Terdzo-NYA-020



Property "author" has been marked for restricted use.








Terdzo-NYA-020.pdf
Click the picture above to view the Shechen manuscript.

རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་

rdzogs pa chen po yang zab bla sgrub dkon mchog spyi 'dus kyi khrid yig gu ru'i dgongs rgyan nyin byed snying po

by  ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ (Khatok Rigdzin Tsewang Norbu)
revealed by  འཇའ་ཚོན་སྙིང་པོ་ (Jatsön Nyingpo)
in cycle  བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ (Bka' rdzogs pa chen po yang zab dkon mchog spyi 'dus)
Volume 8 (ཉ) / Pages 523-615 / Folios 1a1 to 47a5

Tibetan Text

༄༅། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ན་མོ་གུ་རུ་ཨཱ་དི་བུདྡྷ་པདྨ་པྲ་བྷཱ་ས་ཛྭ་ལ་ཙ་ར་ཎཱ་ཡ། བླ་མ་གདོད་མའི་སངས་རྒྱས་པདྨ་འོད་འབར་གྱི་ཞབས་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་ཡང་ཟབ་བླ་སྒྲུབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ཞེས་བྱ་བ་དཔལ་མགོན་རྩ་བའི་བླ་མར་ཕྱག་འཚལ་ལོ། །ཀུན་ཁྱབ་སྤྲོས་བྲལ་ཡེ་ཤེས་ཆོས་ཀྱི་དབྱིངས། །རང་བཞིན་འོད་གསལ་ལྷུན་རྫོགས་བདེ་བ་ཆེ། །ཕྱོགས་དུས་ཆ་མེད་ཀུན་འགྲོ་གདོད་མའི་མགོན། སངས་རྒྱས་ཀུན་ཏུ་བཟང་པོར་ཕྱག་འཚལ་འདུད། །སྲིད་ཞི་བྱང་ཆུབ་སེམས་ཀྱི་ཕུན་ཚོགས་མ་ལུས་དབྱིངས་གྱུར་པ། །གཅིག་དང་དུ་མའི་སྤྲོས་བྲལ་ཆོས་ཉིད་ཡོངས་གྲུབ་རྟག་བརྟན་ཁམས། །རྒྱ་ཆད་ཕྱོགས་ལྷུང་ཡོངས་བྲལ་མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ །འོད་སྣང་མཐའ་ཡས་མགོན་པོ་གང་དེར་འདུད་དོ་དགེ་ལེགས་སྩོལ། །རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ལས། །དོན་དམ་འོད་གསལ་ལས་སྐྱེས་དམིགས་མེད་བརྩེ་ཆེན་པདྨོའི་དབུས། །རང་བྱུང་རྡོ་རྗེའི་སྐུ་མཆོག་རྣམ་ཀུན་མཆོག་ལྡན་རྣམ་པ་ཐམས་ཅད་པ། །རེས་འགའ་རྡོ་རྗེ་སློབ་དཔོན་ཚུལ་ཤར་མགོན་དེར་སྙིང་ནས་འདུད། །གང་གི་གསང་གསུམ་སྒྱུ་འཕྲུལ་འཇའ་ཚོན་ལྟར་བཀྲ་སྙིང་པོའི་གར། །འགྲོ་འདུལ་ནུས་ལྡན་བདེ་གཤེགས་མཆོག་གི་ས་འཛིན་རྡོ་རྗེ་ཅན། །ཡེ་ཤེས་ཀློང་གསལ་སྐུ་གཉིས་སྙིང་པོའི་སྤྱི་དཔལ་བདེ་བ་ཆེ། །པད་འབྱུང་ངོ་བོ་བླ་མས་བདག་སྙིང་དབུས་སུ་རྟག་རྩེན་མཛོད། །གང་གི་ཐུགས་སྒྲུབ་རིན་ཆེན་མཆོག་གྱུར་བརྒྱ་ཕྲག་དུ་མ་ཡི། །སྙིང་པོ་ལྟ་བུ་ཡང་ཟབ་བསམ་འཕེལ་ཡིད་བཞིན་ནོར་བུ་ལྟར། །དཀོན་མཆོག་རྒྱལ་བ་སྤྱི་འདུས་དགོངས་པའི་བཅུད་གྱུར་གསང་བ་ཆེ། །མན་ངག་ཁྲིད་རིམ་བླ་མའི་ཞལ་ལུང་གཞུང་དོན་གསལ་བ་ཞིག །བདག་གི་འདྲེན་མཆོག་ཆོས་འདིར་རྟག་དགྱེས་དེ་ཡི་ཞབས་ཏོག་ཆེད། །ལམ་འདིར་མོས་པའི་སྐལ་ལྡན་རྣམས་ཀྱི་ཡིད་ཀྱི་རེ་སྐོང་དུ། །བླ་མའི་བྱིན་རླབས་མཐུ་ལ་བརྟེན་ནས་འབད་པས་བགྱིས་པ་འདི། །དོན་མེད་མ་ཡིན་དོན་ལྡན་ཕུན་ཚོགས་རྒྱལ་བའི་བཙས་སུ་སེམས། །གཞན་ནི་ཆོས་འདི་འཛིན་པས་བོད་ཀུན་ཁེངས། ཁྲིད་འཆད་པོ་ཡང་སྡེ་ཚོགས་འཐུག་པོར་གྱུར། །དེས་ན་བདག་གིས་ངལ་བས་ཅི་བྱ་ཡང་། །ལྷག་བསམ་དག་པས་བརྗོད་ལ་སྐྱོན་ཡོད་མིན། ༈ །དེ་ཡང་དམ་པའི་ཆོས་ཚུལ་ཐ་དག་པའི་གལ་མདོ་རྡོ་རྗེ་ཐེག་པ་མ་ལུས་པའི་སྙིང་པོ་སྒྲུབ་ཐབས་ཐམས་ཅད་ཀྱི་གནད་དྲིལ་བ། ཡོ་ག་གསུམ་གྱི་དགོངས་བཅུད་ཕྱུང་བ་ཡང་གསང་རྫོགས་པ་ཆེན་པོའི་མན་ངག །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། རྣལ་འབྱོར་རིག་པ་འཛིན་པ་ཐ་དག་གི་དགོངས་ཉམས། ཡང་ཟབ་རྨད་དུ་བྱུང་བ་བླ་ན་མེད་པའི་ཆོས་བླ་མའི་སྒྲུབ་པ་ལས་ཁྱད་པར་དུ་གྱུར་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་བྲག་རི་རྡོ་རྗེ་གྱེན་ལངས་ལྟ་བུ་ནས་སྤྱན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་བཀའ་ཟབ་མོ་བསྟན་པར་བྱ་བ་ལ། དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ལེགས་པར་འགྲིགས་པའི་སྐབས་སུ་ཁྲིད་ལ་འཇུག་པར་བྱ་སྟེ། དེ་ལ་སྤྱིར་སྔོན་དུ་འགྲོ་བ་སྦྱོར་དངོས་ཐམས་ཅད་ཀྱི་ཐུན་འགོར་བར་ཆད་ཞི་ཞིང་བྱིན་རླབས་འཇུག་པའི་ཆེད་དུ་དབེན་པའི་གནས་བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅས་རླུང་རོ་ལན་གསུམ་བསལ་ནས་སྒོ་གསུམ་གྱི་བར་ཆད་སྡིག་སྒྲིབ་ཞི་ཞིང་དག་པར་བསམས་ལ། མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་སྟེང་དུ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མ་མཆིས་པའི་ངོ་བོ་རིག་འཛིན་ཧཱུྃ་ནག་མེ་འབར་རབ་བྱུང་ཆ་ལུགས་པཎ་ཞུ་ཆོས་གོས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འགྱིང་སྟབས་ཀྱིས་འཛིན་ཅིང་གཡོན་ལྕགས་ཀྱི་ཕུར་པ་ཟུར་གསུམ་གདེངས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དཔུང་པ་གཡས་གཡོན་དུ་ཡེ་ཤེས་ཀྱི་རང་འོད་འཇའ་ཚོན་གྱི་གཤོག་པ་བཀྲ་ཞིང་། གཡས་ནས་ཁྲོ་བོ་དང་གཡོན་ནས་ཁྲོ་མོའི་ཚོགས་སྐར་ལྟར་འཕྲོ་བ། ཤངས་སྒོར་ཡི་གེ་ཨ་དཀར་པོ་ཟླ་བ་འབུམ་གྱི་འོད་ཟེར་ཟིལ་གྱིས་གནོན་པ་ཡེ་ཤེས་ཀྱི་རླུང་དང་འགྲོགས་ཏེ་གནས་པ། དེ་ལྟ་བུའི་སྐུ་ཡི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་སྤྲས་ཤིང་སྐུའི་འོད་ཟེར་གྱིས་རང་གི་ཐོ་ཕྱི་གནས་ཡུལ་ཐམས་ཅད་གཏམས་པར་བསམས་ལ། ངག་ནས། བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །སྐྱབས་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་བསྩལ་དུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་ཨོཾ་ཨཱཿཧཱུྃ་ཅི་རིགས་བཟླས་པའི་མཐར་དམིགས་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་གཞག་ཅིང་། དེ་ནས་ཁྲིད་ཐུན་གང་རུང་ལ་འཇུག་པར་བྱ་སྟེ་སྔོན་དུ་འགྲོ་བ་སྤྱིའི་ཆོས་སོ། ༈ །བྱེ་བྲག་སྔོན་དུ་འགྲོ་བ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་དུ་འགྲོ་བ་གསུམ་མོ། །དེ་རྣམས་རིམ་པ་བཞིན་ཉམས་ལེན་གྱིས་རྒྱུད་སྦྱང་བར་བྱ་སྟེ། དེ་ཡང་ཐོག་མར་ཐུན་མོང་གི་སྔོན་དུ་འགྲོ་བ་སངས་རྒྱས་སྒྲུབ་པའི་རྟེན་དལ་འབྱོར་རིན་པོ་ཆེ་རྙེད་པར་དཀའ་བའི་ངང་ཚུལ་ལ་སེམས་པ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་མྱུར་དུ་འཆི་བའི་ངང་ཚུལ་བསམ་པ་དང་། ལས་རྒྱུ་འབྲས་ཀྱི་རང་གཟུགས་བསླུ་བ་མེད་པས་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་གནས་ཤིང་འཁོར་བའི་བདེ་བ་ལ་ཡིད་བརྟན་མི་ཐུབ་པའི་ཚུལ་ལ་སེམས་པ་དང་། དེས་ན་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་འདོད་ཐུན་མོང་མ་ཡིན་པ་ཐར་པའི་ཕན་ཡོན་ལ་ནན་ཏན་དུ་བསམ་པ་སོགས་བྱང་ཆུབ་ལམ་གྱི་རིམ་པ་སྐྱེས་བུ་གསུམ་གྱི་ཁྲིད་སྤྱི་དང་མཐུན་པར་འཆད་ཅིང་ཉམས་སུ་ལེན་པ་གལ་ཆེ་ཞིང་། ཆོས་བཀའ་འདི་དང་འབྲེལ་མཚུངས་སྔོན་འགྲོ་བཞི་སྦྱོར་ཞེས་གཏེར་སྟོན་སངས་རྒྱས་གླིང་པས་ཡང་གཏེར་དུ་བཙས་པ་རིག་འཛིན་འཇའ་ཚོན་སྙིང་པོས་བཏོན་པ་དེ་ཉམས་ཁྲིད་དུ་བྱས་པས་ཀྱང་འབྲེལ་ཆགས་ཤིང་ཆོས་ཐུན་གྱི་རྣམ་གྲངས་ནི་རགས་རྩིས་སུ་བཞི་དང་། གཞན་ཅི་རིགས་ལྟར་སྐབས་དང་སྦྱར་ཏེ་བྱའོ། ༈ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བ་ལ་བཞི་སྟེ་དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཉིད་གང་ན་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་མདུན་གྱི་བར་སྣང་གི་མཁའ་ལ་ཤིན་ཏུ་མཛེས་པའི་སྤྲིན་ཁ་དོག་ལྔ་ལྡན་གྱིས་ལེགས་པར་བཏེགས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་པདྨའི་འདབ་མ་ལས་འདབ་མ་འབྲེལ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་གེ་སར་ཟེའུ་འབྲུའི་སྟེང་དུ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མ་མཆིས་ཤིང་། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་པདྨ་འབྱུང་གནས་མཚན་དཔེས་བརྒྱན་པའི་སྐུ་བེར་ཕོད་ཆོས་གོས་པད་ཞུ་རིན་ཆེན་རྒྱན་ཆ་ཅན་རྡོ་རྗེ་བུམ་ཐོད་ཁ་ཊྭཱཾ་ག་འཆང་བ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་། འོད་ཟེར་དཔག་མེད་འཕྲོ་བ་སྙིང་པོར་གནས་པའི་ཕྱི་རོལ་པདྨའི་ས་གཞི་བང་རིམ་གྱི་རྣམ་པ་མཐོ་དམན་ཅུང་ཟད་གྱུར་པའི་རིམ་པ་གསུམ་གྱི་དང་པོ་ལ། ཀུན་ཏུ་བཟང་པོ་འོད་དཔག་མེད་ཐོད་ཕྲེང་སྡེ་ལྔ་གུ་རུ་མཚན་བརྒྱད་སོགས་རྩ་བ་དང་ཡན་ལག་གི་བརྒྱུད་པའི་བླ་མ་རྣམས་མཚན་དཔེ་གཟི་བརྗིད་འབར་བ་ཚོམ་བུའི་ཚུལ་དུ་བཞུགས་པ་དང་། པདྨའི་ས་གཞི་གཉིས་པ་ལ། ཡི་དམ་དྲག་པོ་མེའི་ཕྲེང་བ་ཅན་དང་རྟ་ཕག་ཡིད་བཞིན་ནོར་བུ་ལ་སོགས་པའི་བླ་མེད་རྣལ་འབྱོར་བྱ་སྤྱོད་ཀྱི་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ་དང་། པདྨའི་རིམ་པ་གསུམ་པར་བཅོམ་ལྡན་འདས་མ་སེང་གེའི་གདོང་པ་ཅན་སོགས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ་ཞིང་། དེ་ལྟར་པདྨའི་གདན་དབུས་ཀྱི་ཕྱོགས་བཞིར་དེ་དང་ཆ་མཐུན་པའི་གདན་རེ་གནས་པའི་མདུན་དབུས་སུ་རྒྱལ་བ་ཤཱཀྱ་སེང་གེ་ལ་རྫོགས་པའི་སངས་རྒྱས་ཆགས་བྲལ་མཆོག་གི་སྤྲུལ་པའི་སྐུའི་ཆ་བྱད་ཅན་བསམ་གྱིས་མི་ཁྱབ་པ་དང་། གཡས་ཀྱི་དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་དང་། གཡོན་གྱི་དབུས་སུ་ཤཱ་རིའི་བུ་ལ་ཉན་ཐོས་དང་རང་སངས་རྒྱས་འཕགས་པའི་ཚོགས་བགྲང་ལས་འདས་པས་བསྐོར་བ། རྒྱབ་ཀྱི་པདྨར་རྒྱལ་བའི་གསུང་རབ་མ་ལུས་ཤིང་ལུས་པ་མེད་པ་དམ་པ་ཆོས་ཀྱི་གླེགས་བམ་གངྒཱ་ཀླུང་གི་བྱེ་མའི་ཉག་མ་བཞིན་བགྲང་གིས་མི་ལངས་ཤིང་རི་རབ་ཀྱི་ངོས་ལྟར་ཡངས་ཤིང་བརྗིད་པ་ཨཱ་ལི་ཀཱ་ལིའི་རང་སྐད་དི་རི་རི་སྒྲོག་སྟེ་གནས་པ། གཞི་སྤྲིན་གྱི་གསེབ་ནས་ལྷའི་བུ་དང་བུ་མོ་མང་པོས་མཆོད་སྤྲིན་སྣ་ཚོགས་པ་ཐོགས་ནས་སྐྱབས་ཡུལ་མཆོད་པ་ལ་བརྩོན་པ། སྐྱབས་ཡུལ་གྱི་མདུན་དུ་ཁམས་གསུམ་འགྲོ་བ་རིགས་དྲུག་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་དང་ལྷན་ཅིག་པར་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ་ལ་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་ལུས་ཀྱི་སྤྱི་བོར་ཐལ་མོ་པདྨ་ཁ་འབུས་པ་ལྟར་སྦྱར་ཞིང་ངག་སྙན་ཅིང་འཇེབས་པས་སྐྱབས་འགྲོའི་ཚིག་བརྗོད་པར་མོས་པ་དང་། ཁྱད་པར་བདག་གིས་སྙིང་བརྩེ་བས་སེམས་ཅན་དེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་སྒྲོལ་བའི་ཕྱིར་སྐྱབས་སུ་འགྲོ་བའི་བློ་དུང་དུང་རྩེ་གཅིག་པས། ངག་ནས། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆིའོ༔ ཞེས་གཏེར་གཞུང་རྡོ་རྗེའི་ཚིག་དང་། བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཉིད༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཀུན་བྱེད་རྒྱལ་པོ་བླ་མ་ཡིན༔ དཀོན་མཆོག་རྩ་གསུམ་འདུས་པའི་གཙོ༔ གུ་རུ་རཏྣར་སྐྱབས་སུ་མཆིའོ༔ ཞེས་རྒྱུད་ཚིག་གི་མཐའ་ཅུང་ཟད་གསོས་པ་སྟེ་དེ་ལྟར་ཅི་ནུས་སུ་བརྗོད། དེ་ནས་ཐུན་བསྡུ་བའི་སྐབས་སུ། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕོག་སྡིག་སྒྲིབ་དག །ལུས་འོད་ཀྱི་གོང་བུར་གྱུར་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ཡང་འཁོར་རྣམས་གཙོ་བོར་འདུས་ཤིང་དེ་ཡང་གུ་རུ་ལ་ཐིམ། གུ་རུ་ཡང་འོད་ཀྱི་གོང་བུ་ནམ་མཁའི་སྙིང་པོར་ཐིམ་པར་བསམས་ལ་སེམས་སྤྲོས་བྲལ་གྱི་ངང་དུ་ཅི་གནས་མཉམ་པར་གཞག་པ་ནི་དོན་དམ་པའི་སྐྱབས་འགྲོའོ། །དེ་ལྟར་སྐྱབས་སུ་འགྲོ་བའི་དགེ་བ་བསྔོ་སྨོན་གྱིས་རྒྱས་བཏབ་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བའི་མཆོག་ཏུ་གང་ལ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་པའི་ཕྱིར་དུ་བསྔོ་བར་བགྱི། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་དབའ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད་དོ། །ནུབ་མོ་ཉལ་བའི་སྐབས་སུ་སྐྱབས་ཡུལ་རྣམས་མ་བསྡུས་པའི་མདུན་པད་ཟླའི་གདན་ལ་རང་ཉིད་ཉལ་བར་བསམ་པ་ནི་སྐྱབས་འགྲོའི་དམིགས་པའི་ཡན་ལག་གོ །དེས་ནི་དཀྱུས་ཀྱི་ཁྲིད་རིམ་དམིགས་སྐོར་དང་པོ་སྟེ་སྐྱབས་འགྲོའི་ཁྲིད་ཚར། མགྱོགས་ཁྲིད་སྐབས་ཞག་གསུམ་སོགས་ཅི་ལྟར་འོས་པ་སྐྱབས་འགྲོ་ལ་ནན་ཏན་འབད་ཅིང་རྗེས་སུ་ཡང་ཐུན་འགོ་ཐམས་ཅད་དུ་རྒྱས་བསྡུས་ཅི་རིགས་མ་ཆད་པར་བྱའོ། །སྐབས་འདིར་སློབ་མས་ཀྱང་འཆད་པའི་དོན་གོ་ཞིང་དགོས་པ་དང་བླ་མས་ཀྱང་ཆོས་ལ་འཆད་ནུས་ཤིང་གཉིས་ཀས་འཆད་ཉན་སྤྲོ་ན་སྐྱབས་སུ་འགྲོ་བའི་རྣམ་གཞག་ཕན་ཡོན་སོགས་རྒྱ་ཆེར་བཤད་པར་བྱ་སྟེ། སྔར་དེ་མ་གོ་བས་བློ་སྣ་ཆོས་ལ་ཇི་བཞིན་མ་ཞུགས། ད་གོ་བས་བློ་སྣ་ཆོས་ལ་ཡང་དག་ཞུགས་པ་སོགས་དགོས་གལ་ཡང་ཆེ་བ་ཡིན་ནོ། ༈ །གཉིས་པ་སེམས་བསྐྱེད་པའི་ཁྲིད་ནི། སྐྱབས་འགྲོའི་དམིགས་པ་གྲུབ་འཕྲལ་ལེགས་པར་བསམ་སྟེ། འདི་ལྟར་ནམ་མཁའི་མཐའ་འཛད་པ་མེད་པ་ཐ་དག་སེམས་ཅན་གྱིས་ཡོངས་སུ་ཁེངས་ཤིང་དེ་རྣམས་བདག་གི་ཕ་མའི་རང་བཞིན་ཡིན་ལ་ཀུན་གྱིས་བདེ་བ་འདོད་ཀྱང་དེའི་ཐབས་ལ་མི་མཁས་པས་ཉོན་མོངས་པའི་རྒྱ་མཚོར་བྱིང་ཞིང་། སྡུག་བསྔལ་གྱི་མེ་འོབས་ཆེན་པོར་ལྟུང་བ་སྙིང་རེ་རྗེ། དེ་རྣམས་འཁོར་བ་སྡུག་བསྔལ་ལས་ཅི་ནས་ཀྱང་བདག་གིས་སྒྲོལ་བར་བྱ་དགོས་ལ་དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་པ་དཀོན་མཆོག་སྤྱི་འདུས་ཀྱི་མན་ངག་རྡོ་རྗེའི་རྣལ་འབྱོར་ལ་མཆོག་ཏུ་འབད་དེ་མྱུར་དུ་སངས་རྒྱས་ཐོབ་པར་བྱ་སྙམ་ནས། ངག་ཏུ། རྒྱུ་དྲུག་འཁོར་བར་འཁྱམས་པའི་ཕ་མ་རྣམས༔ བཟོད་མེད་གདུང་བས་སངས་རྒྱས་ཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ཅི་ནུས་བཀླག་ཅིང་བར་སྐབས་རྣམས་སུ་བདག་གི་དགེ་བའི་རྩ་བ་ཐམས་ཅད་འོད་ཟེར་ཟླ་བའི་ཞུན་མ་ལྟ་བུར་དབུགས་ཕར་བཏང་བ་དང་འགྲོགས་ཏེ་སེམས་ཅན་རྣམས་ལ་ཕོག་བདེ་བ་མཆོག་གི་གོ་འཕང་བརྟས། ཚུར་དབུགས་རྔུབ་པ་དང་ལྷན་ཅིག་སེམས་ཅན་གྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་དུད་འཚུབས་ཀྱི་རྣམ་པ་ལྟ་བུར་འདུས་ནས་བདག་ལ་ཐིམ། བདག་གིས་ཀྱང་ལམ་ཟབ་མོ་ཡིད་ལ་བྱས་པས་སྐད་ཅིག་དེ་མ་ཐག་ཏུ་བྱང་བར་བསམ་སྟེ་དབུགས་འབྱིན་འཇུག་གི་སྒོ་ནས་དགེ་སྡིག་གཏང་ལེན་གྱི་དམིགས་པ་འདི་རྒྱལ་སྲས་རྣམས་ཀྱིས་བསླབ་འོས་མཆོག་དང་ཕུལ་དུ་གྱུར་པ་ཡིན་ན་ནན་ཏན་གྱིས་འབད་པར་བྱ་ཞིང་། ཐུན་བསྡུ་བའི་ཚེ་དམིགས་མེད་སྤྲོས་བྲལ་གྱི་ངང་དུ་ཅི་གནས་བཞག་སྟེ་དེ་ནི་དོན་དམ་པའི་སེམས་བསྐྱེད་དོ། །སྤྱིར་དུས་རྟག་ཏུ་སེམས་ཅན་ཐམས་ཅད་བདག་གི་ཡིད་དུ་འོང་བ་འབའ་ཞིག་བསམ་པ་བྱམས་པ། བདག་གི་ཤིན་ཏུ་གཅེས་པའི་བཤེས་མེ་ལ་འཚིག་པ་བློས་མི་བཟོད་པ་ལྟ་བུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ། བུ་གཅིག་པུ་གཡུལ་དུ་སོང་ནས་རང་གནས་སུ་ལོག་ཚེ་མ་ཡི་སེམས་ལ་བདེ་བ་ཐོབ་པ་བཞིན་བདག་གི་ཡིད་ལ་དགའ་བ་བསྐྱེད་པ། གནས་སྐབས་ཀྱི་དགྲ་གཉེན་སོགས་ལ་ཡིད་བརྟན་མི་ཐུབ་པ་སྒྱུ་མ་ལྟ་བུར་ཤེས་ཤིང་ཕྱོགས་རིས་མེད་པར་སེམས་ཅན་གྱི་དོན་སྤྱོད་པ་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་བཞི་ལ་རྟག་ཏུ་སེམས་ཤིང་བསླབ་པར་བྱ་བ་ཡང་གལ་ཆེ་ཞིང་། གཞན་ཡང་སྤྱོད་ལམ་ཀུན་ཏུ་མཆོད་འོས་མི་བསླུ་བ་དང་སེམས་བསྐྱེད་པ་ལ་མི་སྨོད་པ་དང་། སེམས་ཅན་ལ་གཡོ་སྒྱུ་སྤོང་བ་དང་དགེ་བའི་ལས་ལ་འགྱོད་པ་མི་སྐྱེད་པ་སྟེ་དཀར་པོའི་ཆོས་བཞི་ཞེས་དེ་ལ་ཡང་ནན་ཏན་ཆེན་པོས་རྟག་ཏུ་བསླབ་པར་བྱའོ། །མཐར་བསྔོ་སྨོན་སོགས་ཀྱང་སྐྱབས་འགྲོའི་སྐབས་ལྟར་བྱ། དམིགས་ཐུན་གཉིས་པ་སེམས་བསྐྱེད་ཀྱི་ཁྲིད་ཚར། འདི་ཡང་གོང་ལྟར་ཞག་གསུམ་སོགས་ཇི་ལྟར་རིགས་པ་བསྒོམ་ཞིང་། སྤྱིར་སྐྱབས་སེམས་གཉིས་ནི་ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་པས་ཐུན་ལ་འཇུག་རེས་ཀྱི་སྔོན་དུ་བྱ་བ་གལ་ཆེའོ། །འདིར་ཡང་དགོས་ཤིང་ནུས་པ་དང་སྤྲོ་ན་བྱང་ཆུབ་སེམས་ཀྱི་རྣམ་གཞག་སྨོན་འཇུག་ཚད་མེད་བཞི་ཕར་ཕྱིན་དྲུག་བྱང་སེམས་ཀྱི་བསླབ་པ་ཕན་ཡོན་དང་བཅས་རྒྱས་པར་བཤད་དོ། ༈ །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། ཐུན་འགོའི་སྐྱབས་འགྲོ་སེམས་བསྐྱེད་གྲུབ་འཕྲལ། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོའི་སྟེང་ཐད་པདྨ་དཀར་པོའི་སྙིང་པོ་གེ་སར་ཟེའུ་འབྲུ་དང་བཅས་ཤིང་དེའི་འདབ་མ་ལ་འདབ་མ་འབྲེལ་བའི་པད་འདབ་ཚད་བཟུང་ལས་འདས་པ་ནམ་མཁའི་ཁྱོན་ཡོངས་སུ་ཁེངས་པ་ལྟ་བུ། འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་གནས་ཤིང་འདབ་མ་རེ་རེ་བཞིན་དང་གེ་སར་ཟེའུ་འབྲུའི་སྙིང་པོར་ཟླ་བའི་དཀྱིལ་འཁོར་རེ་རེ་དང། དེ་རེ་རེའི་སྟེང་དུ་རིགས་ཐམས་ཅད་འདུས་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཚན་དཔེ་ཡོངས་རྫོགས་ཕྱག་ན་རྡོར་དྲིལ་འཛིན་ཅིང་རིན་པོ་ཆེ་དང་རྒྱན་གྱི་ཆས་ཡོངས་སུ་རྫོགས་པ་སེམས་དཔའི་སྐྱིལ་ཀྲུང་ཅན། ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་སྐུ་གསུང་ཐུགས་དགྱེས་པའི་མཆོད་པ་འབུལ། ཐུགས་རྗེ་བྱིན་རླབས་ཐམས་ཅད་སྔགས་ཀྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས། དེ་ལས་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སེམས་དཔའི་སྐུ་ལུས་ཁེངས་ནས་མ་ཤོང་ལུད་པའི་ཚུལ་གྱིས་བ་སྤུའི་བུ་ག་དང་ཞབས་ཀྱི་སོར་རྩེ་ནས་བདུད་རྩིའི་རྒྱུན་བབ། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས་ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་ཤིག་སྲོ་སྡོམ་སྡིག །སྡིག་སྒྲིབ་དུད་ཁུ་འཇའ་ཚོན་སྔོ་དམར་གྱི་རྣམ་པར་བུ་ག་དགུ་དང་བ་སྤུའི་སྒོ་ནས་ཐོན། ས་རིམ་པ་དགུའི་འོག་ཏུ་སོང་རང་ལུས་ཤ་ཁྲག་རུས་པ་ལྗན་ལྗིན་དངོས་པོ་དང་བྲལ་བ་ཕྱི་ནང་ཟང་ཐལ་ཤེལ་གྱི་གོང་བུ་ལྟ་བུར་བསམས་ལ་ཡི་གེ་བརྒྱ་པ་ལ་ནན་ཏན་དུ་འབད་པར་བྱ་སྟེ། དེ་ལྟར་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་བཀང་བ་ལྟར༔ གསལ་སྟོང་ངང་ནས་བཟླས་པ་བྱ༔ ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ། འབུམ་ཁྲི་སྟོང་བརྒྱ་ཉེར་གཅིག་བདུན༔ རབ་འབྲིང་ཐ་མ་རྟགས་དང་སྦྱར༔ ཞེས་པ་ལྟར་ཅི་ནུས་བཟླས་ཤིང་ཐུན་མཐར་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། རྡོ་རྗེ་དང་པོ་ཀུན་ཏུ་བཟང་། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ནི། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆིའོ། །ཞེས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཉེས་ལྟུང་བཤགས་པས། རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ་ཞེས་བཀའ་ཡི་གནང་བ་བྱིན་ནས། རྡོ་རྗེ་སེམས་དཔའི་མཛོད་སྤུ་དང་ཐུགས་ཀ་དང་ཞབས་ཀྱི་མཐེ་བོང་ནས་འོད་ཟེར་བྱུང་བདག་དང་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་དག་སྟེ་རྡོ་རྗེ་སེམས་དཔའི་སྐུར་གྱུར། རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། འདབ་མ་ལ་གནས་པའི་རྡོ་རྗེ་སེམས་དཔའ་རྣམས་པདྨའི་ཟེའུ་འབྲུར་གནས་པའི་རྡོ་རྗེ་སེམས་དཔར་ཐིམ། དེ་ཡང་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ཧཱུྃ་ཡིག་ལ་ཐིམ། ཧཱུྃ་ཡིག་ཀྱང་ཐིག་ལེ་ནཱ་དའི་མཐར་སྟོང་པ་ཉིད་ལ་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡང་ནས། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་དང་གོང་བཞིན་བསྔོ་སྨོན་གྱིས་རྒྱས་གདབ། དམིགས་སྐོར་གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ཚར། འདི་ལ་ལོང་ཁྱབ་དང་ལྡན་ན་སྒོམ་བཟླས་ཟླ་བ་ཁ་ཤས་ཀྱི་བར་དུ་གཉུག་བསྲིང་ཞིང་སྡིག་སྒྲིབ་དག་པའི་རྟགས་སྤྱི་དང་མཐུན་པར་དངོས་ཉམས་རྨི་ལམ་དུ་ཡིད་ཆེས་ཐོབ་པ་ཡང་ཡང་མ་བྱུང་གི་བར་ནན་ཏན་དུ་བྱའོ། །མགྱོགས་ཁྲིད་སྐབས་སུ་ཡང་འདིའི་སྒོམ་བཟླས་ཞག་གསུམ་མམ་བདུན་སོགས་ཅི་ལྟར་འོས་པར་བྱ་ཞིང་ཁྲིད་མ་རྫོགས་ཀྱི་བར་ཐུན་དང་པོའི་འགོ་རུ་སྒོམ་བཟླས་འཇུར་བ་རེ་མ་ཆད་པར་བྱའོ། །སྐབས་འདིར་དགོས་ནུས་སྤྲོ་ན། སྡིག་པའི་ཉེས་དམིགས་བཤགས་སྡོམ་བྱེད་ཚུལ། སྒོམ་བཟླས་ཅི་ལྟར་བྱ་བའི་ཚུལ་རྒྱས་པར་བཤད་དོ། ༈ །བཞི་པ་མཎྜལ་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་བའི་རྗེས་ཐོག་ཏུ། དེ་ནས་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའམ། ཡང་ན་རིན་པོ་ཆེའི་ས་གཞི་མཎྜལ་བར་སྣང་དུ་བཞག་པ་ལྟ་བུའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་གུ་རུ་པདྨ་འབྱུང་གནས་སྤྲུལ་པའི་སྐུའི་ཆ་བྱད་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དེའི་སྟེང་ཐད་དུ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པ་ཨ་རོ་ལྀཀ྄་གི་ཆ་བྱད་ཅན་གངས་ཆེན་མཚོའི་བདག་ཉིད་ཅན། དེའི་སྤྱི་བོའི་སྟེང་ཐད་དུ་དང་པོའི་སངས་རྒྱས་འོད་མི་འགྱུར་བ་དམར་པོ་རྒྱན་མེད་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་ཅན། དེ་ལྟར་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་པ་ལ་བླ་མ་ཆོས་ཀྱི་སྐུའི་མཐའ་སྐོར་དུ་རྒྱལ་བ་དགོངས་བརྒྱུད་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་ཁྲོ་བོ་དང་ཞི་མ་ཁྲོ་བོ་དང་ཞི་མ་ཁྲོ་ཡབ་ཡུམ་ཁ་སྦྱོར་དང་། འཁྱུད་པ་དང་རྒོད་པ་དང་བལྟ་བའི་ཚུལ་ཅན་རྒྱུད་སྡེའི་ལྷ་དང་རྫོགས་ཆེན་སྟོན་པ་བཅུ་གཉིས་མཆོག་གི་སྤྲུལ་པའི་སྐུ་ཆགས་བྲལ་གོ་ཟློག་ཡུམ་དང་བཅས་པ་སོགས་དགོངས་བརྒྱུད་བླ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིག་འཛིན་བརྡ་བརྒྱུད་རྒྱལ་བ་ས་བཅུ་རྒྱུན་གྱི་ཐ་མ་ལ་གནས་པའི་ཚུལ་ཅན་འཇམ་དཔལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག་པོ་སྒྲིབ་པ་རྣམ་སེལ་སོགས་རྒྱལ་སྲས་ཐུ་བོར་གྲགས་པ་རིག་འཛིན་ཆེ་མཆོག་རྣམས་དང་། གཞན་ཡང་དག་པའི་ས་གསུམ་ལ་གནས་པའི་འཕགས་ཚོགས་རིག་འཛིན་རྒྱ་མཚོས་བསྐོར་བ། བླ་མ་སྤྲུལ་པའི་སྐུ་ལ་གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་བྱིན་རླབས་རྟོགས་པའི་བརྒྱུད་པ་སྣ་ཚོགས་ཀྱིས་བསྐོར་བ་སྟེ་རྒྱ་གར་གྱི་རིག་འཛིན་བརྒྱད་གྲུབ་ཆེན་བརྒྱད་ཅུ་འཛམ་གླིང་རྒྱན་དྲུག །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ། སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩ་སོགས་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་ཚོམ་བུ་འབུམ་སྡེ་བྱེ་བ་ཕྲག་ཇི་སྙེད་པ་དང་དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར་བར་གསལ་ཞིང་། དེའི་ཕྱོགས་བཞིར་རིན་པོ་ཆེའི་ཁྲི་ལ་མདུན་རྒྱབ་ཏུ་སངས་རྒྱས་དང་དམ་ཆོས། གཡས་གཡོན་ཐེག་པ་ཆེ་ཆུང་གི་དགེ་འདུན། དེ་རྣམས་ཀྱི་མཐའ་སྐོར་མུ་ཁྱུད་ཀྱི་ཚུལ་དུ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་བཞུགས་ཏེ་ཡོད་པར་བསམས་ལ། དེའི་མདུན་དུ་བདག་དང་སེམས་ཅན་ཐམས་ཅད་བྱ་བྱེད་སྤྱོད་ལམ་མཐུན་པས་ཐོག་མར་ཡན་ལག་བདུན་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྐུ་གསུམ་རང་བཞིན་ལ༔ གཉིས་མེད་ཀློང་ཡངས་ཆེན་པོར་ཕྱག་འཚལ་ལོ༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱིས་མཆོད༔ རང་སེམས་སངས་རྒྱས་མ་རྟོགས་མཐོལ་ལོ་བཤགས༔ གནས་ལུགས་རང་རིག་ངང་དུ་ཡི་རང་ངོ༔ འཛིན་མེད་ཁྱབ་གདལ་རོལ་པའི་ཆོས་འཁོར་བསྐོར༔ འཁོར་འདས་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ ཆོས་དབྱིངས་ལྷུན་གྲུབ་ཆེན་པོར་བསྔོ་བར་བྱ༔ ཟུང་འཇུག་ཀུན་ཁྱབ་བདེ་ཆེན་མཆོག་ཐོབ་ཤོག༔ ཅེས་བདུན་རྣམ་པར་དག་པ་དང། དེ་ནས་མཎྜལ་ལག་ཏུ་བླངས་ཏེ་རྡུལ་ཕྱིས་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་དྲི་བཟང་གི་ཆུས་བརླན་ཏེ་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་པར་བསམ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད་ཅིང་མེ་ཏོག་སིལ་མ་བཀྲམ་པས་མཎྜལ་གཞི་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་དྲི་བཟང་ཆུ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་གྲུབ་པར་བསམ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་སྲིན་ལག་གིས་མཎྜལ་མཐའ་སྐོར་བས་ཕྱི་རོལ་རྡོ་རྗེའི་རྭ་བ་མུ་ཁྱུད་ཅན་གྱིས་བསྐོར་བར་བསམ། དབུས་སུ་ཧཱུྃ་ཞེས་དྲི་བཟང་ཆུས་ཐིག་ལེ་བྱས་པས་མཎྜལ་གྱི་བགེགས་སྦྱངས་ཤིང་བསྲུང་བར་བསམ། དེ་ནས་རི་གླིང་མཆོད་པའི་ལྷ་མོ་རྒྱལ་སྲིད་ཉི་ཟླ་སོགས་ཚོམ་བུ་བཀོད་ཅིང་ངག་འདོན་ལྟར་ཡིད་ཀྱིས་གསལ་བཏབ་སྟེ་མཎྜལ་རྒྱས་པར་འབུལ་མཐར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་ལན་གྲངས་ཅི་ནུས་སུ་དཀོན་མཆོག་རྩ་གསུམ་སྤྱིར་འབུལ། །དེ་ནས་སྐུ་གསུམ་གྱི་མཎྜལ་འབུལ་བ་ནི། གཏེར་གཞུང་རྩ་བ་ཡོ་ག་གསུམ་གྱི་སྒྲུབ་ཐབས་ལས། མཎྜལ་ནི་ཞི་ཁྲོ་སྐུ་གསུམ་མཎྜལ་སོགས་གང་རུང་བྱའོ༔ ཞེས་གསུངས་པ་ལྟར་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་རང་ཉིད་ཀྱིས་སྔོན་འགྲོའི་ངག་འདོན་དུ་གོང་བཞིན་གྱིས་འབུལ་ཏེ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ༔ ཞེས་པས་བླ་མ་ཆོས་སྐུ་དགོངས་བརྒྱུད་སངས་རྒྱས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རང་ལུས་མཎྜལ་དབང་པོས་བརྒྱན་པ་འདི༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ༔ ཞེས་པས་བླ་མ་ལོངས་སྐུ་བརྡ་བརྒྱུད་ཆོས་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། རིན་ཆེན་མཎྜལ་གསེར་གཡུས་བརྒྱན་པ་འདི༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ༔ ཞེས་པས་བླ་མ་སྤྲུལ་སྐུ་སྙན་བརྒྱུད་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་རྣམས་ལ་དམིགས་ཏེ་འབུལ། དེ་ནས་སྤྱིར་དམིགས་ལ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མཱི། ཞེས་མཎྜལ་གྱི་འདོད་དོན་གསོལ་བ་གདབ་པའོ། །དེ་ལྟར་བླ་མ་སྐུ་གསུམ་སྐུ་ཡི་བཀོད་པ་ཐ་དད་ལས་དོན་གྱི་ངོ་བོ་ཐ་དད་དང་བཟང་ངན་གཏན་ནས་མེད་པ་ཤེས་དགོས་ཤིང་འཁོར་རྣམས་ཀྱང་ཉི་མ་དང་འོད་ཟེར་གྱི་ཚུལ་དེ་དང་དེ་ཡི་སྒྱུ་འཕྲུལ་གྱི་རོལ་པ་ཤར་བ་ཡིན་ལ། ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ནི་ཐེག་ཆེན་དགེ་འདུན་གྱི་ནང་ཚན་དུ་འདུ་ལ། ཡང་ན་སྐུ་གསུམ་གྱི་མཎྜལ་ཡང་སྤྱི་ཁྱབ་ཏུ་འབུལ་ན་ཤིན་ཏུ་ལེགས་པར་འགྱུར་བ་ཡིན་ནོ། །འདིར་བཤད་པའི་དགོངས་བརྡ་སྙན་བརྒྱུད་ཀྱི་རྣམ་གཞག་སྤྱི་དང་མི་མཐུན་ནོ་སྙམ་པའི་ལོག་རྟོག་མི་བྱ་སྟེ་སངས་རྒྱས་སྐུ་གསུམ་ལ་དགོངས་བརྡ་སྙན་བརྒྱུད་ཚར་རེ་སྦྱོར་དུ་ཡོད་པ་སྔགས་རྙིང་མའི་གཞུང་རྣམ་པར་དག་པ་ནས་འབྱུང་ན་འགལ་བ་མེད་པའི་ལེགས་བཤད་ཁོ་ན་ཡིན་ནོ། །དེ་ནས་ཐུན་བསྡུ་བའི་སྐབས་སུ་ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་དག །དག་པའི་ཞིང་དུ་གཤེགས་པར་གྱུར། ཚོགས་ཞིང་འཁོར་རྣམས་གཙོ་བོ་ལ་ཐིམ། དེ་ཡང་གུ་རུའི་སྐུ་ལ་ཐིམ། གུ་རུ་རིན་པོ་ཆེ་འོད་ཀྱི་གོང་བུར་གྱུར་ཏེ་རང་གི་སྤྱི་བོ་ནས་མར་ཞུགས། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་གུ་རུའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམས་ལ་ཅི་གནས་སུ་མཉམ་པར་གཞག །དེ་ནས་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱ། དམིགས་སྐོར་བཞི་པ་མཎྜལ་གྱི་ཁྲིད་ཚར། ལོང་ཁྱབ་ལྡན་ན་དམིགས་ཐུན་འདི་ལ་ཟླ་བ་སོགས་བསོད་ནམས་འཕེལ་བའི་རྟགས་ཉམས་སྣང་གསལ་པོའམ་རྨི་ལམ་ཡང་ཡང་བཏུད་མར་མ་བྱུང་གི་བར་དུ་བྱ་ཞིང་དངོས་སུ་ཡང་རྡོར་སེམས་སྒོམ་བཟླས་དང་འདི་གཉིས་ཀར་ཤེས་པ་གསལ་ཞིང་གཉིད་དང་ལེ་ལོ་ཆགས་སྡང་ཆུང་། རིག་པ་དྭངས། ངེས་འབྱུང་སྐྱོ་ཤས་སྐྱེ། དད་པ་དང་མོས་གུས་སྔར་ལས་ཆེ་བ་སྐྱེ་ཞིང་བརྟན་པར་འགྱུར་ན་ཁྱད་པར་གྱི་རྟགས་སོ། །མགྱོགས་ཁྲིད་སྐབས་སུ་ཞག་གསུམ་སོགས་ཅི་རིགས་ཉམས་སུ་ལེན་ཞིང་། ཁྲིད་མ་ཚར་གྱི་བར་ཐུན་དང་པོའི་འགོར་མ་ཆག་པར་ཉམས་སུ་ལེན་ནོ། །ཆོས་ཐུན་འདིའི་སྐབས་སུ་ཡང་དགོས་ནུས་སྤྲོ་ན་མཎྜལ་གྱི་ཚུལ་འཇིག་རྟེན་ཁམས་ཀྱི་རྣམ་པར་གཞག་པ་དང་། སྐུ་གསུམ་མཎྜལ་གྱི་གོ་དོན་ཡང་དག་པ་ཚོགས་གསག་པ་དགོས་པའི་ཚུལ་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་དོ། ༈ །གསུམ་པ་ཁྱད་པར་གྱི་སྔོན་དུ་འགྲོ་བ་ནི། རྡོ་རྗེ་ཐེག་པའི་དགོངས་སྙིང་ཡང་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པ་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་འཇའ་ཟེར་འོད་གུར་འཁྲིགས་པའི་དབུས་སུ་བདག་ལུས་ཡི་དམ་ལྷའི་སྐུ་རུ་གསལ་བཏབ་པར་བྱ་སྟེ། གཏེར་སྟོན་རིག་འཛིན་མཆོག་གི་ཞལ་གསུང་ཡང་ཟབ་ཀྱི་སྔོན་འགྲོ་རྒྱུན་ཁྱེར་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པར་གསུངས་ཤིང་། ཆོས་འདི་འཛིན་པའི་སྤྲུལ་པའི་སྐྱེས་མཆོག་ཁྱད་པར་ཅན་གཞན་གྱིས་ཀྱང་དེ་དང་མཐུན་པར་མཛད་པ་ཤས་ཆེ་ཡང་ཕྱིས་བྱུང་ཁ་ཅིག་གིས་གུར་དྲག་བྱས་པ་ཡོད་ཀྱང་དོན་མི་འཕྱུགས་མོད། འོན་ཀྱང་འདིར་ནི་གཏེར་སྟོན་རིན་པོ་ཆེའི་གསུང་རྒྱུན་ཁོ་ན་ལྟར་བྱ་སྟེ། དེ་ཡང་པདྨ་དང་ཉི་མ་དང་ཟླ་བ་དང་བམ་རོ་བརྩེགས་པའི་གདན་གྱི་སྟེང་དུ་རང་རིག་པའི་ངོ་བོ་རང་བཞིན་གྱི་འོད་གསལ་བ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པར་གྱུར་པ་ནི། སྐུ་མདོག་དམར་སེར་ཨོ་རྒྱན་ག་ཛ་ནི་ཡི་སིནྡྷུ་རའི་ཁ་དོག་ལྟ་བུ་ཞི་མ་ཁྲོ་ཆགས་པའི་ཉམས་ཅན་བཞད་པའི་ཞལ་ཚེམས་ཕྲེང་དཀར་ཞིང་མཆེ་བའི་མྱུ་གུ་བཞི་གཙིགས་པ། སྤྱན་གསུམ་ནམ་མཁར་ཧྲིག་གེ་གཟིགས་ཤིང་གཞོན་ནུ་བཅུ་དྲུག་ལང་ཚོ་རྒྱས་པའི་ཉམས་ཅན་ནུ་མ་འབུར་ཞིང་གསང་གནས་རྒྱས་པ། ཕྱག་གཉིས་གཡས་རྡོ་རྗེས་ཡུ་བ་བྱས་པའི་ཟངས་གྲི་ངོམ་ཐབས་སུ་འཕྱར་བ། གཡོན་དུང་ཆེན་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། ཞབས་གར་སྟབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་བས་བདག་མེད་རོ་ཡི་སྙིང་གར་བརྫིས་པ། དབུ་སྐྲ་རལ་པ་དམར་སེར་གྱེན་དུ་བརྫེས་པའི་དབུས་སུ་ཕག་ཞལ་ནག་པོ་རྔམ་ལ་བརྗིད་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་མཛེས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ་གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པ་དང་། ཕྱག་ཞབས་གསེར་གྱི་གདུ་བུ་གཡེར་ཁ་འཁྲོལ་བ། བལྟ་བས་མི་བཟོད་པའི་ཡེ་ཤེས་ཀྱི་འོད་ཟེར་ལྔ་དང་མེ་དཔུང་གི་དབུས་སུ་བཞུགས་པའོ། །དེའི་སྤྱི་བོར་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་པདྨ་ཡིད་བཞིན་ནོར་བུའི་ཆ་ལུགས་ཅན། མཚན་དཔེ་ལྷུན་སྡུག་གཟི་བརྗིད་འོད་དུ་འབར་ཞིང་ཕྱག་མཉམ་གཞག་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་སྤྱན་ལྟ་སྟངས་ཏིང་ངེ་འཛིན་ལས་གཡོ་བ་མེད་པར་བཞུགས་པ། དེའི་སྟེང་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་མདུང་ཚུག་གམ་ཐོ་བརྩེགས་ཀྱི་ཚུལ་དུ་བསྒོམ་པར་བྱ་སྟེ། གཏེར་སྟོན་ནས་རྩ་བའི་བླ་མའི་བར་རང་རང་གི་བརྒྱུད་ཚུལ་ཐ་དད་པ་ལས། འདིར་རྩ་བའི་བླ་མའི་སྤྱི་བོའི་ཐད་སྟེང་དུ་པད་ཉི་ཟླ་གདན་ལ། ࿋ རིག་འཛིན་ཆེན་པོ་པདྨ་བདེ་ཆེན་གླིང་པ་སྐུ་མདོག་དམར་སྨུག་སྟོད་གཡོགས་སྔོན་པོ་ཤམ་ཐབས་དཀར་པོ་མནབ་གཟན་དམར་པོ་གསོལ་བ། དབུ་ལ་པཎ་ཞུ་མཛེས་པ། ཕྱག་གཡས་གནམ་ལྕགས་ཀྱི་ཕུར་པ་དང་གཡོན་ཐོད་པ་བདུད་རྩིས་བཀང་བ་འཛིན་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་ཀློང་གསལ་སྙིང་པོ་སྐུ་མདོག་སྔོ་སངས་ཨག་ཚོམ་བྲང་གི་རྒྱ་མདོར་སྙེགས་པ། སྤྱན་འབྲུ་ཚུགས་ཅན། དབུ་ལ་རས་དཀར་གྱི་ལ་ཐོད་དང་སྐུ་ལ་འདུང་དམར་བཞེས་ཤིང་ཟ་འོག་གི་བེར་ཕྱམ་གསེར་གྱི་ཁ་དོག་ཅན་གསོལ་བ། ཕྱག་གཉིས་རྡོ་རྗེ་དང་སྡིག་པ་འཛིན་པའོ། །དེའི་སྤྱི་བོར་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེ་སྐུ་མདོག་དཀར་གསལ་སྤྱན་ཟིམ་བུས་གཟིགས་པ། དབུ་ལ་པད་ཞུ་པདྨ་མཐོང་གྲོལ་དང་། སྐུ་ལ་ཕོད་ཀ་དང་ཤམ་ཐབས་དཀར་པོ་ཅན། ཟ་འོག་གི་བེར་ཕྱམ་གསོལ་བ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་སྤྱི་བོར་རིག་འཛིན་འཇའ་ཚོན་སྙིང་པོ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐུ་མདོག་དཀར་སྨུག་དབུ་ལ་པད་ཞུ་དང་སྐུ་ལ་ཆོས་གོས་གསོལ་བ། ཕྱག་གཡས་རྡོ་རྗེ་འགྱིང་ཐབས་ཀྱིས་འཛིན་ཅིང་གཡོན་གནམ་ལྕགས་ཀྱི་ཕུར་པ་གསོར་བ། དཔུང་པ་ན་འཇའ་ཚོན་གྱི་གཤོག་པ་ཅན། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཟར་མའི་མེ་ཏོག་ལྟ་བུ་དབུ་སྐྲ་ཕྱེད་གྱེན་དུ་བཅིངས་ཤིང་ཕྱེད་ཐུར་དུ་འཕྱང་བ། ཟ་འོག་གི་འདུང་གོས་རིན་པོ་ཆེའི་རྒྱན་དུ་མས་ཉེ་བར་སྤྲས་པ། ཕྱག་མཉམ་གཞག་ཐོད་པ་བདུད་རྩིས་བཀང་བ་འཛིན་པའོ། །དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས་པ་རྒྱན་ཆ་ལུགས་སྤྱི་དང་མཐུན་པ། དེའི་སྤྱི་བོར་ཐུགས་རྗེ་ཆེན་པོ་གངས་ཆེན་མཚོ་ཁ་སར་པ་ཎིའི་ཆ་བྱད་ཅན། དེའི་སྤྱི་བོར་ཀུན་བཟང་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་གཅེར་བུ་ཕྱག་མཉམ་གཞག་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། རང་འོད་འོད་གསལ་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པ། དེ་ཐམས་ཅད་ཀྱང་གཟི་བརྗིད་མཆོག་ཏུ་འབར་ཞིང་གནས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན་པ། སྐུ་འོད་ཁྱིམ་ཐིག་ལེ་འཇའ་ཚོན་གྱི་དབུས་སུ་བཞུགས་པའི་མཐའ་སྐོར་དུ། སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ཐོབ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་གངས་ཀྱི་རི་བོ་ལ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་བསམ་ཞིང་། རྒྱུན་ཁྱེར་གྱི་ངག་འདོན་ཚིགས་བཅད་གཏེར་སྟོན་གྱི་ཞལ་གསུངས་ཀྱིས་གསལ་བཏབ་པ་ནི། ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མ། །མདངས་གསལ་མེ་འོད་གསལ་སྟོང་ལྷག་གེའི་ངང་། །ཕྱོགས་མཚམས་ནམ་མཁའ་འཇའ་འོད་ཟེར་གྱི་ཀློང་། །སྤྱི་བོར་བླ་མ་པད་འབྱུང་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་། །གཞན་ཡང་མདོ་རྒྱུད་བསྟན་བཅོས་མན་ངག་སོགས། །རྒྱ་བོད་མཁས་གྲུབ་བླ་མ་ཐམས་ཅད་བཞུགས། །དེ་ལ་ཡིད་རྩེ་གཅིག་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་ནས་དེའི་མདུན་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་དང་བཅས་ཏེ་ལྟོས་པ་མེད་པར་ལིང་གིས་འབུལ་ཞིང་ལེགས་ཉེས་སྐྱིད་སྡུག་ཅི་མཛད་ཁྱེད་ཤེས། སྐྱབས་དང་རེ་ས་གཞན་ན་མེད་དོ་སྙམ་པའི་བློ་དུང་དུང་པོས་ཕུར་ཚུག་ནེར་ཚུག་གི་སྒོ་ནས་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་གསོལ་འདེབས་རྒྱུན་ཁྱེར་གྱི་རྣལ་འབྱོར་ལས་བྱུང་བ་ནི། ཨོཾ་ཨཱཿཧཱུྃ། ཐོག་མའི་སངས་རྒྱས་ཀུན་བཟང་སྣང་མཐའ་ཡས། །གངས་ཅན་མགོན་པོ་ཁ་སར་པ་ཎི་དང་། །འཇའ་ལུས་སྣང་སྲིད་དབང་སྡུད་པདྨ་འབྱུང་། །ཡང་སྤྲུལ་རིག་འཛིན་སྙིང་པོའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀ་དག་ལྷུན་གྲུབ་གཞི་ཐོག་ཕེབས་པ་དང་། ཁྲེགས་ཆོད་ཐོད་རྒལ་ལམ་ལ་རྩལ་འབྱོངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཞིང་། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །ཅེས་གཏེར་སྟོན་གྱི་ཞལ་གསུངས་ཏེ་འཕྲི་བསྣན་མེད་པར་དེ་ཁོ་ན་བཞིན་བཀླགས་ལ། གཞན་བླ་མ་བརྒྱུད་རིམ་གྱི་གསོལ་འདེབས་གོང་དུ་ཡོད་པ་ལྟར་སྐབས་འདིར་སྦྱར་བར་བྱ་ལ། མཐར་མོས་གུས་སྟོབས་ཀྱིས་བླ་མ་བརྒྱུད་རིམ་རྣམས་གོང་མ་འོག་མ་ལ་རིམ་པར་མཐར་རྩ་བའི་བླ་མ་ལ་ཐིམ། དེ་སྐུ་གཟི་བརྗིད་འོད་དུ་འབར་ཞིང་ཐུགས་བརྩེ་བས་བདག་ལ་དགོངས་ཏེ་བྱིན་གྱིས་བརླབ་པར་བསམས་ནས་ཚིག་བདུན་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་སེམས་གཞན་ལ་མ་ཡེངས་པར་མོས་གུས་ཀྱི་ཤུགས་བསྐྱེད་ལ་བརྒྱ་རྩ་སོགས་ཅི་ནུས་བཟླ། དེ་ཡང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །གསོལ་འདེབས་ཚུལ་དུ་ཛཔ྄་འདི་བཟླ། །ཞེས་གསུངས་པའི་མན་ངག་གི་སྙིང་པོ་ཡང་འདི་ཁོ་ནར་འདུའོ། །དེ་ནས་བླ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་ཟླ་བ་ཞུན་མ་ལྟ་བུ་རང་གི་དཔྲལ་བར་ཐིམ་པས། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་གྱུར། མགྲིན་པའི་ཨཱཿལས་འོད་ཟེར་མར་མེའི་རྩེ་མོ་ལྟ་བུ་བྱུང་། བདག་གི་མགྲིན་པར་ཐིམ་པས། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་བར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྤོས་རེང་གི་དུད་པ་ལྟ་བུ་བྱུང་བ་བདག་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་བར་གྱུར། སྐུ་ཡི་གནས་ལྔ་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་ནས་འཇའ་ཤར་བ་ལྟ་བུ་བྱུང་། བདག་གི་གནས་ལྔར་ཐིམ། བཞི་པ་ཡེ་ཤེས་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་གྱུར། དེ་ནས་བླ་མ་རང་གི་ཚངས་པའི་བུ་ག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞུགས་ཤིང་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས་བདག་གི་ལུས་མེར་གྱིས་ཁེངས། དེ་མཐར་བླ་མ་ཡང་བདེ་བ་ཆེན་པོའི་རང་བཞིན་འོད་དུ་ཞུ། བདག་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་རོ་མཉམ་ཐིག་ལེ་ཉག་གཅིག་ཏུ་གྱུར་པར་བསམས་ལ་རིག་པ་སྟོང་གསལ་དུ་ཅི་གནས་མཉམ་པར་གཞག །ཡང་གོང་ལྟར་བསྐྱར་ཞིང་ཡང་ནས་ཡང་དུ་བསྒོམ་པ་ལ་ནན་ཏན་དུ་བྱ། ཐུན་མཐར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ། །འབྲལ་བ་མེད་པར་རྟག་ཏུ་བཞུགས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འཁོད་པར་ཤོག །ཅེས་པ་སོགས་བསྔོ་སྨོན་བཟང་པོས་རྒྱས་བཏབ། དམིགས་སྐོར་ལྔ་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཚར། འདི་ནི་བྱིན་རླབས་ཀྱི་འཇུག་སྒོ་དགེ་སྦྱོར་སྐྱེ་བའི་རྟེན་ཁྱད་པར་ཅན་ཡིན་པས་ལོ་དང་ཟླ་བ་སོགས་ཡུན་ཅི་རིང་དུ་ཉམས་སུ་ལེན་པ་གལ་ཆེ་ཞིང་། མགྱོགས་ཁྲིད་ཀྱི་སྐབས་སུ་ཡང་གཞན་ལས་འདི་ཅུང་ཟད་གཉུག་བསྲིངས་ཏེ་བྱ། ཁྲིད་ཐུན་འཛིན་པའི་ཐུན་འགོ་ཀུན་ཏུ་ཅི་ལྕོགས་རེ་མ་ཆད་པར་བྱེད། འདི་སྐབས་སུ་བླ་མའི་མཚན་ཉིད་སློབ་མས་བསྟེན་ཚུལ་དམ་ཚིག་གི་རྣམ་གཞག་མོས་གུས་ཀྱི་ཕན་ཡོན། བླ་མའི་རྣལ་འབྱོར་ལ་འབད་དགོས་ཚུལ་རྣམས་སློབ་མས་སྔར་མ་ཐོས་ཤིང་མི་ཤེས་ན་ཅི་ནུས་ཀྱིས་བཤད་པར་གཅེས་སོ། །དེ་ལྟར་སྔོན་དུ་འགྲོ་བའི་རིམ་པ་རྣམས་གཏེར་གཞུང་རྩ་བ་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ཁྲིད་ལས། རྒྱས་པར་ཁྲིད་ཚུལ་ནི། འབྱུང་བ་ལྔ་ལས་གྲུབ་པའི་མི་ལུས་གཙང་མ་ལ༔ བདེ་གཤེགས་སྙིང་པོ་བྱ་བ་དེ་ཡོད་པས༔ དེ་ལ་འཆི་བ་མི་རྟག་པས་བསྐུལ་ཏེ་གདོད་བྱ་དང་ལོང་ཡོད་ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟར་ཤེས་པར་བྱས༔ གར་སྐྱེས་གར་གནས་ཐམས་ཅད་སྡུག་བསྔལ་འབའ་ཞིག་ཏུ་གོ་བས་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་འཕྲིག་ཚུད་ཅིང་སྐྱབས་འགྲོ་དང་ཡིག་བརྒྱ་ལ་རྟགས་ཐོན་པར་ཉམས་ལེན་སྐྱོང༔ བྱང་ཆུབ་མཆོག་ཏུ་སེམས་ཁ་ཙམ་ཚིག་ཙམ་མ་ཡིན་པར་བསྐྱེད་དེ་རྒྱུ་ཚུལ་ཁྲིམས་གཙང་མ་ལ་བསླབ༔ སྨོན་འཇུག་ཚང་བའི་སྒོ་ནས་བླ་མ་མཚན་ལྡན་ལ་གསོལ་བ་འདེབས་ཀྱིན་བཀའ་སྒྲུབ༔ ཅེས་པས་ཁྲིད་ཀྱི་སྔོན་འགྲོ་རྣམས་ངེས་པར་བསྟན་ཅིང་དེ་བཞིན་གཏེར་སྟོན་རིག་འཛིན་ཆེན་པོ་རང་ཉིད་ཀྱིས་སྐལ་ལྡན་སློབ་མའི་ངོར་རྒྱུད་ཀྱི་ཡང་འགྲེལ་མཛད་པའི་ཁྲིད་ཀྱི་རྐང་སྡོམ་ལས། ཁྱད་པར་དུ་ཟབ་ཁྲིད་དང་བསྟུན་ན། དང་པོ་ཡིད་ཆེས་ཁུངས་བཙུན་ལོ་རྒྱུས་རྣམས་བཀའ་འགྲེལ་དང་རྣམ་ཐར་ནས་བཤད། སྔོན་འགྲོ་ཐུན་མོང་ནི། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་དང། ལས་རྒྱུ་འབྲས་བསླུ་མེད། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་ཞུས་ལན་ནས་བཤད་ཅིང་། དེའི་རྒྱབ་ཆོས་སུ་པདྨ་ཐང་ཡིག་དང་རིག་འཛིན་བརྒྱུད་པའི་རྣམ་ཐར་ལ་སོགས་སོ་སོའི་སྐབས་དང་བསྟུན་ལ་བཤད་དོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་མ་ཧཱ་ཡོ་གའི་བསྐྱེད་རིམ་ནས་བཤད། གོང་དུ་བསྟན་པ་བཞིན་དུ་སྔོན་འགྲོ་རྣམས་རྟགས་ཐོན་པར་བྱའོ། །ཞེས་པས་སྔོན་འགྲོའི་ས་བཅད་གསལ་བར་ཕྱེས་པ་བཞིན། དེའི་ངག་འདོན། སྐྱབས་སེམས། ཡན་ལག་བདུན་པ། རྡོར་སེམས། མཎྜལ་གྱི་གོ་རིམ་ཡོ་ག་གསུམ་གྱི་སྒྲུབ་ཐབས་དབུར་བཞུགས་པ་དང་། རྒྱུད་ཀྱི་བཀའ་འགྲེལ་རི་རྒྱལ་ལྷུན་པོར་སྐྱབས་འགྲོ་ཕྱི་ནང་གསང་གསུམ། སྨོན་འཇུག་དོན་དམ་གྱི་སེམས་བསྐྱེད། གཞན་ཡང་ཕྱི་ནང་གསང་བའི་སྡོམ་བཟུང་དམ་བཅའ་ཚུལ། ཡན་ལག་བདུན་པ་མཎྜལ་ཡིག་བརྒྱ་སྒོམ་བཟླས་བསྔོ་སྨོན་གྱི་རྣམ་གཞག་བླ་མ་བསྒོམ་པའི་ཕན་ཡོན་རྣམས་མདོ་རྒྱུད་ལུང་འདྲེན་བཅས་རྒྱས་པར་བཀྲལ་ཞིང་། མདོ་དོན་ཉང་བན་གྱི་ཞུས་ལན་དུ། གུ་རུའི་ཞལ་ལུང་ལྷུག་པར་བསྩལ་བ་སོགས་རྡོ་རྗེའི་གསུང་གིས་ལེགས་པར་ཟིན་པ་དེ་རྣམས་ཀྱི་དགོངས་དོན་སྒོམ་རིམ་གནད་རགས་པ་རྣམས་བསྡུས་ཏེ་འདིར་བཤད་པ་ཡིན་ལ། གཞན་གྱི་གདུལ་བྱའི་བློ་ཡི་བབ་དང་མཐུན་པར་དམིགས་པའི་རྣམ་གྲངས་དུ་མར་འགྱུར་བ་ཡང་གོ་ཞིང་རྟོགས་པར་བྱའོ། །གཞན་ཡང་སྔོན་དུ་འགྲོ་བ་འདི་རྣམས་སྒོ་གསུམ་གྱི་དགེ་སྦྱོར་དང་འགྲུས་པར་བྱ་བ་ཤིན་ཏུ་གལ་ཆེ་སྟེ། ཡང་འགྲེལ་ལེའུ་བཞི་པའི་བཤད་པ་ལས། སྒྲུབ་པ་ཕྱི་ནང་གསང་བ་དེ་ཉིད་ལས་མཐའ་དང་བཅས་པར། མདོར་ན་བསྐྱེད་རིམ་རྫོགས་རིམ་གང་དང་གང་ལ་འཇུག་ཀྱང་རབ་ཀྱི་སྔོན་འགྲོ་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་དང། ཕྱག་འབུམ་སྡེ། ཡིག་བརྒྱ་འབུམ་སྡེ། མཎྜལ་འབུམ་སྡེ། གསོལ་འདེབས་འབུམ་སྡེ་ལ་སོགས་སྔོན་དུ་སོང་ན། དངོས་གཞི་ཤུགས་ཀྱིས་བསྒྲུབ་པ་རྣམས་བར་ཆད་མེད་ཅིང་རྟགས་མྱུར་དུ་ཐོན་པ་དང་། སྒྲུབ་ཐབས་སུ་ཅི་ལྟར་གསུངས་པ་བཞིན་དུ་འབྲས་བུ་འབྱིན་ནུས་སོ། །དེ་ནི་གུ་རུ་རིན་པོ་ཆེའི་ཞལ་ལུང་། བདག་འཇའ་ཚོན་པས་ཉམས་མྱོང་ངེས་པ་ཅན་དུ་ལགས། ཞེས་གསུངས་པ་ལྟར་ཇི་བཞིན་ལག་ལེན་དུ་གདབ་པ་གལ་ཆེ་ལ། ལར་ནི་སྔོན་འགྲོའི་ཡོན་ཏན་ཆ་ཤས་ཤིག་རྒྱུད་ལ་མ་སྐྱེས་ན་དངོས་གཞིའི་ཡོན་ཏན་རྒྱུད་ལ་སྐྱེ་བར་མི་འགྱུར་བས། སྔོན་འགྲོ་ལ་ནན་ཏན་དུ་བྱེད་པ་ཤིན་ཏུ་གཅེས་སོ། །འདིར་སྨྲས་པ། གུ་རུའི་ཐུགས་སྒྲུབ་གདམས་ངག་སྙིང་པོའི་དོན། །བླ་མའི་བཀའ་ལས་གསལ་བར་ཕྱེས་པ་གང་། སྔོན་འགྲོའི་རིམ་པ་ལེགས་པར་བཤད་པའི་གཏམ། །འདིས་ཀྱང་ཐར་འདོད་གསོས་སུ་ཅིས་མི་འགྱུར། །སྡུག་བསྔལ་རྒྱ་མཚོ་བརྒལ་འདོད་རྣམས་ཀྱི་གྲུ །རྙེད་དཀའི་དལ་འབྱོར་མྱུར་དུ་མི་རྟག་འཇིག །སྐྱོ་བས་བསམ་བཞིན་དགེ་སྡིག་ལས་འབྲས་གཞིག །ཐར་མཆོག་ལམ་ལ་ད་རེས་ཅིས་མི་འཇུག །མཆོག་ལ་སྐྱབས་འགྲོ་དམན་ལ་སྙིང་བརྩེ་བའི། །གདམས་པ་འདི་ནི་རྒྱལ་ཀུན་འཇུག་སྒོ་ཡིན། །སྒྲིབ་སྦྱོང་ཚོགས་གསག་ཚེགས་ཆུང་དོན་ཆེ་བ། །ཡིག་བརྒྱ་མཎྜལ་འདི་ཡང་རྨད་བྱུང་ཉིད། །དུས་གསུམ་རྒྱལ་བའི་གཤེགས་ཤུལ་སྙིང་པོའི་ཆོས། །མེད་ཐབས་མེད་པ་བླ་མའི་རྣལ་འབྱོར་ཏེ། །ཡེ་ཤེས་འཕོ་བའི་བདུད་རྩིའི་རྒྱུན་འབེབ་འདི། །སྐལ་ལྡན་སྙིང་གི་བུམ་པར་ཅིས་མི་འཛིན། །ཚུལ་འདིར་སྤྱོད་རྣམས་ཚེ༵་ལྡན་འབྲས་ཡོད་དེ། །མྱུར་ལམ་དབ༵ང་གིས་རིང་མིན་བདེ་བའི་བཙས། །ཚོགས་གཉིས་ལྷུན་གྲུབ་ནོར༵་བུ༵་ཐོབ་དེས་ན། །ཀུན་གྱིས་སྤྲོ་བཞིན་འབད་པས་བསྒོམ་པར་ཤོག །ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་སྔོན་དུ་འགྲོ་བ་བཤད་པའི་སྐབས་ཏེ་དང་པོའོ།། ༈ །།རྒྱལ་ཀུན་ཡེ་ཤེས་རང་གཟུགས་རྡོ་རྗེའི་སྐུ །མཚན་དཔེ་ཡོངས་རྫོགས་འོད་འབར་ཐོད་ཕྲེང་རྩལ། །མ་བྱས་ལྷུན་རྫོགས་ཆས་གསུམ་ཟུང་འཇུག་ཕྱག །རྡོ་རྗེ་ཐོད་པ་འཆང་དེར་ཕྱག་འཚལ་འདུད། །དེ་ནས་ད་ནི་སྤྱི་དོན་གཉིས་པ་ཁྲིད་རིམ་དངོས་གཞི་སྟོན་པར་བྱེད་པ་ལ་ཡང་གཏེར་གཞུང་རྩ་བར་མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་གསུམ་དང་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཁྲིད་རིམ་གཏུམ་མོ་འཕོ་བ་རྣམས་རིམ་པར་བསྟན་པ་ལས། འདིར་དེ་རྣམས་ཀྱི་དགོངས་པ་ཁྲིགས་སུ་བསྡེབས་ནས་བསྟན་ན། སྤྲུལ་སྐུ་ལམ་དུ་བྱེད་པ་སྐུ་རྡོ་རྗེ་མ་ཧཱ་ཡོ་ག་ལྟར་བསྐྱེད་རིམ་བསྒོམ་བཟླས་ཏིང་ངེ་འཛིན་གྱི་ཁྲིད། ལོངས་སྐུ་ལམ་དུ་བྱེད་པ་གསུང་རྡོ་རྗེ་ཨ་ནུ་ཡོ་ག་ལྟར་རྫོགས་རིམ་ཐབས་ལམ་ཙཎྜ་ལཱི་ཡི་ཁྲིད། ཆོས་སྐུ་ལམ་དུ་བྱེད་པ་ཐུགས་རྡོ་རྗེ་ཨ་ཏི་ཡོ་ག་ལྟར་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད། ངོ་བོ་ཉིད་སྐུ་ལམ་དུ་བྱེད་པ་ཡེ་ཤེས་རྡོ་རྗེ་ཡང་གསང་བླ་མེད་རྡོ་རྗེ་སྙིང་པོ་ལྟར་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཁྲིད་དེ། དེ་ལྟར་རྡོ་རྗེ་བཞི་ཡི་ཁྲིད་སྤྱི་དོན་བཞིར་བཞག་སྟེ་དབང་བཞིའི་ལས་རིམ་དང་གུང་མཐུན་པར་འཆད་པ་ཡིན་ལ། དེ་ཡང་ཁྲིད་ཞུ་སློབ་མ་རྣམས་དངོས་གཞི་ལ་འཇུག་པའི་སྐབས་འདིར་གསང་སྔགས་བླ་མེད་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཚུལ་ལྡན་དང་། བྱེ་བྲག་ཡང་ཟབ་བླ་མའི་བྱིན་རླབས་རྩ་བའི་དབང་བཞི་བུམ་པ་ཐོད་པ་ཁ་ཊྭཱཾ་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བརྟེན་པ་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ཏིང་ངེ་འཛིན་གསལ་ཞིང་བརྡ་དོན་འཕྲོད་པ་ཐོབ་པར་བྱེད་པ་ནི་སྔགས་ཀྱི་འཇུག་སྒོ་མེད་ཐབས་མེད་པ་ཡིན་པས་ངེས་པར་གལ་ཆེ་ལ། དེ་བཞིན་སྒྲུབ་པ་ལུང་བྱིན་གླེགས་བམ་དབང་དང་སྲུང་མའི་གཏོར་དབང་ཡང་བསྐུར། དེ་ནས་བསྐྱེད་པའི་ཁྲིད་ལ་དངོས་དང་། རྗེས་འབྲེལ་གཉིས། དེའི་དང་པོ་ལ་ཡང་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་བ། ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པའི་གཞུང་བསྲང་བ། ཕྲིན་ལས་རྣམ་པ་བཞིའི་ཁ་ཚར་གདབ་པ། ཚེ་ཡི་སྒྲུབ་པས་མཐའ་རྒྱས་སུ་བྱེད་པ་སྟེ་བཞིའོ། །དེ་ལ་དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འཁོད་དེ་སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བའི་རིམ་པ་རྣམས་གྲུབ་པར་བྱས་ཤིང་དེ་འཕྲལ་ལུས་བསམ་གཏན་གྱི་ཆོས་དང་མཐུན་པ་མིག་ལྟ་སྟངས་གཡོ་མེད་དང་ཐོག་མར་རླུང་རོ་ལེགས་པར་བསལ་ལ། དེ་རྗེས་རང་བབ་ཏུ་གློད། དེ་ནས་ཏིང་འཛིན་རྣམ་གསུམ་གྱི་དང་པོ་མཉམ་པར་གཞག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཐོག་མར་རྡོ་རྗེའི་ཚིག་འདིས་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུྃ༔ འདི་ལྟར་སྣང་སྲིད་གཉིས་བསྡུས་ཆོས་རྣམས་ཀུན༔ ཡེ་ནས་སྟོང་ཞིང་ནམ་མཁའ་ལྟ་བུ་ལ༔ བྱེད་སྤྱོད་བླང་དོར་འཛིན་པའི་མཐའ་ལས་འདས༔ ཞེས་ངག་ཏུ་བརྗོད་ནས་དེ་ཡི་དོན་འདི་ལྟར་བདག་གཞན་འཁོར་འདས་སྣང་སྲིད་གཉིས་བསྡུས་ཀྱི་ཆོས་རྣམ་པར་ཤར་བ་ཀུན། ཡེ་ནས་སྟོང་ཞིང་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་དེ་ལ་སྐྱེ་འགག་གནས་པ་དང་རྒྱུ་རྐྱེན་འབྲས་བུ་ལས་འདས་པ་གདོད་མའི་ཁམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་པའི་རང་བཞིན་འོད་གསལ་སྟོང་ཉིད་གཟུང་འཛིན་བྱ་བྱེད་སྤང་བླང་མཐའ་ལས་འདས་པ་ཉིད་དུ་ཤེས་པར་བྱས་ནས། རྣམ་རྟོག་གསུམ་བྲལ་སྟོང་ཉིད་འོད་གསལ་གྱི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པ་སྟེ་དམིགས་ཐུན་དང་པོའོ། ༈ །གཉིས་པ་མཉམ་ལྡང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། གོང་གི་སྟོང་ཉིད་ལས་ལྡངས་ནས་ང་རྒྱལ་བཟུང་བའི་ཚུལ་གྱི་རྡོ་རྗེའི་ཚིག་འདིས་བསྟན་ཏེ། པདྨ་སཾ་བྷ་བདག་ནི་དེ་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཞེས་བརྗོད། དེ་ཡང་སེམས་ཅན་རྣམས་ཀྱི་ཁམས་གློ་བུར་མི་གཙང་ལྗན་ལྗིན་གྱི་དབུས་སུ་གདོད་ནས་རྣམ་པར་དག་པ་ཆོས་ཁམས་ཀ་དག་བདེ་གཤེགས་སྙིང་པོ་རྙོག་བྲལ་པདྨ་ལྟར་མ་སྐྱེས་རང་བྱུང་ཡོན་ཏན་ཀུན་ལྡན་དུ་གཙང་རྟག་བདེ་བའི་རང་བཞིན་བདག་མེད་པ་དོན་དམ་པའི་བདག་ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་བོ་ནི་ནམ་ཡང་བྲི་གང་མེད་པར་དེ་ལྟར་གནས་ཞེས་དཔེ་ཚིག་སྨྲ་བརྗོད་ལས་འདས་ཀྱང་ཐབས་ལ་མཁས་པས་དེ་ལྟར་ཚིག་གིས་སྨྲ་བ་སྟེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་མ་རིག་གཉིས་འཛིན་འཁྲུལ་པའི་སྣང་བར་ཞེན་པས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ་སྤྱོད་པ་སྙིང་རེ་རྗེ། དེ་ལྟར་ན་ཡང་དེ་རྣམས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མ་འདས་པས་གློ་བུར་དྲི་མ་མཐའ་དག་བསལ་ནས་བྲལ་འབྲས་ཆོས་སྐུ་ལ་ཅིས་ཀྱང་བཀོད་པར་བྱ་སྙམ་པའི་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུ་ལ་སེམས་ཅི་གནས་སུ་བཞག །དམིགས་ཐུན་གཉིས་པའོ། །དེ་ལྟར་དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་གཅིག་པའོ། ༈ །གསུམ་པ་མཉམ་ལངས་ཟུང་འཇུག་རྒྱུ་ལས་འབྲས་བུ་ལྷ་སྐུར་ལྡང་བ་རྩ་བ་རགས་པའི་ཚུལ་དུ་གསལ་བཏབ་པ་དང་། ཡན་ལག་ཕྲ་ཞིབ་ཀྱི་ཚུལ་དུ་བསྟན་པར་བསྒོམ་པ་གཉིས་ལས། དང་པོ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བཏབ་པ་ནི། ཧྲཱི༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ ཞེས་པ་སྟེ། དེ་ཡང་རྒྱུ་ཡི་རྐྱེན་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་སྒྲ་ཧྲཱིཿཞེས་གཞོམ་མེད་ནཱ་དའི་དབྱངས་ཀྱིས་བསྐུལ་བས། གོང་དུ་བཤད་པ་ལྟར་མ་རིག་པའི་ཆས་བསྡུས་པའི་གཟུང་འཛིན་གྱི་བདག་འཁོར་དང་བཅས་པ་སྤངས་པའི་ཆོས་དབྱིངས་ཀྱི་བདག་འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ་བཞུགས་པའི་ངོ་བོ་ཉིད། འགྲོ་བ་རྣམས་ཀྱི་ཆོས་ཁམས་ཐ་མལ་གཉུག་མ་ཞེས་མ་བཅོས་རང་བྱུང་བྱང་ཆུབ་སེམས་ཀྱི་གཤིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་དང་སེམས་ཅན་གྱིས་གསར་དུ་བཟོ་བཅོས་ཀྱིས་བཟང་ངན་བྱར་མེད་པ་འདི་ཀ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྐུར་ཤར་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་རང་མདངས་མཐའ་དང་མུ་མེད་པའི་འོད་ཟེར་འབྱམས་ཀླས་པའི་ཀློང་དུ་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་མཚོན་ཆ་འཕྲོ་བའི་དབུས་སུ། བདེ་སྟོང་ཟུང་འཇུག་རྡོ་རྗེ་བཙུན་མོའི་མཁའི་རང་བཞིན་པད་དཀར་ཟླ་བའི་གདན་ལ་རིག་པའི་ངོ་བོ་དཀོན་མཆོག་ཡོངས་ཀྱི་སྤྱི་དཔལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་པའི་བདག་ཉིད། དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོའི་པདྨ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་འོད་གསལ་ཟུང་འཇུག་ཚད་མེད་པའི་ཡོན་ཏན་མཆོག་ཏུ་འབར་བ་བླ་མ་ཡིད་བཞིན་ནོར་བུ་ཐུན་མོང་དང་ཁྱད་པར་གྱི་མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་དེ་ཡང་། བདག་ཉིད་འགྱུར་མེད་ཡེ་ནས་རྡོ་རྗེའི་སྐུ༔ ཞེས་པ་ལྟར་གདོད་ནས་རང་བྱུང་ལྷུན་གྲུབ་ཆེན་པོར་གནས་པ་ལ་རང་གསལ་གདབ་པའི་ཚུལ་གྱིས་སྣང་སྟོང་སྒྱུ་མ་ལྟ་བུར་སྐད་ཅིག་མར་ཝལ་གྱིས་བསྐྱེད་ལ་ཅི་གནས་སུ་བཞག །དམིགས་ཐུན་དང་པོའོ། ༈ །དེ་ལྟར་ཏིང་འཛིན་གསུམ་གྱི་གཞུང་གཏེར་བྱོན་རྡོ་རྗེའི་ཚིག་ཕལ་རྣམས་ཀྱིས་ཅུང་ཟད་རྟོགས་དཀའ་བར་སྣང་བས་འབྲུ་བཀྲལ་ཏེ་དོན་གྱི་གནད་གསལ་བར་ཕྱེས་པ་ཡིན་ལ། གཞན་ཡང་ཏིང་འཛིན་གསུམ་གྱིས་མར་སྦྱང་བྱ་འཁོར་བའི་སྐྱེ་འཆི་བར་དོའི་བག་ཆགས་དག་པར་བྱེད་ཅིང་། ཡར་སྦྱངས་འབྲས་སྐུ་གསུམ་གྱི་གསོས་འདེབས་ཤིང་། བར་རྣལ་འབྱོར་སད་རྨི་གཉིད་འཐུག་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་ལམ་དུ་བྱེད་ཅིང་། མཐར་ཐུག་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཚུལ་ཁྱད་པར་ཅན་ཏེ། ཞིབ་པར་གཞུང་དོན་བླ་མའི་ཞལ་ལུང་མཉན་པར་བྱ་ལ་རང་ལུགས་སྔགས་ཀྱི་སྤྱི་གཞུང་ཆེན་པོ་རྣམས་སུ། སྟོང་པ་ཆེན་པོ་དང་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་གཅིག་པ་ཞེས་གསུངས་པ་ཡང་འདི་དང་གནད་དོན་གཅིག་པ་ཁོ་ན་ཡིན་ནོ། །གཉིས་པ་ཡན་ལག་ཕྲ་ཞིབ་ཀྱི་ཚུལ་དུ་བསྟན་པར་བསྒོམ་པ་ལ། ཐོག་མར་རྡོ་རྗེའི་ཚིག་ངག་ནས་བརྗོད་དེ་སེམས་ལ་གསལ་བཏབ་པ་ནི། དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ ཕོད་ཀ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེ་རབ་རྒྱས་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམ༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་བརྗོད་ལ་གུ་རུ་རིན་པོ་ཆེའི་སྐུ་མདོག་ཉམས་འགྱུར་རྒྱན་ཆ་ཕྱག་མཚན་ཅོད་པན་ཁྱད་པར་གྱི་ཕྱག་རྒྱ་ན་བཟའ་མཚན་དཔེ་ཡེ་ཤེས་ཀྱི་འོད་སྣང་དག་སྦྱོར་བཅས་ཞབས་ཀྱི་བཞུགས་ཚུལ་གདན་ཡང་དེ་ཡི་ཤུགས་ཀྱིས་བསྟན་པ་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་ཅིང་ཕྲིན་ལས་ཀྱི་ཚུལ་འཁོར་ཚོགས་ཚོམ་བུ་བཀྲག་གསལ་འཐུག་པོ་དང་བཅས་གསལ་བར་བསྒོམ་ཞིང་། དེ་ཡང་སྐུ་གསུམ་གྱི་རོལ་པ་སྤྲུལ་པས་གདུལ་བྱ་ཡོངས་ལ་ཁྱབ་པ། ཆོས་སྐུ་མཁའ་ཁྱབ་སྤྲོས་བྲལ་གདལ་བ་ཆེན་པོ། རྒྱལ་བའི་དཀྱིལ་འཁོར་ལོངས་སྤྱོད་མཐའ་དག་སྐུ་ལ་རྫོགས་པ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ་ཟང་ཐལ་སྣང་སྲིད་དག་པའི་དཀྱིལ་འཁོར་ཅན་ལྟར་སྣང་སྒྱུ་མ་ལྟ་བུར་གསལ་བཏབ་པ་ནན་ཏན་དུ་བྱ་དགོས་ཏེ་དམིགས་ཐུན་གཉིས་པའོ། །དམིགས་ཐུན་དེ་གཉིས་པོ་མགྱོགས་ཁྲིད་ཀྱི་སྐབས་སུ་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་གཉིས་པའོ། ༈ །དེ་ལྟར་བསྐྱེད་པའི་རིམ་པ་ལ་མཚན་ཉིད་གསུམ་གྱིས་ལེགས་པར་བསྒྲུབ་པ་བྱ་དགོས་ཏེ། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་སྟེ་དེ་རིམ་པ་ཅིག་ཅར་ཅི་ནུས་སུ་ཉམས་ལེན་བྱ་ལ། དེ་ཡི་དང་པོ་རྣམ་པ་གསལ་བ་ནི། རེས་པད་དཀར་ཟླ་གདན་ནས་རྒོད་ལྡེམ་གྱི་བར་དུ་གསལ་བཏབ་ཅིང་། རེས་རྒོད་ལྡེམ་ནས་གདན་གྱི་བར་དུ་གསལ་བཏབ། རེས་ཐུགས་ཀ་ནས་ཕྱག་སོར་རྩེ་དང་། ཕྱག་སོར་ནས་ཐུགས་ཀའི་བར། ཐོག་མར་སྐུ་དང་རྒྱན་ཆ་ལུགས་ཆས་རེ་རེ་ནས་གསལ་བཏབ་ཅིང་མཐར་མེ་ལོང་ངོས་ལ་ཙཀླིའི་གཟུགས་གཅིག་ཅར་དུ་འཆར་བ་བཞིན་ཆ་མེད་ཀུན་འགྲོ་རྣམ་པ་ཤིན་ཏུ་གསལ་བ་ལ་ཐོག་མར་ཡུན་ཐུང་གྲངས་མང་དང་མཐར་ཡུན་ཅི་རིང་གསལ་བཞིན་དུ་བསྒོམ་པ་སྟེ་དམིགས་ཐུན་གཅིག་གོ ༈ །ང་རྒྱལ་བརྟན་པ་ནི། རང་གི་རིགས་རུས་གཟུགས་བརྙན་མིང་གི་བླ་དྭགས་ཀྱི་འཛིན་རྟོག་ཡོངས་སུ་སྤངས་ཏེ། ལྷ་སྐུའི་རྣམ་པ་གསལ་མི་གསལ་ཇི་ལྟར་ཡང་གཟི་བརྗིད་འོད་དཔག་ཏུ་མེད་པའི་ངོ་བོ་གུ་རུ་པདྨའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་དང་། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་གཅིག་ཏུ་བསྡུས་པའི་སྤྱི་དཔལ་བདག་ཉིད་དོ་སྙམ་པའི་སེམས་བརྟན་པོར་བཟུང་བ་སྟེ་དམིགས་ཐུན་གཉིས་པའོ། ༈ །རྣམ་དག་དྲན་པ་ལ། སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཀྱི་རྣམ་དག་དང་། ལྷ་སྐུ་གསལ་སྟོང་ཟུང་འཇུག་དོན་དམ་གཉིས་ཀྱི་རྣམ་དག་དྲན་པ་སྟེ་གཉིས་སོ། །དང་པོ་ནི། དེ་ཡང་མངོན་རྟོགས་ཀྱི་འདོན་ཚིག་རེ་རེ་བཞིན་དོན་ལ་སེམས་ན། དྲི་མ་མཐའ་དག་སྤང་བ་ཆོས་དབྱིངས་རང་བཞིན་གྱི་འོད་གསལ་བས་སྐུ་མདོག་དཀར་ཞིང་རྙོག་བྲལ་གསལ་ལ་དྭངས་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་མདངས་ཡེ་ཤེས་བཞི་ལྷན་སྐྱེས་རང་ཆས་སུ་སྣང་བའི་མཚོན་དོན་དང་གུ་རུ་པདྨ་རྒྱལ་བ་རིགས་ལྔ་གཅིག་ཏུ་འདུས་པ་གསང་ཆེན་རིགས་གཅིག་གི་ངོ་བོར་གྲུབ་པའི་བརྡར། ཤེལ་གྱི་འོད་མདངས་ནང་ན་གནས་པའི་ཁ་དོག་བཞིན་ཞལ་གྱི་དཀྱིལ་འཁོར་དཀར་གསལ་ལ་བལྟ་བས་མི་བཟོད་པའི་འོད་མདངས་ལྔ་རྣམ་པར་འགྱུར་བ། བྱང་ཆུབ་སེམས་ཀྱིས་གདུལ་བྱའི་ཡིད་འཕྲོག་པས་མཛེས་པ། དམིགས་པ་མེད་པའི་སྙིང་རྗེས་འགྲོ་ལ་ཆགས་པའི་ཚུལ་གྱིས་འཛུམ་པ། འདོད་ཡོན་མ་སྤངས་རྒྱན་དུ་ཤར་བ་རིན་ཆེན་དུ་མའི་རྒྱན་གྱིས་སྤྲས་པ་སྟེ། དཀར་གསལ་མདངས་ལྔ་མཛེས་འཛུམ་རྒྱན་གྱིས་སྤྲས༔ ཞེས་གསུངས་པའི་དག་སྦྱོར་སྙིང་པོ་ཙམ་སྨོས་པ་དེ་ཡིས་དཔེར་མཚོན་ཏེ། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་པའི་བར་སྤྲོ་ཞིང་ནུས་ན་ཚིག་སོ་སོའི་དོན་དག་སྦྱོར་བྱས་ན་ལེགས་པར་འགྱུར་མོད་ཀྱང་། འདིར་ཡིག་ཚོགས་མང་པོར་བྱུང་དོགས་ནས་མ་སྤྲོས་ལ་གནས་སྐབས་མདོ་དོན་ས་བོན་ཙམ་སྨོས་ན། དེ་ཡང་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་གི་ཞལ། བདེན་པ་གཉིས་ཀྱི་ཕྱག །ཐབས་དང་ཤེས་རབ་ཀྱི་ཞབས་འཁོར་འདས་མཉམ་ཉིད་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྲིད་པའི་སྐྱོན་གྱིས་མ་གོས་པ་ཤེས་རབ་རང་འོད་གསལ་བའི་སྐུ་མདོག་དཀར་པོ། ཞི་བ་ལ་མི་གནས་པ་ཐུགས་རྗེ་འགྲོ་ལ་ཆགས་པའི་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་ཤིང་ཡེ་ཤེས་ཀྱི་འོད་ལྔ་རྣམ་པར་འགྱུར་བ། དབྱིངས་རིག་འདུ་འབྲལ་མེད་པ་རྡོ་རྗེའི་སྤྱན་ཐད་ཀར་གཟིགས་ཤིང་ཚད་མེད་པའི་ཐུགས་རྗེ་ཞལ་གྱི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེས་པ། ཕ་རོལ་ཕྱིན་པ་དྲུག་གི་ཡོན་ཏན་མ་ལུས་རྫོགས་པས་མཚན་དང་དཔེ་བྱད་ཀུན་ནས་རྒྱས་པ། ཅིར་སྣང་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རིན་པོ་ཆེའི་རྒྱན་ཆས་སྤྲས་པ། བསླབ་པ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པས་ཆོས་གོས་གསུམ་དང་། ཆོས་ཉིད་འགྱུར་བ་མེད་ཅིང་ཉེ་ལམ་གྱིས་སེམས་ཅན་སྒྲོལ་བས་ཕོད་མཐིང་གསང་གོས་དང་། ཡེ་ཤེས་ལྔ་ལ་དབང་སྒྱུར་བའི་ཟ་འོག་གི་བེར་ཕྱམ་གསོལ་བ། སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ཕྲིན་ལས་ཡོན་ཏན་རྩལ་རྫོགས་སུ་དབང་བསྐུར་བའི་པད་ཞྭ་རྒོད་ལྡེམ་ཅན་དབུ་ལ་བཞེས་པ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པས་ཕྱག་གཡས་ཐུགས་ཀར་རྡོ་རྗེ་དང་། མི་འགྱུར་བདེ་བ་ཆེན་པོའི་བརྡར་ཐོད་པ་བདུད་རྩིས་བཀང་བ་དང་། བདུད་བཞི་མཐའ་དག་གཏན་ནས་བཅོམ་པས་འཆི་མེད་ཚེའི་བུམ་པ་དོན་གཉིས་ལྷུན་གྲུབ་ཡིད་བཞིན་ནོར་བུའི་ཁ་རྒྱན་ཅན་ཕྱག་གཡོན་མཉམ་གཞག་གིས་འཛིན་པ། དུག་གསུམ་ཡེ་ཤེས་གསུམ་དུ་སྒྲོལ་བའི་བརྡར་ཁ་ཊྭཱཾ་ག་ཁ་བྱེ་བ་ཁ་སྦྱོར་སོགས་ཡན་ལག་བདུན་དང་ལྡན་པ་མཚོན་ཕྱིར་གྲུ་མོ་གཡོན་ན་འཆང་བ། སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་སེམས་ཅན་གྱི་དོན་མཛད་པ་སྐུ་ལུས་དྲང་པོ་ཉིད་དུ་སྐུ་དང་ཞིང་ཁམས་ཡེ་ནས་འདུ་འབྲལ་མེད་པར་འཇའ་འོད་ཐིག་ལེའི་དབུས་སུ་བཞུགས་པ་སོགས་ཏེ་རང་རྒྱུད་ཀྱི་ཞེན་པ་བཟློག་ཕྱིར་རྣམ་དག་དེ་ལྟར་དྲན་པར་བྱའོ། །དམིགས་ཐུན་གསུམ་པའོ། ༈ །གཉིས་པ་ལྷ་སྐུ་གསལ་སྟོང་ཟུང་འཇུག་དོན་དམ་གྱི་རྣམ་དག་དྲན་པ་ནི། དེ་ལྟར་ལྷ་སྐུ་བསྒོམས་པ་དེ་ཡང་ཨ་འཐས་གདོས་བཅས་ཀྱི་ཕུང་པོར་སྒོམ་པ་ནི་སྨོས་ཀྱང་ཅི་འཚལ་ཏེ། ཐ་མལ་རང་སྣང་གི་ཞེན་པས་ཀྱང་བཅིང་བར་མི་བྱ་ལ། དེ་ཡང་ཡང་དག་པར་ནི་འདུས་བྱས་ཡོངས་སུ་འདས་པ་ཆོས་ཉིད་དབྱིངས་མེ་ལོང་ལྟ་བུའི་ཡེ་ཤེས་ཅན་རང་མདངས་པྲ་ཕབ་པའི་གཟུགས་བརྙན་ལྟར་རྣམ་པ་ཐམས་ཅད་པ། སྣང་ལ་རང་བཞིན་མེད་པ་ཆོས་ཀྱི་སྐུ་འོད་གསལ་སྟོང་པ་ཉིད་ཀྱི་གཟུགས་རང་སྣང་དག་པའི་འཁོར་ལོ་རྒྱུན་མི་འཆད་ཅིང་། སྨོན་ལམ་དབང་གིས་གཞན་སྣང་དུ་གཟུགས་ཀྱི་སྐུ་སྒྱུ་མ་ཙམ་དུ་ཤར་བ། རྣམ་ཀུན་མཆོག་ལྡན་ཟབ་གསལ་དབྱེར་མེད་ཀྱི་ངོ་བོར་མི་འགྱུར་བདེ་ཆེན་གདོད་ནས་ལྷུན་གྲུབ་ཉིད་དུ་རང་ཤར་རང་གསལ་བ། བསྐྱེད་བྱ་སྐྱེད་བྱེད་ལས་འདས་ཀྱང་གནས་སྐབས་རེ་ཞིག་དེ་ཉིད་ལམ་བྱེད་ལྟར་སྣང་ཚུལ་ཙམ་དུ་བསྐྱེད་པ་ཡང་དོན་གྱི་ངོ་བོ་དེ་ལྟར་ཡིན་པ་རྟོགས་དགོས་མོད། འོན་ཀྱང་རེ་ཞིག་ལས་དང་པོ་བས་དེ་ལྟར་ཇི་བཞིན་ཁོང་དུ་མ་ཆུད་ཚེ་ལྷ་སྐུ་སྣང་ཡང་རང་བཞིན་སྟོང་པ་ཞེན་མེད་སྒྱུ་མ་ཙམ་དུ་ཆུ་སྣོད་དང་མེ་ལོང་གི་གཟུགས་བརྙན་ཇི་བཞིན་གསལ་བར་བསྐྱེད་པ་ཤེས་པར་བྱ་སྟེ། དེ་ཡང་སེམས་ཉིད་སྟོང་པ་ལྷ་སྐུར་ཤར་ཞིང་ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྱུར་པར་ཤེས་པ་དེ་ནི་དག་དྲན་ཐམས་ཅད་ཀྱི་སྙིང་པོ་ཡིན་ལ། རྩ་བ་རྡོ་རྗེའི་ཚིག་ལས། སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་དང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དགོངས་དོན་ཏེ། དེ་ལྟ་བུའི་དོན་ལ་ནན་ཏན་གྱིས་ཁོང་དུ་ཆུད་པར་བྱའོ། །དམིགས་ཐུན་བཞི་པའོ། །དེ་ལྟར་དམིགས་ཐུན་བཞི་མགྱོགས་ཁྲིད་ཀྱི་སྐབས་སུ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་བསྐྱེད་རིམ་གྱི་དམིགས་སྐོར་གསུམ་པའོ། །དེ་ལྟར་གསལ་དྲན་དག་པ་གསུམ་ནི་མགྱོགས་ཁྲིད་སྐབས་གོ་ངེས་པ་དང་། སླར་ནན་ཏན་གྱིས་བསྒོམ་པ་རྟགས་ཐོན་བྱེད་པ་གལ་ཆེ་ལ། འདི་བསྐྱེད་རིམ་གྱི་ཁྲིད་ཐམས་ཅད་ལ་ཁྱབ་པའི་སྤྱི་ཆིངས་ཡིན་པས་འོག་ནས་འབྱུང་བའི་དྲག་པོ་དང་སེང་གདོང་མ་ལ་སོགས་པར་ཡང་ལྷ་རང་རང་གི་ངོ་བོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་བཏབ་ཚུལ་དང་། དེའི་དག་དྲན་ཁྱད་པར་བ་ཐ་དད་ལས་གཞན་རིགས་འགྲེ་ཉིད་དུ་སྦྱོར་དགོས་ལ་དེར་མ་ཟད། ཡི་དམ་བསྐྱེད་རིམ་གཞན་མཐའ་དག་ལ་ཡང་ཚུལ་འདིའི་རྒྱས་གདབ་ཚུལ་ཤེས་པར་བྱའོ། །དེ་ཡན་ཆད་བསྐྱེད་རིམ་གྱི་གཞི་གལ་ཆེ་ཤོས་ཡིན་པས་གནད་དོན་ཅི་རིགས་ཁོ་བོས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ།། ༈ །།ད་ནི་སྤྱི་དོན་གསུམ་པ་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་གཞུང་བསྲང་བ་ལ། དེ་ཡང་དང་པོ་ཕྱི་སྒྲུབ་ལྟར་ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་གནས་རྩེ་མོ་རོ་འདུས་དྲན་བཀོད་དུ་སྒྲིབ་པ་གསུམ་གཏན་ནས་སྤངས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡི་གེ་འབྲུ་གསུམ་དུ་བྱིན་གྱིས་བརླབས་པ་ཨོཾ་ཨཱཿཧཱུྃ་བཻ་ཌཱུརྻ་དང་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་ལྟར་དྭངས་གསལ་དཀར་དམར་སྔོ་བའི་འོད་ཟེར་འཕྲོ་ཞིང་གསལ་བ་ལ་ཡུན་ཅི་གནས་སུ་སེམས་གཏད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའི་ཁམས་ཁྱབ་ཅིང་ཁེངས་པར་འཕྲོས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་གི་འཕགས་པ་དགྲ་བཅོམ་ཡེ་ཤེས་སྤྱན་ལྡན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐམས་ཅད་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་གྱུར་ཏེ། དེ་ཡང་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱི་སྐུའི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་པདྨ་འབྱུང་གནས་ཀྱི་རྣམ་པར་གྱུར་ཏེ། ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཡི་གེའི་རྣམ་པ་ཨཱ་ལི་ཀཱ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་གི་ཚུལ་ཁ་དོག་སྣ་ཚོགས་པ་དང་། ཐུགས་ཀྱི་དབྱིངས་སུ་བསྡུས་པའི་ཡོན་ཏན་བྱིན་རླབས་ནུས་མཐུ་མ་ལུས་པ་ཀུན་ཕྱག་མཚན་གྱི་རྣམ་པ་རྡོ་རྗེ་རིན་ཆེན་པདྨ་དྲིལ་བུ་བུམ་པ་ཐོད་པ་ཁ་ཊྭཱཾ་དབྱུག་ཏོ་ལ་སོགས་པའི་ཚོགས་སུ་གྱུར་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཤིང་ཁ་བ་བུ་ཡུག་འཚུབས་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་གྱུར་པ་ཡང་ནས་ཡང་དུ་བསམ་ཞིང་། ཁྱད་པར་རང་གི་མོས་གུས་སྟོབས་སུ་གྱུར་པའི་ཡུལ་རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་དང་ཉམས་སུ་ལེན་བྱའི་གླེགས་བམ་ལྷ་སོ་སོའི་ཕྱག་མཚན་རྣམས་རང་ལ་གཙོ་བོར་བསྟིམ་པ་ཡང་བྱ་ལ། དེ་ཡི་སྐབས་སུ་ཚིག་བདུན་གསོལ་འདེབས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་ཀྱིས་བསྐུལ་བ་གལ་ཆེ་སྟེ། དེ་ཡང་། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་ཚིག་བདུན་གསོལ་འདེབས་ཛཔ྄་བཅས་ཚར་ཉེར་གཅིག་གམ་བདུན་ནམ་གསུམ་སོགས་ཅི་ལྟར་ནུས་པ་གདངས་དབྱངས་ཀྱིས་བརྗོད་ཅིང་གར་འཆམ་སྟངས་སྟབས་ཀྱང་བྱ། དེ་ཡང་ཀྱལ་ཁ་རྩེད་མོའི་ཚུལ་དང་ཡིད་ཞུམ་པ་དང་ཐོ་ཅོར་མ་སོང་བ་གོང་གི་བྱིན་རླབས་འབེབ་པའི་དམིགས་པ་གསལ་བ་དང་། སྣང་གྲགས་རྟོག་ཚོགས་ཀུན་རང་གི་རིག་རྩལ་སྒྱུ་མ་ཙམ་དུ་ཤེས་བཞིན་པར་བྱ། དེས་ནི་བར་ཆད་སེལ་བྱིན་རླབས་འཇུག་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ། ཐུན་མོང་དུ་ཡོངས་འགྲེལ་ལས། ཟང་ཟིང་ལོངས་སྤྱོད་ལ་སོགས་གནས་སྐབས་ཀྱི་ཡོན་ཏན་ཐམས་ཅད་ཕྱི་སྒྲུབ་ཀྱི་ཕན་ཡོན་དུ་གསུངས་པ་ལུང་མཐུན་དུ་འདུག་ཅེས་འབྱུང་བ་ལྟར་ལྷ་འདྲེ་མི་དང་ཟས་ནོར་ཆོས་བཞིན་འདུ་བར་ངེས་ཤིང་། རྒྱུན་གྱི་རྣལ་འབྱོར་དུ་ཉི་ཤར་སོགས་ཐུན་དྲུག་ཐུན་གསུམ་སྐབས་དང་། དཀྱིལ་འཁོར་སྒྲུབ་པ་ལ་ཞུགས་པ་ཡིན་ཚེ་ཐུན་སྐབས་གང་བདེ་རྣམས་སུ་མ་ཆག་ཅིང་མ་ཆད་པར་བྱས་ན་གོང་གི་ཡོན་ཏན་རྣམས་ངེས་པར་ཐོབ་ཅིང་། དཀྱིལ་འཁོར་སྒྲུབ་པ་གཞན་དང་འབྲེལ་བ་ཡིན་ཡང་དེ་ལྟར་གྲུབ་ན་ཡི་དམ་གྱི་རྒྱུད་བསྐུལ་བའི་མཆོག་ཏུ་འགྱུར་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་འཇུག་སྒོ་བླ་ན་མེད་པའོ། །དེ་ཡང་ཕྱི་སྒྲུབ་འདི་ལ་བསྙེན་ཚུལ་གཉིས་སུ་རྒྱུད་ཀྱི་ཡང་འགྲེལ་ལས་འབྱུང་བ་སྟེ། ཇི་སྐད་དུ། འདི་ལ་བསྙེན་ཚད་མེད། ཐུན་རྣམས་ལ་ཅི་ནུས་ཙམ་གར་དབྱངས་དང་བཅས་ཏེ་བཟླས་པ་ལ། ཕྱི་སྒྲུབ་མིང་དུ་བཏགས་པ་ཙམ་དོན་ལ་བྱིན་འབེབ་ཡིན་འདུག་གོ །ཞེས་གསུངས་པས་བསྙེན་པའི་གྲངས་ངེས་མེད་པར་ཐུན་དང་ཐུན་མཚམས་སུ་ཅི་ནུས་སྐྱོང་བའི་ལུགས་གཅིག་དང་། ཡང་དེ་ཉིད་ལས། རང་ཉིད་ལ་མཆོད་བསྟོད་དང་བཟླས་པ་བྱ་ཞིང་སྒྲུབ་པའོ། །ཞེས་གསུངས་པས་ཛཔ྄་བཟླས་རིམ་པ་ངེས་ཅན་དུ་བཞེད་པར་ཡང་སྣང་བས། དེའི་ཚེ་སྔ་མའི་དགོངས་དོན་ནི་གོང་དུ་བཤད་པ་ལྟར་དང་། ཕྱི་མའི་དོན་ནི་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཟིན་པའི་རྗེས་སུ། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལུས་པ་མེད་པ་གཅིག་ཏུ་འདུས་པའི་སྤྱི་དཔལ་ངོ་བོ་བདག་ཉིད་ཡིན་པའི་ངེས་ཤེས་བརྟན་པོ་དང་བཅས་ལས་གཞུང་ནས་བྱུང་བ་ལྟར་གྱི་མཆོད་བསྟོད་བྱས་ཤིང་། སླར་ཡང་གོང་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབབ་པའི་དམིགས་པ་གསལ་བཏབ་བཞིན་ཐོད་ཕྲེང་རྩལ་གྱི་བཟླས་པ་ཅི་ནུས་སུ་བྱ་བ་སྟེ། དེ་ཡང་། རྩ་གཞུང་རྡོ་རྗེའི་ཚིག་ཕྲིན་ལས་བཞི་སྒྲུབ་ལས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་འབྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ དེ་ཕྱིར་མ་འོངས་ལས་ཅན་བུ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ ཞེས་དང་གུ་རུ་ཆོས་དབང་གི་གཏེར་བྱོན་བླ་སྒྲུབ་གསང་འདུས་ལས། རེས་འགའ་ཐོད་ཕྲེང་རྩལ་གྱི་སྐུ༔ ནམ་མཁའ་གང་བར་ཆར་ཕབ་ནས༔ སྒྲུབ་པ་པོ་ཡི་སྤྱི་བོར་ཐིམ༔ ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ དྲག་པོ་བར་མཚམས་མེད་པར་དྲོང༔ ང་ཉིད་རང་དབང་མེད་པར་བྱོན༔ ཞེས་དང་། སྙིང་པོ་བདེ་གཤེགས་འདུས་པའི་སྔགས༔ རྒྱལ་བ་ཀུན་འདུས་དྲིལ་སྒྲུབ་ཡིན༔ ས་ནི་བཅོ་ལྔ་ལམ་ལྔ་ཡང༔ ང་བསྒྲུབ་ཐོད་ཕྲེང་བཟླས་པས་བགྲོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་རབ་ཐམས་ཅད་བཀླགས་དང་མཚུངས༔ ཞེས་པའི་དགོངས་པ་ཉིད་དུ་ངེས་པས་ནན་ལྟར་དུ་བྱིན་རླབས་ཆེ་བ་ཞིག་གོ །དེ་ནི་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་བཞི་པའོ། །འདི་ནི་མགྱོགས་ཁྲིད་ཀྱི་སྐབས་སུ་ཞག་གསུམ་སོགས་དང་ཁྲིད་མ་རྫོགས་བར་ཉིན་རེ་བཞིན་ཐུན་མཚམས་རྣམས་སུ་ཅི་ལྕོགས་ཉམས་སུ་ལེན་ལ། ཇི་བཞིན་བསྒྲུབ་པ་ལ་འཇུག་པའི་སྐབས་སུ་ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་ཕྲག་གཅིག་གམ་གསུམ་མམ་བདུན་སོགས་ཐོག་མར་བཟླས་ན་ཕན་ཡོན་ལྷག་པོ་ཐོབ་པ་ལས་ཆོ་ག་ལྷག་པའི་སྐྱོན་མེད་པ་ཁོ་བོའི་རྣམ་པར་རྟོག་པའོ། །དེ་ལྟར་ཕྱི་སྒྲུབ་ཀྱི་ཚུལ་དུ་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་བར་ཟིན་པ་ཕྲིན་ལས་བཞི་སྒྲུབ་ལས། ཟབ་སྙིང་འདི་ནི་དབྱངས་ཆུང་ངུ༔ སྐབས་སུ་ཐུན་བར་འཁྲབ་ཅིང་བཟླ༔ ཞེས་པ་ནས་གོང་དུ་དྲངས་ལྟར་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་ཕན་ཡོན་དང་བཅས་ཏེ་གསུངས་པ་དང་། །མ་ཧཱ་ཡོ་གའི་སྒྲུབ་ཐབས་ལས། ཁྱད་པར་དུ་སྙིང་པོ་འདི་འདྲེན་པ་དང་སྤྱན་འདྲེན་ཐུན་དྲུག་ཏུ་མ་ཆག་པར་བསྒྲུབས་ན་པདྨ་འབྱུང་གནས་རང་བཞིན་དུ་བབ་ཅིང༔ ངེས་མེད་དུ་འོད་འཁྱུག་པ་དང༔ གཟུངས་སྔགས་རང་བྱུང་གི་སྒྲ་སྒྲོག་པ་དང༔ རང་བཞིན་ཀ་དག་གི་ཉམས་བཟང་པོ་རྩོལ་མེད་དུ་འབྱུང་ངོ༔ ཞེས་དང་། ཐུགས་ཀྱི་དམ་ཚིག་ཏུ་ཐུན་དྲུག་གམ་གསུམ་མམ་མཐའ་ཡང་ཉི་ཤར་གྱི་དུས་སུ་སྤྱན་འདྲེན་བཟླས་པ་དང་མི་འབྲལ༔ ཞེས་ནན་ཏན་ཆེན་པོས་གསུངས་ཤིང་ལས་གཞུང་ནས་ཚིག་བདུན་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་བཅས་ཏེ་བསྟན་པ་རྣམས་ཡིན་ཏེ། འོན་ཀྱང་གཞུང་ཚིག་ཏུ་སྒྲུབ་པའི་ཐུན་མཚམས་སུ་བྱ་བ་དང་རྒྱུན་ཁྱེར་ཚུལ་གསུངས་པས་ཡང་འགྲེལ་དུ་བསྙེན་ཚད་མ་མཛད་པ་ནི་ཕྱོགས་འདི་དང་མཐུན་པར་དགོངས་སོ། །སྤྱིར་ཡང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་རྣམ་པར་གཞག་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཤུགས་ཀྱིས་བསྟན་པར་སྣང་ཞིང་། ཇི་བཞིན་གསལ་བ་ནི་གུ་རུ་པདྨ་ཡབ་ཡུམ་གྱིས་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ལ་དངོས་སུ་གདམས་པའི་ཞལ་ལུང་དྲི་མ་མེད་པ་རྒྱུད་ཀྱི་ཡང་འགྲེལ་དུ་མདོ་དོན་ཁྲིད་རིམ་གྱི་སྐབས་སུ་ཤིན་ཏུ་ཁ་གསལ་བར་གསུངས་པའི་མན་ངག་གི་མཐའ་ཅན་ལས་འབྱུང་བའོ།། ༈ །།གཉིས་པ་ནང་གི་སྒྲུབ་པ་ནི། རང་ཉིད་པདྨ་འོད་འབར་གྱི་སྐུ་རུ་གསལ་ནས་ཕྱི་སྒྲུབ་ཀྱི་དམིགས་པ་བཞིན་སྤྱན་འདྲེན་ཡན་ཆད་བགྱིས་ཏེ་སྤྲོ་ན་མཆོད་བསྟོད་ཀྱང་བྱ་ལ། གང་ལྟར་ལྷ་སྐུ་གསལ་བརྟན་དག་པ་གོང་དུ་བཤད་པ་ཇི་བཞིན་ངེས་པར་བྱས་ནས། ཡེ་ཤེས་སྔགས་ཀྱི་འཁོར་ལོ་དགོད་པའི་ཏིང་ངེ་འཛིན་ནི། རང་གི་ཐུགས་ཀར་སྙིང་གི་རྩ་འདབ་བརྒྱད་པདྨ་དཀར་པོ་འདབ་བརྒྱད་དུ་གྱུར་པའི་གེ་སར་ཟེའུ་འབྲུའི་སྟེང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཀུན་ཏུ་རྒྱས་པའི་དབུས་སུ། དོན་དམ་བྱང་ཆུབ་ཀྱི་སེམས་གསེར་ཞུན་མའི་ཁ་དོག་ལྟ་བུ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ཀུན་ཟླུམ་ཐིག་ལེའི་ནང་དབུས་སུ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་ནོར་བུ་རིན་པོ་ཆེ་བསམ་འཕེལ་དབང་གི་རྒྱལ་པོ་བཞིན་དྲི་མ་མེད་པའི་འོད་ཟེར་ལྔ་མཐའ་ཡས་པར་འཕྲོ་བ། རྡོ་རྗེའི་ལྟེ་བ་ཕྱི་རོལ་གྱི་ངོས་སམ་མཐའ་སྐོར་དུ་འོད་ལྔའི་འཁོར་ལོ་ཀུན་ཏུ་མཛེས་པའི་ངོ་བོར་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་ཆོས་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ཡི་གེ་འབྲུ་བཅུ་གཉིས་པ། མན་ཤེལ་དྭངས་མའི་ཁ་དོག་ཅན་གྱེན་འགྲེང་སྔགས་ཀྱི་རང་སྒྲ་སྒྲོག་པ་གཡས་སྐོར་དུ་འཁོད་པར་བསྒོམ་སྟེ། པད་ཟླ་རྡོ་རྗེ་ཧཱུྃ་དང་སྔགས་ཕྲེང་རྣམས་ཇི་བཞིན་མ་གསལ་གྱི་བར་དུ་རིམ་པ་བཞིན་དང་། མཐར་གཅིག་ཆར་དུ་གསལ་མ་ཐེབས་ཀྱི་བར་ཡང་ཡང་བསྐྱར་ཞིང་ངེས་པར་གསལ་བཏབ་པ་གལ་ཆེ་བས་ནན་ཏན་དུ་བྱའོ། །གོང་གི་སྔགས་ཕྲེང་རྡོ་རྗེའི་ལྟེ་བའི་ནང་ཧཱུྃ་ཡིག་གི་མཐར་བཀོད་པ་ཡང་མི་འགལ་ལ། མན་ངག་དམིགས་པའི་རྣམ་གྲངས་སུ་ཤེས་པར་བྱ་སྟེ་དམིགས་ཐུན་གཅིག་པའོ། ༈ །དེ་ལྟར་ཛཔ྄་སྔགས་ཀྱི་དཀྱིལ་འཁོར་གསལ་ཅི་རིགས་ཐེབས་ནས་ཧཱུྃ་ཡིག་རྡོ་རྗེ་སྔགས་ཕྲེང་ཟླ་པད་ལ་སེམས་མ་ཡེངས་གསལ་ལེའི་ངང་། ངག་ནས་ཡི་གེ་འབྲུ་བཅུ་གཉིས་པའི་བཟླས་པ་མགྱོགས་བུལ་སྐད་གདངས་ཆེ་ཆུང་མ་ཡིན་པ་ཆུ་རྒྱུན་བཟང་པོ་འབབ་པ་ལྟར་སྔགས་གཙང་དག་ལྷུང་ལྷུང་བཟླས་ལ། གལ་ཏེ་སྔགས་བཟླས་པའི་ཚེ་སྔགས་ཀྱི་དཀྱིལ་འཁོར་མི་གསལ་སྙམ་བྱེད་ན་གསལ་གདབ་ཅིང་། རིམ་པས་སྔགས་བཟླས་དང་ལྷན་ཅིག་པར་བསླབ། དེ་ཡང་སྔགས་ཀྱི་དཀྱིལ་འཁོར་སྒོམ་ཕྱིན་གཙོ་བོར་ཧཱུྃ་ཡིག་འོད་ཟེར་ལྔ་པ་དང་རྡོ་རྗེ་ཙམ་མི་གསལ་ན་ཡེ་མི་ཉན་པས་གསལ་བ་ལ་འབད་པ་གཅེས་སོ། །དེ་ལྟར་ཛཔ྄་དཀྱིལ་སྔགས་བཟླས་ཆུན་གཅིག་ཏུ་བརྟན་ན། སྔགས་ཕྲེང་གི་འཁོར་ཚུལ་ནི་རྒྱུད་ཀྱི་ཡང་འགྲེལ་ལས། དབང་པོ་རབ་འབྲིང་ཐ་གསུམ་སྔགས་འཁོར་ཡང༔ ཁོག་ཆེན་རང་བཞིན་སྒྲ་འཁོར་དང༔ འགལ་མེ་ལྟ་བུ་མུ་ཏིག་ཕྲེང་བ་ལྟ་བུ་དང་གསུམ་ལས་ཅི་བདེར་བྱའོ༔ ཞེས་འབྱུང་བ་ལྟར་བསྒོམ་སྟེ། དེ་ལྟར་ཛཔ྄་དཀྱིལ་བཟླས་པ་དང་ལྷན་ཅིག་བསླབ་པའི་རིམ་པ་དམིགས་ཐུན་གཉིས་པའོ། ༈ །དེ་ལྟར་སྔགས་ཀྱི་དཀྱིལ་འཁོར་བཟླས་པ་ཟུང་འཇུག་ཏུ་བརྟན་པར་གྱུར་ནས་སྤྲོ་བསྡུའི་བཟླས་པ་ནི། ཟླ་བ་སྔགས་ཕྲེང་དང་བཅས་པའི་འོད་ཟེར་རྡོ་རྗེ་དང་ཧཱུྃ་ཡིག་ལ་ཕོག །ཧཱུྃ་ཡིག་ལས་འོད་ཟེར་བུན་བུན་ཕྲོཾ་ཕྲོཾ་ནར་གྱི་སྤོས་རེང་གི་དུད་པ་ལྟར་རྡོ་རྗེའི་རྭ་རྩེ་ནས་འཐོན། ལོངས་སྤྱོད་དང་བདེ་ཆེན་འཁོར་ལོ་བརྒྱུད་མཛོད་སྤུའི་གནས་ནས་ཕྱིར་ཐོན་མཁའ་ཁྱབ་སྐུ་གསུམ་རྒྱལ་བའི་ཞིང་ཅི་ཙམ་པ་དེ་ན་བཞུགས་པའི་རྒྱལ་བ་སྐུ་གསུམ་བཙུན་མོ་སྲས་དང་སློབ་མ་གཡོག་བཅས་དཀོན་མཆོག་རྩ་གསུམ་གྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་སྤྱི་དང་། ཁྱད་པར་དེ་རྣམས་ཀྱི་ཐུགས་རྗེའི་རང་གཟུགས་རང་ཉིད་གནས་པའི་སྟེང་གི་ཆ་ནས་ནམ་མཁའི་གནས་སུ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་བཞུགས་པ་ལ་གོང་གི་ཛཔ྄་དཀྱིལ་གྱི་འོད་ཟེར་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོ་རྒྱན་གྱི་རོལ་པ་ལས་བྱུང་བས་མཆོད། དགྱེས་ཤིང་ཚིམས་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འཛད་པ་རྒྱན་གྱི་འཁོར་ལོ་མཐུ་སྟོབས་བྱིན་རླབས་ནུས་པ་མ་ལུས་ཤིང་ལུས་པ་མེད་པ་སྐུ་དང་ཡིག་འབྲུ་ཕྱག་མཚན་ཐིག་ལེ་འོད་ཟེར་གྱི་ཚུལ་དུ་བུན་བུན་ཐིབ་ཐིབ་ཤ་ར་ར་བྱུང་ནས། རང་གི་ལུས་ཀྱི་ཆ་ཀུན་དང་ཁྱད་པར་མཛོད་སྤུའི་གནས་ནས་ཞུགས་སྙིང་གའི་རྡོ་རྗེའི་ལམ་བརྒྱུད་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་གཅིག་ཏུ་བདག་ལ་འདུས་པས། ཛཔ྄་དཀྱིལ་སྔར་བས་ཀྱང་གཟི་བརྗིད་འོད་དུ་འབར་བར་བསམས་ལ་བཟླས་པ་བྱ་བ་སྟེ་སྤྲོ་བསྡུའི་དམིགས་པ་དང་པོ་དམིགས་ཐུན་གསུམ་པའོ། ༈ །ཡང་ཛཔ྄་དཀྱིལ་སྔགས་ཕྲེང་གི་འོད་ཟེར་རྡོ་རྗེ་ཧཱུྃ་ལ་ཕོག་ཧཱུྃ་ལས་འོད་ཟེར་དམར་པོ་གཙོ་བོར་གྱུར་པའི་ཁ་དོག་ལྔ་འོད་ཟེར་ཐིག་གི་སྣེར་ལྕགས་ཀྱུའི་རྡུལ་ཕྲ་མོ་ཕྲོམ་ཕྲོམ་བྲེང་བྲེང་འཕྲོས་ཏེ་རྡོ་རྗེའི་མས་ཀྱི་རྭ་ནས་ཤར་ཏེ་ཐོན། སྲིད་པ་གསུམ་གྱི་འབྱུང་པོ་ལྷ་མ་སྲིན་སྡེ་བརྒྱད་མཐུ་རྩལ་ནུས་པ་དང་ལྡན་པ་རྣམས་ཀྱི་སྤྱི་བོའམ་སྣ་བུག་ནས་བརྒྱུད་སྙིང་གར་ཞུགས་པས། རང་སྲོག་དྭངས་མ་མདངས་གསོལ་རང་རང་གི་གཟུགས་དང་སྲོག་སྔགས་ས་བོན་ཕྱག་མཚན་གྱི་ཚུལ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འོད་ཟེར་གྱི་སྣེ་རུ་བུངས་ཀྱིས་འདུས། ཚུར་བྱུང་རང་གི་ལྟེ་བ་ནས་རྡོ་རྗེའི་མས་ཀྱི་རྭ་ནས་བརྒྱུད་སྙིང་གི་ས་བོན་ཧཱུྃ་ཡིག་གི་ཞབས་ཀྱུ་ལ་ཐིམ་པས་དྲེགས་པ་ཅན་མཐའ་དག་ཀྱང་སྲོག་གཏའ་རུ་ཚུད། དམ་ཚིག་ལ་འདའ་བ་མེད་པར་བདག་གི་བཀའ་ཉན་གསུང་སྡོད་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམས་ལ་བཟླས་པ་ཅི་ནུས་བྱ། སྤྲོ་བསྡུའི་དམིགས་སྐོར་གཉིས་པ་སྟེ་དམིགས་ཐུན་བཞི་པའོ། ༈ །ཡང་ཛཔ྄་དཀྱིལ་འོད་ཟེར་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ལ་ཕོག་པ་གོང་ལྟར། དེ་ནས་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ཁ་དོག་དྲུག་པ་རྡོ་རྗེའི་རྭ་ཡས་མས་དང་སྐུའི་ཆ་ཐམས་ཅད་ནས་ཐོན། འགྲོ་བ་དྲུག་གི་གནས་མ་ལུས་པར་ཁྱབ། དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བ་མོ་ལ་ཉི་མ་ཕོག་པ་ལྟར་སྐད་ཅིག་གིས་དག །མི་འགྱུར་བདེ་བ་ཆེན་པོས་ཁྱབ། གུ་རུའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། འོད་ཟེར་སྐུའི་ཆ་ནས་ཚུར་འདུས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྲིབ་བྲལ་མཉམ་ཉིད་མི་འགྱུར་བདེ་ཆེན་མཆོག་གི་ཕྱག་རྒྱས་ཡང་དག་པར་ཐེབས་ནས་ཕྱིར་མི་ལྡོག་པར་བསམས་ལ། འདི་ལ་དམིགས་སྐོར་ཞིབ་མོར་ཕྱེ་ན་ཐུགས་སྲོག་ནས་འཕྲོ་བའི་འོད་ཟེར་དྲུག་རིམ་བཞིན་ཁ་དོག་མཐིང་ག་ཞབས་མཐིལ་ནས་ཐོན་དམྱལ་བའི་འཇིག་རྟེན་དུ་ཕོག་པས་སྣོད་རྡོ་རྗེ་བཀོད་པའི་ཞིང་དང་བཅུད་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྱུར་པར་བསམ་ཞིང་། དེ་བཞིན་འོད་ཟེར་དམར་པོ་གསང་གནས། མཐིང་སྐྱ་ལྟེ་བ། ལྗང་གུ་ལྟག་པ། སེར་པོ་སྨིན་མཚམས། ཁ་དོག་འདྲེས་པ་ཐུགས་ཀ་ནས་འཕྲོས། ཡི་དྭགས། བྱོལ་སོང་། ལྷ་མིན། ལྷ། མི་ཡི་འཇིག་རྟེན་དུ་ཕོག་སྣོད་བཅུད་པདྨ་འཁོར་ལོ་རྒྱ་གྲམ་རིན་པོ་ཆེ་བཀོད་པ་དང་རྒྱན་འཐུག་པོ་བཀོད་པའི་ཞིང་དུ་གྱུར། སེམས་ཅན་རྣམས་པདྨ་བུདྡྷ་ཀརྨ་རཏྣ་ཐོད་ཕྲེང་རྩལ་དང་རིགས་འདུས་པདྨ་འབྱུང་གནས་ཀྱི་སྐུ་རུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་རྒྱས་བསྡུས་ཇི་ལྟར་བྱས་ཀྱང་སྤྲོ་བསྡུའི་དམིགས་པ་གསུམ་པ་སྟེ་དམིགས་ཐུན་ལྔ་པའོ། ༈ །ཡང་སྐབས་སུ་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཞེས་ཕྱི་འབྱུང་བཞི་རྡུལ་ཕྲ་རབ་རེ་རེ་ནས་དང་། ནང་སེམས་ཅན་ཐམས་ཅད་གུ་རུའི་སྐུར་གྱུར་པ་མཐའ་དག་གི་ཞལ་གྱི་སྒོ་ནས་མ་ཟད་དབུ་སྐྲ་དང་བ་སྤུའི་བུ་ག་ནས་སྔགས་ཀྱི་སྒྲ་དང་། ནམ་མཁའི་ཁམས་ཁེངས་པའི་དཀོན་མཆོག་རྩ་གསུམ་ཐམས་ཅད་ཀྱིས་ཀྱང་བདག་གི་ཛཔ྄་སྔགས་སྒྲོག་པའི་གྲོགས་མཛད་ཅིང་དེ་ཐམས་ཅད་ཀྱི་རིག་སྔགས་བྱིན་རླབས་ནུས་མཐུ་བདག་གི་སྔགས་ཕྲེང་ས་བོན་ལ་ཐིམ་ཞིང་། བདག་གི་རིག་སྔགས་ཀྱི་ནུས་པས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མེད་སངས་རྒྱས་ཀྱི་གོ་འཕང་མྱུར་བ་ཉིད་དུ་འགྲུབ་པར་བསམས་ལ་ཛཔ྄་བཟླ་སྟེ་དམིགས་ཐུན་དྲུག་པའོ། ༈ །ཡང་སྐབས་སུ་སྐུའི་དཀྱིལ་འཁོར་ཆ་མེད་ཀུན་འགྲོ་ལ་སེམས་མ་ཡེངས་པར་གཏད་དེ་སྔགས་བཟླ་བ་དང་། དེ་བཞིན་སྔགས་ཀྱི་ཕྲེང་བ་ཀློག་པའི་ཚུལ་གྱིས་བཟླ་བ་དང་། རྡོ་རྗེ་ཧཱུྃ་བཅས་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བ་སོགས་གནད་དུ་གང་འགྲོ་བྱ་ཞིང་། གཙོ་བོར་ཐུགས་སྲོག་ཧཱུྃ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བཟླ་བར་བྱ་སྟེ། དེས་ནི་སྐུ་གསུང་ཐུགས་ཀྱི་བཟླ་ཚུལ་དུ་ཡང་འགྱུར་ཞིང་། ཡང་སྐབས་སུ་ཛཔ྄་ཆེ་ཆུང་རན་པར་བཟླས་པས། དེའི་སྒྲ་རང་གི་རྣ་བར་སོན་པ་དེ་ཁོ་ནར་སེམས་གཏད་ཅིང་གཞན་དུ་མ་ཡེངས་པར་བཟླ་བ་ཡང་བླ་མའི་མན་ངག་ལས་བྱུང་བས་དེ་ལྟར་གྱིས་ཀྱང་རྩལ་སྦྱང་ངོ། །དེ་ནི་དམིགས་ཐུན་བདུན་པའོ། ༈ །ཡང་ཐུན་སྐབས་འཇོག་པ་ལ་བབ་པའི་ཚེ་སྣོད་གཞལ་མེད་ཁང་བཅུད་ལྷ་སྐུའི་རང་བཞིན་ལ་ཐིམ། ལྷ་སྐུའི་ཚོགས་བདག་ཉིད་གུ་རུ་པདྨའི་སྐུ་ལ་ཐིམ། དེ་ཡང་ཡས་མས་འོད་ཀྱི་གོང་བུར་འདུས་ཏེ་པད་ཟླ་སྔགས་ཕྲེང་རྡོ་རྗེ་ཧཱུྃ་ཡིག་གི་བར་གཅིག་ལ་གཅིག་ཐིམ། ཧཱུྃ་ཡིག་ཀྱང་ཀླད་ཀོར་ཐིག་ལེ་ལ་ཐིམ། དེ་ཡང་ཇེ་ཕྲ་མཐར་སྐྲ་རྩེ་བརྒྱ་སྟོང་དུ་གཤགས་པའི་ཚལ་པའི་བར་ཙམ་མོས་པས་གཞིལ་ནས། དེ་ཡང་ནམ་མཁའི་དབྱིངས་སུ་སྟོང་པར་ཡལ་བར་བསམས་ལ་རྣམ་རྟོག་གི་སྤྲོས་པ་དང་བྲལ་བར་སེམས་ཇི་གནས་སུ་མཉམ་པར་གཞག་ཅིང་། གལ་ཏེ་རྣམ་རྟོག་སྐྱེས་ཚེ་སྣོད་བཅུད་བསྡུ་བ་སྔར་བཞིན་གྱི་མཐར་སྟོང་ཉིད་ལ་བཞག་པ་ཡང་ཡང་བྱ་ལ། མཐར་དེ་ལས་ལྡང་བར་འདོད་ཚེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་པས་སྐད་ཅིག་གིས་གུ་རུ་པདྨའི་སྐུ་སྒྱུ་མ་ལྟ་བུར་ལྡང་བ་ལ་བསླབ་པར་བྱའོ། །དམིགས་ཐུན་བརྒྱད་པའོ། །དེ་ལྟར་དམིགས་ཐུན་བརྒྱད་རིམ་པ་བཞིན་དམིགས་པ་རེ་རེ་ལ་གོམས་ནས་རེ་རེ་ལ་སློབ་པ་ཡིན་མོད་ཀྱང་དེང་སང་ཆོས་ཐོབ་མགྱོགས་ཁྲིད་ལ་དགའ་བ་རྣམས་ཀྱི་ངོར་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་ལྔ་པའོ། ༈ །མགྱོགས་ཁྲིད་སྐབས་སུ་ཡང་ཞག་གྲངས་ཇི་ལྟར་རུང་དམིགས་པའི་གོ་དོན་བློ་ལ་འཇགས་ངེས་བྱ་དགོས་པས་འོག་མ་རྣམས་ལ་ཡང་དེས་རིགས་འགྲེས་སུ་ཤེས་པ་དང་། སླར་ཅི་བཞིན་སྒྲུབ་པའི་སྐབས་ནང་སྒྲུབ་འདི་དཀོན་མཆོག་སྤྱི་འདུས་ཀྱི་རྩ་བའི་སྒྲུབ་པ་དངོས་གཞིའི་མཐིལ་ཕུར་ཡིན་པས་བསྙེན་ཚད་འབུམ་ཕྲག་བཅུ་གཉིས་དང་། དེ་ལན་བཞིར་བལྡབས་པས་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་དེ་དུས་བསྙེན་ཟླ་དྲུག་ཀྱང་འདི་དང་འགྲིགས་པར་འགྱུར་ལ། མཆོག་སྒྲུབ་པ་ཡིས་ནི་དུང་ཕྱུར་སོགས་ཚད་མེད་པ་ཉིད་དུ་བཟླ་བའོ། །དེ་ལྟར་བཟླ་བྱ་ཛཔ྄་ནི། གཏེར་གཞུང་རྡོ་རྗེའི་ཚིག་ཕྲིན་ལས་རང་གཞུང་ནས་བཟླས་པ་བསྐུལ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླའོ༔ ཞེས་པས་སྔགས་ཀྱི་ངོ་བོ་དང་། ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོ་ལས། དེ་ཡང་བཟླས་པ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚིག་བར་མ་ཆོད་པར་བཟླས་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ཀྱིས་རང་དབང་མེད་པར་བྱིན་གྱིས་བརླབ་པར་འགྱུར་རོ༔ ཅིའི་ཕྱིར་ན་བདག་ཉིད་པདྨའི་ཐུགས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་འདི་རྣམས་ལ་བསྟིམ་པ་ཡིན་པའི་ཕྱིར་རོ༔ ཞེས་པའི་ཕན་ཡོན་དང་བཅས་པ་བསྟན་ནས་དེ་མ་ཐག་པར། ཁྱད་པར་སྙིང་པོ་འདི་འདྲེན་པ་དང༔ ཞེས་སོགས་ཕྱི་སྒྲུབ་སྐབས་སུ་དྲངས་པ་ལྟར་གྱི་ཐོག་མར་བསྙེན་པའི་ཚུལ་དང་། དེ་ནས་མུན་ཁང་བརྟེན་པ་ནི༔ སྤྱོད་ལམ་ཐམས་ཅད་དུ་པདྨ་འབྱུང་གནས་དངོས་སམ་ཉམས་རྨི་ལམ་ལ་མཇལ་བ་དང་ཆོས་གསུང་ལུང་བསྟན་པའི་སྣང་བ་འབྱུང་སྟེ༔ དེའི་ཚེ་དགའ་བྲོད་ཀྱི་བདུད་མ་ཞུགས་པར་རང་བཞིན་ཀ་དག་ལྷུན་གྲུབ་ཏུ་ཤེས་པ་གལ་ཆེའོ༔ ཞེས་སྒྲུབ་པ་ལ་ཞུགས་ཚུལ་དང་། དེ་དང་སྐབས་སུ་སྒྲུབ་རྟགས་འབྱུང་ཚུལ་དེ་ལ་ཞེན་མེད་དུ་གདམས་པ་བཅས་ཚིག་ཉུང་དོན་གསལ་དང་། དེའི་འཕྲོར་སྤྲོས་མེད་སྒྲུབ་རྟེན་དང་། སྐུ་གསུང་ཐུགས་ཀྱི་ལམ་ཁྱེར་དང་མོས་གུས་ཀྱི་སྟོབས་བསྐྱེད་དེ་རྒྱུན་གྱི་རྣལ་འབྱོར་ལ་འབད་པར་གདམས་པ་སོགས་དགོས་པ་མང་པོས་མི་འབྲལ་བའི་དམ་ཚིག་གསུམ་ཡང་བསྟན་པར་མཛད་མོད། གཞན་ནི་ནང་སྒྲུབ་ཏུ་གྲགས་པ་འདིའི་ཛཔ྄་དཀྱིལ་དམིགས་པའི་སྤྲོ་བསྡུ་སོགས་ཀྱང་རྩ་བ་གཏེར་གཞུང་རྡོ་རྗེའི་ཚིག་ལས་ཇི་ལྟར་འབྱུང་ཞེ་ན། ལས་གཞུང་གི་རྫོགས་རིམ་བསྡུ་སྐབས། སྔགས་ཕྲེང་གསེར་གྱི་རྡོ་རྗེར་བསྡུ༔ ཞེས་པས་མདོར་བསྟན་ཡོ་ག་གསུམ་གྱི་སྒྲུབ་ཐབས་རྣལ་འབྱོར་ཆེན་པོའི་སྐབས་སུ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐའ་མར་སྔགས་ཕྲེང༔ ཞེས་པས་ཛཔ྄་ཀྱི་འཁོར་ལོ་ཇི་ལྟར་བསྒོམ་གསལ་བར་ཕྱེས་ཤིང། སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ ཞིང་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་བླ་ན་མེད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་བསྡུ༔ ཞེས་པས་སྤྲོ་བསྡུ་དང་པོ་བསྟན། བར་དུ་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས༔ ཞེས་པས་སྤྲོ་བསྡུ་གཉིས་པ་བསྟན། མར་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ བདེ་བས་ཚིམ་པར་བྱས༔ འོད་ཟེར་འཕྲོ་འདུའི་དམིགས་པ་གསལ་བར་བསྒོམ༔ ཞེས་པས་སྤྲོ་བསྡུ་གསུམ་པ་བསྟན། དེ་ལྟར་བསྒྲུབས་པས་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་ཡི་འཁོར་ལོར་མཐོང༔ ཞེས་དེ་དངོས་བསྟན་ལྷ་སྔགས་བསྒོམས་པའི་མཐུ་ལས་གནས་སྐབས་སུ་ཕན་ཡོན་ཇི་ལྟར་འབྱུང་གསུངས་པ་ཡིན་ཡང་དེའི་ཚིག་ཤུགས་ཀྱིས་མཁའ་ཁྱབ་བཟླས་པའི་རྣལ་འབྱོར་ཡང་ལེགས་པར་བསྟན་པ་ཡིན་ལ། འོད་གསལ་རྗེས་སྡུད་ཀྱི་རྣལ་འབྱོར་ནི་ལས་གཞུང་གི་མཐར་གསལ་བར་གསུངས་ཤིང་དེ་རྣམས་ཀྱི་མན་ངག་ནི་རྒྱུད་ཀྱི་ཡང་འགྲེལ་ལས་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་གསལ་གུ་རུའི་ཞལ་ལུང་བཞིན་གཏེར་སྟོན་རིན་པོ་ཆེས་དཀའ་བའི་གནད་ཞིབ་མོར་ཕྱེས་ཏེ་བཀོད་པ་རྣམས་ཡིན་ལ། དེ་ལྟར་ཟབ་ཁྲིད་མན་ངག་གི་དོན་གཏེར་གཞུང་རྡོ་རྗེའི་ཚིག་ལ་སྦྱོར་ཚུལ་བློ་དམན་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཚིག་ཚོགས་ལ་མ་འཛེམ་པར་ཅུང་ཟད་ཙམ་སྨྲས་པ་ཡིན་ནོ།། ༈ །།གསུམ་པ་གསང་བའི་སྒྲུབ་པ་ནི་གོང་དུ་བཤད་པ་ལྟར་གུ་རུ་ཞི་བའི་སྐུ་སྟོང་པ་ལས་ལྡང་བའམ། ཡང་ན་སྟོང་པར་མ་གཞིལ་བའི་ཐོག་མ་ཉིད་ནས་ཀྱང་རུང་སྟེ། གོང་ལྟར་གུ་རུ་ཞི་བ་འོད་དུ་ཞུ་བ་ལས་བདག་ཉིད་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་མེའི་ཕྲེང་བ་ཅན་དུ་གསལ་བཏབ་སྟེ། དེ་ཡང་པདྨ་ཟླ་ཉིའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་དུས་གསུམ་རྒྱལ་བའི་མཛད་ཕྲིན་ནུས་མཐུ་གཅིག་བསྡུས་དཀོན་མཆོག་སྤྱི་འདུས་ཁྲོས་པའི་སྐུ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་དམར་ནག་དུས་མཐའི་མེ་ཡང་ཟིལ་གྱིས་གནོན་པ། ལྗགས་འདྲིལ་མཆེ་བ་གངས་རི་ལྟར་གཙིགས་ཤིང་ཤངས་ནས་བསྐལ་པའི་འཐོར་རླུང་འཕྱོ་བ། སྤྱན་གསུམ་སྡང་མིག་བར་སྣང་གློག་ལྟར་འཁྱུག་ཅིང་ཟུར་ཞལ་གཡོན་དུ་ཕྱོགས་པ། སྨར་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་མེ་སྐར་འཁྲུགས་པ། དབུ་སྐྲ་རལ་པ་དམར་སེར་རྒོད་མའི་མེ་ལྟར་གྱེན་དུ་འཕྱོ་ཞིང་། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་རཾ་དགུ་དང་ཧཱུྃ་དགུས་མཚན་པ་ནམ་མཁའ་ལ་འཕྱར་ནས་དངོས་འཛིན་གྱི་རྟོག་པ་མཐའ་དག་སྐད་ཅིག་ཏུ་ཕྱེ་མར་རློག་པ། ཕྱག་གཡོན་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་ཁ་ནས་མེ་འབར་བ་གདེང་སྟབས་ཀྱིས་བསྣམས་པས་ས་བདག་ཀླུ་གཉན་རྒྱལ་བསེན་གདུག་པ་ཅན་གྱི་སྲོག་འཕྲོག་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་འོག་ཏུ་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་མཐའ་དག་ཁ་བུབ་གན་རྐྱལ་དུ་འདམ་ལྟར་བརྫིས་པ། གླང་སྟག་མིའི་པགས་པའི་གོས་དང་ཐལ་ཁྲག་ཞག་གིས་བྱུགས་ཤིང་ཐོད་སྐམ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཀླུ་ཆེན་བརྒྱད་ཀྱིས་སྙན་མགུལ་ཕྱག་ཞབས་ཀྱི་མཛེས་རྒྱན་དུ་བྱས་པ། གཞན་ཡང་རིན་པོ་ཆེའི་རྒྱན་དང་རུས་པའི་རྒྱན་དྲུག་གིས་ཉེ་བར་སྤྲས་པ་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་སྤྲས་ཤིང་སྤྲུལ་པ་ཁྲོ་བོའི་སྤྲིན་འཕྲོ་བ། ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འཚེར་ཞིང་མེ་དུད་ཀྱི་རྩེ་ནས་མཚོན་ཆའི་ཚྭ་ཚྭ་འཕྲོ་བའི་དབུས་སུ་བཞུགས་པ། གཡས་གཡོན་དུ་ཁྲོ་བོ་ཁྲོ་མོ་དང་རྒྱབ་ཏུ་མཁའ་འགྲོའི་ཚོགས་ཀྱིས་དྲག་སྔགས་ཧཱུྃ་ཕཊ་ཀྱི་ང་རོ་སྒྲོག་ཅིང་། མདུན་དུ་ལྷ་མ་སྲིན་སྡེ་བརྒྱད་བྲན་བཞིན་དུ་ཉན་ནས་གནོད་བྱེད་ཐམས་ཅད་ཐལ་བར་རློག་པ། ཕྱོགས་མཚམས་ཐམས་ཅད་དུ་ཡང་སྤྲུལ་ལྕགས་ཀྱི་སྡིག་པ་རླུང་ལྟར་འཚུབས་པས་དམ་ཉམས་རྣམས་ཀྱི་སྙིང་ཁྲག་འཐུང་བ། སྲིད་པ་འདི་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོར་གསལ་བའི་གནས་མི་འགྱུར་ཡི་གེ་གསུམ་གྱིས་རྒྱས་བཏབ་ནས་གསལ་བ་དང་བརྟན་པ་དང་དག་པ་ལ་མ་གོམས་བར་དུ་ནན་ཏན་གྱིས་བསླབ་པར་བྱ་བ་སྟེ། དེ་ཡི་ཐུན་མཚམས་རྣམས་སུ་རང་བཞིན་རྣམ་པར་དག་པའི་ཞིང་ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་དང་། འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་སོགས་ཁྲོ་བོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་གདོད་ནས་རྣམ་དག་གུ་རུ་དྲག་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་སྤྱན་དྲངས། མདུན་གྱི་ནམ་མཁའ་ལ་རང་དང་ཞལ་སྤྲོད་ཀྱི་ཚུལ་དུ་བཞུགས་པར་གསོལ་ནས་མཆོད་བསྟོད་བྱས་པའི་མཐར། བདག་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བཞུགས་པར་བསམ་པ་ཡང་བྱིན་རླབས་འཇུག་པའི་རྒྱུ་ཁྱད་པར་བ་ཡིན་ནོ། །དེ་ནི་དམིགས་ཐུན་དང་པོའོ། །དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། གསང་སྒྲུབ་ནི། རང་ཉིད་སྐད་ཅིག་གིས་ཞི་བ་འོད་དུ་ཞུ་བ་ལས་བྱུང་བ་གུ་རུ་དྲག་པོར་བསྐྱེད། སྤྱན་འདྲེན་མཆོད་བསྟོད་བྱ་ཞིང་ཡེ་ཤེས་སེམས་དཔའ་རང་ལ་ཐིམ། མདུན་བསྐྱེད་བསྒྲུབ་ན་རང་དང་མདུན་བསྐྱེད་གཉིས་ཀ་ལ་ཐིམ། ཞེས་གསུངས་པའི་དོན་བཞིན་ཏེ། འདིའི་མདུན་བསྐྱེད་ནི་གཏོར་མའམ་མཎྜལ་ལ་བརྟེན་པའི་སྤྱི་མཐུན་ལ་དགོངས་ཀྱང་སྐབས་འདིར་ནི་ཛཔ྄་ཁོང་ཕྱེ་བས་ཀྱང་མདུན་བསྐྱེད་ཉིད་ཀྱི་དོན་ཚང་བར་འགྱུར་བ་ཡིན་ནོ། ༈ །དེ་ནས་ཛཔ྄་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། རྒྱུད་ཀྱི་ཡང་འགྲེལ་ལས། རང་གི་དབུ་གཙུག་ན་གུ་རུ་ཞི་བ་རིགས་བདག་གི་ཚུལ་དུ་བཞུགས་ཤིང་། རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དམར་ནག་གི་མཐའ་སྐོར་སྔགས་ཕྲེང་། ཞེས་འབྱུང་བ་ལྟར། བདག་ཉིད་ཆེ་མཆོག་དྲག་པོའི་སྤྱི་གཙུག་མཚོག་མར་གུ་རུ་ཞི་བ་མངོན་རྟོགས་ལྟར་གསལ་གདབ་ཅིང་ཐུགས་ཀར་ཡེ་ཤེས་སེམས་དཔའི་རང་བཞིན་ཉི་མའི་དཀྱིལ་འཁོར་རབ་ཏུ་ཚ་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་པ་འབར་འཚེར་རྩུབ་པ་ཀུན་ཏུ་འཕྲོ་བའི་ལྟེ་བར། ཏིང་འཛིན་སེམས་དཔའི་ངོ་བོ་ཡི་གེ་ཧཱུྃ་དམར་ལ་དྭངས་པ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་ཡེ་ཤེས་ཀྱི་འོད་ཟེར་མཐའ་དང་མུ་མེད་པར་འཕྲོ་ཞིང་ཕྲིན་ལས་རྣམ་པ་བཞི་ཡིད་བཞིན་དུ་བྱེད་པ། དེ་ཡི་མཐར་རྒྱལ་བ་ཐམས་ཅད་ཀྱི་གསང་རིག་གཟུངས་སྔགས་ཀྱི་ནུས་མཐུ་གཅིག་ཏུ་བསྡུས་པ་གུ་རུ་དྲག་པོའི་ཡང་སྙིང་ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཡི་གེ་འབྲུ་བཅུ་དྲུག་པ་གྱེན་ལངས་གཡས་སྐོར་དུ་ཧྲམ་མེ་འོད་ཟེར་དང་བཅས་ཏེ་འཁོད་པར་བསམས་ལ་དམིགས་པ་མ་གསལ་བར་དུ་བསྐྱར་ཞིང་བསྒོམ་པ་སྟེ་དམིགས་ཐུན་གཉིས་པའོ། ༈ །གུ་རུའི་དྲག་སྒྲུབ་ཕལ་ཆེ་བར་ཛཔ྄་སྔགས་ཀྱི་གཞི་འདི་ཁོ་ན་ལ་སྔགས་འབྲུ་མང་ཉུང་ཅུང་ཟད་འབྱུང་ཡང་ཕན་ཚུན་བསྲེ་བསླད་མི་བྱ་སྟེ་འདིར་ནི་ཡིག་འབྲུ་བཅུ་དྲུག་པར་ངེས་པའོ། །དེ་ལྟར་སྔགས་འཁོར་གྱི་དམིགས་པ་བརྟན་ནས་རེ་ཞིག་ཛཔ྄་ཁོང་ཕྱེས་ནས་དོ་ལིའི་བཟླས་པ་བྱ་སྟེ་མར་མེ་གཅིག་ལས་གཉིས་མཆེད་དམ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་རང་ཇི་འདྲ་བ་དྲག་པོའི་སྐུ །མདུན་དུ་ཡེ་ཤེས་པའི་ཚུལ་དུ་མེ་རི་འདབས་སྦྱོར་བཞུགས་པའི་ཐུགས་ཀར་གོང་བཞིན་ཐུགས་སྲོག་ཛཔྲ་ཀྱི་འཁོར་ལོ་དགོད། དེ་ནས་བདག་གིས་བཟླས་པ་བྱས་པས་སྔགས་ཕྲེང་འོད་ཟེར་དང་བཅས་ཏེ་ཧཱུྃ་ཡིག་ལ་གཡས་སུ་ལན་གསུམ་བསྐོར། ཧཱུྃ་ཡིག་ལས་འོད་ཟེར་བྱུང་ནས་ཏལ་ལེ་བརྒྱུད་ནས་བདག་གི་ལོངས་སྤྱོད་འཁོར་ལོའི་དབུས་སུ་ཧཱུྃ་དམར་པོ་གཅིག་བསམ་སྟེ། དེ་ལ་ཡང་གཡས་སུ་ལན་གསུམ་བསྐོར་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་ཞལ་ནས་ཐོན། མདུན་གྱི་ཡེ་ཤེས་ཁྲོ་བོ་ཆེན་པོའི་ཞལ་དུ་ཞུགས། གོང་བཞིན་མགྲིན་པར་ཧཱུྃ་གསལ་བ་ལ་གཡས་སུ་བསྐོར་ཏེ་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་ལ་བརྒྱུད་ནས་ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་དེ་གཡས་སུ་ལན་གསུམ་བསྐོར་དབུ་མའི་ལམ་བརྒྱུད་སྔགས་ཕྲེང་ལྟེ་བ་ནས་འཐོན། རང་གི་ལྟེ་བར་ཞུགས་དབུ་མའི་ལམ་བརྒྱུད་སྙིང་གར་སྔར་བཞིན་དུ་འཁོད། དེ་ལྟར་བར་མཚམས་མེད་པར་ཅི་ནུས་སུ་སྒོམ་གྱིན་བཟླ། གལ་ཏེ་དུབ་ན་བདག་མདུན་གང་བདེའི་ཐུགས་སྲོག་མཐར་སྔགས་ཕྲེང་བཀོད་པ་ལ་སེམས་མ་ཡེངས་པར་བཞག་ནས་ཛཔ྄་བཟླ་བ་དང་སྤེལ་བ་གང་བདེ་བྱ། ཐུན་མཚམས་སུ་དོ་ལིའི་བཟླས་པ་ཁ་ཤས་མཐར་མདུན་གྱི་ཡེ་ཤེས་པ་རང་ལ་གཞུག་བརྟན་པའི་ང་རྒྱལ་བཟུང། དེ་ནི་དོ་ལིའམ་ཁྱོགས་ཀྱི་བཟླས་པའམ་འགལ་མེ་ཀླད་འཁོར་དུ་བཟླས་པའི་ལུགས་སུ་སྟེ་དམིགས་ཐུན་གསུམ་པའོ། ༈ །དེ་ནས་སྤྲོ་བསྡུའི་བཟླས་པ་ནི། གུ་རུའི་སྐུ་ཞི་དྲག་དང་སྔགས་བསྒྱུར་བ་ལས་སྤྲོ་བསྡུ་གསུམ་ཀ་གོང་དུ་ཞི་བའི་སྐབས་སུ་བཤད་པ་ཁོ་ན་ལྟར་ལ་དམིགས་པའི་གནད་ཅུང་ཟད་རེ་འཕྲུལ་ཤེས་ཏེ་བྱ་བ་ཡིན་ནོ། །འདིར་སྤྲོ་བསྡུ་གཉིས་པ་གྲུབ་པའི་སྐབས་སམ་གཞན་ཡང་ནམ་འོས་སུ་ཁྲོ་བོའི་བཟླས་པ་བྱ་བ་ནི། དེ་ནས་སྔགས་ཕྲེང་འོད་ཟེར་ལས་མཚོན་ཆ་མེ་ཕུང་འཕྲོས་བདག་ཅག་དཔོན་སློབ་རྣམས་ཀྱི་ཆོས་བྱང་ཆུབ་སྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པའི་དགྲ་དང་བགེགས་བྱད་མའི་ཚོགས་མ་ལུས་པ་ལྕགས་ཀྱུས་བཀུག་ཞགས་པས་བཅིངས་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབས། འཁོར་ལོའི་རྩིབས་ལ་བསྐྱོན་མཚོན་ཆས་གཏུབས། ཁྲོ་བོ་ཁྲོ་མོ་སྡེ་བརྒྱད་རྣམས་ཀྱིས་ཤ་ཁྲག་གློ་སྙིང་ཚོགས་སུ་རོལ། ལྷག་མ་མེ་རླུང་གིས་རྡུལ་ཕྲན་ཆ་མེད་དུ་བསྲེགས་གཏོར་བར་བསམས་ལ་བཟླས་པ་ནི་ཁྱད་པར་བ་སྟེ་དྲག་པོའི་བསྙེན་སྒྲུབ་རྐང་ཚུགས་མི་བྱེད་པར་ཞི་བའི་ལས་ཚོགས་སྔགས་ཤམ་ཚུལ་དུ་སྦྱོར་ཚེ་སྤྲོ་བསྡུ་གཞན་ཞོར་བྱུང་དང་། སྤྲོ་བསྡུ་གཉིས་པ་དང་འདི་གཉིས་རྩ་བའི་དམིགས་པ་ཡིན་པ་ཤེས་པར་བྱ་དགོས་ལ་མཐར་ཞི་བའི་སྐབས་མཁའ་ཁྱབ་བཟླས་པ་དང་། སྐུ་གསུང་ཐུགས་ཀྱི་བཟླས་པ་སོགས་གང་བདེ་གཙོ་བོར་བྱས་ནས་ཅི་ནུས་སུ་བཟླ་བ་སྟེ་དམིགས་ཐུན་བཞི་པའོ། ༈ །དེ་ཡང་རྒྱུད་ཀྱི་ཡང་འགྲེལ་ལས། སྔགས་ཕྲེང་ལས་འོད་ཟེར་དམར་ནག་ཡེ་ཤེས་ཀྱི་མེ་དང་མཚོན་ཆ་ལ་སོགས་པ་འཕྲོས་པས་མ་རུངས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཅེས་པས་ཁྲོ་བོའི་བཟླས་པ་བསྟན། སྣང་སྲིད་ཐམས་ཅད་རིག་འཛིན་དྲག་པོའི་སྐུར་གསལ་ཏེ། ཞེས་པས་མཁའ་ཁྱབ་ཀྱི་བཟླས་པ་བསྟན་ལ། བསྙེན་ཚད་ནི་སྙིང་པོ་འབུམ་ཕྲག་གཅིག་སྟེ་བསྙེན་པའོ། །ཞེས་འབྱུང་བ་ཞི་བ་འབྲུ་འབུམ་གྱི་བཅུ་གཉིས་ཆ་དྲག་པོ་ལ་བཟླ་བར་དགོངས་མོད། །འོན་ཀྱང་སྔགས་འདི་བྱིན་རླབས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཁྲག་འཐུང་ཁྲོ་བོ་རོལ་པའི་རྒྱུད་དང་དྲག་སྒྲུབ་གཞན་དུ་རྒྱ་ཆེར་འབྱུང་བས་ཅི་ཙམ་བཟླས་ཀྱང་བཟང་ཞིང་ལེགས་པ་ཡིན་ནོ། །སྡེ་བརྒྱད་འདུལ་སྔགས་སོགས་སྐབས་དང་བསྟུན། ཞེས་གསུངས་པ་ནི་གོ་སླ་བ་དེ་ཁོ་ན་ལྟར་རོ། །དྲག་པོ་ལ་རྗེས་སྡུད་ཀྱི་རྣལ་འབྱོར་དངོས་སུ་མ་གསུངས་ཀྱང་ཞི་དྲག་སེང་གསུམ་གདན་ཐོག་གཅིག་ཏུ་ཐུན་གཅིག་ལ་སྒོམ་བཟླས་སྤུངས་པ་ཡིན་ན། གོང་མ་འོད་དུ་ཞུ་ནས་འོག་མ་བསྐྱེད་པ་མུ་མཐུད་དུ་ཡང་འགྲེལ་གྱི་དགོངས་པར་སྣང་ཡང་ཐུན་གཅིག་པ་མ་ཡིན་པར་སོ་སོར་སྒོམ་བཟླས་བྱེད་ཕྱིན་རྗེས་སྡུད་ཀྱང་ཞི་བའི་སྐབས་གཏེར་གཞུང་རྡོ་རྗེའི་ཚིག་གིས་ཟིན་པས་བྱ་དགོས་པར་རྟོགས་ལ། དེས་ན་རྗེས་སྡུད་ཞི་བའི་སྐབས་དེ་འཕྲུལ་ཤེས་པར་བྱའོ། །ཡང་དམིགས་མེད་དུ་ཀ་དག་ངང་ལ་བཞག་ཀྱང་བསྐྱེད་ཆོག་དང་མཐུན་པའི་སྡུད་རིམ་སྟེ་འགལ་བ་མེད་པ་ཉིད་དུ་ཤེས་སོ། །དེ་ལྟར་དྲག་པོའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་གྱི་དམིགས་སྐོར་དྲུག་པའོ།། ༈ །།བཞི་པ་ཡང་གསང་ངམ་དེ་ཁོ་ན་ཉིད་ལྟར་སྒྲུབ་པ་ནི། ཐུན་དང་པོའི་འགོར་གུ་རུ་ཞི་དྲག་གི་སྒོམ་བཟླས་ཅི་རིགས་བྱས་པའི་མཐར་རང་ཉིད་དྲག་པོ་འོད་དུ་ཞུ་བ་ལས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་སྐུར་གྱུར་པ་ནི། དེ་ཡང་པད་ཉི་མི་རོའི་གདན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་སྐུ་མདོག་མཐིང་ག་ནམ་མཁའ་དྭངས་པའི་ཁ་དོག་ལྟ་བུ་ཞལ་འཕྲོག་བྱེད་སེང་གེའི་གཟུགས་སུ་གནས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟང་ཡག་ཏུ་གཙིགས་པ་རལ་པ་ལྗང་དམར་གྱེན་དུ་འཕྱོ་བའི་གསེབ་ནས་སྤྲུལ་པའི་ཁྲོ་མོ་སེང་ཆུང་མང་པོ་སྐར་ལྟར་འཕྲོ་བ། ཕྱག་གཡས་པས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་དུ་བྱད་མ་རྦོད་གཏོང་མཁན་དང་བདུད་དང་མུ་སྟེགས་ཀྱི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ་གཡོན་བརྐྱང་པས་བདག་མེད་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཅིང་བདུད་རིགས་བརྒྱ་ཡི་མགོ་བོའི་ཕྲེང་བ་སེ་རལ་ཁར་འཕྱང་བ། རུས་པའི་རྒྱན་དྲུག་དང་མེ་ལོང་དང་གསེར་གྱི་དྲིལ་ཆུང་གཡེར་ཁས་མཛེས་པར་བྱས་པ། ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་འཁོར་ལོས་སྒྱུར་མའི་སྐུ་རུ་གསལ་བའི་སྤྱི་བོར་རིགས་བདག་བླ་མ་ཀུན་འདུས་གུ་རུ་པདྨ་དང་། གྲུ་མོ་གཡོན་དུ་ཐབས་བདེ་བ་ཆེན་པོའི་རང་བཞིན་ཆེ་མཆོག་དམར་ནག་དྲག་པོ་རྩལ་གྱི་ངོ་བོ་ཁ་ཊྭཱཾ་གའི་རྣམ་པ་ལ་འཁྱུད་པ། ཡེ་ཤེས་བསྐལ་པའི་མེ་ཕུང་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ལ་སོགས་པའི་མཚོན་ཆའི་གུར་ཁང་འཁྲིགས་པའི་དབུས་སུ། རང་འདྲ་ཡེ་ཤེས་མཁའ་འགྲོ་དུ་མའི་འཁོར་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་གནས་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཞི་དྲག་གི་སྐབས་སུ་བསྐྱེད་པ་ལྟར་གསལ་བརྟན་དག་དྲན་ལ་བསླབ་ཅིང་། སྐབས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་མཆོད་བསྟོད་རང་ལ་གཞུག་པ་རྣམས་ཀྱང་ཅི་ནུས་བྱ། དམིགས་ཐུན་དང་པོའོ། ༈ །དེ་ནས་ཛཔ྄་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། རང་གི་སྙིང་གར་ཡེ་ཤེས་པ་ཏིང་འཛིན་སེམས་དཔའི་ཚུལ་ཉི་མ་ཧཱུྃ་ཡིག་དྲག་པོའི་སྐབས་ཇི་བཞིན་པ་ལས། འདིར་ཧཱུྃ་ཡིག་གི་ཁ་དོག་མཐིང་ག་ཡིད་བཞིན་གྱི་ནོར་བུ་མཐོན་ཀ་ཆེན་པོ་ཇི་བཞིན་པར་གསལ་བའི་མཐར། ཡེ་ཤེས་དམ་ཚིག་འཇིག་རྟེན་ལས་ཀྱི་སྲོག་སྙིང་བཅུད་དུ་ཕྱུང་བའི་རང་སྔགས་རྡོ་རྗེའི་སྒྲ་འདོགས་དང་བུ་དྲུག་གང་ཡང་མེད་པ་སྦྲུལ་གཅུས་པའམ་སྤུ་གྲིའི་ཕྲེང་བ་ལྟ་བུ་ཡིག་འབྲུ་ཚེགས་བར་བཅུ་བཞི་པ་སྟེ་ཕྱི་མོ་ཕྱེད་དང་བཅོ་ལྔ་པ་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་པ་མགོ་བོ་གྱེན་བསྟན་ཁ་དོག་མཐིང་ག་གཡོན་དུ་ཕྲམ་མེར་འཁོད་པ་མ་གསལ་བར་དུ་ནན་ཏན་གྱིས་བསྒོམ་ཞིང་། དེ་ལྟར་གསལ་ཐེབས་ཚེ་ཧཱུྃ་ཡིག་ལས་འོད་ཟེར་ཚ་ལ་རྩུབ་པ་རྣོ་ལ་རིང་བ་ལྟ་བས་མི་བཟོད་པ་འཕྲོས་ཏེ་སྔགས་ཀྱི་ཕྲེང་བ་ལ་ཕོག །སྔགས་ཀྱི་ཕྲེང་བ་ལས་ཀྱང་དེ་ལྟ་བུ་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟར་འཕྲོས། རྒྱལ་བ་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྦྱངས། བདག་ཅག་དཔོན་སློབ་ཀྱི་ཐར་པའི་གེགས་བྱེད་གནོད་བྱེད་བྱད་མ་རྦོད་གཏོང་བདུད་དང་མུ་སྟེགས་དམ་སྲི་རྣམས་ལ་ཕོག་པས་སྤུ་གྲིས་སྐྲ་བཞར་བའམ། བྱ་སྒྲོ་ཞུན་ཁང་གི་མེ་ལ་བསྲེགས་པ་བཞིན་སྐད་ཅིག་དེ་མ་ཐག་ཏུ་རྨེག་མེད་ཐལ་བ་རྡུལ་ཕྲན་ཉིད་དུ་བརླགས་ཤིང་། འོད་ཟེར་ཚུར་འདུས་སྙིང་གའི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་བྱིན་རླབས་ནུས་མཐུ་གཟི་བརྗིད་སྔར་ལས་ཀྱང་ཆེས་ཆེར་རྒྱས་པར་བསམས་ལ། དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ཡང་ཡང་བཅས་ཛཔ྄་སྔགས་བཟླས་ཤིང་། སྐབས་སུ་གོང་གི་མཚོན་ཆའི་གུར་ཁང་གང་གིས་ཀྱང་གཞིག་པར་མི་ནུས་པ་རྡོ་རྗེའི་རང་བཞིན་དུ་བསམས་ལ་སྔགས་བཟླ་བ་ནི་སྲུང་འཁོར་གྱི་མཆོག་གོ །ཞི་དྲག་གི་ཞོར་བྱུང་ཤམ་བུ་ཙམ་དུ་བཟླ་ན་དམིགས་པའི་རིམ་པ་དེ་ཙམ་གྱིས་ཆོག་ཅིང་བསྙེན་ཚད་ཀྱང་ཁྲི་ཕྲག་ལྔའོ། །བླ་མ་ཡི་དམ་གྱི་བསྙེན་པ་གྲུབ་པའི་རྣལ་འབྱོར་པས་སེང་གདོང་མའི་བསྙེན་སྒྲུབ་རྐང་ཚུགས་བྱེད་ན་སྤྲོ་བསྡུ་གསུམ་དང་མཁའ་ཁྱབ་སྐུ་གསུང་ཐུགས་ཀྱི་བཟླས་པ་རྣམས་གོང་དུ་བཤད་པ་རྣམས་ཁ་བསྒྱུར་ཏེ་བྱ་ཞིང་། དོ་ལིའམ་ཁྱོགས་ཀྱི་བཟླས་པ་ཡང་སྤྲོ་ན་མི་རུང་བ་མེད་ལ། བསྙེན་ཚད་ཀྱང་འབྲུ་འབུམ་ནས་བྱེ་བ་ས་ཡ་ཅི་ནུས་སོ། །དེ་ལྟར་རྒྱུན་གྱི་ཉམས་ལེན་སྲུང་བ་མཆོག་སྒྲུབ་དང་འབྲེལ་བའི་དམིགས་སྐོར་ཏེ་ཐུན་གཉིས་པའོ། ༈ །བཟློག་པའི་སྐབས་སུ་སྔགས་ཀྱི་གོ་ཆ་ལུས་ལ་དགོད་པ་ནི་ཡང་འགྲེལ་ལས་གསུངས་པ་བཞིན་སྤྱི་བོར་ཨཿཀཿ མགྲིན་པར་སཿམཿ སྙིང་གར་རཿཙཿ ལྟེ་བར་ཤཿདཿ གསང་གནས་སུ་རཿསཿ བརླ་གཡས་སུ་མཿརཿ གཡོན་དུ་ཡཿཕཊཿ དེ་རྣམས་ལས་འོད་ཟེར་མེ་འོད་མཚོན་ཆ་འཁྲུགས་ཏེ་མཆེད་པས་ཐར་པའི་བར་ཆད་དགྲ་བགེགས་བྱད་མ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམས་ནས་དྲག་སྔགས་ཅི་ནུས་བཟླས། ཐུན་མཚམས་སུ་བདེན་སྟོབས་བཅས་ཐལ་མོ་གནམ་ས་ཉི་ཟླས་མཚན་པའི་བར་དུ་དགྲ་བགེགས་བྱད་མ་ཀུན་སྒོ་ང་བྲག་ལ་བཅར་བ་བཞིན་ཕྱེ་མར་གཞིག་པར་བསམས་ལ་ཐལ་མོ་བརྡབ། དེ་ནི་བཟློག་པའི་མཆོག་ཏུ་གྱུར་པའོ། །ཐུན་མཚམས་དམིགས་མེད་ཀ་དག་གི་ངང་དུ་བཞག་པའམ་ཡང་ན་རྗེས་སྡུད་ཀྱི་རྣལ་འབྱོར་གོང་དུ་བསྟན་པ་ལྟར་ལ་མཐར་ལྷ་སྐུར་ལྡང་ཚེ་སྲུང་བའི་འཁོར་ལོ་ཡང་གསལ་གདབ་པར་བཞེད། རྦད་བསད་ཀྱི་སྐབས་སུ་རང་ཉིད་གུ་རུ་དྲག་པོ་ཞི་བའི་རིགས་བདག་ཅན་གྱི་མདུན་དུ་སེང་གདོང་མ་རིགས་ལྔ་སྤྲུལ་པ་ཡང་སྤྲུལ་བཅས་གསལ་བཏབ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་སྤྲོས། དགྲ་བགེགས་བྱད་མ་རྣམས་ཕྱག་རྒྱ་བཞི་ཡིས་བཀུག །ལྷ་དང་དབྱེ། གཟུགས་ལ་དབབ། བྱད་དུ་གཞུག །སྨྱོ་རུ་བཅུག །གཏུན་དུ་བརྡུངས། ཤ་ཁྲག་ཡེ་ཤེས་ལས་བྱེད་མཁའ་འགྲོའི་ཚོགས་ཀྱིས་ལྷག་མེད་དུ་བཞེས་པར་བསམས་ལ་བསྐུལ་དང་དྲག་སྔགས་ཅི་ནུས་སུ་བཟླ་བ་སྟེ། ཚུལ་འདི་གནས་སྐབས་འདིར་རྒྱས་པར་སྨོས་མ་དགོས་ཀྱང་རྒྱུད་ཀྱི་ཡང་འགྲེལ་དུ་བསྐྱེད་རིམ་གྱི་ཟབ་ཁྲིད་འཕྲོས་སུ་གནང་འདུག་པ་བཞིན་སྐབས་འདིར་ཡང་ས་བཅད་ཚུལ་དུ་བཟློག་དམིགས་ཀྱི་ཞར་བྱུང་དུ་སྨོས་པ་སྟེ་དམིགས་ཐུན་གསུམ་པའོ། །དེ་ལྟར་སེང་གདོང་གི་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བདུན་པའོ། །དེ་ཡང་བཀའ་སྲུང་ཡེ་ཤེས་མཁའ་འགྲོའི་སྒྲུབ་པ་ལ་ཡང་གསང་ངམ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞེད་པའི་རྣམ་གཞག་གོ་རིམ་ལ་ཁ་ཅིག་ནས་དཔྱད་པ་སྐད་བྱེད་ཀྱང་ས་བཅུའི་དབང་ཕྱུག་ལྟ་བུ་ངེས་པར་དག་པའི་ས་ལ་བཞུགས་པའི་སྲུང་མ་ཁ་ཅིག་གི་སྒྲུབ་ཐབས་ལ་ཡང་གསང་གི་བརྡར་བཞག་པ་མང་ན། འདི་ནི་སྐབས་འདིར་ཆོས་ཀྱི་སྲུང་མར་གསུངས་ཀྱང་། སྤྱིར་གཞུང་གཞན་ཀུན་ཏུ་ཡི་དམ་ལྷར་སྒྲུབ་པ་ཤས་ཆེ་བས་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྒྲུབ་པར་བཞག་པ་ལ་སྐྱོན་ཡེ་ནས་མེད་དོ།། ༈ །།ད་ནི་གསུམ་པ་ལས་ཁ་ཚར་ཕྲིན་ལས་བཞིའི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། འཕྲོ་འདུའི་ཕྲིན་ལས་སྦྱོར་ཤེས་ན༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ དེས་ན་དུས་དང་ཁ་ཕྱོགས་སོགས༔ གནས་སྔགས་སྨོན་ལམ་ཤེས་པར་བྱ༔ ཞེས་གསུངས་ཏེ། དང་པོ་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་དུས་ནི་ཐོ་རངས་ཀྱི་དུས་སུ་ཡིན་ལ་ཁ་ཤར་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་ཟླ་བའི་ཞུན་མ་འཁྱིལ་བ་ལྟ་བུ་དཀར་བ་ལ་པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་དུང་དང་ཀུ་མུད་ཀྱི་ཁ་དོག་ཅན་གསོལ་བ། ཕྱག་ན་ཟླ་བ་ཆུ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་ག་འཕྱང་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པར་གསལ་ལ་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་པད་དཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་དང་། བྱེ་བྲག་ཏུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་པད་དཀར་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ། དེའི་མཐར་སྔགས་ཀྱི་རིམ་པ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩ་བའི་སྔགས་དང་། ཨོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཤམ་བུ་ལས་སྔགས་ཏེ་སྔགས་ཕྲེང་ཡིག་འབྲུ་གྱེན་ལངས་བཀླག་ཐབས་སུ་གནས་པར་བསམས་ལ། དེ་ནས་སྤྲོ་བསྡུ་ནི། ཛཔ྄་སྔགས་བཟླས་པས་ཐུགས་ཀའི་ཟླ་བ་རྡོ་རྗེ་ཧཱུྃ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས། སྤྱི་བོའི་ཟླ་དཀྱིལ་སྔགས་ཕྲེང་ཨོཾ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་ཨོཾ་ལས་ཟླ་བའི་འོད་ཟེར་ལྟ་བུ་ནམ་མཁའི་ཁྱོན་ཁེངས་ཤིང་སྔགས་ཀྱི་སྒྲས་རྒྱལ་བ་སྲས་དང་སློབ་འབངས་བཅས་དགྱེས་པར་བྱས་ཤིང་ཐུགས་དམ་ཀྱི་རྒྱུད་བསྐུལ་བས་དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་། རང་གི་སྤྱི་གཙུག་གི་སྔགས་ཀྱི་དཀྱིལ་འཁོར་ལ་ཐིམ་པས་མཐུ་སྟོབས་ནུས་པ་ཤིན་ཏུ་ནས་ཀྱང་བསྐྱེད་པར་བྱས་ཏེ། དེ་ལས་སླར་ཡང་འོད་ཟེར་པད་རྩ་མུ་ཏིག་ལྟར་དཀར་ཞིང་ཟླ་བའི་དབྱིབས་ཅན་སོགས་འཕྲོས། འགྲོ་བ་རྣམས་ལ་ཕོག་པས་བདག་གཞན་གྱི་ལས་ཉོན་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་མཐའ་དག་ཞི་བར་བྱས་སོ་བསམས་ནས་བཟླས་པ་བརྒྱ་རྩའམ་སྟོང་ཚོ་དང་། ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པར་ཡང་བྱ་སྟེ། དེ་ནི། ནད་གདོན་སྡིག་སྒྲིབ་བག་ཆགས་ངན༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ རྣོ་བའི་མཚོན་དང་སྦྱོར་བའི་དུག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀུན་དང༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ རྨིས་ལྟས་མཚན་ངན་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་ཞི་གྱུར་ཅིག༔ ཅེས་ཚར་གསུམ་བདུན་བཅོ་ལྔ་སོགས་ཇི་ལྟར་རིགས་པར་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་རྡོ་རྗེ་སེམས་དཔར་བསམས་ལ། སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་ཀ་དག་གི་ངང་དུ་བཞག་པའམ། བདག་གི་སྤྱི་བོའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ༔ རང་ལུས་ཀྱང་འོད་ཀྱི་གོང་བུ་སྙིང་གའི་ཐུགས་སྲོག་ལ་འདུས་ཏེ་སྟོང་པར་གཞིལ་བ་དང། སླར་ལྡང་བ་གོང་དུ་རྩ་བའི་སྒྲུབ་ཐབས་སུ་བསྟན་པ་ལྟར་བྱ་བ་སྟེ་ཞི་བའི་ལས་ཀྱི་དམིགས་ཐུན་དང་པོའོ། ༈ །དེ་ནས་རྒྱས་པའི་ཕྲིན་ལས་བསྒྲུབ་པའི་དུས་ནི་ཉི་དྲོས་ཀྱི་སྐབས་སུ་ཁ་ལྷོ་ཕྱོགས་སུ་བསྟན་ནས་རང་ཉིད་གུ་རུ་པདྨ་འབྱུང་གནས་ཁ་དོག་གསེར་གྱི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུ་སེར་ལ་འཚེར་བ་བལྟ་བས་མི་བཟོད་པ། པད་ཞུ་ཆོས་གོས་བེར་ཕོད་གསང་གོས་རྣམས་ཀྱང་བཻ་ཌཱུརྻ་སེར་པོའི་ཁ་དོག་ལྟ་བུ་ཕྱག་ན་རིན་པོ་ཆེ་ཆ་དགུ་འོད་ཟེར་མཆོག་ཏུ་འབར་བ་དང་ཐོད་པ་བདུད་རྩིས་བཀང་བ་འཛིན་ཅིང་གྲུ་མོར་ཁ་ཊྭཱཾ་འཆང་བ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པར་བསམས་ལ། ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་ཞི་བའི་སྐབས་བཞིན་ལས་པད་རྡོར་ཧཱུྃ་སེར། བྱེ་བྲག་པ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པདྨ་སེར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆ་དགུ་པའི་དབུས་སུ་བྷྲཱུྃ་ཡིག་སེར་པོ་གནས་པའི་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ཀྱི་མཐར། བྷྲཱུྃ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལས་སྔགས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ལ། དེ་ནས་སྤྲོ་བསྡུ་ནི་ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་སེར་པོ་འཕྲོས། མགྲིན་པའི་རིན་ཆེན་སྔགས་ཕྲེང་བྷྲཱུྃ་ཡིག་ལ་ཕོག་པས་སྔགས་ཕྲེང་དྲག་ཏུ་འཁོར་ཞིང་བྷྲཱུྃ་ལས་འོད་ཟེར་སེར་པོས་ནམ་མཁའི་ཁྱོན་ཁེངས་ཤིང་སྔགས་ཀྱི་རང་སྒྲས་རྒྱལ་བ་རབ་འབྱམས་དགྱེས་ཏེ་ཐུགས་རྒྱུད་བསྐུལ་བ་སོགས་ཞི་བའི་སྐབས་ལྟར་ལ། དེ་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་སེར་པོ་བྱུང་རང་གི་མགྲིན་པའི་ཛཔ྄་དཀྱིལ་ལ་ཐིམ་པས་ནུས་པ་བསྐྱེད། དེ་ལས་སླར་འོད་ཟེར་རྡོ་རྗེ་ཕ་ལམ་དང་སྦུར་ལེན་གྱི་ཁ་དོག་ལྟ་བུ་ནོར་བུ་རིན་པོ་ཆེའི་དབྱིབས་ཅན་ལ་སོགས་པ་འཕྲོས་འགྲོ་བ་རྣམས་ལ་ཕོག་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀུན་ཏུ་རྒྱས་ཤིང་གནས་སྐབས་ཀྱི་འབྱོར་པ་དྲུག་འཕེལ་བར་བསམས་ལ་བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། ཚེ་དང་བསོད་ནམས་སྙན་གྲགས་སྟོབས༔ འཁོར་དང་བུ་སློབ་ཕྲིན་ལས་རྒྱས༔ མངའ་ཐང་ལོངས་སྤྱོད་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཅེས་ཚར་ཇི་ལྟར་རིགས་པ་བརྗོད་མཐར་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་ཞིང་ནང་བཅུད་ཀྱི་སེམས་ཅན་རིན་ཆེན་སེམས་དཔར་གྱུར་ནས་སྣོད་བཅུད་ཀྱང་རིམ་བཞིན་བདག་ལ་ཐིམ་ནས་དམིགས་མེད་དུ་བཞག་པའམ། ཡང་རྗེས་སྡུད་མགྲིན་པའི་ཛཔ྄་དཀྱིལ་སྙིང་གའི་ས་བོན་ལ་ཐིམ་པ་ལས་གཞན་ཞི་བའི་སྐབས་སུ་བཤད་པ་ལྟར་བྱ་བ་སྟེ། རྒྱས་པའི་ལས་ཏེ་དམིགས་ཐུན་གཉིས་པའོ། ༈ །དེ་ནས་དབང་གི་ཕྲིན་ལས་བསྒྲུབ་པ་ལ་དུས་དགོང་ཁའི་སྐབས་སུ་ཁ་ནུབ་ཏུ་ཕྱོགས་ལ་རང་ཉིད་པདྨ་འབྱུང་གནས་ཁ་དོག་བྱུ་རུའི་ལྷུན་པོ་ལ་ཉི་མས་འཁྱུད་པ་ལྟ་བུར་དམར་བ་པད་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་པདྨ་དམར་པོ་ལྟར་ལྷུན་ཆགས་ཤིང་མཛེས་པ་ཕྱག་ན་པདྨ་དམར་པོ་འདབ་མ་སྟོང་ལྡན་ཟེའུ་འབྲུའི་གེ་སར་ལ་ལྕགས་ཀྱུས་མཚན་པ་དང་ཐོད་པ་བདུད་རྩི་ཅན་དང་ཁ་ཊྭཱཾ་གར་འཁྱུད་པ། ཞབས་སེམས་སྐྱིལ་ལམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ་པའི་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་གོང་བཞིན་པད་རྡོར་དང་ཧཱུྃ་དམར། བྱེ་བྲག་པ་ལྟེ་བ་སྤྲུལ་པའི་འཁོར་ལོ་པདྨ་དམར་པོ་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དམར་པོས་མཚན་པའི་མཐར་སྔགས་ཀྱི་རིམ་པ་རྩ་བའི་ཛཔ྄་ལ། ཧྲཱིཿཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལས་སྔགས་བཅས་སྔར་བཞིན་འཁོད་པར་བསམས་ལ། སྤྲོ་བསྡུ་ནི་ཐུགས་ཀའི་ཛཔ྄་དཀྱིལ་ས་བོན་ལས་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་བྱུང་སྟེ་ལྟེ་བའི་ཉི་དཀྱིལ་སྔགས་ཕྲེང་ཧྲཱིཿཡིག་ལ་ཕོག་སྔགས་ཕྲེང་དྲག་ཏུ་འཁོར། ཧྲཱིཿཡིག་ལས་འོད་ཟེར་གློག་འཁྱུག་པ་ལྟ་བུ་བྱུང་ནམ་མཁའི་ཁྱོན་ཁེངས་པ་སོགས་སྔར་དང་འདྲ་བའི་ལྷ་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་དམར་པོ་བྱུང་རང་གི་ལྟེ་བའི་ཛཔ྄་དཀྱིལ་ལ་ཐིམ་པས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་དབང་དུ་འདུས་ཛཔ྄་ཀྱི་ནུས་་་པ་བསྐྱེད། དེ་ལས་སླར་འོད་ཟེར་ཨུཏྤལ་དང་མུ་ཏིག་དམར་པོའི་ཁ་དོག་ཅན་ལྕགས་ཀྱུ་ཞགས་པ་ལ་སོགས་པ་འགུགས་བྱེད་མཚོན་ཆའི་རྣམ་པར་འཕྲོས། དབང་དུ་བྱ་བའི་སེམས་ཅན་རྣམས་ཀྱི་སྤྱི་བོ་སྙིང་ག་དང་གསང་གནས་རྣམས་སུ་ཕོག་པས་དེ་རྣམས་ཀྱི་ཡིད་རང་དབང་མེད་པར་བསྐུལ་ཏེ་བདག་གི་དབང་དུ་འདུས་ཤིང་ཀུན་ཀྱང་ཕྱིར་མི་ལྡོག་པ་ཐར་པ་མཆོག་གི་ལམ་ལ་བཀོད་པར་བསམས་ལ། ཛཔ྄་སྔགས་བཟླས་ཤིང་སྔགས་ཀྱི་གྲངས་མཚམས་དང་ཐུན་མཚམས་རྣམས་སུ་སྨོན་ལམ་གདབ་པ་ནི། རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཅེས་ཚར་ཅི་ནུས་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་པདྨ་ཅན་གྱི་ཞིང་དང་བཅུད་ཀྱི་སེམས་ཅན་པདྨ་སེམས་དཔར་གྱུར་པར་བསམས་ལ་དམིགས་མེད་དུ་བཞག་པའམ། ལྟ་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམ་པ་དང་རྗེས་སྡུད་གོང་དུ་བཤད་པ་ལྟར་བྱ་བ་སྟེ་དབང་གི་ལས་རིམ་དམིགས་ཐུན་གསུམ་པའོ། ༈ །དེ་ནས་དྲག་པོའི་ཕྲིན་ལས་བསྒྲུབ་པ་ནི། དུས་ནི་སྲོད་ཀྱི་དུས་སུ་ཁ་བྱང་ཕྱོགས་སུ་བསྟན་ཏེ་རང་ཉིད་པདྨ་འབྱུང་གནས་ཁ་དོག་སྟོང་ཟིལ་བཅག་པ་ལྟ་བུར་གནག་པ་པད་ཞྭ་ཆོས་གོས་བེར་ཕོད་གསང་གོས་རྣམས་མིག་སྨན་གྱི་གཡུང་དྲུང་ལྟ་བུར་གསོལ་བ། ཕྱག་ན་རལ་གྲི་མེ་འབར་བ་དང་ཐོད་པ་ཁྲག་གིས་བཀང་བ་འཛིན་པ་ཁ་ཊྭཱཾ་ག་ལ་འཁྱུད་པ་ཞབས་ཕྱེད་སྐྱིལ་ལ་པུས་མོ་གཡས་ཙོག་བུར་བསླངས་ཏེ་བཞུགས་པར་བསམ་ལ་ཛཔ྄་དཀྱིལ་གྱི་གནས་ཐུགས་ཀར་གོང་ལྟར་པད་རྡོར་དང་ཧཱུྃ་མཐིང་། བྱེ་བྲག་པ་གསང་གནས་བདེ་སྐྱོང་འཁོར་ལོ་པད་ལྗང་འདབ་མ་ཉེར་བརྒྱད་པའི་ལྟེ་བར་རལ་གྲི་རྡོ་རྗེ་ཕྱེད་པའི་ཡུ་བ་ཅན་གྱི་ལྟེ་བ་ཁོང་སེང་དུ་ཧཱུྃ་ཡིག་ནག་པོ་དེ་མཐར་རྩ་བའི་སྔགས་དང་ལས་སྔགས། ཧཱུྃ་མཱ་ར་ཡ་ཕཊ༔ ཀྱིས་བསྐོར་བར་བསམས་ལ་སྤྲོ་བསྡུ་ནི། ཐུགས་ཀའི་ཛཔ྄་དཀྱིལ་ལས་འོད་ཟེར་མཐིང་ནག་མེ་ལྟར་འཁྲུགས་པ་འཕྲོས། གསང་གནས་རལ་གྲི་སྔགས་ཕྲེང་ཧཱུྃ་ཡིག་ལ་ཕོག །སྔགས་ཕྲེང་དྲག་ཏུ་འཁོར་ཧཱུྃ་ལས་འོད་ཟེར་མཐིང་ནག་གིས་ནམ་མཁའི་ཁྱོན་ཁེངས་ཤིང་རྒྱལ་བ་རྣམས་དགྱེས་བསྐུལ་བྱས་ཏེ། ལྷ་རྣམས་ཀྱི་གསང་གནས་ནས་འོད་ཟེར་མཐིང་ནག་ཚ་ལ་རྩུབ་པ་མཚོན་ཆ་སྣ་ཚོགས་པའི་དབྱིབས་ཅན་ལྟ་བུ་བྱུང་ནས་རང་གི་གསང་གནས་ཀྱི་ཛཔ྄་དཀྱིལ་ལ་ཐིམ་པས་ཁམས་གསུམ་འཁོར་བ་དུས་གཅིག་དུ་སྒྲོལ་ནུས་པའི་མཐུ་དབང་ཐོབ་པར་་བསམས་ལ། སླར་ཡང་དེ་ལས་འོད་ཟེར་གནམ་ལྕགས་ཞུན་མ་དང་མགར་གྱི་སོལ་མེ་དང་རྡོ་རྗེའི་ཆར་ལྟ་བུའི་མཚོན་ཆ་དང་ལས་བྱེད་ཁྲོ་ཚོགས་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་འཕྲོས་ནས། བདག་ཅག་དཔོན་སློབ་ཀྱིས་ཆོས་བྱང་ཆུབ་སྒྲུབ་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་བྱད་མ་རྦོད་གཏོང་བདུད་དང་དམ་སྲི་གདུག་པ་ཅན་ཐམས་ཅད་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས་སུ་བཅུག་མཚོན་ཆའི་ཆར་གྱིས་ཕྱེ་མར་གཏུབས་ཏེ། དུག་གསུམ་རང་བཞིན་ཤ་ཁྲག་རུས་པ་ལས་བྱེད་ཁྲོ་བོའི་ཚོགས་ཀྱིས་ཧབ་སྒྲ་དི་རི་རི་ལྷག་མ་མེད་པར་གསོལ་བར་ཡང་ཡང་བསམ་སྟེ་རྩ་སྔགས་ལས་སྔགས་སྤེལ་གྱིན་བཟླས། བཟླས་པའི་བར་དང་ཐུན་མཚམས་རྣམས་སུ་དམོད་པ་གདབ་པ་ནི། དམ་སྲི་འབྱུང་པོ་མ་རུངས་པ༔ བསྟན་དགྲ་སྒོས་དགྲ་ལ་སོགས་པ༔ ཞིང་བཅུ་ལྡན་རྣམས་བརླག་གྱུར་ཅིག༔ ཅེས་ཅི་ལྟར་འོས་པ་བརྗོད། མཐར་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་རྡོ་རྗེའི་ཞིང་དང་བཅུད་ཀྱི་སེམས་ཅན་སྤྱི་དང་བྱེ་བྲག་ཏུ་གོང་དུ་བསྒྲལ་པའི་འགྲོ་བ་དེ་རྣམས་ཀྱི་སེམས་རྒྱུད་ཡོངས་སུ་དག་པར་བྱས་ཏེ་ལས་ཀྱི་སེམས་དཔར་གྱུར་པར་བསམས་ལ། དེ་ནས་རིམ་བཞིན་སྣོད་བཅུད་འོད་ཀྱི་གོང་བུར་བདག་ལ་ཐིམ་ནས་དམིགས་མེད་ཀ་དག་ངང་དུ་བཞག་པའམ། གསང་བའི་ཛཔ྄་དཀྱིལ་སྙིང་གར་བསྟིམས་ཏེ་རྗེས་སྡུད་བསྒོམ་པ་གང་བདེ་བྱ་ལ་དྲག་པོའི་ལས་ཏེ་དམིགས་ཐུན་བཞི་པའོ། །དེ་ལྟར་ལས་བཞིའི་དམིགས་ཐུན་བཞི་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་བརྒྱད་པའོ། །དེ་ལྟར་ཕྲིན་ལས་བཞི་སྒྲུབ་ཀྱི་རིམ་པ་ཕྱོགས་དུས་ཁ་དོག་གནས་སྔགས་སྤྲོ་བསྡུ་སྨོན་ལམ་སྟེ་དོན་ཚན་བདུན་གྱིས་བསྡུས་པ་འདི་ནི་གཏེར་གཞུང་རྩ་བ་ལས་དངོས་སུ་བསྟན་པ་ལྟར་གསུངས་པ་ཉིད་གཙོ་བོར་བྱས་ཤིང་། ཤུགས་བསྟན་དུ་རྣམ་གྲངས་གཞན་ཡང་འབྱུང་བར་གོ་ལ་ཐུགས་སྒྲུབ་གཞན་ནས་ལས་བྱེད་རིགས་བཞི་ཐུགས་ཀ་ནས་སྤྲོ་བ་དང་། ཡང་ལས་བྱེད་ཀྱི་ལྷ་གནས་བཞིར་བཀོད་པ་སོགས་ཀྱང་འབྱུང་མོད། འདིར་ནི་གོང་དུ་བཤད་པ་ཉིད་གཙོ་བོ་ཡིན་ནོ།། ༈ །།ད་ནི་བཞི་པ་ལས་མཐའ་རྒྱས་ཚེའི་སྒྲུབ་པའི་རིམ་པ་ནི། དེ་ཡང་བདག་བསྐྱེད་གཅིག་པུ་ལ་བརྟེན་ནས་སྒྲུབ་པ་དང་། མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་གཉིས་ཀྱི་དང་པོ་ནི། དེ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། བདག་བསྐྱེད་རྐྱང་སྒྲུབ་བྱེད་ན༔ རང་ཉིད་ཀྱི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདཀར་པོ་དེའི་མཐར་སྔགས་ཕྲེང་འོད་ལྔའི་མདངས་དང་ལྡན་པས་འཁོར་བར་དམིགས་ཏེ་བཟླའོ༔ ཞེས་འབྱུང་བ་ལྟར་ཡིན་ལ། འོན་ཀྱང་འདིར་བླ་མའི་མན་ངག་གིས་ཅུང་ཟད་ཁ་བསྐངས་ཏེ་གསལ་བར་བཤད་ན། རང་ཉིད་གུ་རུ་པདྨ་འབྱུང་གནས་སུ་གསལ་བའི་ཐུགས་ཀར་པད་དཀར་ཟེའུ་འབྲུའི་དབུས་སུ་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པ་མས་ཀྱི་རྭ་རྣམས་ཟེའུ་འབྲུའི་དབུས་སུ་ནུབ་པ་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་དྭངས་མ་ལྔ་ལྡན་གྱི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་རྙོག་པ་དང་བྲལ་བའི་ཁོག་པར་ཡི་གེ་ནྲྀཿལྗང་གུ །དེའི་ནང་དུ་ཡི་གེ་ཨཿདཀར་པོ་གནས་པའི་ཕྱི་རོལ་མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་ཡིག་འབྲུ་གྱེན་འགྲེང་རེ་རེ་བཞིན་ལྔ་ལྡན་འོད་ཟེར་གྱི་མུ་ཁྱུད་ཨ་ལོང་སྦྲེལ་བ་ལྟ་བུའི་ནང་དུ་གནས་ཏེ་བཀླག་ཐབས་སུ་འཁོད་པར་བསམས་ལ་ཛཔ྄་དཀྱིལ་ཇི་བཞིན་མ་གསལ་བར་དུ་ནན་གྱིས་བསྒོམ། དེ་ནས་ཛཔ྄་བཟླས་པས་སྔགས་ཀྱི་ཕྲེང་བ་ལས་རང་སྒྲ་དང་བཅས་ཏེ་འོད་ཟེར་བྱུང་ཧྲཱིཿཡིག་ལ་ཕོག །དེ་ལས་འོད་ཟེར་བུན་བུན་ཕྲོམ་ཕྲོམ་ནར་ཏེ་བྱུང་། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་བཅུད་དྭངས་མ། ནང་བཅུད་ཁམས་གསུམ་སེམས་ཅན་མ་ལུས་པའི་ཚེ་དཔལ་འབྱོར་པ། ཁྱད་པར་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་རྣམས་ཀྱི་ཐུགས་རྗེ་ལས་གྲུབ་པའི་ཚེ་བཅུད་ཀྱི་དྭངས་མ་རྣམས། འོད་ཟེར་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བུམ་པ་ཐོད་པའི་རྣམ་པས་བསྡུས་ནས་ཚེ་བཅུད་འོད་ཟེར་ཟབ་ཆེན་གྱི་སྐུད་པ་ལྟ་བུ་དཀར་སེར་དམར་ལྗང་མཐིང་ག་དང་། བདུད་རྩི་ཁ་དོག་ལྔ་དང་ཡི་གེ་ཧྲཱིཿནྲྀཿཨཱཿཡི་རྣམ་པར་བྱུང་བ་རང་གི་སྨིན་མཚམས་དང་དབང་པོའི་སྒོ་ནས་ཞུགས། ཐུགས་སྲོག་ཧྲཱིཿདང་ཚེ་རྟེན་ས་བོན་ལ་སིབ་སིབ་ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྐུ་ཚེ་ལ་དབང་བའི་རིག་འཛིན་དངོས་སུ་གྲུབ་པར་བསམས་ལ་བཟླས་པ་ཅི་ནུས་སུ་འབད་པར་བྱ་སྟེ་འདི་ནི་བདག་བསྐྱེད་རྩ་བའི་དམིགས་པ་སྟེ་དམིགས་ཐུན་དང་པོའོ། ༈ །ཡང་སྐབས་སུ་པདྨ་འོད་འབར་གྱི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ་སྟེ་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཿཡིས་མཚན་པ། སྙིང་གར་རྡོ་རྗེ་ཧཱུྃ་གིས་མཚན་པ། ལྟེ་བར་ནོར་བུ་སྭཱ་ཡིས་མཚན་པ། གསང་གནས་སུ་སྣ་ཚོགས་རྡོ་རྗེ་ཧཱ་ཡིས་མཚན་པ་དེ་རྣམས་ལས་འོད་ཟེར་སྣ་ཚོགས་པ་ནམ་མཁའི་ཁྱོན་ཁེངས་པ་དང་། ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས། འབྱུང་བ་ལྔ་ཡི་བཅུད་བསྡུས། ཕྱོགས་སྐྱོང་སོགས་མཐུ་ཆེན་ཚེ་ལ་དབང་བ་རྣམས་ཀྱི་ལག་ནས་ཚེ་བཀུག །ལྷ་ཀླུ་མིའི་རིག་འཛིན་དྲང་སྲོང་ཚེ་ལ་མངའ་བརྙེས་པ་རྣམས་ཀྱི་འཆི་མེད་གྲུབ་པའི་ཚེ་གཡང་དང་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་པ་ལས་བྱུང་བའི་ཚེ་དཔལ་མཐའ་དག་པ་བསྡུས། འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་རང་དང་དམིགས་བྱ་བླ་མ་མཆེད་ལྕམ་ཕ་མ་ལ་སོགས་པའི་སྤྱི་བོ་ནས་མར་ལྷུབ་ལྷུབ་བབ་རྐྱལ་པ་ཞོ་ཡིས་ཁེངས་པ་ལྟར་ལུས་བདུད་རྩིས་ཁེངས། ཟག་པ་མེད་པའི་བདེ་བ་མཆོག་ཏུ་རྒྱས་པའི་འཆི་མེད་རྡོ་རྗེ་ལྟ་བུའི་སྐུར་གྱུར། ལུས་རྡོ་རྗེ་ཕ་ལམ་གྱི་རང་བཞིན་བ་སྤུ་རྡོ་རྗེ་ཕྱེད་པ་རེས་གཏམས་པར་བསམས་ལ་བཟླས་པ་ཅི་ནུས་བྱ་སྟེ་དམིགས་ཐུན་གཉིས་པའོ། །འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས། གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཞེས་གསུངས་པའི་དགོངས་པ་སྐབས་འདིར་ཅུང་ཟད་གསལ་བར་ཕྱེས་པ་ཡིན་ལ། གཞན་དམིགས་པ་རྒྱས་པ་ནི་བུམ་པས་ཚེ་དབང་བསྐུར་སྐབས་སུ་རྡོ་རྗེའི་གསུང་གི་ཚིག་ཟིན་ལྟར་ས་ཆུ་མེ་རླུང་ནམ་མཁའི་བཅུད་རྣམས་སོ་སོར་སྡུད་ཅིང་བསྟིམ་པ་དང་། ནང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱེ་བྲག་སོ་སོའི་ཚེ་བཅུད་བསྡུས་ནས་བསྟིམ་པ་སོགས་སྤྱི་དང་མཐུན་པས་འདིར་རྒྱས་པར་མ་སྤྲོས་ཤིང་རྒྱུན་ཁྱེར་སྙིང་པོ་ནི་གོང་དུ་བཤད་པ་ཁོ་ནར་འདུས་སོ། །རྗེས་ཐུན་མཚམས་ལ་འཇུག་པའི་སྐབས་སུ་རང་ལུས་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པར་བསམས་ལ། དེ་ནས་དམིགས་མེད་ཀ་དག་གི་ངང་དུ་ཅི་གནས་སུ་བཞག་པ་ནི་ཁྱད་པར་ཉིད་དོ། ༈ །གཉིས་པ་མདུན་བསྐྱེད་ཀྱི་རིམ་པ་ནི། ཉི་ཟླ་གཟའ་སྐར་ལ་རྟེན་བྱས་ཏེ་ཚེ་སྒྲུབ་པ་དང་། གངས་རི་རྟག་ཆགས་ལ་བརྟེན་ཏེ་ཚེ་སྒྲུབ་པ་དང། དེ་བཞིན་རི་བོ་ལྷུན་སྟུག་དང་། བྲག་རི་སྲ་བརྟན་དང་། གཡུ་མཚོ་རྟག་འཁྱིལ་རྣམས་ལ་བརྟེན་ཏེ་ཚེ་སྒྲུབ་པར་གསུངས་ཤིང་། དེ་རྣམས་བདག་བསྐྱེད་ཇི་བཞིན་མདུན་དུ་གསལ་བཏབ་སྟེ་གོང་གི་དམིགས་པ་ཉིད་སྤྲོ་བསྡུའི་སྒོ་ནས་བདག་གི་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླས་པ་བྱེད་པ་ཉིད་དེ་ཚུལ་འདི་ནན་ཏན་བྱིན་རླབས་དང་ནུས་མཐུ་ཆེན་པོ་ཡིན་པས་རིམ་པར་འབད་པར་བྱའོ། །ཡང་གནས་སྐབས་བུམ་པ་དང་གཏོར་མ་དང་ཚེ་རིལ་ཚེ་ཆང་རེ་རེ་ལ་ཡང་བརྟེན་ཏེ་སྒྲུབ་པར་གསུངས་མོད། འོན་ཀྱང་གཙོ་བོ་བུམ་པ་ལ་བརྟེན་ཏེ་སྒྲུབ་པར་བཅས་ཤོམ་དང་དམིགས་རིམ་གྱི་སྐབས་སུ་གསལ་བར་གསུངས་པས། དེ་ནས་གཟའ་སྐར་བཟང་པོར་བུམ་པ་མཚན་ལྡན་རྒྱན་གྱིས་སྤྲས་པ་ཆུ་དང་བུམ་རྫས་ཀྱིས་སུམ་གཉིས་གང་བ་བཤམས་ལ། དམིགས་པའི་རིམ་པ་ནི་གཏེར་གཞུང་རྡོ་རྗེའི་ཚིག་ལས་འདི་སྐད་ཅེས་གསུངས་ཏེ། བདག་མདུན་གྱི་འོད་ཟེར་འཕྲོ་འདུས་ཕྱི་སྣོད་ནང་བཅུད་ཐམས་ཅད་ལྷ་སྔགས་སུ་གསལ་བའི་གཟི་བརྗིད་ཀྱིས་སངས་རྒྱས་བྱང་སེམས་རྩ་བ་གསུམ་དང་ཆོས་སྐྱོང་ཐམས་ཅད་ཀྱི་ཚེའི་བྱིན་རླབས་དང༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཐམས་ཅད་དང༔ དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས༔ མདོར་ན་སེམས་ཅན་བསོད་ནམས་ཅན་དཀར་པོ་དགེ་བའི་ལས་སྒྲུབ་ཅིང༔ དབང་ཆེ་བ༔ རྩལ་དྲག་པ༔ འཁོར་མང་བ༔ ཡོན་ཏན་ཆེ་བ༔ སྟོབས་དང་སྙན་གྲགས་ལྡན་པ་གདུལ་བྱ་ཕྲིན་ལས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་ཐམས་ཅད་ཡི་གེ་ནྲྀཿའི་རྣམ་པ་ཁ་དོག་སྣ་ཚོགས་ཀྱི་ལི་ལི་བུམ་པའི་ནང་དུ་འཁྱིལ་བར་བསམ༔ ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་བདག་མདུན་ཞེས་པའི་སྒྲས་བདག་བསྐྱེད་དང་མདུན་དུ་བུམ་ཆུའི་སྟེང་དུ་གུ་རུ་བསྒོམས་པ་གཉིས་ཀའི་ཕྱག་གཡོན་པའི་ཐོད་པའི་ནང་ན་བུམ་པ་འཆི་མེད་བདུད་རྩིས་ཁེངས་པའི་དབུས་སུ་ནྲྀཿའོད་འཁྱིལ་ལེ་བ་བསྒོམ་ཞིང་།བདག་དོན་ཡིན་ན་ཐུན་མཚམས་རྣམས་སུ་རང་གི་སྙིང་གར་ཐུགས་སྲོག་ལ་བསྟིམ་པ་དང་། གཞན་དོན་ཡིན་ན་དམིགས་བྱ་དེ་ལ་བསྟིམ་པའམ་བུམ་པའི་ཆུ་དང་དབྱེར་མེད་བྱས་ནས་ཚེ་དབང་བསྐུར་བ་ཡང་ཡིན་ནོ། །ཚུལ་དེ་ལྟ་བུ་ཡང་གཏེར་གཞུང་རྡོ་རྗེའི་ཚིག་ལས། ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ ཅེས་གསུངས་པའི་དགོངས་པ་ཉིད་དུའང་འགྱུར་བའོ། ཁྲིད་ཀྱི་སྐབས་སུ་བདག་བསྐྱེད་ཁོ་ན་འཆད་པས་རུང་མོད་འཕྲོས་བྱུང་དུ་མདུན་བསྐྱེད་ཀྱི་ཚུལ་ཅུང་ཟད་སྨོས་པ་སྟེ་དམིགས་ཐུན་གསུམ་པའོ། །དེ་ལྟར་ཚེ་ཁྲིད་དམིགས་ཐུན་གསུམ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་དགུ་པའོ།། ༈ །།དེ་ནས་སྤྱི་དོན་གཉིས་པ་བསྐྱེད་པའི་རིམ་པ་དང་རྗེས་སུ་འབྲེལ་བའི་མན་ངག་ཁྱད་པར་བ་དག་བརྗོད་པར་བྱ་སྟེ། དེ་ཡང་གཏེར་གཞུང་རྩ་བར་ཡོ་ག་གསུམ་གྱི་སྒྲུབ་ཐབས་འགྲིགས་ཆགས་སུ་གསུངས་ཤིང་། མ་ཧཱ་ཨ་ནུ་ཨ་ཏི་ཡོ་གའི་དོན་བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོའི་བརྡར་བཞག་ཅིང་སྐབས་འདིར་རྫོགས་དང་རྫོགས་ཆེན་ཡང་བསྐྱེད་རིམ་དང་རྗེས་སུ་འབྲེལ་བའི་ཚུལ་དུ་གསུངས་པར་སྣང་ལ། དངོས་བསྟན་རྫོགས་དང་རྫོགས་ཆེན་ནི་འོག་ཏུ་བཤད་པར་འགྱུར་བའི་གཏུམ་མོ་དང་ཀ་དག་ལྷུན་གྲུབ་ཀྱི་ཁྲིད་བཀའ་ཉིད་ཡིན་མོད། འདིར་བསྟན་བྱ་བསྐྱེད་རིམ་རྗེས་འབྲེལ་ཚུལ་དུ་གསུངས་པ་ནི། ཨ་ནུ་རྫོགས་རིམ་ཚུལ་གྱིས་ཉམས་སུ་ལེན་པ་དང་། ཨ་ཏི་རྫོགས་ཆེན་གྱིས་ལ་བཟླ་བ་སྟེ་གཉིས་སོ། །དང་པོ་ལ་ཡང་ཁྱེར་སོ་གསུམ་གྱིས་ལམ་དུ་ཁྱེར་བ་དང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་དང་། འོད་གསལ་རྣལ་འབྱོར་གྱི་དབྱིངས་སུ་བསྡུ་བ་སྟེ་གསུམ་མོ། །དེ་ལ་དང་པོ་ནི་གཏེར་གཞུང་རྡོ་རྗེའི་ཚིག་རྩ་རྒྱུད་ལེའུ་དྲུག་པར། ཨ་ནུ་ཡོ་གའི་རྫོགས་རིམ་ནི༔ སྤྱོད་ལམ་རྣམ་བཞིར་ཏིང་འཛིན་གསལ༔ ཞེས་དང་། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལྷག་པའི་རྣལ་འབྱོར་ལས། རང་ཉིད་པདྨ་འོད་འབར་གྱི་བསྐྱེད་རིམ་ལ་གནས་པས༔ གཟུགས་སྣང་ཐམས་ཅད་ལྷ་སྐུ༔ སྒྲ་གྲགས་ཐམས་ཅད་གསང་སྔགས༔ དྲན་རྟོག་ཐམས་ཅད་ཆོས་ཉིད༔ གར་བཞུགས་ཐམས་ཅད་གཞལ་ཡས་ཁང༔ སུ་འགྲོགས་ཐམས་ཅད་ཡི་དམ་མཁའ་འགྲོ༔ སྤྱོད་ལམ་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལས་མ་འདས་སོ༔ ཞེས་གསུངས་པ་ལྟར་བསྐྱེད་རིམ་ལྷ་ཁྲིད་དངོས་གཞིའི་སྐབས་སུ་བཤད་པ་བཞིན་གུ་རུ་པདྨའི་སྐུ་གསལ་བརྟན་དག་པ་ལ་ཡུན་རིང་དུ་གོམས་པར་བྱས་ཤིང་། དེ་ལ་བརྟེན་ནས་སེམས་ཞི་བ་ཡང་ཅི་རིགས་འགྲུབ་ཅིང་། ལྷ་སྐུ་རང་ཤར་དུ་འབྱུང་བ་ཉིད་ནི་ལམ་འདི་ཡི་རྣལ་འབྱོར་རྗེས་མཐུན་པ་ཡིན་ལ། ཚུལ་དེ་ལམ་དུ་བྱེད་པ་ཁྱེར་སོ་གསུམ་ལ་སྤྱོད་པ་སྟེ། དེ་ཡང་འདི་ལྟར་མཐོང་ཡུལ་གཟུགས་སུ་སྣང་བ་ཀུན་སྒྱུ་མ་ལྟ་བུ་ལ་གུ་རུ་པདྨའི་སྐུ་ཡི་རང་བཞིན། གྲགས་པ་སྒྲ་སྣང་ཀུན་གཞོམ་དུ་མེད་པ་བཛྲ་གུ་རུའི་རང་སྒྲ །རྟོག་ཚོགས་བློ་ཡི་བྱེད་པ་ཀུན་ཀྱང་རང་རིག་རང་གསལ་སྤྲོས་བྲལ་ཆོས་ཉིད་ཀྱི་རང་མདངས་སུ་ངོ་ཤེས་ཤིང་། དེ་ལྟ་བུའི་མོས་པ་ལམ་བྱེད་རང་བབ་དྲན་ཤེས་མི་འབྲལ་བར་ཆུ་བོའི་རྒྱུན་བཞིན་ཉམས་སུ་ལེན་པར་བྱ་སྟེ། དེས་ནི་མ་དག་པའི་དངོས་ཞེན་བཟློག །སྒོ་གསུམ་གྱི་སྒྲིབ་པ་སྦྱངས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྫོགས། གནས་གར་སྡོད་གཞལ་ཡས་ཁང་། གྲོགས་སུ་འགྲོགས་ཡི་དམ་ལྷ། སྤྱོད་ལམ་ཅི་བྱེད་ཆོས་ཉིད་ཀྱི་རོལ་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་ཉིད་དེ་དམིགས་ཐུན་དང་པོའོ། ༈ །དེ་ལྟར་ཁྱེར་སོ་གསུམ་ལ་ཅི་ནུས་སུ་བློ་བཞག་ཅིང་། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་ལ་བཟླ་བ་ནི། གཏེར་གཞུང་རྡོ་རྗེའི་ཚིག་ལས། རང་གི་འོད་ཟེར་གྱིས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ༔ ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་ཐམས་ཅད་རང་ལུས་སྣང་སྟོང་དབྱེར་མེད་ལ་ཡེ་ནས་གནས་པ༔ སྐུ་ཆེ་ཆུང་དང་རྣམ་འགྱུར་མ་ངེས་པར་མཛད་དོ༔ ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི། རང་གི་ལུས་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས་སྐུ་ཡི་ནང་ཁེངས། སྐུ་ལས་འོད་ཟེར་ཁ་དོག་ལྔ་པས་ཞིང་ཁམས་ཐམས་ཅད་རང་བཞིན་གྱིས་ཁྱབ་ཅིང་འོད་སྣང་དང་ཞིང་ཁམས་གདོད་ནས་དབྱེར་མི་ཕྱེད་པ་རང་བཞིན་གྱི་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་། ཞིང་ཁམས་མཐའ་དག་པའི་བཀོད་པ་དང་། ཡོན་ཏན་ཀུན་ཀྱང་རང་གི་ལུས་འོད་གསལ་དྲི་མ་མེད་པའི་སྙིང་པོ་རྡོ་རྗེའི་སྐུ་དང་དབྱེར་མི་ཕྱེད་པ་ཡེ་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་གནས་པ། སྐུའི་རྣམ་འགྱུར་ཆེ་ཆུང་ཚད་མེད་རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་ཡེ་ནས་ཡིན་བཞིན་དུ་ངོ་ཤེས་ཤིང་ཐག་བཅད་དེ། དེའི་ངང་དུ་ཅི་གནས་སུ་མཉམ་པར་གཞག་པ་ལ་འབད་པར་བྱ། དེའི་སྐབས་སུ་བཟླས་པ་ལ་ཡང་བརྩོན་པ། གཏེར་གཞུང་རྡོ་རྗེའི་ཚིག་ལས། དེའི་ཚེ་རླུང་དང་ཡིད་ཀྱི་བཟླས་པ་ལ་བརྩོན་པར་བྱའོ༔ ཞེས་གསུངས་པ་ལྟར་རླུང་འབྱིན་འཇུག་གནས་གསུམ་དང་། འཇམ་རླུང་དགང་སྟོང་དང་། རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བ་ལ་བརྟེན། འབྲུ་གསུམ་མམ་རྩ་བསྙེན་ལ་རྡོ་རྗེའི་བཟླས་པ་བྱ་བ་དང་། རླུང་རང་བབ་ཏུ་བཞག་ནས་སེམས་མ་ཡེངས་རང་བྱུང་རྡོ་རྗེ་སྒྲ་སྔགས་ལ་མཉམ་པར་གཞག་པ་ཡང་གལ་ཆེ་བས་གོང་དང་ཟུང་འཇུག་ཏུ་ཉམས་སུ་བླང་བ་སྟེ་དམིགས་ཐུན་གཉིས་པའོ། ༈ །འོད་གསལ་རྣལ་འབྱོར་གྱི་དབྱིངས་སུ་སྡུད་པ་ནི། གཏེར་གཞུང་རྡོ་རྗེའི་ཚིག་ལས། སྤྲོས་བཅས་ཀྱི་རྫོགས་རིམ་ཡང་དབུ་ཞབས་ནས་རིམ་བཞིན་ཞུ་བ་རང་སེམས་དང་ནམ་མཁའ་དབྱེར་མེད་ཁྱབ་གདལ་ཆེན་པོའི་ཉམས་བསྐྱང༔ ཞེས་པས་འོད་གསལ་གྱི་གདམས་པ་དངོས་སུ་ཧྲིལ་འཛིན་བསྟན་པ་དང་། སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྣང་སྟོང་དབྱེར་མེད་དུ་བསྐྱང༔ ཞེས་པས་འོད་གསལ་གྱི་གྲུབ་འབྲས་ཟུང་འཇུག་གི་སྐུ་ལམ་དུ་བྱེད་པ་བསྟན། རྗེས་གཞིག་ནི་སྟོང་གསལ་གྱི་ཉམས་རང་ལུས་མེད་པ་དང་འབྱུང་བ་རང་དབང་ཐོབ་པའི་རྟགས་མང་དུ་འབྱུང་ངོ་༔ ཞེས་གནས་སྐབས་ཀྱི་ཕན་ཡོན་མདོར་བསྟན་ནས་གསུངས་པ་སྟེ། དེ་ཡང་ཐོག་མར་ཧྲིལ་འཛིན་ཇི་ལྟར་བསྒོམ་པ་ནི། རང་ཉིད་གུ་རུའི་སྐུ་རུ་གསལ་བ་དེ་སྐུ་ཡི་མཐའ་ནས་རིམ་པས་ཡལ་ཏེ་སྐུའི་ཆ་སྟོད་ལ་འདུས། འོད་ཟེར་ཕྲིག་ཕྲིག་བལྟ་བས་མི་བཟོད་པ་དེ་ཡང་གོང་བུར་ཞུ་ནས་སེམས་དཔའ་གསུམ་བརྩེགས་རིམ་པར་ཐིམ་པའམ་ཡང་ན་གནས་གསུམ་གྱི་ཡི་གེར་ཐིམ། དེ་ཡང་སྟོང་པའི་ཡེ་ཤེས་འབྲུ་གསུམ་གོ་རིམ་བཞིན་འདུས་ཤིང་ཧཱུྃ་ཡིག་ཐིག་ལེ་ནཱ་དའི་མཐར་སྟོང་ཉིད་སྤྲོས་བྲལ་བདེ་བ་ཆེན་པོར་སེམས་ཅི་གནས་སུ་བཞག་ཅིང་། སླར་ཡང་དེ་ལྟར་བསྐྱར་ཞིང་ཡང་ཡང་བསྒོམས་པས་རླུང་དབུ་མར་ཐིམ་ཞིང་རྒས་དཀའ་ཚེ་རིང་འཆི་བ་འོད་གསལ་ངོས་ཟིན་མཐར་ཐུག་དོན་དམ་པའི་འོད་གསལ་ལ་མཚམས་སྦྱོར་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། འདི་ནི་གཏེར་གཞུང་རྡོ་རྗེའི་ཚིག་གི་དོན་བླ་མའི་མན་ངག་སྙན་བརྒྱུད་ཁྱད་པར་ཅན་གྱིས་ཁ་བཀང་སྟེ་བསྟན་པ་ཡིན་ནོ། །འདི་དང་འབྲེལ་བ་རྗེས་གཞིག་གི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་། དེ་འོད་གསལ་དུ་གཞིག་པ་གོང་དུ་རྩ་བའི་སྒྲུབ་པ་ཞི་བའི་རྗེས་སྡུད་དུ་བཤད་ཟིན་པ་ལྟར་ཉམས་སུ་བླང་བར་བྱ་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་སླར་ལྷ་སྐུར་ལྡང་སྟེ་གོང་དུ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་དོན་ལ་བསམ་སྟེ་མཉམ་པར་གཞག་པ་ཡང་ཟུང་འཇུག་ལམ་དུ་བྱེད་པར་ཤིན་ཏུ་གལ་ཆེ་བ་སྟེ། དེ་རྣམས་བསྡམས་པས་དམིགས་ཐུན་གསུམ་པའོ། །ཨ་ནུའི་དམིགས་ཐུན་གསུམ་པ་དེ་ཐུན་ཆེན་གཅིག་ཏུ་བསྡམས་པས་དངོས་གཞིའི་དམིགས་སྐོར་བཅུ་པའོ། །དེ་ལྟར་ཨ་ནུ་ཡོ་གའི་རྫོགས་རིམ་ལམ་ཁྱེར་གསུམ་སོགས་རིམ་པ་བཞིན་འདུས་པ་ལ་སོགས་པའི་རིམ་ལྔ་དང་ཆ་མཐུན་པར་གོ་སྟེ། ལམ་ཁྱེར་གསུམ་ནི་དབེན་གསུམ། སྐུ་དང་ཞིང་ཁམས་དབྱེར་མེད་སྔ་མ་ནི་སྒྱུ་ལུས། ལྷ་སྐུ་སྡུད་རིམ་ནི་འོད་གསལ། ལྷ་སྐུར་ལྡང་ནས་སྐུ་དང་ཞིང་ཁམས་དབྱེར་མེད་ཕྱི་མ་ནི་སློབ་པའི་ཟུང་འཇུག་གི་དོན་དུ་འགྱུར་བའོ། །དེ་ཡང་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པ་དངོས་གནས་ནི་མི་སློབ་པའི་ཟུང་འཇུག་སྐབས་དང་། དེ་ཚུལ་བཞིན་ཉམས་འོག་ཏུ་ཆུབ་པ་ནི་སློབ་པའི་ཟུང་འཇུག་གི་སྐབས། དེ་འོད་གསལ་སྤྱི་ཡི་ཚུལ་ཏུ་རྟོགས་པ་ནི་སེམས་དབེན་གྱི་མཐར་ཐུག་མ་དག་སྒྱུ་ལུས་སུ་གྲགས་པ་ཡན་ཆད་ནས་ཡོད་པ་ཤེས་པར་བྱའོ། །སྐབས་འདིར་གཏེར་གཞུང་རྡོ་རྗེའི་ཚིག་ཏུ། གུ་རུའི་སྐུའི་རྣམ་འགྱུར་མཚན་བརྒྱད་སོགས་ཅི་སྙེད་བསྟན་ཀྱང་ངོ་བོ་ཀུན་འདུས་ཡིད་བཞིན་ནོར་བུ་པདྨ་འོད་འབར་ཁོ་ནར་འདུས་པས་དེས་ན་དཀོན་མཆོག་སྤྱི་འདུས་སུ་མཚན་གསོལ་བའི་རྒྱུ་མཚན་ཆེ་ཐང་དང་བཅས་ཏེ་གསུང་ན། དཀོན་མཆོག་སྤྱི་འདུས་ཀྱི་ཆོས་བཀའ་འདི་ལ་མཚན་བརྒྱད་སྒོས་སྒྲུབ་ཀྱི་ཁ་བསྐང་སོགས་ནི་མི་དགོས་པར་རྟོགས་སོ།། ༈ །།དེ་ནས་སྤྱི་དོན་གཉིས་པ་ཨ་ཏི་རྫོགས་ཆེན་ལྟར་ཉམས་སུ་ལེན་པ་ནི། རྩ་རྒྱུད་རྡོ་རྗེའི་ཚིག་ལས། ཨ་ཏི་ཁྱབ་གདལ་ཆེན་པོ་ནི༔ གུ་རུ་པདྨ་འོད་འབར་དེ༔ ལོགས་ན་ཡོད་པ་མ་ཡིན་ནོ༔ ཞེས་དང་། དེ་ཡི་སྒྲུབ་ཐབས་ཀྱི་གཞུང་ལས་ཀྱང་། རང་ཉིད་ལྷ་རུ་སྣང་བ་དེ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ སེམས་ཉིད་རྟོགས་ན་སངས་རྒྱས་ཏེ༔ སེམས་ལས་སངས་རྒྱས་གཞན་མ་ཚོལ༔ ཅེས་དང་། མ་བསྒྲུབས་ཡེ་ནས་རང་བྱུང་གནས༔ མ་བཙལ་བཞག་པས་རང་ས་ཟིན༔ དེ་ལྟར་རྟོགས་ན་ཨོ་རྒྱན་མཁན༔ ཆོས་ཉིད་དོན་གྱི་པད་འབྱུང་ཡིན༔ ཞེས་དང་། པདྨ་འབྱུང་གནས་ཀྱང་རང་སེམས་ཀྱི་མདངས་ཆ་ཡིན་ཏེ༔ རང་སེམས་ནི་དུས་གསུམ་གྱི་སྤྲོས་པ་དང་བྲལ་ཏེ་ཀ་དག་ངོས་བཟུང་མེད་པ་རང་བཞིན་ལྷུན་གྲུབ་ཆེན་པོ་སངས་རྒྱས་ཀྱིས་མ་གློད༔ སེམས་ཅན་གྱིས་མ་བསྒྲིམས་པ་དེ་བཞིན་ཉིད་དུ་རྟོགས་ན་པདྨ་བདག་དང་དགོངས་པ་གཅིག་ཏུ་འཚང་རྒྱ་བ་ཡིན་ནོ༔ ཞེས་གསུངས་པ་ལྟར་རང་གི་སེམས་ཉིད་ཀྱི་ངོ་བོ་རྣམ་པ་ཀུན་མཆོག་དང་ལྡན་པའི་སྟོང་པ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ལ་རང་གདངས་འགག་པ་མེད་པའི་སྣང་ཆ་གུ་རུ་པདྨའི་སྐུར་ཝ་ལེར་ཤར་བ་དེ་ཡང་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་ཅིང་། སེམས་ཉིད་སྟོང་པ་ཡང་གུ་རུའི་སྐུ་ལས་གཞན་དུ་མ་འདས་པ་སྟེ་གདོད་ནས་ཟབ་གསལ་དབྱེར་མེད་བདེ་བ་ཆེན་པོའི་ངོ་བོར་ཤར་བ་དེ་ཀ་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་ཡིན་ལ་ཡིན་པར་ཤེས་བཞིན་དུ་མ་ཡེངས་པའི་དྲན་པས་རྟག་ཏུ་སྐྱོང་ནས་ཉམས་སུ་ལེན་པར་བྱ་བ་སྟེ་དངོས་གཞིའི་དམིགས་སྐོར་བཅུ་གཅིག་པའོ།། ༈ །།འདི་ནི་བསྐྱེད་རིམ་མཐའ་དག་ལ་རྒྱས་འདེབས་བྱེད་གནད་གལ་པོ་ཆེ་ཡིན་པས་གོ་མྱོང་རྟོགས་གསུམ་གྱིས་གཏན་ལ་ཕབ་པར་བྱ་སྟེ། དེས་ན་སྙིང་པོར་དྲིལ་ནས་བསྟན་པ་ཡིན་ལ་གཞན་གོང་གི་གཏེར་གཞུང་རྡོ་རྗེའི་ཚིག་གི་འབྲུ་དོན་རྒྱ་ཆེར་བཀྲལ་ན་ལེགས་མོད་ཀྱང་ཡི་གེའི་ངལ་བས་བྲིར་མ་ལོང་ཞིང་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པས་ནི་ཤུགས་ཀྱིས་རྟོགས་པར་འགྱུར་ཞིང་། དེའི་ཚུལ་འགའ་ཞིག་ནི་འོག་ཏུ་རྫོགས་རིམ་དངོས་གཞི་བསྟན་པའི་སྐབས་སུ་འཆད་པར་འགྱུར་བས་དེར་ཤེས་པར་བྱའོ། །དེ་ལྟར་དངོས་གཞི་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་ཏིང་འཛིན་གསུམ་རྗེས་འབྲེལ་བཅས་ལ་དམིགས་སྐོར་བརྒྱད་དང་། ཕྱི་སྒྲུབ་ལ་དམིགས་སྐོར་གཅིག །ནང་སྒྲུབ་ལ་དམིགས་སྐོར་བརྒྱད། གསང་སྒྲུབ་ལ་དམིགས་སྐོར་བཞི། ཡང་གསང་ལ་དམིགས་སྐོར་གསུམ། ཕྲིན་ལས་བཞི་སྒྲུབ་ལ་དམིགས་སྐོར་བཞི། ཚེ་སྒྲུབ་ལ་དམིགས་སྐོར་གསུམ། རྗེས་འབྲེལ་ཨ་ནུ་ལ་དམིགས་སྐོར་གསུམ། ཨ་ཏི་ལ་དམིགས་སྐོར་གཅིག་སྟེ་ཐུན་ཆུང་སུམ་ཅུ་སོ་ལྔ་དང་ཐུན་ཆེན་བཅུ་གཅིག་སྟེ་དེས་བསྐྱེད་རིམ་ལྷ་ཁྲིད་ཀྱི་དམིགས་སྐོར་ལེགས་པར་གྲུབ་པ་ཡིན་ལ། དེ་དག་གི་ཆ་རྐྱེན་རྣལ་འབྱོར་དུ་ལྡང་བའི་ཚེ་ན་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་དང་། གོས་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས་ནས་བདག་ཉིད་ལྷར་བལྟ་བས་གྱོན་པ་དང་། ཟས་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་ཕུང་པོ་ལྷ་དཀྱིལ་གྱིས་ཚོགས་སུ་རོལ་བ་དང་། འགྲོ་ཚེ་ཕྲག་གཡས་ཀྱི་ནམ་མཁར་རྩ་གསུམ་གསལ་བཏབ་ནས་བསྐོར་བ་དང་། སྡོད་ས་གནས་ཁང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་། གཉིད་ལོག་ཚེ་རྗེས་སྡུད་རྣལ་འབྱོར་གྱིས་གཉིད་འོད་གསལ་དུ་གཞུག་པ་སོགས་ལམ་གྱི་ཡན་ལག་ཀྱང་ཇི་ལྟར་འོས་པ་ཉམས་སུ་ལེན་པར་བྱའོ། །དེ་ཡང་བསྐྱེད་རིམ་གྱི་རྣམ་པར་གཞག་པ་མཐའ་དག་ནི་དམ་པ་མཆོག་གི་ཞལ་ལུང་ལེགས་པར་མཉན་པ་ལས་འདིར་ཡི་གེར་བྲི་བར་མ་ལོང་ཞིང་། ཟབ་པའི་གནད་ཕྲ་མོ་ཡང་བླ་མའི་གསུང་ལས་མཉན་དགོས་མོད། འོན་ཀྱང་བསྒོམ་བྱ་ཉམས་ལེན་གྱི་སྙིང་པོ་ཟབ་གསལ་ལྷག་པ་ཉིད་དུ་ཆོས་འདིའི་ཞབས་ཏོག་གི་ཆེད་དུ་དམིགས་ནས་བཀླག་ཆོག་གི་ཚུལ་དུ་བདག་གིས་གསལ་བར་ཕྱེས་ཏེ་བཤད་པ་ཡིན་ནོ། །འདིར་སྨྲས་པ། རྒྱལ་བས་གདུལ་བྱར་གྱུར་ལ་སྨན་སླད་དུ། །མ་དག་དངོས་འཛིན་ཞེན་པ་ཡོངས་འགོག་ཕྱིར། །ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་བསྒོམ་དང་བཟླས། །ཐབས་ཚུལ་སྔགས་རྒྱུད་ཀུན་ཏུ་རྟག་པར་གསུངས། །དེས་ན་བློ་ལྡན་རྣམས་ཀྱིས་དངོས་གྲུབ་ལས། །རབ་འབྱམས་ཁྱད་པར་ཕྱག་རྒྱ་མཆོག་ཉིད་ཀྱི། །གོ་འཕང་བཟང་པོ་རིང་མིན་བསྒྲུབ་སླད་དུ། །རྟག་ཏུ་འབད་པའི་གནས་སུ་ངེས་པར་གྱུར། །དེས་ན་སྔགས་ཀྱི་དཀྱིལ་འཁོར་མཐའ་དག་གི །གཙོ་མཆོག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །གང་གི་སྒྲུབ་ཐབས་ཁྱད་པར་འཕགས་པ་འདི། །སྐལ་བཟང་དད་པའི་གཙུག་གིས་ཅིས་མི་བསྟེན། །རྣམ་གསུམ་ཏིང་འཛིན་མཆོག་གི་དཀྱིལ་འཁོར་ལ། །ཕྱི་ནང་གསང་ཡང་གྲུབ་པའི་ཚོམ་བུ་བཀྲ །ཕྲིན་ལས་བཞི་ལྡན་འཆི་མེད་ཚེ་མཆོག་རྒྱས། །ལྷག་པར་ཕུལ་བྱུང་རྣལ་འབྱོར་འབྲས་བུ་སྨིན། །ཚུལ་འདི་ཚེ༵་རབས་སྔར་གོམས་བླ་མའི་བྱིན། །སྙིང་ལ་ཞུགས་མཐུས་ཤེས་དབ༵ང་བཟང་པོ་ཡིས། །མ་འཁྲུལ་ཟབ་གདམས་ནོར༵་བུ༵་འདི་སྤེལ་ན། །སྐལ་བཟང་ཡིད་བདེའི་དཔལ་དུ་སྤྱོད་པར་ཤོག །ཅེས་རྫོགས་ཆེན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོ་ལས་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྐོར་བཤད་པའི་སྐབས་ཏེ་གཉིས་པའོ། །སརྦ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).