Terdzo-NI-028



Property "author" has been marked for restricted use.








Terdzo-NI-028.pdf
Click the picture above to view the Shechen manuscript.

བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་

bla ma dgongs 'dus rdzogs chen gser zhun cha lag tu 'byung ba gtsor byas pa'i btags grol spyi'i lag len dbang bskur dang bcas pa gser gyi nyi ma rab tu snang byed

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  བླ་མ་དགོངས་པ་འདུས་པ་ (Bla ma dgongs pa 'dus pa)
Volume 42 (ནི) / Pages 385-422 / Folios 1a1 to 19b2

Tibetan Text

༄༅། །བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན་ཆ་ལག་ཏུ་འབྱུང་བ་གཙོར་བྱས་པའི་བཏགས་གྲོལ་སྤྱིའི་ལག་ལེན་དབང་བསྐུར་དང་བཅས་པ་གསེར་གྱི་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱ་དི་བུདྡྷ་ཡ། ཐིག་ལེ་གཅིག་ཏུ་འཁྱིལ་ཡང་གཉིས་སུ་འཁྲུལ། །དེ་ཉིད་བཙན་ཐབས་ཟླུམ་མཛད་གདོད་མའི་མགོན། །གྲོལ་བ་དྲུག་གི་རྣམ་པར་ཤར་བ་ལས། །རྨད་བྱུང་སངས་རྒྱས་སྲས་གཅིག་ཉིད་ལ་འདུད། །ཀུན་བཟང་ཐུགས་ཀྱི་བསྟན་པའི་བཙས། །སུ་འཕྲད་གཞི་ཐོག་གྲོལ་བྱེད་པ། །གསེར་གྱི་ཉི་མ་སྐལ་ལྡན་གྱི། །སྙིང་ལ་ཤར་གྱིས་ངེས་ཤེས་བྱོས། །དེའང་དཀར་པོའི་ས་བོན་མ་སད་པས་ཚུལ་འདི་རྣ་བའི་ལམ་དུ་མ་སོན་པ་རྣམས་དང་། རྟོག་གེའི་བག་ཆགས་འཐས་པས་ཐོས་ཀྱང་ཡིད་ཆེས་མེད་པ་དང་། ངེས་ཤེས་མེད་ པས་ལག་ཏུ་མི་ལེན་པར་དྲང་དོན་དོན་དུ་གཉེར་བ་རྣམས་ནི་རེ་ཞིག་ཐབས་འདིས་གདུལ་བའི་ཡུལ་དུ་མ་གྱུར་ལ། ལག་ལེན་རྣམ་པ་ཙམ་བྱེད་ཀྱང་ཚུལ་བཞིན་མི་བྱེད་པར་བྱ་སླ་དེས་ཆོག་ཅན་ལའང་ཕན་ཡོན་ཚུལ་བཞིན་འབྱུང་བ་མ་ཡིན་པས། འདིར་བླ་མ་དགོངས་འདུས་ཀྱི་བཏགས་གྲོལ་ལག་ལེན་སྤྱི་དོན་བཅུ་པ་གཞིར་བྱས་ཏེ་ཉེར་མཁོ་ཅུང་ཟད་འགོད་པ་ལ་དོན་བཅུ། བྲི་ཚུལ། རབ་གནས། དབང་བསྐུར། བཅང་ཚུལ། བཀླག་ཚུལ། འདའ་ཀའི་བྱ་ཐབས་དང་འདོགས་ཐབས། གྲོལ་བའི་རྟགས་མཚན། དམ་ཚིག །ཕན་ཡོན། ལས་ཁ་ཚར་རྣམས་སོ། །དང་པོ་ལ་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱང་། ཡར་ཚེས་དུས་བཟང་གཟའ་སྐར་ཤིས་པའི་ཉིན་རྩ་གསུམ་ལ་མཆོད་པ་ཚོགས་སྐོང་བྱ་ཞིང་རྒྱུད་བཀླག །མཆོད་སྦྱིན་ཚོགས་གསོག་གང་འགྲུབ་བྱ། འབྲི་མཁན་ཕལ་པས་མི་རུང་བས་དབང་དང་དམ་ཚིག་ལྡན་པ་ཞིག་གིས་སྐྱབས་སེམས་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་ལ་གནས་ཏེ་ཁ་ཤར་དུ་ཕྱོགས་ལ་སྔ་དྲོ་དབུ་བརྩམ། རབ་གླེགས་བམ་ལུགས་ལ་མཐིང་ཤོག་རྣལ་འབྱོར་རང་གི་སོར་བཞིའི་ཚད་ལ་ལྡེབ་རེ་རེ་བཞིན་ཁ་དོག་ལྔའི་ལྕགས་རི་བསྐོར་བ་ལ། བསྟན་པ་གང་བབ་མདོག་ཏུ་གསུངས་པས་གསེར་འདུར་གྱིས་བསྟན་པ་བུ་གཅིག་རྒྱུད་བི་མ་སྙིང་ཐིག་དང་འདི་ཉིད་ལས་མཚུངས་པར་འབྱུང་བ་སོགས་རྒྱས་པའི་རིགས་སམ། མཁའ་འགྲོ་སྙིང་ཐིག་གི་བཏགས་གྲོལ་རྒྱུད་དྲུག་ལྟ་བུ་བསྡུས་པའི་རིགས་གང་ཡང་རུང་བ་ཆད་ལྷག་མེད་པར་བྲིས་པའི་མཇུག་ཏུ་དབྱངས་གསལ་རྟེན་སྙིང་དང་སྤེལ་ཚིག་འདི་ཉིད་ཀྱི་དབང་གི་སྐབས་སུ་འབྱུང་བའི་ཚིག་ལྷུག་མ་ཅུང་ཟད་ཁ་བསྒྱུར་བ་ལྟ་བུ་བྲི། ཡབ་ཡུམ་དགོངས་པ། ཞེན་ཟློག་ཉེར་ལྔ་སོགས་རང་བྱུང་རྡོ་རྗེའི་སྒྲ་ཡིན་པས། གཏེར་ཁ་རེ་རེ་བཞིན་ཟུར་ཅུང་ཟད་འདྲ་མིན་ཡོད་ཀྱང་གཅིག་དཔེ་ཀུན་འགེབས་ཀྱི་ཞུ་དག་གཏན་ནས་མི་རུང་བས་མ་དཔེ་དག་པ་ལ་གང་ཡོད་ཐེ་ཚོམ་མེད་པར་འབྲི་ཀློག་བྱེད་པ་གནད་ཡིན། ཆགས་མེད་ཞབས་ཀྱིས་སྔགས་ཁོ་ན་ལས་བོད་སྐད་བྲི་སྲོལ་མེད་གསུངས་པ་འབྲིང་པོ་ཤོག་དྲིལ་ལུགས་ལ་དེ་ལྟར་ཡིན་གྱི། རྒྱས་པ་གླེགས་བམ་ལ་ནི་ཚང་བ་བྲི་དགོས་ཏེ་རང་བྱུང་གི་རྒྱུད་ལ་དབྱེ་བསལ་མི་རུང་བ་དང་། གཞུང་ལས་ཆད་ལྷག་མེད་པ་ཡང་ཡང་གསུངས་པའི་ཕྱིར་རོ། །མཐིང་ཤོག་ལ་གསེར་བྲིས་མ་འབྱོར་ན་འབྱོར་ཚོགས་དང་བསྟུན་ཆོག་པར་གསུངས་པས་དར་རས་གྲོ་ཤོག་གང་འཛོམ་ངོས་སུ་མཚལ་སྣག་གིས་འབྲི་བར་བྱ་ཞིང་། འབྲི་རྫས་གང་ཡིན་ཡང་བདུད་རྩི་ཆོས་སྨན་དང་རིན་པོ་ཆེའི་ཁུ་ བ་བསྲེ། འཁོར་ལོ་བྲི་བའི་ཡིག་ཆུང་ལས། ག་པུར། ཙནྡན་དཀར་དམར། གུར་གུམ། ལི་ཤི །ཛཱ་ཏི། རུ་རྟ་རྣམས་ཀྱི་ཁུ་བ་སྦྱོར་བར་གསུངས་པས་ཐམས་ཅད་ལ་དེ་རྣམས་ཀྱི་ཕྱེ་མའམ་ཁུ་བ་སྦྱར་གྲུབ་ན་ལེགས་སོ། །འབྲིང་པོ་ཤོག་དྲིལ་ལུགས་བྱེད་ན་ལྕགས་རི་ལྔ་པོ་མི་དགོས། ཤོག་དྲིལ་ངོས་ཕྲེང་བྱེད་ནས་འབྲི་བ་ཡིན་ཡང་ད་ལྟ་ལག་ལེན་བྱེད་པ་མི་སྣང་། བསྡུས་པ་འཁོར་ལོ་ནི་སོ་སོའི་གཞུང་ལས་འབྱུང་བ་ལྟར་བྲིས་ལ་ཤོག་གུར་མཚལ་བྲིས་ཡིན་ན་དྲི་བཟང་ངམ་ཚོན་གྱིས་བྱུག །འདི་རྣམས་སྤར་ལ་འདེབས་པའི་སྐབས་སུའང་གོང་སྨྲོས་ཚོགས་སྐོང་སོགས་ནི་ངེས་པར་དགོས་གལ་ཆེ་ཞིང་། སྤར་མཁན་ཡང་སྡོམ་ལྡན་དབང་བསྐུར་ཐོབ་པ་ཞིག་གལ་ཆེའོ། ༈ །གཉིས་པ་རབ་གནས་ནི། གཞུང་ཕར་ཆེར་དུ་རབ་གནས་ཙམ་ལས་མ་གསུངས་པ་དང་། རབ་གནས་དང་སྒྲུབ་པ་ལྷན་ཅིག་ཏུ་བསྟན་པ་སོགས་ཡོད་ཀྱང་། དགོངས་འདུས་རྒྱུད་དགུའི་ལག་ལེན་དུ་རྒྱུད་དཀྱིལ་འཁོར་དུ་སྒྲུབ་ཅིང་བརྒྱ་རྩ་བརྒྱད་ཀློག་དགོས་པར་དམིགས་སུ་བསྟན་པས་མཚོན་སྒྲུབ་པ་ངེས་པར་དགོས་ཤིང་། དེའང་རབ་གནས་དང་ལྷན་ཅིག་སྟབས་མི་བདེ་བས་ཐོག་མར་བྲིས་ཟིན་མ་ཐག་ཏུ་སྟེགས་གཙང་མར་བཀོད། སློབ་དཔོན་གྱིས་བདག་བསྐྱེད་སྔོན་དུ་འགྲོ་བས་རབ་གནས་ཆོ་ག་མདོར་བསྡུས་ཤིག་ལ་བརྟེན་ཏེ། སྦྱོང་ཁྲུས། དམ་ཚིག་པ་རིགས་ལྔའི་ལྷ་བསྐྱེད། ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར་རྒྱས་གདབ། མཆོད་བསྟོད། སྤྱན་དབྱེ། རྟེན་བསྒྱུར་ལ་མངའ་དབུལ་དང་རྗེས་ཆོག་མདོ་ཙམ་བཅས་བྱ། དེ་ནས་གླེགས་བམ་ཡིན་ན་སྔོན་ནས་བསྒྲིགས་ཟིན། འཁོར་ལོ་ཡིན་ན་བལྟབས། གཉིས་ཀ་ལ་དར་གྱི་ན་བཟའ་གསོལ་བ་སོགས་བྱ། སྒྲུབ་པ་དངོས་ལ་རྒྱས་བསྡུས་གཉིས་ལས་རྒྱས་པར་སྤྲོ་ན་རང་གཞུང་བསྐྱང་དགོས་པས། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་བཏགས་གྲོལ་དབུ་ཞབས་མདུན་རྒྱབ་མ་ལོག་པར་བཞུགས། གཏོར་མཆོད་སོགས་ཅི་རྒྱས་བཤམ། དམིགས་བསལ་རེ་ཟུང་མ་གཏོགས་བཏགས་གྲོལ་ཐམས་ཅད་གཙོ་བོར་ཨ་ཏི་ཞི་ཁྲོ་དང་འབྲེལ་བའི་ཕྱིར་ཞི་ཁྲོའི་དཀྱིལ་འཁོར་ཞིག་ངེས་པར་བསྐྱེད་དགོས་པས། དགོངས་འདུས་ལ་མཚོན་ན་རྩེ་ལེའི་ཆོག་སྒྲིག་ལྟ་བུ་གཏང་། མདུན་བསྐྱེད་བསྙེན་པའི་རྗེས་གླེགས་བམ་ཡིན་ན་དཀར་པོ་གཅིག་ཐུབ་རྒྱུད་ཉིད་བཀླག །འཁོར་ལོ་ཡིན་ན་དེའི་སྔགས་རྣམས་བཟླ། གང་ཡང་བརྒྱ་རྩ་རེ་འགྲུབ་པ་གལ་ཆེ་བས་འདོན་མཁན་དང་ཉིན་གྲངས་མང་ན་ལེགས་ཤིང་། མི་ལྕོགས་ན་གཞུང་སྲོང་མཁན་ཁ་ཤས་དང་། རྒྱུད་ཀློག་མཁན་ཁ་ཤས་ཟུར་དུ་བཞག་ཀྱང་ཆོག་གོ །གང་ལྟར་ལྷ་བསྐྱེད་སྐབས་བཏགས་གྲོལ་ཉིད་དཀྱིལ་འཁོར་པར་བསྐྱེད་པ་དང་། ཡེ་ཤེས་པ་བསྟིམ་པའི་སྐབས་ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བའི་ཚོགས་ཐམས་ཅད་ཆར་བཞིན་བབས་ནས་ཡིག་འབྲུ་ལ་ཐིམ་པར་བསམ་པ་དང་། རྒྱུད་བཀླག་པའི་ཚེ་ནའང་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་བྱ། མཐར་དབྱངས་གསལ་རྟེན་སྙིང་འདོད་གསོལ་དང་བཅས་པ་བརྗོད། ལས་བྱང་ཆེན་མོ་ལས་འབྱུང་བ་ལྟ་བུའི་བྱིན་འབེབ་ཅིག་ངེས་པར་བྱ། གཞན་ལྷ་བཙུན་དག་སྣང་བྱིན་འབེབ་མེ་ཏོག་ཆར་སིལ་ལྟ་བུ་ལེགས་པར་སྣང་ངོ་། །དེ་ནས་བུམ་བསྐྱེད། ཕྱག་བཤགས། སྐོང་ཚོགས་སོགས་ཆོག་བསྒྲིགས་ལྟར་རྒྱས་པར་བཏང་ལ། རྗེས་ཆོག་མཆོད་བསྟོད་རྗེས་སུ། ཐལ་སྦྱར་མེ་ཏོག་ཐོགས་ལ། ཨེ་མ་ཧོ༔ གདོད་ནས་རྣམ་དག་ཀུན་བཟང་ཡབ་ཡུམ་ཀློང༔ དཀྱིལ་འཁོར་ཡོངས་རྫོགས་པདྨོར་འཁྱིལ་བའི་སྐུ༔ རང་བྱུང་གྲགས་སྟོང་སྙིང་པོའི་སྒྲ་སྒྲོག་ཅིང༔ ཐུགས་རྡོལ་ཉག་གཅིག་མངོན་སུམ་ལྷམ་མེ་བ༔ སྣང་སྲིད་འཁོར་འདས་མ་ལུས་སྤྱི་དཔལ་གཙོ༔ ཡེ་ཤེས་མཁའ་མཉམ་ཉོན་མོངས་རང་སར་དག༔ ཕྱི་ནང་གསང་བ་དེ་ཉིད་མཐའ་བྲལ་བ༔ མཐོང་ཐོས་རེག་གྲོལ་ཁྱེད་ལ་ཕྱག་འཚལ་ལོ༔ བདག་སོགས་འགྲོ་བ་སེམས་ཅན་གང་དག་གིས༔ སྐད་ཅིག་ཁྱེད་དྲན་ངེས་པའི་དོན་རྟོགས་ཤིང༔ ཡུད་ཙམ་མཐོང་བས་ཞིང་ཁམས་ཚོམ་བུར་གྲོལ༔ ཐེངས་གཅིག་རེག་པས་ཟག་བཅས་འོད་དུ་ཡལ༔ མཚན་ཐོས་ཙམ་གྱིས་འཁྲུལ་སྣང་ཀ་ནས་དག༔ གང་འབྲེལ་ཁྱེད་དང་སྐལ་པ་མཉམ་པར་མཛོད༔ ཁྱེད་ཀྱི་ཐུགས་རྗེའི་རྩལ་གྱི་འོད་འཕྲོས་པས༔ རིགས་དྲུག་གནས་སོགས་སངས་རྒྱས་ཞིང་དུ་བརྡལ༔ གཏི་མུག་ལ་སོགས་ཡེ་ཤེས་དབྱིངས་སུ་སྣང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཕྱི་ནང་ཀུན༔ གང་ཡང་མ་སྤང་ཀུན་འདས་དེ་ཉིད་ཀློང༔ ཐམས་ཅད་ཡེ་གྲོལ་ཆེན་པོར་སྣང་བར་མཛོད༔ ཁྱོད་ཀྱི་དཔལ་ལ་ཕྱོགས་དུས་གནས་སྐབས་མེད༔ ཉེ་རིང་ཐང་ཀློད་ཕྱི་ནང་བྱེར་ཟུག་བྲལ༔ ཀུན་སྙོམ་ཆེན་པོ་ཁྱོད་ཀྱི་ཀློང་ཡངས་སུ༔ བླ་མེད་བྱང་ཆུབ་གདོད་མའི་ས་ཐོབ་ཅིང༔ ཕྱིར་མི་ལྡོག་པའི་དོན་འབྲས་འགྲུབ་པར་མཛོད༔ དེ་འབྲས་འགྲུབ་པར་མ་གྱུར་བར་དུ་ཡང༔ གནས་སྐབས་ཡུལ་རིས་རྒྱལ་ཁམས་ས་ཕྱོགས་སུ༔ བཀྲ་ཤིས་བདེ་ལེགས་དཔལ་ལ་ལོངས་སྤྱོད་ཅིང༔ ཀུན་ཀྱང་ལུས་ངག་ཡིད་དགེ་ཆོས་ལ་གནས༔ བསམ་འགྲུབ་ཡིད་བཞིན་གཏེར་ལ་ལོངས་སྤྱོད་ཤོག༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས༔ བདག་གཞན་དོན་འགྲུབ་ཟབ་དོན་ཉམས་སུ་ལེན༔ འཇིག་རྟེན་འཁྲུལ་པའི་རྣམ་གཡེང་ཚོགས་བྲལ་ནས༔ རྩོལ་མེད་རང་བྱུང་ཤུགས་ཀྱིས་དོན་ལ་སྤྱོད༔ ཁྱེད་དང་རྟག་ཏུ་འདུ་འབྲལ་མེད་པར་ཤོག༔ ཅེས་བརྗོད་ལ། ནོངས་བཤགས་དང་། བཏགས་གྲོལ་ལ་དམིགས་ཏེ་བརྟན་བཞུགས་བྱ། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད་ལ་མེ་ཏོག་འཐོར། བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་ངོ་། །བསྡུས་པ་ལའང་སྤྱི་དང་བྱེ་བྲག་ཏུ་བྱ་བ་གཉིས་ལས། དང་པོ་ནི། དགོངས་འདུས་ལུགས་སོགས་གང་ལའང་སྦྱར་རུང་སྟེ། སྟེགས་བུའི་དབུས་འབྲུའི་ཚོམ་བུ་ལྔ་བཀོད་པའི་སྟེང་ཁྲིའུ་ལ་བཏགས་གྲོལ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་བཤམ། སྔོན་འགྲོ་རྣམས་སྤྱི་གཞུང་གང་རུང་ལྟར་བྱ་ཆོག་ཀྱང་། དཔེར་མཚོན་ན། སྐྱབས་འགྲོ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མཚམས་གཅོད། ཧཱུྃ་ཧྲཱི༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ སྲུང་འཁོར། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝཱ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་པས་རྡོ་རྗེ་ཁྲོ་བོའི་སྲུང་བའི་གུར་གྱིས་ཁྱབ་པར་བསམ་མོ། །མཆོད་བརླབ། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བརྗོད་དོ། །བདག་བསྐྱེད་ནི། དབྱིངས་རྣམ་པར་དག་པའི་ཐིག་ལེ་མཐའ་དང་མུ་མེད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་བདག་ཉིད་གཞིའི་ཀུན་ཏུ་བཟང་པོ་མཐིང་གསལ་ནམ་མཁའ་དྭངས་པའི་མདོག་ཅན། ཕྱག་མཉམ་གཞག །ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་རང་འོད་ཀྱི་ཡུམ་ཀུན་ཏུ་བཟང་མོ་དཀར་མོས་འཁྱུད་པ་གསལ་སྟོང་འོད་ཕུང་ཆེན་པོར་བཞུགས་པའོ། །ཞེས་གསལ་བཏབ་ལ། ཨ་ཨ་ཨ། ཞེས་བཟླ། མདུན་བསྐྱེད་ནི། ཨ། གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །སྟོང་གསལ་ཡེ་རྫོགས་ཆེན་པོའི་ངང་། །ལྷུན་གྲུབ་འོད་ཀྱི་གཞལ་ཡས་ཁང་། །ཡེ་ཤེས་བཀོད་པ་རབ་འབྱམས་དབུས། །རང་བྱུང་འོད་ལྔའི་ཐིག་ལེའི་ཀློང་། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་རིན་ཆེན་ཁྲི། །པདྨ་ཉི་ཟླའི་གདན་སྟེང་དུ། །རིགས་རྣམས་ཀུན་འདུས་རྩ་བའི་ལྷ། །དབུས་སུ་རྣམ་སྣང་དབྱིངས་ཕྱུག་མ། །དཀར་གསལ་འཁོར་ལོ་དྲིལ་བུ་འཛིན། །ཤར་དུ་མི་བསྐྱོད་སངས་རྒྱས་སྤྱན། །མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་རུ་རིན་འབྱུང་མཱ་མ་ཀཱི །སེར་གསལ་རིན་ཆེན་དྲིལ་བུ་འཛིན། །ནུབ་ཏུ་སྣང་མཐའ་གོས་དཀར་མོ། །དམར་གསལ་པདྨ་དྲིལ་བུ་འཛིན། །བྱང་དུ་དོན་གྲུབ་དམ་ཚིག་སྒྲོལ། །ལྗང་གསལ་རྒྱ་གྲམ་དྲིལ་བུ་འཛིན། །ཀུན་ཀྱང་མཚན་དཔེའི་གཟི་བརྗིད་འབར། །དར་དང་རིན་པོ་ཆེ་ཡིས་བརྒྱན། །ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་བཞུགས། །ཡུམ་རྣམས་མཉམ་པའི་སྟབས་ཀྱིས་འཁྲིལ། །རིག་རྩལ་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས། །འབར་བ་ཁྲག་འཐུང་ཁྲོ་བོའི་ཚོགས། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ལྷ། །དག་པ་རབ་འབྱམས་དཀྱིལ་འཁོར་པ། །སྟོང་གསལ་འོད་ཀྱི་སྙིང་པོ་ཅན། །རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ། །ཡེ་ཤེས་དབང་བསྐུར་གདོད་ནས་རྫོགས། །ཨཱོྃ་ཨཱཾཿཧཱུྃ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་པ་བཀུག་བསྟིམ་ནི། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་བཞུགས་སུ་གསོལ་བར་མ་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ མཆོད་བསྟོད་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ལྷ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །གོང་སྨྲོས་ཡེ་ཤེས་པ་བསྟིམ་པའི་དམིགས་པ་དང་བཟླས་པའི་འཕྲོ་འདུ་སྤྱི་མཐུན་བཅས། རྒྱུད་དམ་འཁོར་ལོའི་སྔགས་རྣམས་ཅི་འགྲུབ་དང་། སྤྱི་སྔགས་བོ་དྷི་ཙིཏྟ། བཏགས་གྲོལ་འབྲུ་དྲུག །ཡིག་བརྒྱ། དབྱངས་གསལ། རྟེན་སྙིང་རྣམས་བརྒྱ་སྟོང་བཟླ་ཞིང་། ༼ཨཱོྃ་ཧཱུྃ། ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །སྤོས་སྲེག་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུས་པས། མཁའ་ཁྱབ་ཀྱི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་བསམ་མོ།།༽ ཞེས་བབས་དྲུག་འདས་བཞི་ལྟ་བུའི་བྱིན་འབེབ་ཀྱང་བྱ། སྤྲོ་ན་བྱང་གཏེར་ལྟ་བུ་སྤྱི་འགྲོའི་སྐོང་ཆོག་ཉུང་ངུ་དང་ཚོགས་མཆོད་ཀྱང་ཕུལ། གང་ལྟར་སླར་ཡང་མཆོད་བསྟོད་བྱ། གོང་གསལ་འདོད་གསོལ་བརྗོད། ནོངས་བཤགས། བརྟན་བཞུགས་བྱས་ལ་འབྲུ་འཐོར། བསྒོམས་པའི་དཀྱིལ་འཁོར་པ་བཏགས་གྲོལ་དང་དབྱེར་མེད་གྱུར་པར་མོས་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་གཞག །བསྔོ་སྨོན་ཤིས་བརྗོད་ཀྱིས་འགྲུབ་བོ། །གཉིས་པ་བྱེ་བྲག་སོ་སོའི་ཁྱད་ཆོས་ཡོད་པ་ལ་དེ་དང་དེའི་ཕྲིན་ལས་བསྡུས་པའམ་རྒྱུན་ཁྱེར་ཙམ་ལ་བརྟེན། ཆོ་གའི་འགྲོས་གོང་བཞིན་བྱས་པས་འགྲུབ་སྟེ། དགོངས་འདུས་ལ་མཚོན་ན། སྨིན་གཏེར་གསུང་ཁ་སབ་ཅན་གྱི་རྒྱུན་ཁྱེར་ལ་ལྷ་བསྐྱེད་རྗེས། གཙོ་བོའི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་གྱི། །ཐུགས་ཀློང་ཞི་བ་བཞི་བཅུ་རྩ་གཉིས་གསལ། །རྣམ་སྣང་ཐུགས་ཀར་ཁྲག་འཐུང་ལྔ་བཅུ་བརྒྱད། །འཇའ་ཟེར་ཐིག་ལེ་མེ་ཕུང་ཀློང་དུ་བཞུགས། །ཞེས་གསལ་བཏབ་ལ་གོང་གི་གནས་གསུམ་བྱིན་རླབས་སོགས་བྱའོ། །མཆོད་པའི་གོང་དུ་ལྷ་ཁྲུས་དང་སྐུ་ཕྱི་ན་བཟའ་འབུལ་བ་བཅས་སྤྱི་མཐུན་སྦྱར། གཞན་གོང་བཞིན་གྱིས་འགྲུབ་བོ། ༈ །གསུམ་པ་དབང་བསྐུར་བ་ནི། རང་དོན་བདག་འཇུག་བྱེད་ན་དུས་བཟང་ལ་བབས་པའི་ཚེ་སྒྲུབ་ཚུལ་རྒྱས་བསྡུས་གང་རུང་བྱས་པའི་ཚོགས་མཆོད་ཡན་གྲུབ་ནས་གཞུང་སོ་སོ་ལས་འབྱུང་བ་བཞིན་སློབ་མ་ལ་བསྐུར་བ་ཇི་ལྟ་བར་རང་གིས་བླང་། དེ་ནས་རྗེས་ཆོག་བྱ། སློབ་མ་ལ་དབང་བསྐུར་ཚུལ་སྤྱིར་སྙིང་ཐིག་གི་ཐོད་རྒལ་རིག་པའི་རྩལ་དབང་དང་སྦྲེལ་བ་དོན་ཐོབ་ཡིན་ཡང་། འདི་ཉིད་ཁོལ་འདོན་དུའང་བྱེད་ཆོག་པས་འདིར་དགོངས་འདུས་ལྟར་ན། སྦྱོར་བ་མཎྜལ་ཚོམ་བུའི་ཁར་ཁྲིའུའི་སྟེང་རིན་པོ་ཆེའི་སྣོད་དུ་བཏགས་གྲོལ་གླེགས་བམ་ཙཀྲ་གང་ཡིན་དར་གྱི་ན་བཟའ་དང་བཅས་ཏེ་བཞུགས། དབུས་སུ་འཁོར་ལོ། གཡས་སུ་རིན་པོ་ཆེ། གཡོན་དུ་རྒྱ་གྲམ་རྣམས་ཀྱི་ཙཀླི། མདུན་དུ་བུམ་པ་བཅུད་ལྡན། རྒྱབ་ཏུ་ཐོད་པ་བདུད་རྩིས་བཀང་བ་དང་། ཤེལ་རྡོ་མེ་ལོང་རྣམས་བཞག །ལས་བུམ། གཏོར་མཆོད་སོགས་སྤྱི་ལྟར་བཀོད། སྒྲུབ་ཚུལ་གོང་སྨྲོས་བསྡུས་པའི་ལུགས་གཉིས་གང་འཐད་བྱས་ལ་བཟླས་པའི་སྐབས་སུ་བུམ་ཐོད་རྣམས་ལའང་འོད་ཟེར་སྤྲོ་བསྡུའི་བྱིན་བརླབ་བྱ། རྗེས་ཆོག་མ་བྱས་པའི་གོང་དུ་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་བདག་ཅག་གི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཅན་དེས་སངས་རྒྱས་ཀུན་ལས་ཀྱང་ཁྱད་པར་འཕགས་པའི་ཐུགས་བསྐྱེད་ཆེན་པོའི་མཐུ་ལས། སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་དཀོན་པའི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་བསྟན་པ་བྱོན་ཅིང་། ཁྱད་པར་དུའང་རྩོད་དུས་སྙིགས་མའི་མཐར་ཐུག་གི་སེམས་ཅན་ལས་ངན་དང་ཉོན་མོངས་པའི་སྟོབས་ཤུགས་བདོ་བས་ཤིན་ཏུ་རྨུ་རྒོད་པའི་ཕྱིར། རྒྱུ་འབྲས་ཀྱི་ཐེག་པ་རྩོལ་བཅས་ཀྱིས་འདུལ་བའི་ཞིང་དུ་མ་གྱུར་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་མ་འགགས་ཤིང་ཕྲིན་ལས་འཇུག་ཚུལ་བསམ་གྱིས་མི་ཁྱབ་པས། རྩོལ་མེད་གྲོལ་བ་དྲུག་གི་ཕྲིན་ལས་གདོད་མའི་མགོན་པོའི་བྱིན་རླབས་ལས་རང་ཤར་བ། མཐོང་གྲོལ་འཁོར་ལོ་དང་འོད་གསལ་ངོ་སྤྲོད། བཏགས་གྲོལ་གླེགས་བམ་དང་ཙཀྲ །མྱོང་གྲོལ་སྐྱེ་བདུན་གྱི་དམ་རྫས། ཐོས་གྲོལ་བར་དོ་དྲུག་གི་ངོ་སྤྲོད། ཚོར་གྲོལ་བདུག་སྤོས་ལ་འདེབས་པའི་སྔགས། རེག་གྲོལ་པད་ཅན་གྱི་མྱུར་ལམ་ལ་སོགས་པ། ངོ་མཚར་རྨད་དུ་བྱུང་བའི་སངས་རྒྱས་ཀྱི་ཕྲིན་ལས་རླབས་པོ་ཆེས་དུད་འགྲོ་ཡན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པར་མཛད་ཅིང་། སྔོན་གོམས་འཁྲུལ་པའི་བག་ཆགས་ཆེན་པོས་དེ་ཉིད་དུ་གྲོལ་བར་མ་གྱུར་ནའང་། དེ་ལ་བརྟེན་ནས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད། མྱུར་དུ་སངས་རྒྱས་ཀྱི་རིགས་སད་ནས་མཐར་བྱང་ཆུབ་སྙིང་པོར་རེག་པར་གདོན་མི་ཟ་ཞིང་། གསང་སྔགས་ཀྱི་གེགས་སུ་ཆེ་བ་ལོག་ལྟ་དང་ཐེ་ཚོམ་མེད་ཅིང་ལས་འཕྲོ་དང་ལྡན་པ་རྣམས་ཐབས་འདི་དག་གིས་གྲོལ་བའི་རྟགས་ཐོབ་པའི་ལོ་རྒྱུས་ཀྱང་མཐོང་ཐོས་སྤྱོད་ཡུལ་དུ་གྱུར་པ་མང་ལ། ཚུལ་འདི་གསང་སྔགས་གསར་མའི་རྒྱུད་རྣམས་ལས་ཀྱང་ཆ་མཐུན་འབྱུང་སྟེ། སྐྱེ་བདུན་གྱི་ཤས་མཁའ་སྤྱོད་སྒྲུབ་པ་དང་། སོ་སོ་འབྲང་མའི་འཁོར་ལོ་བཏགས་པས་སྦྱོར་ལམ་ཟིན་པ་དང་། པདྨ་གཙུག་ཏོར་སྔགས་བཟང་ཤིང་ལ་འདེབས་པའི་ཚུལ་དང་། བྱེ་མ་ལ་གཟུངས་སྔགས་ཀྱིས་བཏབ་སྟེ་རུས་པ་ལ་འཐོར་བས་ངན་འགྲོའི་སྐྱེ་གནས་ལས་ཐར་བ་སོགས་རྒྱ་ཆེར་གསུངས་པ་གསང་སྔགས་གསར་རྙིང་དགོངས་པ་མཐུན་ཅིང་། སྔ་འགྱུར་གྱི་སྐབས་འདིར་སོ་སོ་ལ་རང་རྐང་ཚུགས་པའི་རྒྱུད་ཀྱི་ཁུངས་དང་མན་ངག་གི་གནད་ཟབ་པས་གསར་མ་ལས་ཁྱད་པར་དུ་འཕགས་པའང་ཡིན་ལ། དེ་ལྟ་བུའི་གྲོལ་བ་དྲུག་གི་ཕྲིན་ལས་རྣམས་ལས་སྐབས་སུ་བབས་པ་བཏགས་གྲོལ་གྱི་དབང་བླ་མ་དགོངས་པ་འདུས་པའི་རྫོགས་རིམ་སྙིང་པོ་གསེར་གྱི་ཡང་ཞུན་ལས་འབྱུང་བ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །བདག་གཞན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཐོག་མ་ནས་གདོད་མའི་མགོན་པོའི་རང་བཞིན་ལས་གང་དུའང་མ་གཡོས་པར་ཤེས་པས། རང་རིག་རང་གསལ་གདབ་པའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སྐྱབས་སུ་མཆི། །ལན་གསུམ། རྟོག་འཁྲུལ་སེམས་ཀྱི་རོལ་པ་གློ་བུར་བ་གཞི་ནས་གྲུབ་པ་མེད་པས། ཐམས་ཅད་ཀྱང་རིག་སྟོང་འོད་གསལ་ཆེན་པོའི་ལྷུམས་སུ་ཆུད་པ་དེ་ཉིད་རང་རིག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་སོགས་སྔ་མ་ལྟར་ལས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །གསུམ། རྡོ་རྗེ་དང་བཅས་པས་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཾཿདམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་ལམ་གྱིས་གསལ་བས་སྒོ་གསུམ་གཞི་གནས་ཀྱི་རྡོ་རྗེ་གསུམ་དུ་སད་པར་མོས་ཤིག །ཨཱོྃ་ཨཱཾཿཧཱུྃ། དེས་རྒྱུད་དག་ཅིང་སྣོད་རུང་དུ་གྱུར་པ་ལ་དབང་དངོས་གཞི་བསྐུར་བའི་སླད་དུ་མོས་པ་འདི་བཞིན་དུ་གྱིས། བླ་མ་ཉིད་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་ཀྱི་འཆར་གཞི་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་འདི་གསུང་བར་ཞུ། ཞེས་རྒྱས་པར་སྤྲོ་ན། ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ལྟ་བུའི་ཞི་ཁྲོའི་ཕྱག་འཚལ་བྱ། བསྡུ་ན། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི། །ཚོགས་གཉིས་ཡོངས་རྫོགས་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས། ཁྱད་པར་གྱི་དོན་ཞུ་བའི་ཡོན་དུ་དམིགས་ཏེ་སྐུ་གསུམ་གྱི་ཞིང་ཁམས་མཐའ་དག་བློས་བླངས་ནས་འབུལ་བའི་མོས་པས་མཎྜལ་འབུལ་བར་ཞུ། དགོངས་འདུས་རང་གཞུང་གི་སྨན་འབྲུ་རིན་པོ་ཆེའི་མཎྜལ་གྲུབ་ན་ལེགས་ཀྱང་མི་ཤེས་ན། སྙིང་ཐིག་སྤྱི་ལུགས། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །སོགས་སྐུ་གསུམ་མཎྜལ་འབུལ་དུ་གཞུག །དད་མོས་ཀྱི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་དོན་དམ་ངེས་པའི་བཅོམ་ལྡན་འདས༔ ཀུན་བཟང་ཡབ་ཡུམ་བདག་ལ་དགོངས་སུ་གསོལ༔ བསྟན་པ་ཡོངས་རྫོགས་གསེར་གྱི་སྙིང་པོ་ཡི༔ སྲས་གཅིག་ཅོད་པན་ཡང་དག་དབང་ལུང་དེ༔ དུས་འདིར་དད་ལྡན་བུ་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་དབང་དངོས་བསྐུར་བ་ལ་རིམ་པར་ཏིང་ངེ་འཛིན་རྣམས་སྤྱི་དོན་ལས་འབྱུང་བ་འདི་ལྟར་གསལ་ཐོབས་ཤིག །ཁྱེད་རང་རྣམས་ཀྱང་གཞི་ཡི་ཀུན་བཟང་གྱུར། །བླ་མ་ཀུན་བཟང་ཡབ་ཡུམ་དངོས་གསལ་བས། །དབང་གི་ཕྲིན་ལས་མཛད་དང་ལྷན་ཅིག་ཏུ། །ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་པ༔ མཁའ་ལ་སྤྲིན་ཕུང་བཞིན་དུ་གཏིབས་ནས་ཀྱང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་བསྐུར་རྒྱུད་གཏད་བྱིན་གྱིས་བརླབས་ནས་ཀྱང༔ སྨིན་གྲོལ་ངེས་པའི་གདིང་ཆེན་ཐོབ་པར་བསམ༔ བྱེ་བྲག་སོ་སོའི་སྐབས་ཀྱི་དམིགས་པ་ཡང་། །གླེགས་བམ་འཁོར་ལོ་སྤྱི་བོར་བཞག་པའི་ཚེ༔ རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ དབང་བསྐུར་ཉོན་མོངས་གཏི་མུག་གནས་དག་ནས༔ སྐུ་དང་ཆོས་དབྱིངས་ཡེ་ཤེས་དབང་ཐོབ་བསམ༔ འདི་ཕྱིན་དབང་རྫས་རྣམས་ཚིག་མཐུན་བསྐུར་ལ། ཨཱོྃ༔ ཆོས་དབྱིངས་ཡེ་ཤེས་རྣམ་སྣང་བདེ་གཤེགས་སྐུ༔ དོན་ཐོབ་ཐིག་ལེ་ཉག་གཅིག་དབང་བསྐུར་བས༔ གཏི་མུག་གནས་དག་དཀྱིལ་འཁོར་ཡོངས་རྫོགས་ནས༔ ཆོས་ཉིད་བདེན་པ་མངོན་སུམ་མཐོང་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ལུས་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྨིན་གྲོལ་གང་རྒྱས་འཕེལ་བར་མཛད་པ་དང༔ ཡང་དག་མངོན་མཐོང་རྡོ་རྗེའི་སྐུ་ཐོབ་མཛོད༔ ཨཱོྃ་ཨཱཾཿཧཱུྃ་བུདྡྷ་དྷརྨ་གྷ་ཛ་ཙཀྲ་ནིརྨཱ་ཀཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ སྐུ་ཡི་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ ལུས་ནི་སྤྲུལ་པའི་སྐུ་རུ་གྲོལ་བར་མོས༔ གླེགས་བམ་བདུད་རྩི་མགྲིན་པར་བཞག་པའི་ཚེ༔ འོད་དཔག་མེད་པ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་འདོད་ཆགས་གནས་དག་ནས༔ གསུང་དང་སོར་རྟོག་ཡེ་ཤེས་དབང་ཐོབ་བསམ༔ ཧྲཱི༔ སོར་རྟོག་ཡེ་ཤེས་དཔག་མེད་བདེ་གཤེགས་གསུང༔ གསུང་མཆོག་བདེ་ཆེན་རབ་འབྱམས་དབང་བསྐུར་བས༔ འདོད་ཆགས་གནས་དག་བཀའ་ལུང་ཡོངས་རྫོགས་ནས༔ རབ་འབྱམས་ཆོས་ལ་དབང་འབྱོར་ཐོབ་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ངག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལུས་སྨིན་ངག་གྲོལ་རྟོགས་པས་རྒྱུད་གང་ཞིང༔ མཁྱེན་བརྩེ་ཡེ་ཤེས་མ་ལུས་རྒྱས་པ་དང༔ ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ནས་ནི༔ ཚངས་པའི་གསུང་དབྱངས་པདྨོའི་ལྗགས་ཐོབ་མཛོད༔ ཨཱོྃ་ཨཱཾཿཧཱུྃ་པདྨ་དྷརྨ་གྷ་ཛ་པདྨ་སམྦྷོ་ཀཱ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱི༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ གསུང་གི་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ ངག་ནི་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་མོས༔ གླེགས་བམ་བུམ་པ་སྙིང་གར་བཞག་པའི་ཚེ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ཞེ་སྡང་གནས་དག་ནས༔ ཐུགས་དང་མེ་ལོང་ཡེ་ཤེས་དབང་ཐོབ་བསམ༔ ཧཱུྃ༔ མེ་ལོང་ཡེ་ཤེས་མི་བསྐྱོད་བདེ་གཤེགས་ཐུགས༔ བདེ་གསལ་མི་རྟོག་མཉམ་ཡངས་དབང་བསྐུར་བས༔ ཞེ་སྡང་གནས་དག་ཀ་དག་དོན་རྟོགས་ནས༔ མངོན་སུམ་ཐོད་རྒལ་དག་ལ་དབང་འབྱོར་ཞིང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ཡིད་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སེམས་ཉིད་སྨིན་གྲོལ་གང་རྒྱས་འཕེལ་བ་དང༔ གནས་ལུགས་ཆེན་པོའི་ཐུགས་མཆོག་ཐོབ་པར་མཛོད༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་དྷརྨ་གྷ་ཛ་བཛྲ་དྷརྨ་ཀཱ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ རྡོ་རྗེའི་ཐུགས་དང་དབྱེར་མེད་གྱུར་ནས་ཀྱང༔ སེམས་ནི་ཆོས་ཀྱི་སྐུ་རུ་གྲོལ་བར་བསམ༔ གླེགས་བམ་རིན་ཆེན་ལྟེ་བར་བཞག་པའི་ཚེ༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ང་རྒྱལ་གནས་དག་ནས༔ ཡོན་ཏན་མཉམ་ཉིད་ཡེ་ཤེས་དབང་ཐོབ་བསམ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་རིན་འབྱུང་ཡོན་ཏན་རྫོགས༔ ཁྱད་པར་འདོད་འབྱུང་ཡིད་བཞིན་དབང་བསྐུར་བས༔ ང་རྒྱལ་གནས་དག་དགོས་འདོད་གཏེར་ལ་སྤྱོད༔ ཕྱི་ནང་གཞན་སོགས་ཡོངས་ལ་དབང་འབྱོར་ཞིང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ དབང་པོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཡོན་ཏན་སྨིན་གྲོལ་གང་རྒྱས་འཕེལ་བ་དང༔ བསམ་པ་ཡིད་བཞིན་ཆོས་མཆོག་ཐོབ་པར་མཛོད༔ ཨཱོྃ་ཨཱཾཿཧཱུྃ་རཏྣ་དྷརྨ་གྷ་ཛ་རཏྣ་ཏིཥྛ་བཛྲ་ཀཱ་ཡ་ཨརྱ་པཉྩ་ཨ་བྷི་ཥིཉྩ་ཏྲཱཾ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཡོན་ཏན་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ སྒོ་ལྔ་འོད་ལྔའི་དབྱིངས་སུ་གྲོལ་བར་བསམ༔ གླེགས་བམ་རྒྱ་གྲམ་གསང་བར་བཞག་པའི་ཚེ༔ དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་བཅས་ཀྱིས༔ དབང་བསྐུར་ཉོན་མོངས་ཕྲག་དོག་གནས་དག་ནས༔ ཕྲིན་ལས་བྱ་གྲུབ་ཡེ་ཤེས་དབང་ཐོབ་བསམ༔ ཨཱ༔ བྱ་གྲུབ་ཡེ་ཤེས་དོན་ཡོད་ཕྲིན་ལས་བདག༔ མཛད་པ་མཐར་ཕྱིན་འགྲོ་འདུལ་དབང་བསྐུར་བས༔ ཕྲག་དོག་གནས་དག་འཁོར་བ་རྒྱུན་བཅད་ནས༔ ཕྲིན་ལས་ཡོངས་ལ་དབང་འབྱོར་ཐོབ་ནས་ཀྱང༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་ཡི༔ ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་ཏུ་གསོལ༔ ཕུང་ཁམས་སྐྱེ་མཆེད་གདོས་བཅས་རང་གྲོལ་ཞིང༔ ཕྱི་ནང་སྣོད་བཅུད་ལྷ་ཡི་རང་བཞིན་ཉིད༔ གཞལ་ཡས་ཁང་དང་རྣམ་རོལ་བརྩེ་བ་ཅན༔ རྣམ་པ་ཀུན་ལྡན་མཆོག་ལ་སྤྱོད་པར་ཤོག༔ ཨཱོྃ་ཨཱཾཿཧཱུྃ་ཀརྨ་དྷརྨ་གྷ་ཛ་སརྦ་ཀརྨ་བོ་དྷི་སྐན་དྷ་རཱུ་པ་ཨ་བྷི་ཥིཉྩ་ཨཱ༔ དེས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་དང༔ ཕྲིན་ལས་རྡོ་རྗེ་ཉིད་དང་དབྱེར་མེད་ནས༔ སྒོ་གསུམ་རྣམ་སྤྱོད་འགྲོ་བའི་དོན་གྱུར་བསམ༔ ད་ལྟའི་སྐབས་སུ་ཇི་ལྟར་བསམ་པ་བཞིན༔ ཕྱིས་ནས་ཐེ་ཚོམ་མེད་པར་འགྲུབ་པ་འོ༔ དེ་ནས་བཏགས་གྲོལ་དང་ཕྱག་མཚན་ཤེལ་རྡོ་མེ་ལོང་རྣམས་སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས། སྤོས་བསྲེག །རོལ་མོ་བསྒྲག །དཔེ་སོགས་འགྲིགས་ན་སྨོན་ལམ་དཔོན་སློབ་གཉིས་ཀས་བརྗོད། མ་འགྲིགས་ན་འདུན་པ་རྩེ་གཅིག་གཏད་དུ་གཞུག་ལ། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ༔ གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད༔ གསང་བ་ཅོད་པན་ས་བོན་གྱི་དགོངས་པ་ཆེན་པོ་ཡོངས་རྫོགས་ཀྱིས༔ སྐལ་ལྡན་སྐྱེས་བུ་འདུས་ཤིང་ཚོགས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་གསུམ་ཕུང་པོ་ཁམས་དང་སྐྱེ་མཆེད་རང་སར་གྲོལ་ནས༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཀློང་དུ་གྲོལ་བར་མཛད་དུ་གསོལ༔ ཉོན་མོངས་པ་ཐམས་ཅད་རང་སར་གྲོལ་ཞིང༔ རྒྱུད་ཡེ་ཤེས་ཀྱིས་གང་བར་མཛད་དུ་གསོལ༔ འཁྲུལ་པའི་བག་ཆགས་རང་སར་དག་ནས༔ སྐུ་དང་ཡེ་ཤེས་ཀྱི་ཐིག་ལེ་ཆེར་འཕེལ་བར་མཛད་དུ་གསོལ༔ རྒྱལ་བའི་དཀྱིལ་འཁོར་ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་པར་མྱུར་དུ་སངས་རྒྱས་པར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོྃ་ཨཱཾཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་དྷརྨ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ལྟར་ཇི་སྐད་བརྗོད་པ་ཐམས་ཅད་ངེས་པར་འགྲུབ་པའི་ངེས་ཤེས་ཆེར་བསྐྱེད་ལ་ཀ་དག་གི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དར་གཅིག་རྟོགས་པ་བསྐྱེད། དེ་ནས་རྒྱུད་དམ་ཙཀྲའི་སྔགས་ཚར་གཅིག་བཀླགས་ལ་ལག་ཏུ་གཏད་དེ། གུས་པའི་ཡིད་རྩེ་གཅིག་པས་སྨོན་ལམ་འདི་ལྷན་ཅིག་འདེབས་པར་ཞུ། ཞེས་སམ་ཡང་ན་རྗེས་ཟློས་བྱར་གཞུག་ལ། ཀྱེ་ཧོ༔ ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་དང༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན༔ མ་ལུས་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་གིས་འགྲོ་བ་སེམས་ཅན་ཀུན་དོན་དུ༔ རྒྱུད་འདི་བཏགས་ཤིང་བཞུགས་པའི་བྱིན་རླབས་ཀྱིས༔ བདག་ཉིད་མཐོང་ངམ་ཐོས་དང་དྲན་པ་དང༔ མཆོད་དང་བསྟོད་པ་ལ་སོགས་སྨྲ་ཡང་རུང༔ རེག་ཅིང་འབྲེལ་བར་གྱུར་པའི་སེམས་ཅན་རྣམས༔ མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཤོག༔ ཨཱོྃ་ཨཱཾཿཧཱུྃ་མ་ཧཱ་གུ་རུ་་་ཀུན་བཟང་ཡབ་ཡུམ་་་ན་མཿསྭ་བྷཱ་བ་ཨ་དྷིཥྛཱ་ནཾ༔ ཞེས་སོགས་བརྒྱུད་པ་ཚང་མའི་མཚན་བོད་སྐད་དུ་སྦྱར་བའམ། བསྡུ་ན། ཨཱོྃ་ཨཱཾཿཧཱུྃ་མ་ཧཱ་གུ་རུ་་་ས་མནྟ་བྷ་དྲ་བྷ་དྲཱི་་་ན་མཿསྭ་བྷཱ་བ་ཨ་དྷིཥྛཱ་ནཾ༔ སྔགས་ཐོག་མཐའ་དེ་བཞིན་དུ་སྦྱར་ཏེ། ས་མནྟ་བྷ་དྲ་བྷ་དྲཱི། ཞེས་པའི་མལ་དུ། པཉྩ་ཀུ་ལ་རཱ་ཛྙ་རཱ་ཛྙི། བཛྲ་སཏྭ། པྲ་ཧེ་བཛྲ། ཤྲཱི་སིཾ་ཧ། པདྨཱ་ཀ་ར། ཛྙཱ་ན་སཱ་ག་ར་རཱ་ཛྙི། དྷརྨ་རཱ་ཛ་པི་ཏཱ་པུ་ཏྲ། བུདྡྷ་དྭཱི་པ་ཀ །མཱུ་ལ་ཤྩ་པ་རམྤ་ར་སརྦ་གུ་རུ། ཞེས་པ་ཙམ་གྱིས་བྱིན་བརླབས་ལ། དེང་ཕྱིན་ཆད་བཏགས་གྲོལ་འདི་ཉིད་རྡོ་རྗེ་འཆང་གིས་དུས་གནད་ངེས་པ་ལས་ཇི་ལྟར་གསུངས་པ་བཞིན་དྲོད་དང་སྐད་ཅིག་ཀྱང་མ་བྲལ་བར་ཆོངས་ཤིག །དེ་ནས་ཤིས་པ་བརྗོད་པ་དང་རྗེས་རིམ་སྤྱི་མཐུན་བྱ། སློབ་དཔོན་གྱིས་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གོང་སྨྲོས་ལྟར་བྱའོ། ༈ །བཞི་པ་ཇི་ལྟར་བཅང་ཚུལ་ནི། བཏགས་གྲོལ་དར་སྣ་ཚོགས་ཀྱི་ན་བཟས་དྲིལ། བྱིན་རླབས་ཅན་གྱི་རྫས་སྤྱི་དང་ཁྱད་པར་མཆོག་གི་གདུང་དང་རིང་བསྲེལ། དྲི་བཟང་སོགས་སྨན་སྣ་གཙང་མ། རིན་ཆེན་ཕྱེ་མ་བཅས་རིན་པོ་ཆེའི་གྭའུར་བཅུག་ལ་དབུ་ཞབས་མ་ལོག་པར་སྐྱེས་པས་མཆན་ཁུང་གཡོན། བུད་མེད་ཀྱིས་གཡས་སུ་བཅང་། དེའང་ཐོག་མ་ནས་ཆ་གསུམ་བཞེངས། རབ་གནས་སྒྲུབ་པ་ལྷན་ཅིག་བྱས་ལ་གཅིག་ལུས་ལ་གདགས། གཅིག་ནམ་ཕུགས་འཆི་བའི་བཙས་སུ་བཞག །གཅིག་སྐབས་སུ་བབས་པའི་ཚེ་བཀླག་པར་བྱ་བར་གསུངས་པ་ལས་འདོན་རྒྱུ་དཔེ་ཆུང་བྲིས་པ་ཉིད་སྟབས་བདེ་བས་ཆ་གཉིས་ནི་ངེས་པར་དགོས་སོ། །འདི་ལ་བླ་མ་ཁ་ཅིག་གིས། བཏགས་གྲོལ་གྱིས་དགེ་སྡིག་གཉིས་ཀར་འགྱུར་ཆེ་བར་གསུངས་པས་ད་ལྟ་ནི་ཕལ་པས་ལྟ་ཅི་སྨྲོས། ལམ་ཞུགས་རྣམས་ཀྱིས་ཀྱང་བཏགས་མི་རུང་སྟེ་སོ་སྐྱེའི་སྐབས་དངོས་སུ་སྡིག་པ་ཆེན་པོ་མ་བྱས་ཀྱང་དུག་ལྔའི་རྟོག་པ་ལ་རྒྱུན་ཆད་མེད། དབུགས་ལ་སླེབ་ཀྱང་གྲོལ་བར་གསུངས་པས་འཆི་དུས་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དེར་ཚོར་བ་འགགས་པས་བཏགས་པ་ཡིན་གསུངས། ཀུན་མཁྱེན་བླ་མ་འཇམ་དབྱངས་དགྱེས་བློའི་ཞལ་ནས། འཕགས་པ་ལ་བཏགས་གྲོལ་མི་དགོས། འདི་རྣམས་སྐྱེ་བོ་ཕལ་པ་དང་ལམ་ཞུགས་སོ་སྐྱེ་བཙན་ཐབས་སུ་གྲོལ་བའི་ཆེད་དུ་གསུངས་པ་ཡིན། སྔ་འགྱུར་རིག་འཛིན་ཁུངས་ལྡན་རྣམས་ཀྱི་ཞལ་ལུང་བར་མ་ཆད་པར་རྒྱུད་ཀྱི་རྡོ་རྗེའི་གསུང་ལྟར་བྱེད་དགོས། དོན་དུ་སྡིག་པའི་སྟོབས་འཇོམས་ཤིང་དགེ་བའི་སྟོབས་འཕེལ་བར་བྱེད་པ་ཡིན་གསུངས་པ་འདི་ཟབ་པར་གོ་སྟེ། མི་ཚེར་སྔ་ཚགས་བྱས་པ་ཕལ་མོ་ཆེ་དབུགས་ཆད་ཀར་བཏགས་གྲོལ་དང་མྱང་གྲོལ་གྱིས་མ་བསླེབ་པ་མང་དུ་མཐོང་བས་སོ། །འོན་ཀྱང་གུ་རུའི་བཀའ་ལས། དམ་ཉམས་སྡིག་ཆེན་རྣམས་ཀྱིས་མ་བཤགས་པར༔ བཏགས་ན་སྡིག་པའི་སྟོབས་བྱེད་བཤགས་ལ་གདགས༔ བཤགས་ཤིང་ཕྱིས་འབྱུང་སྡོམ་སྟེ་བཏགས་གྱུར་ན༔ སྔར་བྱས་བྱང་ཞིང་ཕྱིན་ཆད་གོས་མི་སྲིད༔ ཅེས་གསུངས་པ་ལྟར་སྡིག་ཅན་དད་པ་རྙེད་ན་སྔར་བྱས་སྟོབས་བཞིའི་སྒོ་ནས་བཤགས། ཕྱིན་ཆད་སྡིག་འཕྲོ་བཅད་ནས་གདགས་སོ། །འདིའི་དོན། དུས་གནད་ངེས་པ་ལས། འདི་དང་བྲལ་བར་མ་བྱས་པ༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ འདི་ཉིད་ལུས་ལ་གནས་པ་ལ༔ རིགས་དྲུག་སྐྱེ་བ་རྣམ་བཞི་ཡི༔ གྲོང་ཁྱེར་དུ་ནི་འཇུག་མི་སྲིད༔ དེ་ཡི་ཕྱིར་ན་འདི་ཉིད་དང༔ འགྲོ་དང་ཉལ་དང་འདུག་པ་དང༔ དེ་བཞིན་ཟ་དང་འཆག་པ་དང༔ ཕྱག་དང་བསྐོར་བ་ལ་སོགས་བྱེད༔ འདུད་པའི་ལག་པ་གར་ཉིད་དང༔ སྐྱུག་དང་ཁྲུས་བྱེད་ཕྱི་ས་དོར༔ དེ་བཞིན་སྨྲ་དང་སྔགས་ཟློས་དང༔ ཡི་གེ་ཀློག་དང་མཆོད་བཤགས་དང༔ ཅི་ལྟར་སྨྲ་བ་ལ་སོགས་དང༔ བསམ་པ་ཇི་སྙེད་གཡོ་བ་དང༔ ཇི་ལྟར་སྣ་ཚོགས་སྤྱོད་བྱེད་ཀྱང༔ འདི་དང་བྲལ་བར་མི་བྱ་འོ༔ འདི་ནི་རིས་མེད་སྤྲུལ་པའི་སྐུ༔ རང་གཞན་དོན་རྣམས་རྫོགས་པར་བྱེད༔ བྱོལ་སོང་རིགས་སམ་བུད་མེད་དང༔ སྐྱེ་བ་དམན་པའི་སེམས་ཅན་ཡང༔ འདི་དང་བྲལ་བར་མ་བྱས་ན༔ ངེས་པར་འབྲས་བུ་ཐོབ་པས་ན༔ བྲལ་བའི་བར་མཚམས་མ་ཞུགས་པ༔ འདི་ལ་རབ་ཏུ་གཅེས་པ་ཡིན༔ དེ་བཞིན་དྲོད་དང་མ་བྲལ་བར༔ རྒྱུན་དུ་ལུས་ལ་བཅང་བར་བྱ༔ ཞེས་གསུངས་སོ། ༈ །ལྔ་པ་ཇི་ལྟར་བཀླག་པ་ལ། ཀློག་པའི་དུས་ནི། སྤྱི་དོན་ལས། དང་པོ་དུས་ནི་སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་དུས་བཟང་ཉ་སྟོང་བརྒྱད་སོགས་དང༔ དབང་དང་ཚོགས་གཏོར་རྣལ་འབྱོར་འབྱུང་བཞི་འཁྲུགས༔ རབ་ཏུ་གནས་བྱེད་འདུ་བ་ཆེན་པོའི་དུས༔ མདོར་ན་དགེ་དང་མི་དགེའི་ཆོ་འཕྲུལ་ལྟས༔ གང་གི་ཚེ་ཡང་བསྟན་རྒྱུད་བཀླག་པར་བྱ༔ བྱེ་བྲག་དུས་ཚིགས་རྣམ་པ་དགུར་གསུངས་པས༔ ས་གཡོས་༡སྒྲ་༢འོད་༣སད༤་སེར་༥འཁྲུགས་པའི་༦དུས༔ རིམས་ནད་༧ཉི་ཟླ་གཟས་ཟིན་༨མུ་གེ་མཆེད༩༔ ཕྱུགས་ལ་ནད་བྱུང་དུས་དང་རྣམ་པ་དགུར༔ སྦྱོར་བ་ལག་ལེན་ལྡན་པས་བསྟན་རྒྱུད་བཀླག༔ ཅེས་པ་ལྟར་འདི་རྣམས་ཀྱི་དུས་སྐབས་སུ་བབས་པའི་ཚེ་བཀླག་པ་སྟེ། ཀློག་པའི་རྣལ་འབྱོར་ཁོ་བོས་གཞན་དུ་བྱས་པ་ལྟར་ལ། སྤྱི་ཙམ་དུ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྣང་བ་མཐའ་ཡས་ལྗགས་པདྨ་ཧྲཱིཿཡིག་གིས་མཚན་པ། རྒྱུད་བཀླགས་པའི་སྒྲ་དང་ཧྲཱིཿཡི་འོད་ཟེར་འདྲེས་པས་སྣོད་བཅུད་ཀུན་ལ་ཁྱབ། ཐམས་ཅད་རྡོ་རྗེའི་རང་སྒྲར་འུར་བས་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་སྟེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ་མོ། །གཉིས་པ་དུས་བྱེ་བྲག་སྐབས་སུ་འབྱུང་འཕྲོད་ནི། གཞུང་ལས། ཉིན་དུས་ནམ་ལངས་དྲོས་ཆེན་བར་དུ་བྱེར༔ དེ་ནས་གུང་ལ་མ་སླེབ་བར་དུ་ཟུག༔ འཕྱུག་མེད་ཉིན་གུང་སྙོམས་པའི་དུས་ཉིད་ལ༔ དེ་ནས་བསིལ་ཕེབ་ཉི་ནུབ་བར་དེར་འཁྲུགས༔ མཚན་དུས་སྲོད་བྱེར་སྲོད་ཡོལ་ཟུག་པའི་དུས༔ ནམ་ཕྱེད་སྙོམས་ཤིང་ཐོ་རངས་འཁྲུགས་པ་འོ༔ དེ་ལྟར་ཉིན་མཚན་བྱེར་ཟུག་འཁྲུགས་པའི་དུས༔ རྟགས་རྣམས་གང་བྱུང་རིག་པས་ཀློག་སོགས་བྱ༔ ཞེས་པ་ལྟར་རོ། །ཀློག་ཚུལ་ནི། གཞུང་ལས། གང་ཞིག་ས་གཡོས་ཆེན་པོ་བྱུང་བའི་ཚེ༔ བྱེར་བའི་དུས་སུ་རྒྱུད་བཀླག་རྣལ་འབྱོར་པས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ་བར་བསྐྱེད༔ དཀར་གསལ་འོད་འཕྲོ་བདུད་འདུལ་རྡོ་རྗེ་ཕྱག༔ ལྗགས་སྟེང་རྡོ་རྗེ་རྩེ་གསུམ་ཧཱུྃ་གིས་མཚན༔ དེ་ལས་འོད་དཀར་འཕྲོས་པས་ཕྱོགས་བཅུར་ཁྱབ༔ འགྲོ་བའི་ནད་གདོན་སྡིག་སྒྲིབ་མི་མཐུན་ཕྱོགས༔ ཞི་ནས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས༔ དེ་དམིགས་ངང་ལས་ལན་བདུན་རྒྱུད་བཀླགས་པས༔ རྒྱུད་ཀྱི་རང་སྒྲ་ཕྱོགས་བཅུར་གྲགས་པ་ཡིས༔ ས་གཡོས་གར་ཁྱབ་འགྲོ་རྣམས་གྲོལ་ཞེས་གསུངས༔ སྙོམས་པའི་དུས་སུ་དམ་ཚིག་ལྡན་པ་ཡི༔ རྣལ་འབྱོར་མཆེད་ལྕམ་ལོ་གྲངས་ཙམ་ཞིག་ལ༔ ཚོགས་འཁོར་དྲངས་པས་དེ་སྙེད་ལོ་ཚོགས་འཕེལ༔ འཁྲུགས་དུས་སྐྱེ་བོ་ལ་ཡང་སྟོན་མོ་བཀྱེ༔ དེ་བཞིན་ཟུག་དུས་གནས་ནས་མགྲོན་རྣམས་འབོད༔ ས་འོག་ས་སྟེང་ས་བླར་སྒྲ་བྱུང་ཚེ༔ བྱེར་དུས་རྣལ་འབྱོར་དཔག་མེད་ཡབ་ཡུམ་བསྐྱེད༔ དམར་པོ་མཉམ་གཞག་ཕྱག་རྒྱ་པདྨ་འཛིན༔ ལྗགས་སྟེང་པདྨ་དམར་པོ་ཧྲཱིཿཡིག་མཚན༔ དེ་ལྟར་ངང་ནས་བསྟན་རྒྱུད་ཚར་ལྔ་འམ༔ བདུན་སོགས་ཀློག་པའི་སྒྲ་དང་ལྗགས་ཀྱི་འོད༔ ཕྱི་ཡི་འོད་འདྲེས་ཕྱོགས་ཀུན་ཁྱབ་པ་ཡིས༔ སྣང་སྲིད་དབང་འདུས་སྨིན་ཅིང་གྲོལ་བར་བསམ༔ སྙོམས་དུས་དཀོན་མཆོག་མཆོད་ཅིང་ཟུག་པའི་དུས༔ ཁྲིམས་ལྡན་དགེ་འདུན་ཚོགས་ལ་ཆོས་སྟོན་དྲང༔ འོད་ཀྱི་འདུ་འཕྲོ་ཕྱོགས་ཀུན་ཁྱབ་པའི་ཚེ༔ སྙོམས་པའི་དུས་སུ་རྒྱུད་བཀླག་འདི་ལྟར་བསྒོམ༔ རིན་འབྱུང་ཡབ་ཡུམ་གསེར་མདོག་མཆོད་སྦྱིན་ཕྱག༔ རིན་ཆེན་དང་ལྡན་ལྗགས་སྟེང་རིན་ཆེན་གྱི༔ དུང་འཁྱིལ་ཏྲཱཾ་མཚན་སེར་པོའི་འོད་འཕྲོ་བ༔ དེ་ཡི་ངང་ནས་རྒྱུད་ཚར་ལྔ་གསུམ་གཅིག༔ བཀླག་པའི་སྒྲ་དང་ཕྱི་ནང་འོད་ཟེར་ཀུན༔ ཕྱོགས་དུས་ཁྱབ་པས་འགྲོ་བ་མ་ལུས་པ༔ བསམ་དོན་ཆོས་བཞིན་གྲུབ་ནས་གྲོལ་བར་དམིགས༔ བྱེར་ཚེ་རླུང་བཟུང་འཁྲུགས་དུས་རྣལ་འབྱོར་མ༔ དམ་ལྡན་རིགས་བཟང་དགུ་འམ་བཅུ་གཅིག་ལ༔ དྲག་པོའི་ལྷ་བསྐྱེད་ཚོགས་དང་སྟོན་མོ་བྱ༔ གང་ཚེ་སད་དང་སེར་བ་བྱུང་བ་ན༔ ཟུག་པའི་དུས་ན་རྣལ་འབྱོར་རང་ཉིད་ནི༔ དོན་ཡོད་ཡབ་ཡུམ་ལྗང་གུ་སྐྱབས་སྦྱིན་ཕྱག༔ རྒྱ་གྲམ་བསྣམས་པའི་ལྗགས་སྟེང་ཨཱཿས་མཚན་པའི༔ རལ་གྲི་འོད་ལྗང་འཕྲོ་དམིགས་ངང་ཉིད་ལས༔ ཚར་བདུན་ཉེར་གཅིག་ལ་སོགས་རྒྱུད་བཀླག་པའི༔ སྒྲ་དང་འོད་ཀྱིས་ས་དང་བར་སྣང་གང༔ སད་སེར་བར་ཆད་ཞི་ནས་དོན་ཡོད་བསམ༔ སྙོམས་དུས་རོལ་མོ་ལ་སོགས་མཆོད་པས་མཆོད༔ བྱེར་དུས་རྣལ་འབྱོར་ལྔ་འམ་བཅོ་ལྔ་འབོད༔ དེ་བཞིན་འཁྲུགས་པའི་དུས་སུ་སྟོན་མོ་བྱ༔ མ་རུངས་དམག་སྡེ་འཁྲུགས་པ་གཡོས་པའི་ཚེ༔ རང་ཉིད་དཔའ་བོ་སྟོབས་ལྡན་ཧེ་རུ་ཀ༔ འཇིགས་པའི་གཟུགས་ལ་དུར་ཁྲོད་ཆས་དང་ལྡན༔ ལྗགས་ཀྱི་དབང་པོ་མཚོན་ཆ་ཕཊ་ཀྱིས་མཚན༔ དེ་ཡི་ངང་ལས་རྒྱུད་ཚར་ཉེར་གཅིག་སོགས༔ གང་འགྲུབ་བཀླག་པའི་སྒྲ་དང་འོད་ཟེར་ལས༔ མཚོན་ཆའི་འཁོར་ལོ་དཔག་ཏུ་མེད་འཕྲོས་པས༔ ཕ་རོལ་དགྲ་སྡེ་དམག་དཔུང་འཐོར་བར་བསམ༔ སྦྱོར་བ་འདི་ནི་འཇིགས་པ་བརྒྱད་ལའང་སྦྱོར༔ བར་ཆད་སེལ་བའི་མན་ ངག་སྡེབ་ཏུ་བསྟན༔ ཟུག་པའི་ཚེ་ན་རྒྱུད་བཀླག་ལ་སོགས་པ༔ གོང་དང་མཚུངས་ལ་ཁྱད་པར་འཁྲུགས་པའི་དུས༔ སྔགས་པ་མང་པོས་གཏོར་མ་གཏང་བར་བྱ༔ ཡུལ་ཁམས་རྣམས་སུ་རིམས་ནད་བྱུང་བའི་ཚེ༔ སྔར་ལྟར་དོན་ཡོད་གྲུབ་པ་བསྐྱེད་པ་ཡི༔ ལྗགས་ཉིད་ལྕགས་ཀྱུ་ཛཿཡིས་མཚན་དམིགས་ཤིང༔ དགུ་འམ་བཅུ་གཅིག་བཅུ་དགུ་རྒྱུད་བཀླག་པའི༔ འོད་དང་སྒྲ་ཡིས་ཕྱོགས་ཀུན་ཁྱབ་གྱུར་ཅིང༔ རིམས་ནད་ཞི་ཞིང་ཀུན་ཏུ་བདེ་བར་བསམ༔ འཁྲུགས་ཚེ་རྒྱུད་བཀླག་སྙོམས་དུས་མི་རྟོག་བསྒོམ༔ བྱེར་དུས་བྱིས་པ་དགུ་འམ་བཅོ་བརྒྱད་འབོད༔ ཟུག་པའི་དུས་ན་སྟོན་མོ་བྱ་བ་འོ༔ གང་ཚེ་ཉི་མ་ཟླ་བ་གཟས་ཟིན་ན༔ རྣལ་འབྱོར་རྣམ་སྣང་ཡབ་ཡུམ་བསྐྱེད་པ་ཡང༔ མཐིང་ག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ འཁོར་ལོ་འཛིན་པའི་ལྗགས་ཀྱི་སྟེང་དུ་ཡང༔ འཁོར་ལོ་དཀར་པོ་ཨཱོྃ་གྱིས་མཚན་པར་བསམ༔ དེ་ཡི་ངང་ལས་རྒྱུད་ཚར་དྲུག་དགུ་སོགས༔ གསལ་དག་ཀློག་པའི་སྒྲ་ཡིས་སྟོང་ཁམས་ཁྱབ༔ ཕྱི་ནང་ཡུལ་དང་ཡུལ་ཅན་མ་ལུས་པ༔ འོད་ཀྱིས་གང་འབྲེལ་འཁོར་བ་ལས་གྲོལ་དམིགས༔ དེ་ཡང་ཉིན་མཚན་ཉི་ཟླ་གང་ཟིན་པའི༔ བྱེར་དུས་རྒྱུད་ཀློག་སྙོམས་ཚེ་འཆི་སྲོག་འདོན༔ ཟུག་པའི་དུས་སུ་དུད་འགྲོའི་རིགས་རྣམས་ལ༔ སོ་སོར་ཁ་ཟས་མཐུན་པའི་བཟའ་བཏུང་བཀྱེ༔ འཁྲུགས་ཚེ་རྣལ་འབྱོར་ཆོས་ཉིད་དོན་བསྒོམ་བྱ༔ རྒྱལ་ཁམས་ཀུན་ཏུ་མུ་གེ་མཆེད་པའི་ཚེ༔ རྣལ་འབྱོར་ཀུན་བཟང་ཡབ་ཡུམ་མཐིང་གསལ་མདོག༔ མཉམ་པའི་ཕྱག་རྒྱས་ཡིད་བཞིན་ནོར་བུ་བསྣམས༔ ལྗགས་ཀྱི་འོད་ཟེར་ཟླ་ཕྱེད་རྡོ་རྗེས་མཚན༔ ཁ་ཊྭཱཾ་བསྣམས་པས་རྒྱུད་ཚར་གཉིས་གསུམ་ལྔ༔ བཀླག་པའི་སྒྲ་འོད་ཀུན་ཏུ་ཁྱབ་པ་ཡིས༔ འཚེ་བ་ཞི་ཞིང་ལོངས་སྤྱོད་ཕུན་ཚོགས་ནས༔ ཀུན་ཀྱང་མཐུན་པའི་ཆོས་ལ་སྤྱོད་པར་མོས༔ བྱེར་བའི་དུས་སུ་རྒྱུད་བཀླག་སྙོམས་པའི་དུས༔ དྲི་ཡི་མཆོད་པ་བྱ་དང་འཁྲུགས་པའི་ཚེ༔ མུ་སྟེགས་ཤན་པ་རང་རང་གནས་ནས་འབོད༔ ཟུག་པའི་དུས་ན་སྟོན་མོ་བཀྱེ་བར་བྱ༔ རི་ཀླུང་ཕྱུགས་ལ་ནད་ཡམས་བྱུང་བའི་ཚེ༔ གོང་ལྟར་ཀུན་བཟང་ཡབ་ཡུམ་བསྒོམ་པའམ༔ ལུང་ལྟར་ཀུན་ཏུ་བཟང་མོ་ཡབ་ལྟར་བསྒོམ༔ རྒྱུད་བཀླག་སྒྲ་འོད་ཟེར་གྱིས་འགྲོ་བ་རྣམས༔ གནོད་འཚེ་ཞི་ནས་བདེ་དང་ལྡན་པར་བསམ༔ དེ་ཡང་ཟུག་དུས་བརྒྱད་དམ་བཅུ་དྲུག་བརྗོད༔ བྱེར་བའི་དུས་ན་མར་གྱི་སྣང་གསལ་འབུལ༔ སྙོམས་དུས་བླ་མ་དགྲ་བཅོམ་སྤྱན་དྲངས་ལ༔ འཁྲུགས་པའི་དུས་སུ་བསྙེན་བཀུར་བརྩོན་པར་བྱ༔ དེ་ལྟར་བཀླག་པའི་རིམ་པ་ནམ་དུ་ཡང༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བྱ༔ མཚན་མ་སྟེང་འོག་ཕྱོགས་མཚམས་གར་བྱུང་བའི༔ དེ་ཡི་ཕྱོགས་སུ་ཁ་བལྟས་རྒྱུད་བཀླག་ཅིང༔ འཕྲོ་འདུའི་ཏིང་འཛིན་ཕྱོགས་ཀྱི་ལྷ་དང་བསྟུན༔ སྒྲ་འོད་ལ་སོགས་ཕྱི་ཡི་མཚན་མ་དང༔ རང་ཉིད་ལྷར་གསལ་ལྗགས་ཀྱི་འོད་ཟེར་དང༔ རྒྱུད་གསུངས་སྒྲ་རྣམས་དབྱེར་མེད་འདྲེས་ནས་ནི༔ མཐོང་ཐོས་དྲན་འབྲེལ་གནས་སྐབས་མཐར་ཐུག་ཏུ༔ དོན་འབྲས་འགྲུབ་ཅིང་སངས་རྒྱས་ཐོབ་པར་དམིགས༔ ཞེས་གསུངས་པ་ལྟར་རོ། ༈ །དྲུག་པ་འདའ་ཀ་མའི་བྱ་བ་ལ། ཐོག་མར་ཇི་ལྟར་བྱ་བའི་ཚུལ་ནི། གཞུང་ལས། འབྱུང་བའི་འདུ་ཚུལ་རིམ་གྱིས་རྫོགས་ནས་ནི༔ ཡ་རབས་གོང་མ་ཉམས་ལེན་ལྡན་པ་དེ༔ ལུས་ཚུགས་དྲང་པོར་བསྲངས་ནས་གཏོར་མཆོད་བཤམ༔ བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་ཤིང༔ མདུན་གྱི་མཁའ་ལ་སྤྲིན་ལྟར་འཁྲིགས་དམིགས་ལ༔ མདུན་གྲོགས་སློབ་མ་དམ་ཚིག་ལྡན་གཅིག་གིས༔ མདུན་དུ་ལངས་ཏེ་དལ་གྱིས་བསྟན་རྒྱུད་བསྒྲག༔ ཚར་གྲངས་དབུགས་དང་སྤྲད་པ་གནད་ཡིན་ཞིང༔ དེ་འོག་ཉམས་ལེན་འབྲིང་པོའི་གང་ཟག་ནི༔ གཞོག་གཡས་ཕབ་ལ་གསོལ་འདེབས་འཕོ་བ་གདབ༔ ཁོ་ཡི་གཡས་ཕྱོགས་མཐུན་གྲོགས་བླ་མ་ཡིས༔ སྙན་པའི་ཚུལ་གྱིས་རྒྱུད་བཀླག་གསོལ་འདེབས་བྱ༔ ཐ་མལ་སྐྱེ་བོ་ལ་སོགས་འཆི་བའི་ཚེ༔ གང་ཞིག་སྣང་བ་མཐུན་པའི་མི་དག་གིས༔ ལག་པ་གཡས་པས་སྤྱི་བོའི་སྐྲ་ནས་འཐེན༔ གཡོན་པས་གླེགས་བམ་བཟུང་སྟེ་ཚར་གཅིག་བཀླག༔ བདེ་གཤེགས་མཚན་བསྒྲག་ཞིང་གི་སྨོན་ལམ་གདབ༔ དེ་ལྟར་ཀློག་ཚུལ་རྣམས་ཀྱང་ཐོགས་རྡུགས་མེད༔ སྙན་དག་སྒྲ་ཟུར་མ་ཉམས་ཤིན་ཏུ་གཅེས༔ དེས་ནི་གང་ཟག་རབ་འབྲིང་ཐ་རིམ་བཞིན༔ གྲོལ་བར་འགྱུར་ལ་ཐ་མའང་ངན་སོང་མེད༔ དེ་ལྟར་ལུས་གནད་ལ་སོགས་མ་འགྲུབ་ཀྱང༔ གང་ཡང་འགྲོ་བ་འཆི་ཁར་བབས་པའི་ཚེ༔ བསྟན་རྒྱུད་ཚར་གཅིག་ཐོས་པར་གང་གྱུར་པ༔ ངན་འགྲོའི་སྒོ་ཁེགས་ཐར་ལམ་ཡོན་ཏན་ཐོབ༔ དེ་ཕྱིར་སེམས་བསྐྱེད་ལྡན་པས་ནན་ཏན་བྱ༔ ཞེས་གསུངས་པ་ལྟར་བཏགས་པ་ཙམ་གྱིས་ཆོག་པར་མི་འཛིན་པར་ཐོས་ངེས་པར་བཀླག་པ་གལ་ཆེ། བཏགས་གྲོལ་དུས་རྒྱུན་འཆང་བ་ཡིན་ན་ཡིག་འབྲུ་སོགས་དྲོད་ཀྱིས་ཆུད་ཟོས་སུ་འགྱུར་སྲིད་པས་སྔར་ཡུན་གྱི་བཙས་སུ་བཞག་པ་དེའང་བླངས་ལ་གདགས། རྒྱུན་བཏགས་མེད་ན་གསར་དུ་བཏགས་ལ་གཉིས་ཀའང་དར་རས་ཀྱི་སྐུད་པ་ལ་སོགས་པས་བཅིངས་ནས་དབུ་ཞབས་མ་ལོག་པར་དབུགས་ཡོད་ངེས་པའི་ཚེ་སྐྱེས་པའི་མཆན་ཁུང་གཡོན་དང་བུད་མེད་ཀྱི་གཡས་པ་ལྟ་བུའམ། གང་ལའང་མགུལ་ལམ་སྤྱི་བོར་བཏགས་ཀྱང་ཆོག །དབུགས་ལ་སླེབ་ངེས་མ་བྱས་ན་ཕན་པ་མེད་པས་དབུགས་ལ་སླེབ་ངེས་པར་བྱ། འཆི་བའི་སེམས་སྐད་ཅིག་མས་ཡར་མར་གང་ལའང་འཕེན་ཤུགས་ཀྱི་སྟོབས་ཤིན་ཏུ་ཆེ་བའི་ཕྱིར་མཚམས་སྦྱོར་བཟང་པོ་གནད་ཤིན་ཏུ་ཆེ་བས། གནད་གཅོད་ཆུང་། འདུན་སྟངས་བཟང་ན་བཏགས་གྲོལ་གྱི་ཕན་ཡོན་བཤད་ལ་སྤྲོ་བ་བསྐྱེད། འདུན་སྟངས་ཞན་པ་ལའང་དལ་བུས་བློ་བྲིད་ལ་དགེ་བློའི་བསྐུལ་མ་གདབ་ཅིང་དད་མོས་བསྐྱེད་དུ་གཞུག་ལ་གདགས། མཆོག་དམན་གང་ཡང་དབུགས་ཆད་ནས་བེམ་རིག་བྲལ་ངེས་པའི་རྟགས་མ་བྱུང་བར་དུ་མི་བསྒུལ་བ་ལེགས་ཤིང་ཐ་ནའང་དྲོད་ཡལ་ཡལ་བར་དུ་མི་རེག །ཁྱད་པར་ཉམས་ལེན་འཕྲོ་ཅན་གྱི་གདུང་ནི་ཉིན་ཞག་ཕྲུགས་གཅིག་གི་བར་གཏན་ནས་བསྐུལ་བསྐྱོད་མི་བྱ་བར་རང་ལུགས་སུ་ཇི་ལྟར་གནས་པ་དེ་གར་བཞག་ནས་ཉམས་མྱོང་ཡོད་པས་ངོ་སྤྲོད་གསལ་འདེབས་བྱེད་པ་ལེགས་ཀྱི། ཆོས་བརྒྱད་ངོམ་པའི་ཕྱིར་ཐུགས་དམ་བཅོས་པ་སོགས་ ལ་སྙིང་པོ་མེད། བསྲེག་ནའང་ཞག་བདུན་ནམ་ལྔའམ་གསུམ་ལས་སྔ་བར་བསྲེག་མི་རུང་། བསྲེག་པའི་རིགས་ལ་བཏགས་གྲོལ་ཉིད་ཚར་གསུམ་བཀླག་པར་གསུངས་ཀྱང་མ་འགྲུབ་ན་ཚར་གཅིག་ངེས་པར་བཀླག །རོལ་མོ་བསྒྲག་ཅིང་དཀྲིས་ཕུད་ལ་གླེགས་བམ་རིགས་ཞལ་ནང་བསྟན་གྱིས་སྙིང་གར་བུར་སྦྲང་མར་སོགས་ཀྱི་ལྡེ་གུས་སྦྱར་བར་གསུངས་པ་ལྟར་རམ་དཀྲིས་ཀྱིས་ལྷན་ཅིག་བསྡམ། ཤོག་དྲིལ་ཡིན་ན་ཚར་གཅིག་བཀླགས་ཏེ་མགོ་ལ་དཀྲི། འཁོར་ལོ་གླེགས་བམ་དང་མཚུངས། དགོངས་འདུས་དཀར་པོ་གཅིག་ཐུབ་ནི་རང་གཞུང་ལྟར་ལེའུ་དང་པོ་སྤྱི་གཙུག །གཉིས་པ་ཕྲག་པ་གཡས། གསུམ་པ་གཡོན། བཞི་པ་མགྲིན་པ། ལྔ་པ་རྩིབ་ལོགས་གཡས། བདུན་པ་གཡོན། དྲུག་པ་སྙིང་གར་ཞལ་ནང་བསྟན་རྒྱུད་ཀྱི་ལེའུ་རེ་རེ་བཞིན་བཀླགས་ཤིང་རོལ་མོ་བསྒྲག་པ་དང་ལྷན་ཅིག་སྦྱར། གང་ཟག་མཆོག་གི་གདུང་རྒྱུན་བཞག་ལའང་དེ་ལྟར་བྱས་ན་ཉེས་པ་མེད་པའི་སྟེང་འབྲེལ་གྲོལ་གྱི་ཕན་ཡོན་འབྱུང་བར་ངེས་ཤིང་། དུར་དུ་སྦེད་དགོས་པ་གཞན་དང་རི་ལ་སྐྱེལ་བའི་རིགས་ལ་དུར་ཐོག་ཏུ་སླེབ་ནས་རོ་གན་རྐྱལ་དུ་བཞག་པའི་སྙིང་གར་ཞུན་མེས་བསྲེག །དེའི་ཚེ་བཏགས་གྲོལ་ངེས་པར་བཀླག་དགོས་པས་རྒྱུད་སོགས་འདོན་ནས་བསྲེག །ཅིས་ཀྱང་མི་འགྲུབ་ན་བཏགས་གྲོལ་གྱི་སྔགས་སྤྱི་དང་། བྱེ་བྲག་བོ་དྷི་ཙིཏྟ། འབྲུ་དྲུག །ཡིག་བརྒྱ། དབྱངས་གསལ། རྟེན་སྙིང་རྣམས་བཟླ་བཞིན་དུ་བསྲེག་པའི་ཐལ་བ་ཞུན་མར་དང་སྦྱར་ཏེ་སྤྱི་བོ་སོགས་གནས་ལྔར་བྱུག །ཐོད་པ་སོགས་གནས་ལྔའི་རུས་ཐལ་དུང་ངམ་དངུལ་དང་བསྲེས་ཏེ་བཏགས་གྲོལ་རྒྱུད་བྲིས་པ་དབེན་པའི་གནས་སུ་བཞག་ན་བསྐལ་པ་གྲངས་མེད་པའི་སྒྲིབ་པ་བྱང་ཞིང་སངས་རྒྱས་ཐོབ་པར་གསུངས་པས་བསྲེག་གཏོར་གཉིས་ཀར་འགྲུབ་ན་གལ་ཆེ་བར་སྣང་ངོ་། ༈ །བདུན་པ་གྲོལ་ཚད་ཀྱི་རྟགས་དང་མཚན་མ་འབྱུང་ཚུལ་ནི་རྒྱུད་གཞུང་ལས་རྒྱས་པར་གསུངས་ཀྱང་འདིར་ཉེ་བར་མི་མཁོ་བས་མ་བྲིས་ལ། འབྱུང་བར་ཐེ་ཚོམ་ནི་མི་སྣང་སྟེ། ཉམས་ལེན་ཡོད་པ་དང་ལས་འཕྲོ་ཅན་འགའ་ལ་བཏགས་གྲོལ་གྱིས་གདུང་རིགས་དང་། འཇའ་འོད་མཚན་མ་བྱུང་བ་མང་དུ་མཐོང་བའི་ཕྱིར་རོ། ༈ །བརྒྱད་པ་དམ་ཚིག་ནི། གཞུང་ལས། བཏགས་གྲོལ་ཡིག་འབྲུ་ཆད་ལྷག་མ་ཤོར་དང༔ ལྟེབ་དྲིལ་འཆང་དུས་དབུ་ཞབས་མ་ལོག་ཅིང༔ ཡིག་འབྲུ་མ་ཉམས་རླན་གྱིས་མ་གོས་བྱ༔ བྲིས་ནས་ཡུན་དུ་མ་འགྱང་རབ་གནས་ཤིང༔ རབ་གནས་བྱས་ནས་གཞན་ལག་མི་བརྒྱུད་དང༔ རྗེན་པ་མ་ཡིན་ས་ལ་མི་བཞག་གཅེས༔ འཆི་བའི་དུས་སུ་དབུགས་ལ་སླེབ་དགོས་པས༔ དབང་བསྐུར་གྲུབ་ནས་ལུས་ལ་མ་བྲལ་འཆང༔ གཞན་ལ་མི་བསྟན་ཡོད་ཅེས་བསྒྲག་མི་བྱ༔ ཤིན་ཏུ་གསང་བ་དམ་ཚིག་མཐར་ཐུག་ཡིན༔ བཏགས་གྲོལ་ལུས་ལ་ཡོད་པའི་མི་དེས་ཀྱང༔ དགེ་བ་གང་བྱས་ཁྲི་རུ་འཕེལ་བར་འགྱུར༔ དེ་བཞིན་སྡིག་པ་གང་བྱས་འབུམ་དུ་འགྱུར༔ དེ་ཕྱིར་མི་དགེ་སྤངས་ཤིང་དགེ་ལ་འབད༔ གར་འཆི་མི་ཤེས་ནམ་ཡང་འབྲལ་མི་བྱ༔ ཞེས་དང་། བཏགས་གྲོལ་ལུས་གནས་ཕལ་ལ་ཕྱག་མི་བྱ༔ གཞན་ལ་འཆང་མཐོང་དེ་ལ་གུས་ཕྱག་འཚལ༔ འདི་ལྡན་རོ་དེ་རྒྱལ་བའི་གདུང་ཡིན་པས༔ བསྐྱལ་ལམ་སྦེད་དམ་བཞུ་བ་གང་བྱེད་དེར༔ བརྙས་པར་མི་བྱ་བཀུར་སྟིའི་ཚུལ་གྱིས་སོ༔ ཞེས་དང་། གང་ཞིག་འདོད་གདུང་ཅན་གྱིས་འདི་དག་གི༔ གཤིན་རོ་བཏགས་གྲོལ་ཕྲལ་ནས་བཅངས་གྱུར་ན༔ མི་དེ་བསྐལ་པ་ཐེར་འབུམ་ཐར་ལམ་ཆད༔ ལོག་ལམ་ཞུགས་ནས་དུཿཁ་མྱོང་ཞེས་གསུངས༔ དེ་ཕྱིར་ཚེ་འདས་བཏགས་གྲོལ་རང་རྫོགས་པ༔ ཉིད་དུས་བཞུ་བར་བྱེད་པ་དམ་ཚིག་ཡིན༔ གཞན་ཡང་སྤྱི་དང་བྱེ་བྲག་ཁྱད་པར་གྱི༔ གསང་སྔགས་དམ་ཚིག་རྣམས་དང་མ་འགལ་བར༔ ལུས་ངག་ཡིད་གསུམ་ཚུལ་དང་ལྡན་པར་བྱ༔ དེ་ལྟར་གང་ལྡན་ཚེ་གཅིག་འཚང་རྒྱ་འོ༔ ཞེས་གསུངས་པ་ལྟར་དང༔ བཏགས་གྲོལ་བཏགས་ཡོད་པ་རྒྱུས་ཡོད་ཀྱིས་ཤེས་ནའང་རང་གིས་ཡོད་མི་སྨྲ་བ་ཤིན་ཏུ་གལ་ཆེ་བར་གསུངས་སོ། ཁྱད་པར་བཏགས་པས་གྲོལ་བར་ངེས་ཤེས་བསྐྱེད་པ་ལས་ཐེ་ཚོམ་སྐད་ཅིག་ཀྱང་མི་སྐྱེ་བ་དམ་ཚིག་གི་སྙིང་པོ་ཡིན་ཏེ། དུས་གནད་ལས། སྒྲིབ་བྱེད་ཉིད་དང་མ་བྲལ་བས༔ འདི་ལ་ཐེ་ཚོམ་སྐྱེ་བར་འགྱུར༔ དེས་ན་འདི་ཉིད་རྣམ་སྤངས་པས༔ འབྲས་བུ་གཏན་ནས་བརླགས་པ་ཡིན༔ ཞེས་གསུངས་ཏེ། བློ་ཆུང་དང་ལོག་ལྟ་ཅན་གསང་སྔགས་བླ་མེད་སྤྱིའི་སྣོད་མ་ཡིན་པས་དེ་འདྲའི་རིགས་ལ་སྤེལ་ན་ལོག་ལྟ་དང་ཐེ་ཚོམ་དབང་གིས་ཕན་མི་ཐོགས་པའི་སྟེང་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བས་གསང་བར་གདམས་ཏེ། ཆོས་དྲེད་ལྟ་ལོག་ཅན་དང་མུ་སྟེགས་རིགས༔ བློ་ཆུང་རྒྱང་འཕེན་པ་ཡི་རིགས་རྣམས་ལ༔ རླུང་གི་ཕྱོགས་ཙམ་མི་བསྒྲག་བཀའ་རྒྱས་གདབ༔ ཅེས་སོ། །འོ་ན་དུད་འགྲོ་ལའང་བཏགས་པས་གྲོལ་བར་བཤད་པ་ཅི་ཡིན་ཞེ་ན། དེ་ལ་ཐེ་ཚོམ་དང་ལོག་ལྟའི་འདུ་ཤེས་མེད་པས་སོ། ༈ །དགུ་པ་ཕན་ཡོན་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གསུང་གི་སྤྲུལ་པ་ཉིད་ལ་ཡང༔ སྟོན་པའི་ཁ་དོག་གིས་བྲིས་ཤིང༔ མཆན་ཁུང་གཡོན་དུ་བཏགས་བྱས་ནས༔ དུས་གསུམ་ཀློག་དང་འཛིན་བྱས་ན༔ གདོན་མི་ཟ་བར་འཚང་རྒྱ་ངེས༔ རྒྱུད་འདི་མང་དུ་བཏགས་བཀླགས་ན༔ དེས་ཀྱང་གོང་མ་བཞིན་དུ་འགྱུར༔ ཞེས་སོགས་དང་། རྒྱུད་གཞན་རྣམས་ལས། ཨེ་མ་འདི་ནི་ཁྱད་པར་འཕགས༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ༔ དབང་པོ་རྣམ་ལྔ་འོན་གྱུར་ཀྱང༔ རྒན་གཞོན་ཕོ་མོ་དགེ་སྡིག་མེད༔ བག་ཆགས་བཟང་ངན་མེད་པས་ན༔ འདི་ཉིད་བཅངས་པས་སངས་རྒྱ་འོ༔ ཐ་མ་དབུགས་ལ་སླེབ་ཀྱང་གྲོལ༔ སངས་རྒྱས་གདུང་འཛིན་སྲས་གཅིག་ཡིན༔ ཞེས་སོགས་དང་། དུས་གནད་ངེས་པ་ལས། འདི་ནི་བཅངས་པ་ཙམ་གྱིས་ཀྱང༔ སངས་རྒྱས་ཉིད་དུ་འགྱུར་བ་ལ༔ ཐེ་ཚོམ་ཟ་བ་ཅི་ཞིག་དགོས༔ གལ་ཏེ་བྱོལ་སོང་མགུལ་དུ་འདི༔ བཏགས་ན་དེ་ཉིད་གྲོལ་བས་ན༔ འགྲོ་བ་མི་རྣམས་སྨྲོས་ཅི་དགོས༔ ཨེ་མ་རང་བྱུང་ཡི་གེ་འདིས༔ སེམས་ཅན་གཞན་གྱི་དོན་བྱེད་ན༔ ཚེ་འདས་དེ་ཡི་སྤྱི་བོ་འམ༔ མགུལ་དུ་འདི་བཏགས་བསྲེགས་ན་ནི༔ དེ་ཉིད་གྲོལ་བ་སྨྲོས་ཅི་དགོས༔ མཚམས་མེད་ལྔ་པོ་སྤྱད་པ་ཡང༔ ཉན་ཐོས་རྣམས་དང་སྐལ་པ་མཉམ༔ ལུང་དུ་མ་བསྟན་སྐྱེ་བོ་རྣམས༔ བྱང་ཆུབ་སེམས་དཔའི་ས་དང་མཉམ༔ ཡིད་དཔྱོད་འཛིན་པའི་གྲུབ་མཐའ་ཡང༔ རྡོ་རྗེ་འཆང་ དང་མཉམ་པར་ངེས༔ ཞེས་དང་། བཏགས་གྲོལ་གྱི་གླེགས་བམ་ཕལ་ཆེར་ཚིག་མཐུན་པར། དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང༔ འདི་འཕྲད་ངན་སོང་ལྷུང་མི་སྲིད༔ ཆོས་མ་བྱས་ཀྱང་སངས་རྒྱ་བས༔ དེ་ཕྱིར་བཏགས་གྲོལ་ཞེས་བྱ་འོ༔ བྲིས་པས་མཐོང་ཚད་སངས་རྒྱ་འོ༔ བཀླགས་པས་ཐོས་ཚད་སངས་རྒྱ་འོ༔ བཅངས་པས་རེག་ཚད་སངས་རྒྱ་འོ༔ ཞེས་ཡང་ཡང་གསུངས་པ་དང་། སྲས་རྒྱུད་ཀྱི་ལེའུ་དང་པོ་ལས་ཤིན་ཏུ་རྒྱ་ཆེར་གསུངས་པས་མཚོན་ཆེ་བའི་ཡོན་ཏན་དྲང་དོན་ཙམ་མ་ཡིན་པར་ངེས་དོན་རང་བྱུང་རྡོ་རྗེའི་ཚིག་རྒྱ་ཆེར་འབྱུང་བ་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་རྩེ་གཅིག་པས་འབྲི་བ་དང་། དུས་དང་རྒྱུན་དུ་ཀློག་པ་དང་། གཞན་ལ་བསྐུལ་བ་དང་། དམན་པ་ལོང་སྤྲང་དང་དུད་འགྲོ་སོགས་ལ་འཆི་ཁར་གདགས་ཤིང་རྣ་ལམ་དུ་སྒྲོག་པ་ལ་བརྩོན་པ་ཆེ་ཐང་དུ་བྱས་ན། འགྲོ་དོན་རླབས་སུ་ཆེ་བས་ཕན་ཡོན་ཚད་མེད་ཐོབ་ངེས་པ་ནི་ཀུན་བཟང་རྡོ་རྗེ་འཆང་གི་གསུང་ལ་བསླུ་བ་མི་སྲིད་པས་སོ། ༈ །བཅུ་པ་འདི་ལ་བརྟེན་ནས་ལས་བྱེ་བྲག་པ་སྒྲུབ་པའི་ཚུལ་རྣམས་ནི་བི་མ་ལའི་སྙིང་ཐིག་གཙོར་གྱུར་སྙིང་ཐིག་གི་རྒྱུད་གཞུང་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །སྐལ་དམན་བློ་ངན་མུན་པ་སྟུག་དྲགས་ཀྱང་། །རྒྱལ་བའི་ཐུགས་རྗེའི་ཉི་མར་ཕྱོགས་ལྷུང་མེད། །འོན་ཀྱང་བྱང་བལྟས་ཕུག་པར་མི་འཛའ་བས། །སངས་རྒྱས་ཕྲིན་ལས་བློ་རུ་ཤོང་འཚལ་ལོ། །འབྲེལ་གྲོལ་བསྟན་པ་འདི་ཉིད་བབས་པའི་སྣོད། །ཕྱོགས་དང་རིས་མེད་འགྲོ་བ་ཀུན་གྱུར་ནས། །སྲིད་པ་རུ་ལྡོག་འཁོར་བ་གཏིང་ནས་སྤྲུགས། །གདོད་མའི་རྒྱལ་སར་ཕྱམ་གཅིག་གྲོལ་བར་ཤོག །ཅེས་པ་རང་གཞན་ལ་ཉེ་བར་མཁོ་ཞིང་སྐལ་བཟང་དོན་གཉེར་ཅན་ལ་ཕན་འདོད་ཀྱི་བློས། བླ་མ་དགོངས་འདུས་ཀྱི་སྤྱི་དོན་བཅུ་པ་ཉིད་ཁུངས་སུ་སྦྱར་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).