Terdzo-NYI-029








Terdzo-NYI-029.pdf
Click the picture above to view the Shechen manuscript.

རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་འདོད་འཇོའི་སྙེ་མ་

rdo rje g.yu sgron ma'i phrin las 'dod 'jo'i snye ma

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  སྨིན་གླིང་ལུགས་རྡོ་རྗེ་གཡུ་སྒྲོན་མ་ (Smin gling lugs rdo rje g.yu sgron ma)
Volume 38 (ཉི) / Pages 413-424 / Folios 1a1 to 6b5

Tibetan Text

༄༅། །རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་འདོད་འཇོའི་སྙེ་མ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་བསྟན་སྐྱོང་ཕྱིར་བཛྲ་བྷ་ར་ཧི། །ཡེ་ཤེས་མ་མོའི་སྒྱུ་འཕྲུལ་རྡོ་རྗེའི་གར། །སྒྱུར་མཛད་གཡུ་ཡི་སྒྲོན་མ་སྨན་བཙུན་མར། །བཏུད་ནས་གང་དེའི་མཆོད་ཕྲེང་འདིར་གསལ་བྱ། །འདི་ཉིད་མཆོད་པར་འདོད་པས་གཙང་ཞིང་ཡིད་དང་མཐུན་པའི་གནས་སུ་ཕྱག་བདར་བྱས་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། སྤྱན་གཟིགས་སྣ་ཚོགས་ཀྱིས་མཛེས་པར་བརྒྱན། སྟེགས་བུ་གྲུ་བཞི་པ་དར་རམ་རས་དཀར་པོས་བཀབ་པའི་སྟེང་དུ་འབྲས་སམ་ནས་དཀར་མོའི་པདྨ་འདབ་བཞི་ཚོམ་བུ་ལྔ་ཚོམ་ཅན་གྱི་དབུས་སུ་རྟེན་གཏོར་ཟླུམ་བརྗིད་དཀར་པོ་རང་འདྲའི་འཁོར་གྱིས་བསྐོར་བ་སྐུ་གཟུགས་དང་མདའ་དར་མེ་ལོང་གིས་བརྒྱན་པ་གཟུག །དེའི་མདུན་དུ་མཆོད་གཏོར་དབྱིབས་དེ་དང་འདྲ་བ། གཉིས་ཀའང་དཀར་གསུམ་མངར་གསུམ་སོགས་ཟས་ཕུད་བཟང་པོ་སྣ་ཚོགས་པས་བརྒྱན། མེ་ཏོག་སོགས་ཉེར་སྤྱོད་ལྔ་དང་། ཕྱེ་མར། གསེར་སྐྱེམས། འོ་ཕུད། དྲི་ཞིམ་པོའི་བསང་དུད་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་ཐམས་ཅད་དང་། སྔོན་དུ་ཡི་དམ་ཆོས་སྐྱོང་གི་མཆོད་གཏོར། མཇུག་ཏུ་རྗེས་འབྲང་གཞན་དང་། གཞི་བདག་གཏོར་མ་སོགས་ཚང་ཞིང་བཀོད་པས་མཛེས་པར་བཤམ། རང་ཉིད་གུ་རུའི་ཕྲིན་ལས་ཀྱི་གཞུང་གང་རུང་འབྲེལ་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སོགས་སྐབས་དང་སྦྱར་བ་སྔོན་དུ་འགྲོ་བས། མཆོད་གཏོར་བྱེ་བྲག་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་སྣོད་ཀྱི་ནང་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་རི་བྲག་མཚོ་ཀླུང་ལྗོན་ཤིང་གི་སྐྱེད་མོས་ཚལ་དར་སྣ་ཚོགས་ཀྱི་གུར་ལྡིང་དང་བཅས་པའི་གནས་སུ། ཨོཾ་ལས་བྱུང་བའི་ཁ་ཟས་རོ་བརྒྱ་པ། ལྷའི་ཉེར་སྤྱོད་བཟང་དགུར་སྤེལ་བ། མིའི་ཟས་མཆོག་གཡོས་སུ་སྦྱར་བ། བཟང་ཞིང་གཙང་བ་མཁོ་དགུ་ཚོགས་པ། ལྷ་དང་། མི་དང་། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་རྐྱེན་དུ་འོས་པའི་ཡོ་བྱད་མཛེས་དགུས་ཕྱུག་པ། གཞན་ཡང་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དུ་འོས་པ། སྔགས་རྒྱ་ཏིང་འཛིན་གྱིས་ཁྱད་པར་དུ་བསྒྲུབས་པ། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་ཡུལ་དུས་ཐམས་ཅད་དུ་ཟད་མི་ཤེས་པར་འབྱུང་བ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་རོ་གཅིག་ཏུ་དག་པ་རྣམས་སུ་གྱུར་པར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འཆི་མེད་ཀྱི་དགའ་བའི་ཚལ་ཆེན་པོ་གངས་རི་དང་རིན་པོ་ཆེའི་རྭ་བས་ཀུན་ནས་བསྐོར་བའི་གནས། དཔག་བསམ་ལྗོན་པའི་ཚལ་དང་མེ་ཏོག་སྣ་ཚོགས་ཀྱི་དོ་ར་འཁྲིགས་ཤིང་། གུར་གུམ་དང་རྩྭ་ལྗང་གཞོན་ནུའི་ནེའུ་གསིང་རྒྱས་པ། བདུད་རྩིའི་ཆར་རྒྱུན་ལྷུང་ལྷུང་འབབ་ཅིང་རྒྱ་མཚོ་འཁྱིལ་བའི་དབུས་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པའི་ངོ་མཚར་གྱིས་འཕགས་པའི་ནང་ན། རིན་པོ་ཆེའི་ཁྲི་སྟན་བཟང་ཞིང་བཀོད་ལེགས་པའི་སྟེང་དུ་སྨན་བཙུན་ཆེན་པོ་རྡོ་རྗེ་གཡུའི་སྒྲོན་མ་སྐུ་མདོག་དཀར་མོ་མཛེས་ཤིང་ལྟ་ན་སྡུག་པའི་ལང་ཚོ་ཅན། ནུ་འབུར་ཟུང་གིས་བརྗིད་ཅིང་རྐེད་སྐབས་ཕྲ་བ་འཆི་མེད་བུ་མོ་གཞོན་ནུའི་འཇོ་སྒེག་ཅན། གནག་སྣུམ་ལྕང་ལོ་སིལ་བུ་རྒྱབ་ཏུ་འཕྱང་ཞིང་ལྷག་མ་བཙུག་ཏུ་བཅིངས་པ། དར་དཀར་གྱི་ཐོད་ནོར་བུའི་རྩེ་བྲན་གྱིས་སྤུད་པ། དར་དཀར་པོ་གསེར་གྱི་ཐིག་ཕྲན་ཅན་གྱི་སྟོད་གཡོགས་དང་སྨད་དཀྲིས་གསོལ་ཞིང་། གསེར་གཡུ་བཻ་ཌཱུརྻ་སོགས་ནོར་བུའི་དབུ་རྒྱན་རྣ་ཆ་གདུ་བུ་མགུལ་རྒྱན་དཔུང་རྒྱན་རྣམས་ཀྱིས་སྤྲས་ཤིང་། མུ་ཏིག་གི་དོ་ཤལ་དང་རིན་པོ་ཆེའི་སྐ་རགས་བཅིངས་པ། མཛེས་སྡུག་མཚུངས་པ་མེད་པའི་ཚུལ་ཅན། གཡས་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང། གཡོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན་པ་བརྐྱང་བསྐུམ་རོལ་པའི་འཇོ་སྒེག་ངོམ་ཞིང་བཞེངས་སྟབས་སུ་བཞུགས་པ། དེའི་ཕྱོགས་བཞིར་སྨན་མོ་མཆེད་བཞི་རྒྱན་ཆ་ལུགས་གཙོ་མོ་ལྟ་བུས་འདུད་ཅིང་བསྐོར་བ། གཞན་ཡང་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་ལྷ་སྨན་འབུམ་སྡེའི་ཚོགས་དང་། ལྷ་ཀླུ་དྲི་ཟ་གནོད་སྦྱིན་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བཀའ་ནོད་ཅིང་ཕྲིན་ལས་འདོད་རྒུར་བསྒྱུར་བས་ཡོངས་སུ་གང་བར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷ་གནས་གངས་རིའི་རྭ་བ། སྤྲིན་དཀར་དག་པའི་ཕོ་བྲང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྨན་བཙུན་གཡུ་ཡི་སྒྲོན་མ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་སྦྱར་བའི་དབྱངས་སྙན་པོས། ཀྱཻ། ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་ལས། །འགག་མེད་རྣམ་རོལ་ཌཱ་ཀི་ནཱི། །ཡེ་ཤེས་མ་མོ་ལྷན་ཅིག་སྐྱེས། །སྤྲུལ་པའི་གར་གྱིས་གཤེགས་སུ་གསོལ། །གནས་མཆོག་ཨོ་རྒྱན་སྤྲུལ་པའི་ཞིང་། །རྒྱ་གར་རྒྱ་ནག་བལ་བོད་ཀྱི། །དབེན་གནས་ཆོས་འཁོར་གར་བཞུགས་ནས། །དགྱེས་ཤིང་བརྩེ་བས་གཤེགས་སུ་གསོལ། ཁྱད་པར་གངས་ཅན་རྩེ་ལྔའི་རི། །ནགས་ཚལ་མེ་ཏོག་ཐོད་བཅིངས་ཅན། །དཀར་ཕྱོགས་སྲུང་མ་འདུ་བའི་ཞིང་། །གསང་མཆོག་དངོས་གྲུབ་འབྱུང་བའི་གནས། །དགྱེས་ཤིང་བཞུགས་པའི་ཞིང་ཀུན་ནས། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །ཀུན་སྣང་སྤྲུལ་སྐུའི་སྒྱུ་འཕྲུལ་གྱིས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །སྨན་བཙུན་ཆེན་མོ་མཆེད་ལྔ་དང་། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྨན་ཕྲན་འབུམ་ཕྲག་དུ་མར་བཅས། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གཤེགས། །ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། པཉྩ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲང་། ཀྱེ། མ་གཅིག་ལྷ་མོ་གཡུ་སྒྲོན་མ། །འདིར་བྱོན་དམ་ཚིག་རྟེན་ལ་བཞུགས། །ཡེ་ཤེས་ཌཱ་ཀི་རང་རིག་རྟེན། །གཉིས་མེད་གཉུག་མའི་སྟན་ལ་བཞུགས། །རིག་འཛིན་མ་མོ་ནང་གི་རྟེན། །རྩ་རླུང་ཐིག་ལེའི་སྟན་ལ་བཞུགས། །སྤྲུལ་པའི་མ་མོ་མཆོད་སྦྱིན་རྟེན། །རྣམ་སྤྲུལ་རིན་ཆེན་སྟན་ལ་བཞུགས། །བཛྲ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། ཀྱེ། རང་རིག་རང་གསལ་སྨན་བཙུན་ལྷ། ཁམས་ལྔ་བདེ་ཆེན་དབྱིངས་སུ་འདྲེས། །གཉིས་མེད་མཉམ་པར་ཕྱག་བགྱིད་ན། །བླང་དོར་མེད་པའི་དབྱིངས་སུ་རོལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཀྱེ། སྣ་ཚོགས་སྣང་བ་རིག་པའི་རྩལ། །ཅིར་ཡང་འཆར་བ་སྒྱུ་མའི་དངོས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །མཆོད་སྤྲིན་འདོད་ཡོན་བཞེད་དགུར་སྤེལ། །དྭངས་བསིལ་ཨརྒྷཾ་ཞབས་བཀྲུའི་རྫིང་། །མཛེས་པའི་མེ་ཏོག་སྤོས་སྤྲིན་གཏིབས། །སྣང་གསལ་མར་མེ་དྲི་ཆབ་ཀླུང་། །རོ་བརྒྱའི་ཞལ་ཟས་རོལ་མོ་འབུལ། །འཆི་མེད་བདུད་རྩི་རཀྟའི་བཅུད། །བ་ལིཾ་བཟའ་བཅའ་བཏུང་བའི་ཚོགས། །མ་ཚང་མེད་པའི་འདོད་ཡོན་ལྔ། །མཐུན་པའི་ལོངས་སྤྱོད་རྐྱེན་དུ་འབུལ། །འཇོ་སྒེག་གར་དང་སྙོམས་འཇུག་རོ། །འཁོར་གསུམ་བདེ་བ་ཆེན་པོར་ཤར། །སྣ་ཚོགས་འདོད་ཡོན་སེམས་ཀྱི་རྒྱན། །དྭངས་མ་མི་ཤིགས་དབྱིངས་སུ་རོལ། །བཟང་དགུའི་སྤྱན་གཟིགས་ནམ་མཁའ་གང་། །མཁོ་དགུའི་ལོངས་སྤྱོད་རྒྱ་མཚོར་བསྐྱིལ། །བཞེད་དགུའི་མཆོད་པར་ལྷུན་གྱིས་གྲུབ། །ཀུན་ཏུ་ཚིམ་ཞིང་དགྱེས་པར་མཛོད། །ཨོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་བཱ་ར་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ཞེས་མཆོད། ཀྱེ། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་ཀུན་མཁྱེན་གྱི་གསུང་དང་། ཨོཾ། ཀ་དག་སྤྲོས་བྲལ་ཆོས་སྐུའི་གཤིས། །མ་འགགས་གསལ་གདངས་ཉམས་བརྒྱའི་དཔྱིད། །རྣམ་རོལ་སྤྲུལ་སྐུའི་ཆོ་འཕྲུལ་རྩལ། །ཆུ་ཟླའི་གར་བཞིན་སྟོན་ལ་བསྟོད། །ཡེ་ཤེས་ལྔ་ཡི་རང་བཞིན་ལས། །རིག་འཛིན་ཌཱ་ཀི་ལྔར་དག་ཀྱང་། །སངས་རྒྱས་བསྟན་པ་སྐྱོང་བའི་ཕྱིར། །ཆོ་འཕྲུལ་ཅིར་ཡང་སྟོན་ལ་བསྟོད། །དཀར་གསལ་ཡིད་འོང་གཞོན་ཚུལ་ཅན། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས། །སྨན་བཙུན་གཡུ་སྒྲོན་མ་ལ་བསྟོད། །ཕྱག་གཡས་འདོད་སྟེར་རིན་ཆེན་དང་། །གཡོན་པས་དངུལ་དཀར་མེ་ལོང་འཛིན། །རང་འདྲའི་འཁོར་ཚོགས་སྨན་མོ་བཞི། །གཙོ་དང་འཁོར་དུ་བཅས་ལ་བསྟོད། །བརྟན་མ་བཅུ་གཉིས་ཁྱེད་ཀྱི་འཁོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉ་བྲན། །འཇིག་རྟེན་དྲེགས་ལྡན་ཡོངས་ཀྱི་རྗེ། །མཐུ་སྟོབས་ཐོགས་མེད་ཁྱེད་ལ་བསྟོད། །ངོ་བོ་རྒྱལ་ཡུམ་ལྷན་ཅིག་སྐྱེས། །རང་བཞིན་རིགས་ལྔའི་མཁའ་འགྲོར་ཤར། །ཐུགས་རྗེའི་རྣམ་རོལ་སྨན་བཙུན་ལ། །མཆོད་ཅིང་བསྟོད་དོ་དམ་ཚིག་དགོངས། །ཞེས་དང་། ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མནྡྷཱ་ར། །དཔག་མེད་ལྷ་ཡིས་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཇི་ལྟར་བདག་གི་བསམ་པ་བཞིན། །འདོད་དགུའི་རེ་བ་འགྲུབ་པར་མཛོད། །ཅེས་པའང་ཀུན་མཁྱེན་གྱི་གསུང་ངོ་། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྨན་བཙུན་མའི་ཐུགས་རྒྱུད་བསྐུལ་དགྱེས་པ་བསྐྱེད་ཅིང་འདོད་པའི་ཕྲིན་ལས་ཐོགས་མེད་བསྒྲུབ་པར་བསམ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། ཞེས་བཟླས་པ་བྱ་ཞིང་མཐར་གཏོར་མ་འབུལ་བ་དང་བསྟོད་པའང་བྱའོ། །སྐབས་འགར་གསེར་སྐྱེམས་ཀྱི་ཕུད་གཏོར་བྱ་བར་འདོད་ན། གསེར་དངུལ་ལ་སོགས་པའི་ཞལ་བུར་ཞལ་ཟས་སྣ་ཚོགས་པ་སྨན་ཕུད་ཀྱིས་བྲན་པ་ནམ་མཁའ་མཛོད་ཀྱི་རིག་པས་རྒྱ་ཆེར་སྤེལ་ལ། ཨོཾ་མཆོད་དོ། །ཕུད་ཐམས་ཅད་ཀྱི་མངའ་བདག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྣམ་རོལ་ཡེ་ཤེས་ཀྱི་ཌཱ་ཀི་ལྔར་སྣང་བའི་སྤྲུལ་པ་རྡོ་རྗེ་གཡུའི་སྒྲོན་མ་འཁོར་དང་བཅས་པ་རྣམས་ལ། ཕྱི་འདོད་ཡོན་ལྔ་དང་ལྡན་པའི་གསེར་སྐྱེམས་གཙང་མའི་མཆོད་པ། མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས་མཛེས་ཤིང་། དགྱེས་པའི་གསོས་སྨན་དུ་སྦྱར་བ། ནང་ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱས་བཞེད་དགུར་སྤེལ་བ། གསང་བ་འཁོར་གསུམ་ཡོངས་སུ་དག་པ་བདེ་བ་ཆེན་པོའི་རོལ་མོར་སྤེལ་བ་འདིས་གཉིས་སུ་མེད་པར་ཚིམ་ཞིང་དགྱེས་པར་གྱུར་ཅིག །ཟད་མི་ཤེས་པའི་རོ་མཆོག་དམ་པ་འདིས་ལྗགས་ཀྱི་པདྨ་བརྟས། མགུལ་གྱི་བུམ་པ་བརླན། སྐུ་ཡི་རྒྱལ་མཚན་སིམ། ཐུགས་ཀྱི་དཔལ་བེའུ་དགྱེས་པ་རབ་ཀྱི་མཐར་ཕྱིན། མཉེས་པ་རབ་ཀྱི་ཕུལ་དུ་ཕྱིན་ཏེ། ཀུན་བཟང་རྡོ་རྗེ་སེམས་དཔའ། སློབ་དཔོན་པདྨ་འབྱུང་གནས། ཉང་བན་ཏིང་འཛིན་བཟང་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། གསང་བདག་ཕྲིན་ལས་ལྷུན་གྲུབ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པའི་གཡར་དམ་གཉན་པོ་རྗེས་སུ་དགོངས་ལ། བདག་ཅག་འཁོར་དང་བཅས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བསམ་ཞིང་དོན་དུ་གཉེར་བ་ཐམས་ཅད་སྒྲུབས། ཕྲིན་ལས་རྣམ་བཞིའི་སྟོངས་གྲོགས་མཛོད། གནས་སྐབས་སུ་ཚེ་སྲིངས། དཔལ་སྐྱེད། ལོངས་སྤྱོད་སྤེལ། དགོས་དགུ་སྒྲུབས། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། སྔུན་ནས་བསུ་བ། ཕྱི་ནས་སྐྱེལ་མ་མཛོད་ཅིག །ནད་གདོན་བར་ཆད་སོལ། འགྲོ་ན་ལམ་སྣ་དྲོངས། སྡོད་ན་གྲོགས་གྱིས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། བླ་མའི་དགོངས་པ་སྒྲུབས། བསྟན་པ་སྤྱི་དང་བྱེ་བྲག་གི་གཉེར་ཁ་མ་གཡེལ། བཅོལ་པའི་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཅེས་ཕུད་གཏོར་ཞིང་མགྲོན་གཞན་དགོས་ནའང་དེ་དང་མཐུན་པར་སྦྱོར། མཐའ་གཏོར་མ་བསྐྱོད་ནས་སླར་ཡང་བྱིན་གྱིས་བརླབས་ནས། ཀྱེ། སྟོང་ཉིད་དབྱིངས་ཡུམ་བྷ་ར་ཧི། །བདེ་ཆེན་ཉམས་བརྒྱའི་སྒྱུ་འཕྲུལ་གར། །རྡོ་རྗེ་མཁའ་འགྲོ་གཡུ་སྒྲོན་མ། །འཁོར་བཅས་འདིར་གཤེགས་བདག་ལ་དགོངས། །ཆོས་ཁྲིམས་བསྟན་པའི་སྔ་རབས་ལ། །ཀུན་བཟང་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དེ་འོག་བསྟན་པའི་བར་མ་ལ། །རིག་འཛིན་པདྨའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དེ་འོག་ཉང་བན་ཆེན་པོ་སོགས། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་མནའ་བོར་བའི། །གཡར་དམ་གཉན་པོ་རྗེས་སུ་དགོངས། །དམ་བཅས་བཞིན་དུ་ལྷ་ཁྱོད་ཀྱིས། །རྒྱ་མ་ལྕོགས་ལའི་བྲག་ཁུང་དུ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ། །རིགས་བདག་བླ་མས་ལུང་བསྟན་ནས། །སྙིང་ཐིག་བསྟན་པའི་ཆོས་བདག་ཏུ། །ཟབ་མོའི་རྟེན་འབྲེལ་ཐོག་མར་བསྒྲིགས། །མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ། །ཟབ་རྒྱས་ཆོས་འཁོར་བསྐོར་བ་དང། །གངས་རི་ཨོ་རྒྱན་རྫོང་གནས་སུ། །ཟབ་དོན་སྤེལ་བར་རྗེས་སུ་བསྐུལ། །གསང་ཆེན་རྫོགས་པ་ཆེན་པོ་ཡི། །བསྟན་དང་དེ་འཛིན་སྐྱོང་བ་ལ། །གཡེལ་བ་མེད་པའི་དམ་ཚིག་རྣམས། །དེ་རིང་བདག་གིས་བསྐུལ་ལགས་སོ། །ཀྱེ། དམ་རྫས་རྒྱན་གྱི་གཏོར་མ་དང་། །མཐུན་པའི་ལོངས་སྤྱོད་སྣ་ཚོགས་ཀྱིས། །གསོལ་ལོ་མཆོད་དོ་སྨན་བཙུན་མ། །དགྱེས་ཤིང་ཚིམས་པར་གྱུར་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བུ་གཅིག་པ་ཡི་མ་བཞིན་དགོངས། །ཕུ་ནུ་སྲིང་གཅིག་ཇི་བཞིན་དང་། །མཛའ་ཞིང་ཡིད་གཅུགས་གཉེན་བཞིན་དུ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། །འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་སྤེལ། །ཕྱི་ནང་འགལ་རྐྱེན་བར་ཆད་སོལ། །ཆོས་དང་སྲིད་ཀྱི་རིགས་བརྒྱུད་སྤེལ། །ཚེ་སྲོག་མི་འགྱུར་ཀ་བ་ཚུགས། །ཕུན་ཚོགས་དཔལ་འབྱོར་རྒྱས་པ་དང་། །སྲིད་གསུམ་དབང་དུ་བསྡུ་བར་མཛོད། །ཉམས་པའི་བདུད་དགྲ་ཐལ་བར་རློགས། །ཐེག་མཆོག་བསྟན་པའི་སྙིང་པོ་འདིའི། །བཤད་སྒྲུབ་ཕྱོགས་དུས་ཐམས་ཅད་དུ། །དར་ཞིང་རྒྱས་ལ་སྨིན་པ་སོགས། །ཇི་ལྟར་བསྒོ་བའི་ལས་རྣམས་ཀུན། །སྐད་ཅིག་ཙམ་ལ་བསྒྲུབས་ནས་ཀྱང་། །འདོད་པའི་དོན་ལ་གཉེར་གཏད་པའི། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྐུལ་ཞིང་གཏོར་མ་གཙང་སར་ཕུལ། གཏང་རག་གི་མཆོད་བསྟོད་ནོངས་པ་བཤགས། ནང་དང་གསང་བའི་ཌཱ་ཀི་དབྱིངས་སུ་གཤེགས། སྤྲུལ་པའི་གཟུགས་བརྙན་རྣམས་སོ་སོའི་རྟེན་ལ་གཤེགས། སྒྲུབ་རྫས་དཔལ་བཤོས་སོགས་དངོས་གྲུབ་ཀྱི་དོན་དུ་ལོངས་སྤྱད་ཅིང་ཤིས་བརྗོད་དགའ་སྟོན་གྱིས་ཁྱབ་པར་བྱའོ། །ནང་གསང་གི་སྒྲུབ་ཐབས་དང་། རྫོགས་རིམ་མན་ངག་སོགས་ནི་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ། །བླ་མེད་དངོས་གྲུབ་བསྒྲུབ་ལ་མྱུར་བདེའི་སྐྱེས། །མ་ཚང་མེད་འབྱུང་བསྟན་སྲུང་གཡུ་སྒྲོན་མའི། །ཕྲིན་ལས་ཕྱི་སྒྲུབ་གཞུང་གི་རྗེས་འགྲོ་བ། །འདི་ཡིས་གསང་ཆེན་བསྟན་པ་རྒྱས་བྱེད་ཤོག །སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་ཀུན་མཁྱེན་ཆེན་པོས་མཛད་པའི་སྒྲུབ་ཐབས་ཟླ་བ་འདོད་འཇོའི་ཕྱི་སྒྲུབ་ལ་གཞི་བྱས། སྐབས་སུ་བབས་པའི་ཚིག་གིས་ཕྲེང་བས་མི་འགལ་བར་བརྒྱན་པ་འདི་ནི། ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་ལ་མི་འཕྲོག་པའི་དད་པ་དང་ལྡན་པས་ལྷ་འདི་ལ་མོས་པ་དགེ་སློང་བློ་གསལ་རྒྱ་མཚོས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).