ༔ དེའང་གང་ཞེ་ན༔ སྤྱི་བོ་བདེ་བ་ཆེན་པོའི་ཕོ་བྲང་དང༔ མགྲིན་པ་ལོངས་སྤྱོད་ཀྱི་ཕོ་བྲང་དང༔ སྙིང་ག་ཆོས་ཀྱི་ཕོ་བྲང་དང༔ ལྟེ་བ་སྤྲུལ་པའི་ཕོ་བྲང་དང༔ གསང་བ་རྡོ་རྗེ་སེམས་དཔའ་གསང་བ་རྗེས་སུ་འཇུག་པའི་ཕོ་བྲང་དང༔ རྡོ་རྗེ་གསང་བ་སྙོམས་པའི་ཕོ་བྲང་དང་དྲུག་གོ༔ དེ་ལ་བདེ་བ་ཆེན་པོའི་ཕོ་བྲང་ནི༔ རྩའི་རྣམ་པ་འཁོར་ལོའི་དབྱིབས་ཅན༔ འདབ་མ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་སྟོན་པའི་ངོ་བོ་ཧཾ་གི་རྣམ་པ་ཁ་བ་ལྟ་བུར་གནས་སོ༔ དེ་ལས་བྱུང་བ་དང༔ འོང་བ་དང༔ གཤེགས་པའི་སྒོ་དྲུག་ཡོད་དོ༔ ལོངས་སྤྱོད་ཀྱི་འཁོར་ལོ་རྩའི་རྣམ་པ་པདྨའི་དབྱིབས༔ རྩའི་འདབ་མ་བཅུ་དྲུག་གི་དབུས་ན་སྟོན་པའི་ངོ་བོ་ཨོཾ་གྱི་ངོ་བོར་གནས་སོ༔ རོ་ཡི་དངོས་པོ་ལ་སྤྱོད་ཅིང་ཆགས་པའི་གཞི་དག་པར་མཛད་དོ༔ དེ་ལ་ནི་ཆགས་པར་བྱེད་པའི་སྒོ་བཞི་ཡོད་དོ༔ ཆོས་ཀྱི་ཕོ་བྲང་གི་གནས་ནི༔ རྩའི་རྣམ་པ་བུམ་པའི་དབྱིབས་ཅན་པད་འདབ་བརྒྱད་པའི་དབུས་ན་སྟོན་པའི་ངོ་བོ་ཧཱུྃ་གི་ངོ་བོར་སྣང་སྟེ༔ དེ་ལ་ཆོས་ཐམས་ཅད་མ་འདྲེས་པར་གསལ་བར་སྟོན་ཏོ༔ དེ་སྨྲ་བར་བྱེད་པའི་སྒོ་དགུ་ཡོད་དོ༔ སྤྲུལ་པའི་ཕོ་བྲང་ནི༔ རྩའི་རྣམ་པ་པདྨའི་རྩ་བ་ལྟ་བུའི་དབྱིབས་ཅན༔ འདབ་མ་དྲུག་ཅུ་རྩ་བཞིའི་དབུས་ན་སྟོན་པའི་རང་བཞིན་ཨཿའི་རྣམ་པར་གནས་ཏེ༔ རྒྱུ་མི་མཐུན་པར་འབྱེད་པའི་སྒོ་བརྒྱད་ཡོད་དོ༔ རྡོ་རྗེ་སེམས་དཔའ་གསང་བ་རྗེས་སུ་འཇུག་པའི་ཕོ་བྲང་ནི༔ རྩའི་རྣམ་པ་གླང་པོ་ཆེའི་དབྱིབས་ཅན༔ འདབ་མ་གསུམ་གྱི་དབུས་ན་སྟོན་པའི་རང་བཞིན་འོད་ཀྱི་གང་བུར་གནས་ཏེ་ཡང་དག་པའི་བདེ་བ་མྱོང་བའི་རྒྱུ་སྟོན་པའི་སྒོ་གཉིས་དང་འདྲ་བའོ༔ རྡོ་རྗེ་སེམས་དཔའ་གསང་བ་སྙོམས་པར་འཇུག་པའི་ཕོ་བྲང་ནི༔ རྩའི་རྣམ་པ་རིན་པོ་ཆེའི་མྱུ་གུའི་དབྱིབས་ཅན༔ དེའི་དབུས་ན་སྟོན་པའི་རང་བཞིན་བརྗོད་དང་བྲལ་བའི་ངོ་བོར་བཞུགས་ཏེ༔ དེས་སེམས་ཅན་གྱི་དོན་མཛད་པའོ༔ སེམས་ཅན་གྱི་དོན་མཛད་པ་དེའང་གང་གིས་མཛད་ཅེ་ན༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་མཛད་དེ༔ ཕོ་བྲང་དེ་ལ་ནི་བརྗོད་དང་བྲལ་བའི་སྒོ་གཅིག་དང་ལྡན་ནོ༔ ཕོ་བྲང་དྲུག་ཆར་ལ་སྐུ་གསུང་ཐུགས་ཀྱི་རྩ་གསུམ་དང་ལྡན་པའོ༔ ཆོས་ཀྱི་ཕོ་བྲང་རྩའི་རྣམ་པ་ནི༔ རྩའི་དྭངས་མ་ཆེན་པོ་བརྒྱད་དེ༔ དེའང་གསུམ་ཆོས་ཉིད་ཀྱི་རྩ༔ གསུམ་ཡེ་ཤེས་ཀྱི་རྩ༔ གཅིག་རང་རྒྱུད་ཀྱི་རྩའོ༔ གཅིག་ནི་ཡོན་ཏན་གྱི་རྩ་སྟེ་རྩ་ཕྲ་མོ་བརྒྱད་ཡོད་དོ༔ ཆོས་ཉིད་ཀྱི་རྩ་ལ་ནི་འོད་སེར་པོ་གཅིག་ཏུ་གནས་སོ༔ དབྱིབས་ཅི་འདྲ་ན་ཟླུམ་པོ༔ ཚུལ་ཅི་འདྲ་ན༔ དངུལ་ཆུ་ཞུན་མ་ལ་གཞོན་མར་ཟོལ་སོང་བ་ལྟ་བུའོ༔ སྙིང་པོ་ནི་ཨོཾ་མོ༔ ས་བོན་ནི་ཏྲི་དང་སུ་འོ༔ དེ་གསུམ་གྱི་ཁ་དོག་ནི་ཟ་འོག་གུར་ཕུབ་པ་དང་འདྲའོ༔ ཡེ་ཤེས་ཀྱི་རྩ་ལ་ནི་འོད་མཐིང་ག་གཅིག་ཏུ་གནས་ཏེ༔ དབྱིབས་སྦྲུལ་དཀྱུད་པ་འདྲའོ༔ ཚུལ་དར་སྐུད་ལ་དོ་ཤལ་བརྒྱུས་པ་ལྟ་བུའོ༔ སྙིང་པོ་ནི་ཧཱུྃ་ངོ༔ ས་བོན་ནི་ཨཱཿདང་ནྲ་ྀའོ༔ རང་རྒྱུད་ཀྱི་རྩ་ལ་ནི་འོད་དམར་པོ་གཅིག་ཏུ་གནས་སོ༔ དབྱིབས་ནི་ཟླ་གམ་དམར་པོ་ལྟ་བུའོ༔ ཚུལ་ནི་སོས་ཀའི་ཆུ་ལ་སྨིག་འགྱུས་པ་ལྟ་བུའོ༔ རྩ་སྐྱའི་ཁ་ལ་ཟིལ་པ་ཆགས་པ་ལྟ་བུའོ༔ ཁ་དོག་ནི་ཟངས་ཞུན་མ་ལ་ར་གན་གྱི་ཟོལ་སོང་བ་ལྟ་བུའོ༔ སྙིང་པོ་ནི་ཨཱའོ༔ ས་བོན་ནི་པྲེ་དང་དུཿའོ༔ དེའང་མ་རྟོགས་པའི་དུས་ན་འཁོར་བའི་རྒྱུ་ཡིན་ཏེ༔ བག་ཆགས་ངན་པ་རྣམས་ནི་ཨཱཿནྲྀ་ལ་སོགས་པའི་ཡི་གེ་རྣམས་ལ་སོག་གོ༔ རྟོགས་པའི་དུས་ན་བག་ཆགས་བཟང་པོ་ཀུན་ཡེ་ཤེས་ཏེ་ཨོཾ་ཨཱཿསོགས་ལ་སོག་གོ༔ དེའང་ཇི་ལྟར་སོག་ཅེ་ན༔ འོད་སེར་པོ་ལ་ཀུན་གཞིའི་རྣམ་པར་ཤེས་པ་གནས་པ་དང༔ འོད་མཐིང་ག་ལ་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་དང༔ འོད་དམར་པོ་ལ་ཉོན་མོངས་པ་ཅན་གྱི་ཡིད་གནས་པ་དང༔ འོད་དམར་ནག་ལ་སྒོ་ལྔའི་རྣམ་པར་ཤེས་པ་གནས་པའོ༔ དེའང་ལྷ་དང་ལྷ་མ་ཡིན་གཉིས་སུ་སྐྱེ་བའི་ཁ་ཟིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས༔ ས་བོན་ཨཱཿདང་ནྲྀ་ལ་སོག༔ ལྷ་མ་ཡིན་དུ་སྐྱེ་བའི་ཁ་ཟིན་ནི་ཀུན་གཞིའི་རྣམ་པར་ཤེས་པས་བྱས་ནས༔ ས་བོན་ནི་སུ་དང་ཏྲི་གཉིས་ལ་སོག་གོ༔ ཡི་དྭགས་དང་དམྱལ་བར་སྐྱེ་བའི་ཁ་ཟིན་ནི་སྒོ་ལྔའི་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཡིད་ཀྱིས་བྱས་ཏེ༔ ས་བོན་པྲེ་དང་དུཿལ་སོག་གོ༔ རྩ་དེ་རྣམས་ཀྱི་དབུས་ན་རྩ་གསུམ་ཡོད་དོ༔ གཡས་ཀྱི་རྩ་དང༔ གཡོན་གྱི་རྩ་དང༔ དབུས་ཀྱི་རྩ་དང་གསུམ་བསྟན་ཏེ༔ དབུས་ཀྱི་རྩ་ནི་ཡང་དག་ཡེ་ཤེས་ཀྱི་རྩ་སྟེ་ཡི་གེ་ཨཱ༔ གཡས་ཀྱི་རྩ་ནི་ཐབས་ཀྱི་རྩ་སྟེ་ཡི་གེ་ཨོཾ༔ གཡོན་གྱི་རྩ་ནི་ཤེས་རབ་ཀྱི་རྩ་སྟེ་ཡི་གེ་ཡཾ༔ རྩའི་དྭངས་མ་འདི་དག་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་རང་ཆས་སུ་ཡོད་པའི་དྭངས་མ་སྟེ༔ དབྱིབས་དར་དཀར་གྱི་སྐུད་པ་ལྟ་བུ་ལ༔ ཐག་པ་ཁུག་པ་དྲངས་པ་འདྲ་བ་ཞིག་ཡོད་དོ༔ དེའི་སྦོམ་ཕྲ་ནི་རྟ་རྔ་བཅུ་རུ་བཤགས་པ་ཙམ་གྱི་སྦོམ་ཕྲ་ཐམས་ཅད་སྦྲེལ་ལོ༔ དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ༔ དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་རྒྱུའོ༔ དབུགས་ཀྱི་དྭངས་མ་དེ་ལ་ཁ་དོག་རྣམ་པ་སྣ་ཚོགས་པ་གནས་སོ༔ དེའི་དཀྱིལ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་བཞུགས་སོ༔ དེའི་དཔེ་ཇི་ལྟ་བུ་ཞེ་ན༔ གསེར་ཞུན་མ་ཇི་ལྟ་བུའི་ནང་དུ༔ ནོར་བུ་རིན་པོ་ཆེ་ཀེ་ཀེ་རུ་བཅུག་པ་ལྟ་བུའོ༔ ཁ་དོག་ནི་ཉི་མ་འཆར་ཀའི་དཀྱིལ་འདྲའོ༔ དེ་ནི་ཆོས་ཀྱི་དབྱིངས་སོ༔ རྩའི་ཡང་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ་གདོད་མ་ནས་ཕུང་པོའི་རྟེན་བྱེད་པས་ས་ལྟར་སྲ་བའང་ཡོད་དོ༔ དེ་ནི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ༔ ཁམས་གསུམ་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་མ་གྱུར་པ་མེད་པའི་རྟེན་བྱེད་པའོ༔ དེ་ལ་ཁྲག་གི་དྭངས་མ་མཚལ་ལྕོག་ལ་ལྟ་བུ་གནས་པ་ལ་ནི༔ གདོད་མ་ནས་ཕུང་པོ་གདོས་པ་ཅན་འབྱུང་བའི་དངོས་པོ་ཆུ་ལྟར་སྣང་ངོ༔ དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ༔ ཐམས་ཅད་བཀོལ་བ་མེད་པའི་དབྱིངས་གཅིག་ཏུ་འདུག་པའི༔ དེ་ཉིད་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་འདུག་པའི་རླངས་པ་ཙམ་ཞིག་འདུག་པ་ནི༔ གདོད་མ་ནས་ཕུང་པོ་ཡང་ཞིང་གཡོ་བར་བྱེད་པའི་རྒྱུ་རླུང་ལྟར་གནས་སོ༔ དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ བྱ་བ་ཐམས་ཅད་ལ་གཡོ་བའོ༔ དེ་ལས་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་དྲོད་ཀྱི་དྭངས་མ་ཙམ་ཞིག་གནས་ཏེ༔ དེ་ནི་ཐོག་མ་མེད་པ་ནས་འབྱུང་བ་སྨིན་པར་བྱེད་པའི་རང་བཞིན་འབྱུང་བ་མེའི་རང་བཞིན་ནོ༔ དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ༔ ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མའོ༔ འོད་དེའི་དཀྱིལ་ན་རྟོག་པ་མེད་པའི་ཡི་གེ་བྱང་ཆུབ་ཀྱི་སེམས་བཞག་པ་དེ་ནི་དྭངས་མ་ཆེན་མོའོ༔ དེ་གདོད་མ་ནས་ཕུང་པོ་གསལ་བར་བྱེད་པའི་རྟེན་ཡིན་པས༔ འབྱུང་བའི་དྭངས་མ་དེ་རྩ་སྦུབས་རྣམས་ཀྱང་ནམ་མཁའ་ལྟར་སྣང་བའོ༔ དེ་ནི་ཁྱབ་པ་ཆེན་པོའི་ཡེ་ཤེས་ཞེས༔ ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་ཏེ༔ ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་སྐབས་འབྱེད་པའོ༔ དེ་ལྟར་གསལ་བར་ཤེས་པ་ནི༔ རྫོགས་པའི་བསྐྱེད་པ་མཐར་ཕྱིན་པའོ༔ ད་ནི་རྫོགས་པའི་རྫོགས་རིམ་སྟོན་ཏེ༔ བཤང་སྒོ་གང་ཡིན་དེ་རླུང་གི་དཀྱིལ་འཁོར༔ རླུང་གི་དཀྱིལ་འཁོར་དེ་ལ་བ་དན་བཞི་ཡོད་དེ༔ རྩ་རྣམ་བཞིའི་ངོ་བོ་དེ་བསྐྱོད་དེ་ལྟེ་བ་སྤྲུལ་པའི་འོག་ན་མེའི་དཀྱིལ་འཁོར་གནས་ཏེ༔ རྩ་རྣམ་གསུམ་གྱི་རང་བཞིན་དེའི་དྲོད་ཀྱིས་སྤྲུལ་པའི་ཡི་གེ་ཨོཾ་གྱི་གཟུགས་བཞུ༔ རྩ་གཡས་པ་ནས་འོད་དུ་འཕྲོས་པས་ཆོས་ཀྱི་ཕོ་བྲང་དུ་ཕྱིན༔ སྟོན་པའི་རང་བཞིན་ཧཱུྃ་གི་གཟུགས་བཞུ་བས་རྩ་གཡས་པ་ནས་ཞུགས༔ ལོངས་སྤྱོད་ཀྱི་ཕོ་བྲང་དུ་ཕྱིན༔ སྟོན་པའི་རང་བཞིན་ཡི་གེ་ཨོཾ་གྱི་རྣམ་པར་བཞུ༔ གཡས་ཀྱི་རྩ་སྒོ་ནས་བྱུང༔ གཡས་ནས་འཁུལ་ནས་གསེར་གྱི་སྒོ་ནས་ཕྱིར་ཐོན་ནས་ཕྱོགས་བཅུར་འཕྲོས་ནས་ཕྱོགས་བཅུའི་བདེ་བར་གཤེགས་པའི་བྱང་ཆུབ་ཀྱི་རང་བཞིན་དྲངས་བཀུག་སྟེ༔ གཡོན་པའི་སྣ་སྒོ་ནས་ཞུགས་ཏེ༔ དེ་ནས་གཡོན་གྱི་སྒོ་ནས་འཁུལ་ཏེ་གནད་ཀྱི་སྒོ་ནས་ཕར་ཕྱུང་སྟེ༔ སྟེང་གི་སྒོ་ནས་ཞུགས་པས་སྟོན་པའི་རང་བཞིན་ཧཱུྃ་གི་གཟུགས་གསལ་བར་བྱས་ནས་རྩ་གཡོན་པ་ནས་ཞུགས༔ ལོངས་སྤྱོད་ཀྱི་ཕོ་བྲང་དུ་ཕྱིན༔ བསྐོར་བ་ལན་གསུམ་བྱས༔ ཨོཾ་གྱིས་གཟུགས་པོ་གསོས༔ རྩ་གཡོན་ནས་ཞུགས༔ ཆོས་ཀྱི་ཕོ་བྲང་དུ་ཕྱིན༔ བསྐོར་བ་ལན་གསུམ་བྱས༔ ཧཱུྃ་གི་གཟུགས་གསལ་བར་བྱས༔ རྩ་གཡོན་ནས་ཞུགས༔ སྤྲུལ་པའི་ཡི་གེ་ཨོཾ་གསོས༔ རྩ་དབུ་མ་ནས་ཞུགས་ཏེ་གྱེན་དུ་འབར་བར་གྱུར་པ་དང༔ བདེ་བ་ཆེན་པོའི་ཧཾ་ལས་ཀྱང་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འཛག་པ་གཉིས་ཆོས་ཀྱི་ཕོ་བྲང་དུ་འདོམ་སྟེ༔ འོད་ཀྱི་གོང་བུ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ༔ ཡིད་ཀྱི་མི་གཡོ་བ་ཆོས་ཀྱི་ཕོ་བྲང་གི་དབུས་ན་ཤིན་ཏུ་ཆ་ཕྲ་བར་བརྟག་གོ༔ རྣལ་འབྱོར་པ་དེར་གནས་སུ་མ་འདོད་ན༔ སྤྲུལ་པའི་ཕོ་བྲང་དུ་དྲངས་ལ་གཟུང་ཞིང་བརྟན་པར་བྱའོ༔ དེ་ལྟར་གཟུང་བའི་ཤེས་པ་དེ་ལ་ནི་ལུས་རྣམ་པར་ཞིག་པའི་ཡེ་ཤེས་ཞེས་བྱ་སྟེ་ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ཀུན་ཏུ་རྒྱུ་བའི་ཉོན་མོངས་པ་འཇིལ་པས་ས་དང་པོ་ནོན་ཏོ༔ དེ་ལ་རྫོགས་པའི་རྫོགས་པ་ཞེས་བྱའོ༔ དེ་ལྟར་ཏིང་ངེ་འཛིན་དེ་ཡང་ནས་ཡང་དུ་བརྟག་པ་དང་ཡེ་ཤེས་སྐྱེ་སྟེ༔ དེ་ལའང་རྟགས་རྣམ་པ་གཉིས་ཏེ༔ ཕྱི་རྟགས་དང་ནང་རྟགས་གཉིས་སོ༔ དེ་ལ་ཕྱི་རྟགས་ནི་ལུས་གཡོ་བ་དང༔ འཕགས་པ་དང༔ སྤྲུག་པ་སོགས་འོང་ངོ༔ དེ་ལ་སྤྲུག་པ་ཧ་ཅང་རང་རྒྱུན་རིང་ན་དངོས་པོར་བཟུང་བའི་སྐྱོན་ནོ༔ བདུད་ཀྱི་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ༔ ཐ་མར་སྨྱོན་པར་འགྲོ་བའང་ཡོད་དེ༔ དེའི་བཅོས་ཐབས་ནི༔ འོད་ཀྱི་རང་བཞིན་དེའང་ཡི་གེའི་དངོས་པོར་བརྟགས་ལ༔ ཡི་གེ་དེ་མགོ་བཅད་པས༔ རྩ་དབུ་མ་དེའི་ནང་གི་ཡི་གེའི་མགོའི་འོག་ནས་འོད་འབར་བ་རྒྱུན་མ་ཆད་པར་བརྟག་གོ༔ དེས་ཀྱང་མ་ཞི་ན༔ འོད་ཀྱི་དངོས་པོ་དེ་རང་བཞིན་མེད་པར་བརྟག་པར་བྱའོ༔ དེས་མི་ཞི་མི་སྲིད་དོ༔ དེ་ལའང་ནང་གི་རྟགས་ནི༔ ཤེས་པ་གང་ལའང་མི་འཇུག་པར༔ བརྟག་པའི་དངོས་པོ་ལས་གཞན་མ་གཡོས་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་ཙ་ན༔ ཕྱི་ནང་གི་དངོས་པོ་འདི་ལ་རང་བཞིན་མི་སྣང་སྟེ༔ སྟོང་པ་ཆེན་པོའི་ཡེ་ཤེས་སྐྱེ་སྟེ༔ དེའི་ཚེ་ཕྱི་ནང་གཉིས་ཀྱི་དྲོད་འབྱུང་སྟེ༔ ཕྱིའི་དྲོད་ནི༔ གང་ལའང་ཤེས་པ་མི་འཇུག་པ་དང༔ བསླུ་བའི་ཚིག་མང་པོས་མཐའ་བསྐོར་ཀྱང་དེ་བདེན་པར་ངེས་པའི་སེམས་མི་སྐྱེ༔ དེ་ནས་ཐུན་གཅིག་ཏུ་སྐྱེའོ༔ ནང་གི་དྲོད་ནི༔ དེ་ནས་ཉིན་པར་དང་བཅས་པར་སེམས་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡང་དག་པ་ཕྱིན་ཅི་མ་ལོག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ༔ ཏིང་ངེ་འཛིན་དེའི་སྟོབས་ཀྱིས་ས་བཅུ་པ་ཡན་ནོན་ཏོ༔ དེ་ལས་གསལ་བ་མཐར་ཕྱིན་པ་སངས་རྒྱས་ཏེ༔ རྫོགས་པའི་རྫོགས་པ་མཐར་ཕྱིན་པ་ཡིན་ནོ༔ ལུས་ལ་བརྟེན་ཏེ་རྩའི་རྫོགས་རིམ་རྫོགས་སོ༔ ྈ ༈ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་བཞུགས༔ ྈ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་ལ༔ དེའང་གསང་བ་རྡོ་རྗེ་བུམ་པའི་ནང་ན་ཡི་གེ་ལྔ་གནས་པ་འབྱུང་བཞིའི་རང་བཞིན་ཏེ༔ དེའང་གང་ཞེ་ན༔ ཡི་གེ་ཨོཾ་ནི་སའི་རང་བཞིན་ཏེ་གཡས་ན་གནས་པ་དང༔ ཨཱཾཿནི་ཆུའི་རང་བཞིན་ཏེ་གཡོན་ན་གནས་པ་དང༔ ཧཱུྃ་ནི་མེའི་རང་བཞིན་ཏེ་དབུས་ན་གནས་པ་དང༔ ཕཊ་ནི་རླུང་གི་རང་བཞིན་ཏེ་རྩ་གསུམ་འདུས་པའི་དབུས་ན་གནས་པའོ༔ ཡཾ་ནི་རིན་པོ་ཆེའི་གནས་ཉིད་ནམ་མཁའི་རང་བཞིན་ནོ༔ དེ་ལྟར་འབྱུང་བ་ལྔས་བྱང་ཆུབ་ཀྱི་སེམས་བསྐྱེད་དོ༔ དེའང་ཇི་ལྟར་བསྐྱེད་ན༔ ཡི་གེ་ཕཊ་ཀྱི་ངོ་བོ་དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་ཏེ༔ དེས་འོག་མ་རྣམས་སྐྱེད་པའི་རྐྱེན་ནོ༔ ཡི་གེ་ཨོཾ་གྱི་ངོ་བོ་དེ་ལ་ནི་ཁྲག་གི་དྭངས་མ༔ མཚལ་ལྕོག་ལ་ལྟ་བུ་གནས་སོ༔ ཡི་གེ་ཨོཾཿལས་བྱུང་བའི་དྭངས་མ་ས་ལྟར་གནས་པ་ཡང་ཡོད་དོ༔ ཡི་གེ་ཧཱུྃ་ལས་མེ་ལོང་ཉི་མ་ལ་བཞག་པ་ཙམ་གྱི་དྲོད་ཀྱི་དྭངས་མ་ཙམ་ཞིག་གནས་ཏེ༔ དེས་བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་དོ༔ རིན་པོ་ཆེའི་གནས་ནམ་མཁའི་རང་བཞིན་ཏེ༔ དེའི་དབུས་ན་དྭངས་མ་དེ་ལས་བསྐྱེད་པས༔ དྲོད་ཀྱི་དྭངས་མ་དེ་བླང་སྟེ་རྩ་གཡས་པ་ནས་ཞུགས་ཏེ་སོང་བ་དང༔ ཡི་གེ་རྣམས་ཀྱི་གཟུགས་ཞུ༔ འོག་མས་བཞུ་བའི་རིམ་པ་ཀུན་གོང་དང་འདྲའོ༔ ཕྱིར་འབྱུང་བ་ནི་གསེར་གྱི་སྒོ་ནས་འབྱུང༔ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་བདུད་རྩི་དྲངས་ནས་སྟེང་སྒོ་ནས་ཞུགས་ཏེ༔ ཡི་གེ་ཧཾ་གཡོན་པ་ལ་སོགས་པ་ཀུན་ཀྱང་གོང་མ་བཞིན་བྱས་ཏེ༔ མར་བབས་པའི་དུས་སུ་རྩ་གཡོན་དུ་འགྲོ་བའི་དུས་སུ་སེམས་བཟུང་བར་བྱའོ༔ དེར་མ་ཟིན་ན་ལོངས་སྤྱོད་ཀྱི་གཡོན་དུ་འདྲོང་པའི་དུས་སུ་ཡང་སྦར་རོ༔ དེ་གནས་སུ་མ་འདོད་ན་ཆོས་ཀྱི་ཕོ་བྲང་དུ་གཟུང་བར་བྱའོ༔ བདེ་བར་གྱུར་ན་གཡོན་པའི་གནས་སུའང་གཟུང་ངོ༔ དེར་ཡང་གནས་སུ་མ་འདོད་ན་སྤྲུལ་པའི་གནས་སུ་སྦར་རོ༔ དེར་ཡང་གནས་སུ་མ་འདོད་ན་དབུས་རྩ་ནས་ཞུགས་ཏེ་གྱེན་དུ་འབར་བ་ཧཱུྃ་གི་རྣམ་པ་ལས་ཐུར་དུ་འཛག་པ་གཉིས་ཆོས་ཀྱི་ཕོ་བྲང་དུ་འདོམ་སྟེ༔ ཆོས་ཀྱི་ཕོ་བྲང་གི་རྩ་རྣམས་ཀྱང་བྱང་ཆུབ་སེམས་ཀྱིས་རྒྱས་པར་བྱས༔ དེ་ལྟར་ཆུ་ལུད་པ་བཞིན་དུ་རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱས་པའི་དུས་ན༔ རྣམ་པར་རྟོག་པ་གང་ཡང་སྐྱེ་བར་མི་འགྱུར་ཏེ༔ སྤྲོས་པ་ཐམས་ཅད་བཅད་པས་ནའོ༔ དེའི་དུས་སུ་ཆོས་ཀྱི་ཕོ་བྲང་གི་དབུས་ན༔ ཐབས་ཤེས་རབ་སྙོམས་པར་འཇུག་པའང་ཡོད་དེ༔ ཐིག་ལེ་གསེར་ཞུན་མ་ལྟ་བུ་ལ་ནི་ཤེས་རབ་བོ༔ གསེར་ཞུན་མ་ལྟ་བུའི་ནང་དུ་རིན་པོ་ཆེ་ཀེ་ཀེ་རུ་བཅུག་པ་ལྟ་བུ་ནི་ཐབས་ཀྱི་རྒྱལ་པོའོ༔ དེ་ལྟར་ཤེས་རབ་གང་ཡིན་པ་དེ་ནི་ཐབས་ཡིན་ལ༔ ཐབས་གང་ཡིན་པ་དེ་ནི་ཤེས་རབ་བོ༔ འོད་ཀྱི་གོང་བུ་ཐིག་ལེ་བྱང་ཆུབ་སེམས་དེ་ཐ་དད་མེད་པར་མཐོང་ངོ༔ དེ་ལས་ཡང་ནས་ཡང་དུ་གོམས་སམ་འདྲིས་ཙ་ན༔ དྭངས་མ་ཆེན་པོའི་ཐིག་ལེ་ཉིད་ཀྱང་རང་བཞིན་མེད་པར་འོང་སྟེ་དམིགས་པའི་ཡུལ་དང་བྲལ་བའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཞེས་བྱའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པ་སའི་དྲོད་རྣམས་ཀྱང༔ སའི་རིམ་པ་ཇི་ལྟར་ནོན་པའི་བྱེ་བྲག་འོག་ནས་སྟོན་ནོ༔ འོ་ན་སའི་ཁྱད་པར་དྲོད་སྐྱེ་བ་དང༔ ཐིག་ལེ་ལ་དམིགས་པ་ཀུན་འདྲ་ན༔ ཕྱི་ནང་ཅིས་འབྱེད་ཅེ་ན༔ མི་འདྲ་བ་ཡང་ས་དྲོད་སྐྱེ་བ་སླ་བ་དང༔ ལུས་རྒྱས་པ་དང༔ ཐིག་ལེའི་མཚན་ཉིད་ཀུན་གསལ་བར་ཤེས་པས་དང་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་ན་ནང་ཞེས་སོ༔ གསང་བའི་རིམ་པ་ནི༔ ཤེས་རབ་མ་མཚན་ཉིད་དང་ལྡན་པ་གང་ཡིན་པ་དེ་ལ་དབབ་སྟེ༔ དེ་ལ་ཡང་ནས་ཡང་དུ་པདྨ་རྒྱས་སུ་བཅུག་ལ་དབབ་པ་དང༔ འོན་ཀྱང་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ཉམས་སུ་ལེན་པའོ༔ དེ་ལྟར་མ་ཡིན་ན་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ༔ ཤེས་རབ་མ་གང་ཡིན་པ་དེ་ལ་བློ་གཏད༔ པདྨ་རྒྱས་སུ་གཞུག་པའི་ཐབས་བྱས་ལ༔ དེ་པདྨ་རྒྱས་པ་དང་སྦྱོར་བ་བྱའོ༔ སྦྱོར་བ་བྱས་པས་ཅི་བྱེད་ཅེ་ན༔ བྱང་སེམས་དབབ་སྟེ༔ དོན་དམ་པ་བྱང་ཆུབ་སེམས་དང༔ ཀུན་རྫོབ་བྱང་ཆུབ་སེམས་སོ༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱིས་དོན་དམ་པའི་བྱང་ཆུབ་སེམས་མཚོན་པར་བྱེད་པས་སྦྱོར་བ་བརྩམ་མོ༔ དེའང་འབྱུང་བ་བཞིའི་རྣམ་པས་དབབ་དགོས་པས་དང་པོ་པདྨ་དང་རྡོ་རྗེ་འཕྲད་པའི་དུས་སུ་སྲ་བ་ཞིག་འབྱུང་སྟེ༔ དེ་ནི་སའི་རང་བཞིན་ནོ༔ དེ་ལ་དལ་བུས་བསྐྱོད་པ་ནི་རླུང་གི་རང་བཞིན་ནོ༔ དེ་ལས་དྲོད་བསླང་ནས་ཐབས་དང་ཤེས་རབ་གཉིས་ལ་དྲོད་སྐྱེ་སྟེ༔ འབྱུང་བ་མེའི་རང་བཞིན་ནོ༔ དེས་འཕྲོས་པ་དང་གཤེར་བ་དང༔ བརླན་གཤེར་འབྱུང་སྟེ༔ འབྱུང་བ་ཆུའི་རང་བཞིན་ནོ༔ དེས་བརླན་པར་བྱས་ཤིང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་ནས་ཡི་གེ་ཧཾ་གི་རྣམ་པ་ཁ་བ་ལྟ་བུར་གནས་ཏེ༔ རླན་གྱིས་དྲོས་པས༔ ཁ་བ་ལྟ་བུའི་རྣམ་པ་ཞུ་ནས༔ འཁོར་ལོ་རྣམ་པ་བཞི་རུ་རིམ་པ་བཞིན་དུ་བབས་པ་ལས་སྤྲུལ་པའི་འཁོར་ལོའི་གནས་སུ་ཕྱིན་པ་དང་དགའ་བ་ཞེས་བརྗོད་དོ༔ རྣལ་འབྱོར་པའི་ཡུད་ཙམ་པའི་ཤེས་པ་དེ་ལ་ནི༔ མཚོན་པའི་བྱང་ཆུབ་སེམས་ཞེས་བྱའོ༔ རྡོ་རྗེའི་དབུས་སུ་ཕྱིན་ཙམ་ན༔ མཆོག་ཏུ་དགའ་བ་ཞེས་བྱའོ༔ སྐད་ཅིག་མའི་ཤེས་པ་དེ་ལ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱའོ༔ རྡོ་རྗེ་བྷ་གའི་ནང་ན་རིན་པོ་ཆེའི་གནས་ཡོད་དོ༔ དེར་ཕྱིན་པའི་ཡེ་ཤེས་པ་དེ་ལ་ནི༔ ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ༔ རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བདེས་མཚོན་པར་བྱེད་དོ༔ དེ་ལས་འདས་ནས་བུམ་པ་ལས་ལྷུང་ན་ནི༔ དགའ་བྲལ་གྱི་དགའ་བའོ༔ དེ་ནི་ཆད་པའི་མཐའ་གཉིས་པའོ༔ འདས་ནས་ཆད་པར་ལྷུང་བ་དེ་ལ་དགའ་བ་ཅི་ཡོད་ཅེ་ན༔ དེ་རང་ལ་དགའ་བ་མེད་ཀྱང༔ གོང་མའི་རྗེས་སུ་དྲན་པར་བྱེད་པས་དགའ་བའོ༔ མཆོག་ཏུ་དགའ་བ་ནི་རྟོག་པའི་མཐའ་གཅིག་པའོ༔ དེ་གཉིས་ཀྱི་དབུས་ནི་རང་བཞིན་གྱི་དགའ་བ་སྟེ༔ དེ་ཉམས་སུ་བླང་བར་བྱ་བ་ཁོ་ནའོ༔ འོ་ན་དེ་ལྟར་ཉམས་སུ་བླངས་པ་ཡིན་ན༔ གཟུང་བ་ཇི་ལྟར་གཟུང་ཞེ་ན༔ དེའང་འདི་ལྟ་སྟེ༔ རྡོ་རྗེ་བྷ་གའི་ནང་ན་རྩ་གསུམ་རིན་པོ་ཆེའི་དབྱིབས་འདྲ་བར་གནས་ཏེ༔ གཡས་ཀྱི་རྩ་ལ་ནི་ཨོཾ་དཀར་པོ༔ གཡོན་གྱི་རྩ་ལ་ཨཱཿདམར་པོ༔ དབུས་ཀྱི་རྩ་ལ་ཧཱུྃ་མཐིང་གའོ༔ དེ་ནས་མར་ཙམ་སོར་གཅིག་ལ་རྩ་གསུམ་འདོམ་ནས་གནས་ཏེ༔ འདོམ་པའི་གནས་དེ་ན་ཕཊ་སེར་པོ་གནས་སོ༔ དེ་ལྟར་ཡི་གེ་ལས་ནི་འདས༔ ཕཊ་ལ་ནི་མ་སླེབས་པའི་བར་དེར་གཟུང་བར་བྱའོ༔ དེའང་རྐྱེན་གང་གིས་གཟུང་ན༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ༔ བྷ་གའི་ནང་ནས་ཡར་རྔུབས་ལ་གཟུང་བར་བྱའོ༔ དེ་ལྟར་གཟུང་བའི་དུས་ན་རྣམ་པར་རྟོག་པ་ཐམས་ཅད་འགགས་ནས་ཆོས་ཉིད་ཡུལ་ཇི་ལྟ་བ་བཞིན་མཐོང་ནས་ས་དང་པོ་བགྲོད་པ་སྟེ༔ རྫོགས་པའི་བསྐྱེད་པ་མཐར་ཕྱིན་པའོ༔ དེ་ནས་དེའི་ངང་ལ་ཡུན་རིང་དུ་གནས་ནས༔ ཕྱི་རྟགས་དང་ནང་རྟགས་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ སེམས་དང་པོ་ཇི་ལྟར་བཞག་པ་བཞིན་དུ་གནས་ཤིང༔ བག་ཆགས་ཀྱི་རང་བཞིན་དྲི་མ་མེད་པར་གནས་སོ༔ ཕྱི་རྟགས་ནི༔ ཡུལ་རགས་པའི་དངོས་པོ་འདི་ལ༔ རགས་པར་མི་རྟོག་ཅིང་སྒྱུ་མ་ཡིན་པར་ཤེས་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ དྲི་མ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་གཉིས་པ་བགྲོད་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པའི་དུས་ན༔ ཕྱི་རྟགས་དང་ནང་རྟགས་གཉིས་འབྱུང་སྟེ༔ ནང་རྟགས་ནི་དང་པོའི་ཤེས་པ་ཡུད་ཙམ་དང༔ དེ་ནས་བག་ཙམ་དང༔ དེ་ནས་ཅུང་ཟད་སྐྱེ་སྟེ༔ ཇི་ལྟར་བཞག་པ་ལ་བརྟག་པ་སྙམ་བྱེད་ཅིང༔ གསལ་རྒྱུ་མེད་པར་ཡིད་ལ་གསལ་སྙམ་བྱེད་དོ༔ ཕྱི་རྟགས་ནི༔ ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེའི་བསམ་པ་མ་སྐྱེད་པར་དུང་གིས་སྐྱེའོ༔ འདི་ལྟ་བུའི་ཆོས་ལས་ལྷག་པ་གང་ན་མེད་བསམ་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་ཡོངས་སུ་བརྟག་པའི་ཡེ་ཤེས་ཞེས་བྱ་སྟེ༔ དེས་ས་གསུམ་པ་བགྲོད་པའོ༔ དེ་ལས་ཀྱང་ཤིན་ཏུ་གོམས་པའི་དུས་ན༔ རྟགས་ལ་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ དང་པོ་ཇི་ལྟར་གནས་པ་ལས༔ གཞན་དུ་མི་གཡོ་བར་ཐུན་ཕྱེད་བར་དུ་གནས་པ་འབྱུང་ངོ༔ ཕྱི་རྟགས་ནི༔ དགའ་བ་མ་སྐྱེད་པར་དགའ་བ་གཏིང་ནས་སྐྱེས་ནས༔ གལ་མེད་པར་གད་མོ་མི་ཐུབ་པར་རྒོད་བྲོ་བ་འབྱུང་ཞིང༔ སེམས་ཤིན་ཏུ་གསལ་བ་འབྱུང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འཛིན་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་བཞི་པ་བགྲོད་པའོ༔ དེ་ལས་ཀྱང་ཤིན་ཏུ་གོམས་པའི་དུས་ན༔ ཡེ་ཤེས་ལྷག་པར་འཕེལ་ཏེ༔ ཤིན་ཏུ་མཐུ་བརྟས་ནས་གནས་ཏེ༔ དེ་ཙམ་ན་ཉོན་མོངས་པའི་སྒྲིབ་པ་དག༔ ཤེས་བྱའི་སྒྲིབ་པ་སྦྱང་དགོས་ཏེ༔ དེ་ཙམ་གྱི་དུས་ནའང་རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ སེམས་དང་པོ་ཇི་ལྟར་བཞག་པ་ལས༔ ཤེས་པ་མི་འདྲ་བ་རྣམ་པར་གཞག་པ་ཇི་ལྟ་བུ་ཡང་མི་འཕྲོ་བར་གནས་ཤིང༔ ཐུན་གཅིག་བར་དུ་གནས་སོ༔ ཕྱི་རྟགས་ནི༔ ཡུལ་གྱི་རྣམ་པ་འདི་ལ་ཡུལ་གྱི་དངོས་པོ་འདི་ལྟར་སོ་སོར་མི་མཐོང་ཞིང་སྨིག་རྒྱུ་བཞིན་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ནི༔ རྒྱུ་ཐ་དད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་ལྔ་པ་བགྲོད་དོ༔ དེ་ལས་ཡང་ནས་ཡང་དུ་གོམས་ཙ་ན༔ ཡེ་ཤེས་སྟོབས་བསྐྱེད་ཅིང་ཏིང་ངེ་འཛིན་ལ་གནས་པའི་དུས་ན་ཡང༔ རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ ཏིང་ངེ་འཛིན་ལ་གནས་པའི་དུས་ནའང་ཆོས་ཉིད་ཀྱི་དངོས་པོ་ཡིད་ཀྱི་སྤྱོད་ཡུལ་དུ་ལྷག་པར་ཡང་གསལ་ཞིང༔ ཇི་ལྟར་གནས་པ་བཞིན་དུ་ཐུན་གཉིས་ཀྱི་བར་དུའང་གནས་པར་འགྱུར་རོ༔ ཕྱི་རྟགས་ནི༔ ཕྱིའི་སྤྱོད་ཡུལ་ལ༔ སྨིག་རྒྱུ་ཙམ་དུ་འང་མི་སྣང་ཞིང༔ རྒྱ་ཡོངས་སུ་མ་ཆད་པའི་དུ་བ་ཙམ་དུ་མཐོང་སྟེ༔ བག་ལ་ཉལ་གྱི་སྒྲིབ་པ་དང༔ ཤེས་བྱའི་སྒྲིབ་པ་གཉིས་ཀ་བསལ་བའི་ཤེས་པ་འབྱུང་སྟེ༔ དེ་གཉིས་ཀ་ཤེས་རབ་ཟབ་མོས་མི་གནས་པར་བརྟག་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཤེས་རབ་མངོན་དུ་གྱུར་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་དྲུག་པ་བགྲོད་དོ༔ དེ་ལས་ཀྱང་ཏིང་ངེ་འཛིན་ཡོངས་སུ་བརྟན་ན༔ ཡང་ནས་ཡང་དུ་མཐུ་བརྟས་པའི་དུས་ན༔ ལྷག་པར་ཡང་སྟོབས་ཤིན་ཏུ་ཆེ་སྟེ༔ དེའི་དུས་ནའང་རྟགས་རྣམ་པ་གཉིས་ཏེ༔ ནང་རྟགས་ནི༔ དང་པོ་ཇི་ལྟར་གནས་པ་ནས་ཐུན་བཞི་པའི་བར་དུ་གནས་ཤིང༔ ཉོན་མོངས་པའི་རྒྱུ་ཏིལ་འབྲུ་ཙམ་ཡང་མི་གནས་པར་འགྱུར་རོ༔ ཕྱི་རྟགས་ནི༔ ཡུལ་གྱི་དངོས་པོ་འདི་ལ་དུ་བའི་དངོས་པོ་ཙམ་དུའང་མི་གནས་པར་སྲིན་བུ་མེ་ཁྱེར་བའི་རྣམ་པ་ཙམ་དུ་མཐོང་ཞིང༔ སྟོན་པའི་ཞལ་ནས་གསུངས་པའི་མདོའམ༔ ཟག་པ་ཟད་པའི་གང་ཟག་དགེ་བའི་བཤེས་གཉེན་གྱིས་མཛད་དོ་འཚལ་གྱི་ཡི་གེ་ཐ་དད་པ་ལ་བརྟགས་ཀྱང་རྒྱུ་ཤས་ཆེར་གསུངས་པ་དང༔ འབྲས་བུ་ཤས་ཆེར་གསུངས་པ་ལའང་ཐ་དད་མེད་ཅིང༔ འབྲས་བུ་འབའ་ཞིག་པའི་ཤེས་པ་སྐྱེའོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་ཐ་དད་མེད་པའི་ཡེ་ཤེས་ཞེས་བྱ་སྟེ༔ ས་བདུན་པ་བགྲོད་དོ༔ དེ་ལས་ཀྱང་སྟོབས་བསྐྱེད་པའི་དུས་ན༔ ཏིང་ངེ་འཛིན་ཇི་ལྟར་གནས་པའི་རང་བཞིན༔ ཉིན་པར་གཉིས་ཀྱི་བར་དུ་འདུག་ཅིང༔ འདི་ལས་ལྷག་པའི་ཏིང་ངེ་འཛིན་གཞན་ན་མེད་དོ་སྙམ་པ་དང༔ ཏིང་ངེ་འཛིན་ལ་ཡེ་ཤེས་བགྲོད་པའི་གནས་ག་ལ་ཡོད༔ འདི་ལྟ་བུ་ལ་གནས་པའི་དུས་ན༔ འབྲས་བུ་ངན་པ་འབྱུང་བའི་གནས་ག་ལ་ཅི་ཡོད་སྙམ་པའི་ཤེས་པ་འབྱུང་སྟེ༔ ནང་རྟགས་སོ༔ ཕྱི་རྟགས་ནི༔ སྲིན་བུ་མེ་ཁྱེར་བ་འདྲ་བའི་རྣམ་པ་ལས་ཀྱང་གསལ་བར་འགྱུར་ཏེ༔ མར་མེ་བཞིན་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཡེ་ཤེས་ཞེས་བྱ་སྟེ༔ དེས་ས་བརྒྱད་པ་བགྲོད་པའོ༔ དེ་ལས་ཡང་ནས་ཡང་དུ་གོམས་པའི་དུས་ན༔ ལྷག་པའི་ཏིང་ངེ་འཛིན་སྟོབས་སུ་གྱུར་ཏེ༔ རྟགས་རྣམ་པ་གཉིས་འབྱུང་སྟེ༔ ནང་རྟགས་ནི༔ ཏིང་ངེ་འཛིན་ལ་བཞག་པའི་དུས་ན༔ ཕྱི་ནང་གི་ཆོས་ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་ཞིང༔ ཇི་ལྟར་བཞག་པ་ལས་ཟླ་བ་གཅིག་གི་བར་དུ་འདུག་ཀྱང༔ ལྟོག་པ་དང་འཁྱག་པའི་ཤེས་པ་མི་འབྱུང༔ ཕྱི་རྟགས་སུ་བརྟགས་པའི་ཡུལ་འདི་ཡུལ་གྱི་དངོས་པོར་མ་མཐོང་སྟེ༔ སྤྲིན་མེད་པའི་ནམ་མཁའ་བཞིན་གསལ་བར་མཐོང་ངོ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི་དྲི་མ་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱའོ༔ ས་དགུ་པ་བགྲོད་དོ༔ དེ་ལས་ཀྱང་བརྟན་ཅིང་ཡེ་ཤེས་སྟོབས་སུ་གྱུར་པའི་དུས་ན༔ རྟགས་གཉིས་འབྱུང་སྟེ༔ ཕྱི་རྟགས་ནི༔ ཏིང་ངེ་འཛིན་ལ་གནས་པའི་དུས་ན༔ ཟླ་བ་དྲུག་གི་བར་དུ་ལྟོག་ཅིང་འཁྱག་པའི་ཤེས་པ་མི་སྐྱེའོ༔ ནང་རྟགས་ནི༔ ནོར་བུ་ཀུཎྜའི་ཁ་དོག་བཞིན་དུ༔ འདི་ལྟར་སྣང་བ་ཐམས་ཅད་གསལ་ཏེ༔ ཁམས་གསུམ་པའི་སེམས་ཅན་འདི་ལྟ་བུའི་དོན་མ་རྟོགས་པས་སྙིང་རེ་རྗེ༔ འདི་ལྟ་བུའི་དོན་ངས་བསྟན་པ་ལ་ཤེས་པར་བྱ་ན་ཅི་མ་རུང་སྙམ་པའི་ཤེས་པ་སྐྱེ་སྟེ༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ ཡོངས་སུ་སྟོང་པའི་ཡེ་ཤེས་ཞེས་བྱའོ༔ དེས་ས་བཅུ་པ་བགྲོད་དོ༔ དེ་ལས་ཡང་ནས་ཡང་དུ་ཡེ་ཤེས་ཀྱི་སྟོབས་རྙེད་ཅིང་མངོན་དུ་གྱུར་པའི་དུས་ན༔ ཐལ་ལྕག་བརྒྱབ་ཀྱང་རུང༔ སྦྲང་བུས་ཟོས་ཀྱང་རུང༔ རྔ་བོ་ཆེ་དང༔ དུང་དང༔ ཆ་ལང་དང༔ རྫ་རྔ་དང༔ འབྲུག་སྒྲ་ཆེན་པོ་བསྒྲགས་ཀྱང་རུང་སྟེ༔ ཏིང་ངེ་འཛིན་མི་འཕྲོག་པར་གནས་པ་ནི་ནང་རྟགས་སོ༔ ཕྱི་རྟགས་ནི༔ ཕྱིའི་ཡུལ་གྱི་དངོས་པོ་ལ་མི་གནས་ཤིང༔ སྐད་ཅིག་མ་ལ་དབང་པོ་མངོན་སུམ་པར་ཆོས་ཉིད་ལྷག་གིས་མཐོང་བ་ནི༔ རྣལ་འབྱོར་པའི་ཤེས་པ་དེ་ལ་ནི༔ འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ༔ སངས་རྒྱས་ཀྱི་སར་ཕྱིན་པ་སྟེ༔ རྫོགས་པའི་རྫོགས་པ་མཐར་ཕྱིན་པའོ༔ དེ་ལྟ་བུའི་རྣལ་འབྱོར་པའི་ས་ལ་གནས་པའི་རྟགས་ནི༔ དེ་རྣམས་ཀྱང་ཤེས་པའི་རྒྱུད་གཅིག་གི་དབང་དུ་བྱས་པ་ཡིན་གྱི༔ གང་ཟག་ལ་ལ་ནི་ས་དང་པོའི་རྟགས་བྱུང་ནས་སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ ལ་ལ་ནི་བརྒྱད་པའི་མཚན་མ་བྱུང་ནས༔ སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ ལ་ལ་ནི་ཐོག་མ་ཉིད་ནས་སངས་རྒྱས་ཀྱི་ས་ལ་གནས་པའང་ཡོད་དོ༔ གང་ཟག་གི་ལས་འཕྲོ་དང༔ ཤེས་རབ་ཆེ་ཆུང་དང༔ བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གོ༔ དེ་ལ་ཏིང་ངེ་འཛིན་གྱི་སྐྱོན་ནི༔ སྣང་བ་ཐམས་ཅད་ཁ་དོག་དཀར་དམར་ལ་སོགས་པ་ལྔའམ་སྣ་ཚོགས་སུ་སྣང་བའམ༔ ཁ་དོག་མི་གསལ་བའི་རྣམ་པར་སྣང་བའམ༔ དེ་རྣམས་ནི་ཁམས་འཁྲུགས་པའི་རྟགས་སམ་རླུང་མཁྲིས་གཞིལ་བའི་ཆོ་ག་བྱའོ༔ རྣལ་འབྱོར་པ་དེ་ལྟར་བསྒོམ་ན༔ རྣལ་འབྱོར་མས་བསྒོམ་ན་ཇི་ལྟར་བསྒོམ་ཞེ་ན༔ བྱང་ཆུབ་ཀྱི་སེམས་དབབ་པ་དང་གཟུང་བ་ཇི་ལྟར་བྱ་ཞེ་ན༔ དེ་ལ་ཐབས་མེད་པ་ནི་མ་ཡིན་ཏེ༔ ཤེས་རབ་གང་ཡིན་པ་དེ་ལའང་ཐབས་ཡོད་དོ༔ དེ་གཟུང་བའི་གནས་ཀྱང་ཡོད་དོ༔ སྐྱེ་གནས་ཀྱི་རྩ་གཡོན་ནས་ཁུ་བ་འབྱུང་བའི་རྩ་ཡང་ཡོད་དོ༔ གཡས་ནས་ཁྲག་འབྱུང་བའི་རྩ་ཡང་ཡོད་དོ༔ རྣལ་འབྱོར་མས་ཀྱང་མོའི་གཟུགས་སྤངས་ལ༔ དཔལ་ཆེན་པོའི་སྐུར་གསལ་བར་བྱས་ལ༔ པདྨའི་རང་བཞིན་མི་གནས་ཏེ༔ རྡོ་རྗེའི་རང་བཞིན་གསལ་བར་བྱས་ལ་བསྒོམ་པར་བྱའོ༔ དེ་ལྟར་བསྒོམས་པས་ཡེ་ཤེས་གོང་ལྟར་སྐྱེའོ༔ བཅུད་ལ་བརྟེན་པ་ཐིག་ལེའི་རྫོགས་རིམ་རྫོགས་སོ༔ མཁས་པ་མི་བཞིའི་ཁྱད་པར་ཆོས༔ སྒྲུབ་པ་བཀའ་བརྒྱད་བསྡུས་པ་ལས༔ འབྲས་བུ་བདེ་གཤེགས་འདུས་པ་བྱུང༔ དེ་ཡི་བཅུད་ཕྱུང་ཉིང་ཁུ་ནི༔ ཁྱད་པར་རྫོགས་རིམ་རྣམ་ལྔ་བྱུང༔ སྤེལ་བའི་གནས་མེད་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་གདན་དྲངས་པའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).