Terdzo-NYI-036








Terdzo-NYI-036.pdf
Click the picture above to view the Shechen manuscript.

རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་པ་

rta mgrin gsang ba 'dus pa'i bka' srung gnod sbyin shan pa dmar nag gi phrin las rjes gnang dang bcas pa glog zhags 'khyil pa

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  རྟ་མགྲིན་གསང་བ་འདུས་པ་ (Rta mgrin gsang ba 'dus pa)
Volume 38 (ཉི) / Pages 499-511 / Folios 1a1 to 7a4

[edit]

༄༅། །རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བེ། པདྨའི་བསྟན་སྐྱོང་གནོད་སྦྱིན་གཙོ། །ཤིན་ཏུ་མི་བསྲུན་སྟོབས་པོ་ཆེ། །དགྲ་བགེགས་དཔུང་འཇོམས་གང་དེ་རྒྱལ། །ཉེར་མཁོ་བསྡེབ་ལ་གནང་བ་སྩོལ། །གུ་རུའི་བཀའ་གཏེར་སྲུང་མཛད་ཐུན་མོང་མ་ཡིན་པ་དྲག་རྩལ་ཐོག་དང་འདྲ་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འདི་ལ་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་ལས་སྦྱོར་གྱི་རིམ་པ་མང་དུ་ཡོད་པ་ལས། འདིར་བསྟན་བྱ་གཉིས། སྤྱི་ལ་མཁོ་བའི་ཕྲིན་ལས་དང་། རྗེས་གནང་ངོ་། །དང་པོ་ནི། སྟེགས་བུར་གོང་དུ་ཡི་དམ་གྱི་མཆོད་གཏོར་སོགས་བཤམས་པའི་མདུན་དུ། ཟངས་གཞོང་དུ་ཟན་ལ་ཁྲག་ཆང་གིས་སྦྲུས་པའི་ཟླ་གམ་སྟེང་དུ་དཔལ་གཏོར་ཟུར་གསུམ་བརྗིད་ལྡན་འཁོར་ཟུར་གསུམ་བརྒྱད་མཐེབ་ཀྱུས་བསྐོར། ཤ་ཁྲག་སྙིང་སྣས་བརྒྱན་ཅིང་སྐུ་ཙཀ་བཙུགས་ལ་དར་དམར་གྱི་གདུགས་ཕུབ་པ་བཀོད། དེ་མདུན་མཆོད་གཏོར་དང་སྨན་རཀ །དྲག་མཆོད་སྤྱི་མཐུན་བཤམ། དེ་ནས་ཆོས་སྡེ་འདི་ཉིད་ཀྱི་ཐུགས་སྒྲུབ་གཏུམ་པོ་ཡིན་ན་འབྲེལ་ཆགས་ཤིང་གཞན་ཕྱག་རྡོར་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ནས། མཆོད་གཏོར་རྣམས་སྤྱི་མཐུན་ལྟར་བྱིན་བརླབ། མདུན་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། སྟོང་པའི་ངང་ལས། མདུན་གྱི་ས་གཞི་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བ་དང་ལྡན་ཅིང་མེ་དུད་རླུང་སྤྲིན་འཁྲིགས་པའི་དབུས་སུ། དྲག་པོའི་ཕོ་བྲང་དུར་ཁྲོད་ཀྱི་ཆས་ཡོངས་སུ་རྫོགས་པ་རྔམ་ཞིང་བརྗིད་པ་ལྟར་མི་བཟོད་པའི་ནང་དུ་རང་གི་ཐུགས་ཀ་ནས་ཀྵ་ཡིག་དམར་ནག་འཕྲོས། དེ་ལས་འབར་བའི་འོད་ཟེར་གྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ལྷ་སྲིན་དྲེགས་པ་ཅན་རྣམས་ཀྱི་ནུས་སྟོབས་བསྡུས་ནས་ཀྵ་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་པ། ཁྲག་གི་རལ་པས་བར་སྣང་ཁྱབ་ཅིང་ཤིན་ཏུ་ཁྲོས་པའི་ཚུལ་ཅན་ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་ཤིང་ཧ་ཧ་དྲག་ཏུ་དགོད་པ། ཕྱག་བཞི་གཡས་གཉིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཀྱིས་སྙིང་དང་ཐོད་ཁྲག་ཐོགས་པ། ཞིང་གླང་གི་གོས་དང་སྟག་ཤམ་བེར་ཆེན་དམར་པོ་གསོལ་ཞིང་གསེར་རྐེད་བཅིངས་པ། ཟངས་ཀྱི་ཁྱུང་དམར་འཇིགས་རུང་ལ་ཞོན་ནས་མེ་འབར་བའི་ཀློང་ན་འགྱིང་བའོ། །དེའི་ཤར་དུ་རྒྱལ་པོ་སྟག་གི་མགོ་ཅན་དཀར་པོ། ལྷོར་གཤིན་རྗེ་གཟིག་གི་མགོ་ཅན་དམར་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་མགོ་ཅན་དམར་པོ། བྱང་དུ་བདུད་ནག་འབྲོང་གི་མགོ་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་མགོ་ཅན་ཁམ་ནག །ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་མགོ་ཅན་ལྗང་གུ །ནུབ་བྱང་དུ་གཟའ་བདུད་ཤང་ཤང་མགོ་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མིག་མགོ་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་པས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་པས་སྙིང་དང་རྒྱུ་ཞགས་ཐོགས་པ། རང་མདོག་དང་མཚུངས་པའི་དར་བེར་གྱོན་ཅིང་རྟ་ལ་ཞོན་པ་ཞུབ་ཆས་ཀྱིས་བརྒྱན་ཅིང་སྟག་རལ་གཟིག་ཤུབས་བཀྲ་བ། སྡེ་བརྒྱད་ཀྱི་དམག་ཚོགས་འབུམ་སྡེས་བསྐོར་བའོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་གློག་གི་ཞགས་པ་ལྟ་བུ་འཕྲོས། ཧེ་ཆེན་བརྡལ་ལ་སོགས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་སྐད་ཅིག་གིས་བྱོན་པར་བསམ། བཤུགས་གླུ་གསུར་དུད་རོལ་མོ་བཅས་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་བར་ཞལ་བཞེས་པའི༔ དྲེགས་པའི་སྡེ་དཔོན་མཐུ་བོ་ཆེ༔ སྲོག་བདུད་ཆེན་པོ་གཤེགས་སུ་གསོལ༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ ཤིན་ཏུ་མི་བསྲུན་དགྲ་བོའི་གཤེད༔ དམར་པོ་མི་བསྲུན་གཤེགས་སུ་གསོལ༔ ཨེ་ཧེ་དམར་རུ་ཙེ་ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི། ཧཱུྃ༔ དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ དྲེགས་པ་ཕོ་མོ་དམག་ལྟར་ཚོགས༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ དགྱེས་པའི་གནད་ལ་བཞུགས་སུ་གསོལ༔ ཧྲི་ཏྲི་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ གསེར་ལྟར་གཏམས་པའི་རི་བོ་ལགས༔ མཐུ་སྟོབས་བདག་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ ཕྱི་མཆོད་རིན་ཆེན་སྣ་ལྔ་དང༔ དར་ཟབ་སྤྱན་གཟིགས་དཀོར་དང་བཅས༔ ནང་མཆོད་སྨན་གཏོར་རཀྟ་དང༔ མཐུན་པའི་ཞལ་ཟས་ཚོགས་ཀྱིས་མཆོད༔ གསང་མཆོད་དགྲ་བོའི་ཤ་ཁྲག་ཚོགས༔ སྙིང་སྣ་ཁྲག་སྣའི་ཚོགས་ཀྱིས་མཆོད༔ ཨེ་ཧེ་དམར་རུ་ཙེ་ས་པ་རི་བཱ་ར་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཧཱི། ལྷ་རྣམས་ཀྱི་ལྗགས་སོགས་དམིགས་པ་དང་ལྡན་པས། ཨེ་ཧེ་དམར་རུ་ཙེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཛཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བར་ཁས་བླངས་པའི༔ དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གདོང༔ གནོད་སྦྱིན་སྲིན་པོ་འཚོགས་པའི་བུ་གཅིག་པོ༔ སྐུ་མདོག་དམར་ནག་ཁྲོས་པའི་ཚུལ་འཆང་བ༔ ཤིན་ཏུ་འཇིགས་པའི་མེ་འོད་ལུས་ལ་འཕྲོ༔ ཞལ་གདངས་ཁྲག་དང་དུག་གི་མཆེ་བ་གཙིགས༔ གློག་ལྟར་འཁྱུག་པའི་ལྗགས་ཀྱིས་སྙིང་ཁྲག་འཐུང༔ རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་ཁུག་གིས༔ སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད༔ གཡོན་གཉིས་སྙིང་ཞགས་བན་དྷ་ཐོད་ཁྲག་གིས༔ དམ་ཉམས་དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ༔ གནོད་སྦྱིན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དར་དམར་འཇོལ་བེར་གསེར་རྐེད་རིན་ཆེན་བཅིངས༔ གླིང་བཞིར་རྒྱུག་ཅིང་མཚོན་ཆ་དགྲ་ལ་འདེབས༔ དམ་ཉམས་དགྲ་བོའི་བླ་སྲོག་འུབས་ཀྱིས་འདེབས༔ ཁྱུང་དམར་བཅིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་འཁོལ༔ དམ་ཉམས་སྒྲོལ་ཅིང་རྣལ་འབྱོར་ཕྲིན་ལས་མཛད༔ སྲོག་བདུད་ཤན་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁའ་ལ་སྐྱོད་ཚེ་ཀུ་སྒྲས་སྟོང་གསུམ་གང༔ དུར་ཁྲོད་དམག་ཚོགས་གཡབ་ནས་དགྲ་བགེགས་སྒྲོལ༔ དྲག་པོའི་ང་རོ་འབྲུག་སྟོང་སྒྲ་སྒྲོག་པ༔ སྲིད་གསུམ་གཡོ་ཞིང་ཁམས་གསུམ་རབ་ཏུ་འཁྲུགས༔ གར་རྦད་ས་རུ་དམ་ཉམས་ཐལ་བར་རློག༔ གར་ཕེབ་ས་རུ་མི་རོ་རགས་སུ་རྩིག༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་གིས་དམ་ཉམས་དགྲ་ལ་རྦད་པའི་ཚེ༔ གནོད་སྦྱིན་བྱེ་བ་ས་ཡ་འབུམ་གྱིས་བསྐོར༔ སྤྲུལ་པ་ཕྱག་བརྙན་གར་བྱེད་གློག་ལྟར་འཁྱུག༔ བདུད་ཀྱི་བུ་སྐྱེས་གནོད་སྦྱིན་མཐུ་བོ་ཆེ༔ དཀའ་བ་དང་བླངས་རྟག་ཏུ་ཁྱོད་མཆོད་པས༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག༔ དགྲ་བགེགས་ཐམས་ཅད་མྱུར་དུ་བསྒྲལ་བ་དང༔ བཀྲ་ཤིས་བདེ་ལེགས་འདོད་རྒུ་བསྒྲུབ་ཏུ་གསོལ༔ ཞེས་པ་ཙམ་གྱིས་གསོལ་སྐོང་རྒྱུན་གྱི་ཕྲིན་ལས་འགྲུབ་པ་ཡིན་ནོ། །འདི་ལ་ཡུམ་ཅན་དུ་བྱེད་པའི་ཚེ་བསྐྱེད་ཆོག་དང་བསྟོད་པ་གཞུང་ནས་ལེན། དཀྱུས་ལ་འདི་ཙམ་གྱིས་ཆོག །སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་སྐབས་བཟླས་པ་ནི། གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མའི་སྟེང་དུ་ཀྵ་དམར་ནག་སྔགས་ཕྲེང་མེའི་མདོག་ཅན་གྱིས་བསྐོར་བ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། དེ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར་པར་བསམ་ལ། གོང་གནོན་ཡི་དམ་གྱི་བཟླས་པ་དང་། ཨེ་ཧེ་དམར་རུ་རྩེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཛ༔ ཞེས་སམ། ཧྲི་ཏྲི་ཡན་གྱི་ཤམ་དུ། ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ བཏགས་པ་བཟླ། འདི་ལ་རྦད་གསད་བཏགས་པའི་སྤུ་གྲི་གཅིག་ཤུར་ནི་རྒྱུན་བཟླས་ལ་མི་དགོས་ལ། མཐར་སྐོང་གསོ་དང་བསྐུལ་སོགས་དགོས་པའི་སྐབས་གཞུང་ནས་བླང་། རྗེས་མཆོད་བསྟོད་བྱ། ནོངས་བཤགས་བཟོད་པར་གསོལ། རྟེན་ཡོན་ན་བསྟིམ། མེད་ན་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་སྤྱི་དང་མཚུངས་སོ། །གཉིས་པ་རྗེས་གནང་ནི། འདིའི་སྲོག་དབང་སྤུ་གྲིའི་རྒྱ་ཅན་ནི་ལས་འབྲེལ་ལུགས་དང་མཚུངས་ཤིང་འདོད་བུམ་དཀྱུས་སུ་ཆུ་བོ་གཅིག་འདྲེས་སུ་འབྱུང་བས་འདིར་མ་སྨྲོས་ལ། ལུགས་འདིའི་རྗེས་གནང་ནི། མཎྜལ་གྲུ་གསུམ་དམར་ནག་ལྟེ་བར་ཨེ་ཡིག་གིས་མཚན་པ། ཕྱི་རོལ་མུ་ཁྱུད་ཟླུམ་པོ་ཐོད་སྐམ་ཕྲེང་བས་བསྐོར་ཞིང་གྲུ་ཆད་ལྗང་ཁུ་བྱས་པའི་དབུས་སུ་གོང་སྨྲོས་གཏོར་མ་སྐུ་ཙཀ་དང་བཅས་པ་བཀོད། རལ་གྲི་དང་གྲི་གུག །སྙིང་ཞགས་དང་བནྡྷའི་ཙཀླི། གཏོར་མཆོད་གཞན་ཕྲིན་ལས་ལྟར་ཚོགས་པར་བྱས་ནས། བདག་མདུན་སྒྲུབ་ཚུལ་ཕྲིན་ལས་ལྟར་ཚང་བ་བཏང་ལ་བཟླས་པ་ཅི་འགྲུབ་བྱ། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཆོས་སྐྱོང་ཆེན་པོ་འདི་ཉིད་ཕྱི་ལྟར་ན་ལྷ་སྲིན་སྡེ་བརྒྱད་ཀྱི་རྗེ་བོ། ནང་ལྟར་རྣམ་སྲས་མདུང་དམར་ཅན། གསང་བ་གཟའ་རྒོད་མིག་དམར་ཏེ་སྤྲུལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ཡིན་ལ། གསང་ཆེན་རྡོ་རྗེ་རྩེ་མོའི་བསྟན་པ་སྲུང་བའི་ཕྱིར་དུ་དྲེགས་པ་རང་རྒྱུད་པའི་ཚུལ་ཡང་བཟུང་བར་མཛད་དེ། གུ་རུ་རིན་པོ་ཆེ་ཉིད་དུར་ཁྲོད་བསིལ་བ་ཚལ་གྱི་ནུབ་བྱང་ཧེ་ཆེན་བརྡལ་བ་ན་ཤཱནྟ་རཀྵི་ཏ་ཞེས་བྱ་བའི་མཚན་བཟུང་ནས་སྦྱོར་སྒྲོལ་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་མཛད་པའི་སྐབས་སུ། འདི་ཉིད་གནོད་སྦྱིན་རཀྴ་གདོང་དམར་ཅེས་བྱ་བར་གྱུར་པ་དང་སྤུན་དང་གྲོགས་སུ་སྦྲེལ་བ་དེ་ཚེ་འཕོས་ནས་གནོད་སྦྱིན་རཀྴ་འབར་བྱེད་དང་སྲིན་མོ་དམར་ཤམ་མའི་བུ་ཕུང་བྱེད་ཤན་པ་དམར་ནག་བྱ་བར་སྐྱེས་ཏེ་མཐུ་སྟོབས་རྫུ་འཕྲུལ་ཤིན་ཏུ་ཆེ་བས་སྡེ་བརྒྱད་ཡོངས་ཀྱི་རྗེ་དཔོན་དུ་གྱུར་པའི་ཚེ། བཅོམ་ལྡན་འདས་གསང་བའི་བདག་པོས་སྲོག་སྙིང་བླངས་ཏེ་དམ་ལ་བཞག །སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་གཏད། གནོད་སྦྱིན་རང་གིས་ཀྱང་རྒྱུད་མདོངས་གསོལ་དུ་ཕུལ། ཕྱིས་སློབ་དཔོན་ཆེན་པོ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་པའི་ཚེ་ཁོ་རང་དངོས་སུ་འོང་ནས་སྲོག་སྙིང་དང་རང་གི་རྒྱུད་ཀྱང་ཕུལ་ནས་བསྟན་པ་སྲུང་བར་ཁས་བླངས། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་བསྟན་སྲུང་དུ་བསྐོས། སྒྲུབ་ཐབས་རྒྱས་བསྡུས་མང་དུ་མཛད་ནས་གཏེར་ཁ་རྣམས་སུ་སྦས་པ་ལས། འདི་ནི་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་རྟ་མགྲིན་གསང་བ་འདུས་པའི་སྐོར་ཏེ། འདིའི་ཡོན་ཏན་ཆོས་སྐྱོང་ཉིད་ཀྱིས་གུ་རུ་རིན་པོ་ཆེར་ཞུས་པ་ལས། རྒྱལ་པོ་དང་མི་འདྲ་འཁུ་ལྡོག་མི་བྱེད༔ མུ་སྟེགས་དང་མི་འདྲ་ཕུགས་སུ་བཀྲ་ཤིས༔ གཤིན་རྗེ་དང་མི་འདྲ་ལས་མྱུར༔ མ་མོ་དང་མི་འདྲ་འགྲོགས་བདེ༔ བཙན་དང་མི་འདྲ་རྒྱུན་རིང༔ ཐེའུ་རང་དང་མི་འདྲ་རྟགས་ཚན་ཆེ༔ ང་ཡི་སྟོབས་ནི་རི་རབ་ཐལ་བར་རློག་ནུས༔ རྒྱ་མཚོ་ཧུབ་ཀྱིས་འདེབས་ནུས༔ སྤང་ལེན་མེད་པར་རྟག་ཏུ་ཆོས་སྐྱོང་ང་རང་ལ་བྱེད་ན་མཐུ་མ་བསྒྲུབས་ཀྱང་འོང༔ ཞེས་པས་མཚོན་བསྔགས་པ་མང་དུ་འབྱུང་བ་འདིའི་ཆོས་སྐོར་ལས་སྲོག་དབང་དང་རྗེས་གནང་གཉིས་སུ་འབྱུང་བའི་ནང་ཚན། སྐབས་འདིར་རྗེས་སུ་གནང་བ་སྒྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་དད་གུས་གདུང་བས་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ནི་སྐལ་ལྡན་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ མཐུ་རྩལ་དྲག་པོའི་རྗེས་གནང་ཞུ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། བླ་མ་གསང་བའི་བདག་པོ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་གསག་སྦྱོང་ཚུལ་བཞིན་བྱ་བའི་འདུན་པས་རྒྱུན་བཤགས་ཀྱི་དོན་རྣམས་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དེ་ནས་དམིགས་པ་འདི་ལྟར་དུ་གྱིས་ཤིག །ཁྱེད་རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེ་སྦྲུལ་གྱིས་བརྒྱན་ཅིང་ཁྲོས་པའི་ཉམས་ཅན། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བའི་སྐུར་གྱུར་པར་མོས་ཤིག །གཏོར་མ་འདིའང་ཆོས་སྐྱོང་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་འཁོར་ལྷ་སྲིན་སྡེ་བརྒྱད་བཀའ་སྡོད་སྤྲུལ་པའི་དམག་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་གསལ་བའི། གཙོ་བོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་གནོད་སྦྱིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ། ལག་གཡས་སུ་རལ་གྲི་གྲི་གུག །གཡོན་དུ་སྙིང་ཞགས་བྷན་དྷ་རྣམས་གཏད་ནས་མངའ་གསོལ་བས་མཐུ་རྩལ་ནུས་པའི་སྟོབས་ཡོངས་སུ་རྫོགས་ནས་ཕྲིན་ལས་སྒྲུབ་པ་ལ་ཐོགས་པ་མེད་པ་གྱུར་པར་མོས་ཤིག །རྟེན་གཏོར་སྐུ་དང་བཅས་པ་སྤྱི་བོར་བཞག །ཕྱག་མཚན་བཞི་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་མཐུ་རྩལ་ཅན༔ སྔོན་གྱི་ཐུགས་དམ་ཅི་བཞིན་དུ༔ ལྷ་སྲིན་དམག་ཚོགས་ཁྲོམ་དང་བཅས༔ ཧ་ཧ་ཧཱུྃ་ཧཱུྃ་སྒྲ་སྒྲོག་ཅིང༔ གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ སྐལ་ལྡན་འདི་ལ་དབང་མཆོག་སྐུར༔ མཐུ་རྩལ་ནུས་མཐུའི་དངོས་གྲུབ་སྩོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨེ་ཧེ་དམར་རུ་ཙེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྩ་སྔགས་ཚར་གསུམ་ལ་ཤམ་བུ་གསུམ་རེ་རེ་བཞིན་སྦྲེལ་ཏེ་གནས་གསུམ་དུ་གཏུགས། དེ་ནས་དབང་གཏོར་སྙིང་གར་གཏུགས། མཆོད་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ དྲེགས་པའི་ཚོགས་རྣམས་ཀུན་གྱི་གཙོ༔ གནོད་སྦྱིན་ཆེན་པོ་མཐུ་རྩལ་ཅན༔ རྡོ་རྗེ་འཛིན་པ་ང་ཉིད་ཀྱིས༔ སྐལ་ལྡན་སློབ་མ་འདི་ཉིད་དང༔ ཁྱོད་གཉིས་དམ་ཚིག་གཅིག་ཏུ་བསྲེ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ རྟག་ཏུ་ལུས་དང་གྲིབ་བཞིན་འགྲོགས༔ ཞི་རྒྱས་དབང་དང་མངོན་སྤྱོད་རྣམས༔ གང་བརྩམ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མའི་བཅུད་སློབ་མའི་ལྕེ་ལ་བཞག །ཁྱོད་ཀྱིས་མཆོད་བསྟོད་སྒྲུབ་ལ་བརྩོན༔ བསྙེན་བསྒྲུབ་རྫས་སོགས་མངའ་ཐང་སྐྱེད༔ བྲན་དང་བཀའ་ཉན་ཕོ་ཉའི་ཚུལ༔ རྟག་ཏུ་ཕྲིན་ལས་སྒྲུབ་པར་འགྱུར༔ ཤིན་ཏུ་གསང་བའི་དམ་ཚིག་སྲུངས༔ བཀྲ་ཤིས་བྱིན་ཆེ་ཕྲིན་ལས་མྱུར༔ ཨོ་རྒྱན་རྗེ་ལ་མོས་ཙམ་གྱིས༔ འདིས་ནི་རྟག་ཏུ་སྲུང་དང་སྐྱོབ༔ གདམས་པ་གཏད་དོ་ཐུབ་པར་ཆོངས༔ དམ་མེད་རྣམས་ལ་ཤིན་ཏུ་གསང༔ བརྒྱུད་འཛིན་སྙིང་གི་བུ་གཅིག་ལ༔ བཀའ་རྒྱས་ཐོབས་ལ་གཅིག་བརྒྱུད་སྤེལ༔ ཅེས་རྡོ་རྗེའི་གསུང་རྣམས་ཡིད་ལ་རབ་ཏུ་གཅགས་པས་སྤང་བླང་ཚུལ་བཞིན་དུ་བརྩོན་པར་བྱས་ན། དེང་ནས་གཟུང་སྟེ་ཆོས་སྐྱོང་ཆེན་པོ་ཁྱེད་རང་ལ་འབྲལ་མེད་དུ་འགྲོགས་ཤིང་རྟག་ཏུ་སྲུང་ཞིང་སྐྱོབ་པ་དང་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གདམས་ལ་ཤིས་བརྗོད་བྱའོ། །དེས་རཏྣའི་ཟབ་གཏེར་ཤན་པ་དམར་ནག་གི་རྗེས་གནང་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕུལ་བ་སོགས་ཀྱིས་མཐར་དབྱུང་། སློབ་དཔོན་གྱིས་གསོལ་ཁ་འགྲུབ་ན་གཏེར་གཞུང་ལྟར་བྱ། རྗེས་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་སུ་བཤད་པ་ལྟར་རོ། །བསྟན་སྲུང་མཚོན་རྣོན་འབར་བ་ཡིས། །བསྟན་འཛིན་སྐྱེས་བུའི་ཕྱག་ཆར་བརྗིད། །བསྟན་ལ་སྡང་བའི་དགྲ་བགེགས་དཔུང། །ཉི་མས་མུན་པ་ལྟར་བཅོམ་ཤོག །ཅེས་ཉེར་མཁོའི་ཆེད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཞུང་ལས་ཁོལ་དུ་ཕྱུང་སྟེ་གསལ་བྱེད་ཀྱིས་བརྒྱན་པ་བཅས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-NYI-15-rat gling shan dmar-01.jpeg
RTZ-Tsagli-Dzongsar-NYI-15-rat gling shan dmar-02.JPG
RTZ-Tsagli-Dzongsar-NYI-15-rat gling shan dmar-03.JPG
RTZ-Tsagli-Dzongsar-NYI-15-rat gling shan dmar-04.JPG
RTZ-Tsagli-TA-34-rat gling shan dmar-01.jpeg
RTZ-Tsagli-TA-34-rat gling shan dmar-02.jpg
RTZ-Mandala-241-rat gling gnod sbyin shan pa dmar nag.jpeg
RTZ-Mandala-Dzongsar-05-429-rat gling shan dmar.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).