Terdzo-NI-004



Property "author" has been marked for restricted use.








Terdzo-NI-004.pdf
Click the picture above to view the Shechen manuscript.

བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་

bar do'i chos bshad thos pas rnam grol

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ (Bar do'i chos bshad thos pas rnam grol)
Volume 42 (ནི) / Pages 17-35 / Folios 1a1 to 10a4

Tibetan Text

༄༅། །བར་དོའི་ཆོས་བཤད་ཐོས་པས་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཐུགས་རྗེ་ཉི་མའི་སྣང་བས་ངན་འགྲོ་ཡི། །འཇིགས་མུན་བསལ་ནས་ཐར་པའི་ལམ་ཆེན་དུ། །འགྲོ་བ་འདྲེན་མཛད་དེ་ལ་གུས་བཏུད་ནས། །བར་དོའི་ཆོས་བཤད་མདོ་ཙམ་འདིར་གསལ་བྱ། །དེ་ཡང་འགྲོ་བ་འཆི་བདག་གི་ཞགས་པས་བཟུང་བ་དག །ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཆོ་ག་དཀྱིལ་འཁོར་གང་ལ་བརྟེན་ནས་སྒྲུབ་ཀྱང་རུང་སྟེ། དེ་དང་རྗེས་སུ་འབྲེལ་བར་བར་དོའི་ཆོས་བཤད་བྱ་བར་སྤྲོ་ན། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་དམིགས་ཡུལ་གྱིས་གཙོ་བྱས་བར་སྲིད་པའི་འགྲོ་བ་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་བསམ་པས་ཚིག་གི་བརྗོད་པ་དལ་ཞིང་སྐབས་ཕྱེད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །རིགས་ཀྱི་བུ་ཚེ་ལས་འདས་པ་ཆེ་གེ་མོ། ཞེས་བྱ་བ་ཁྱོད་མ་ཡེངས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །དེ་ཡང་སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་ཅིང་འགྱུར་བའི་ཆོས་ཉིད་ཅན་ཡིན་པ་དང་། ཁྱད་པར་སྐྱེས་བུའི་ཚེ་ནི་སྐད་ཅིག་གིས་ཀྱང་མི་རྟག་པར་གསུངས་པའི་ཆོས་ཉིད་དེ་ཁྱོད་ཀྱི་ཐོག་ཏུ་བབས་པས་ཚེའི་དུས་བྱས་ཏེ་ད་ལྟ་བར་དོ་ན་གནས་པའི་སྐབས་སུ་གདའ། དེ་ལ་གདམས་པ་ཟབ་མོའི་གནད་བཟུང་སྟེ་ཆོ་ག་ངོ་སྤྲོད་མ་ཚར་གྱི་བར་དུ་རིག་པའི་རང་སོ་ཟུངས། མིང་བྱང་དྲི་མ་དང་བཅས་པ་འདི་ལ་རྟེན་བྱས་ནས་བག་ཕོབ་ཅིག །དེ་ལ་བར་དོ་ལ་བར་དོར་ངོ་ཤེས་པ་དང་། དེ་ཉིད་ཡང་དག་པའི་ལམ་དུ་འདུན་པ་བསྒྱུར་བ་གལ་ཆེ། དེ་ལ་བར་དོའི་རྣམ་གཞག་སྤྱིར་བསྟན་པ་དང་། སྐབས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་བར་དོའི་རྣམ་གཞག་སྤྱིར་བསྟན་པ་ལའང་། བར་དོའི་ངོ་བོ། སྒྲ་དོན། དབྱེ་བ། སོ་སོའི་ལམ་ཁྱེར་དང་བཞི་ལས། དང་པོ་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ཏེ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་འཆར་གཞིའི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོ་འོ། །གཉིས་པ་སྒྲ་དོན་ནི། སྔ་མ་དང་ཕྱི་མ་དག་གི་བར་གྱི་ཆ་ལས་བཏགས་པ་སྟེ་བར་དོ་དང་པོ་གཉིས་ཀྱི་དབང་དུ་བྱས་ན་སྔ་མས་འཕངས་ཤིང་ཕྱི་མ་མ་གྲུབ་པའི་ཆ་ལས་བར་མ་དོ་དང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་ན། མཛོད་ལས། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བ་འོ། །བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ། ཞེས་ཏེ། འདི་ནས་ཤི་སྟེ་ཕ་རོལ་སྐྱེ་སྲིད་དུ་མ་གྲུབ་པ་དེ་སྲིད་ལ་བར་དོ་ཞེས་བྱའོ། །གསུམ་པ་དབྱེ་བ་ནི། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངས་པས། སྐྱེ་ཤིའམ་རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པ་བར་དོ་དང་བཞིའོ། །དང་པོ་སྐྱེ་ཤིའམ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི། ནང་དབུགས་ཆད་པ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པ་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །བཞི་པ་སོ་སོའི་ལམ་ཁྱེར་ནི། དཔེ་དོན་གཉིས་ཀྱིས་སྟོན་པ་སྟེ། དཔེ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ། དོན་བླ་མ་དམ་པ་ལ་བསྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་སྒོམ་པས་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་པར་བྱ་བའོ། །དེ་བཞིན་དུ་འཆི་ཀའི་བར་དོ་ལ་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་ལྟ་བ་ལྟ་བུ་ནི་སྔར་གོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པའོ། །ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཆུད་པའོ། །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི་འཁྲུལ་སྣང་འཇིགས་སྐྲགས་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་འདིར་འཆད་པར་འགྱུར་བའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །དེ་དག་ཀྱང་དབང་པོའི་རིམ་པས་གྲོལ་ཚད་མུ་གསུམ་དུ་འགྱུར་བར་གསུངས་སོ། །གཉིས་པ་སྐབས་དོན་བྱེ་བྲག་ཏུ་བཤད་པ་༼ཀ་ལས།༽ནི། བར་དོ་ཕྱི་མ་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། དང་པོ་འཆི་ཁའི་བར་དོ་ནི། དེ་ལ་ཁྱེད་འཆི་འཕོ་བའི་ཚེ་ལུས་ཀྱི་ཆུ་མེ་རླུང་གསུམ་འཁྲུགས་པས་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཚེ་སྲོག་གཅོད་པ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་ཡུལ་དང་བཅས་པ་རྣམས་རིམ་བཞིན་ཐིམ་པར་གྱུར་ཀྱང་། རྟེན་ཐིམ་ན་བརྟེན་པ་ངེས་པར་ཐིམ་པས་གཙོ་ཆེ་བའི་དབང་དུ་བྱས་ནས་ས་ཁམས་ཐིམ་པར་གསུངས་ཏེ། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་གཟུང་བ་འདི་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །ཞེས་གསུངས་པས། དེ་ཡང་ས་ཆུ་ལ་ཐིམ་པས་ལུས་ཀྱི་སྟོབས་ཉམས། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་རླུང་རགས་པའི་རྒྱུ་བ་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་རླུང་སེམས་ཀྱི་འགྲོ་འོང་ཐམས་ཅད་འགགས། ནམ་མཁའ་འོད་གསལ་ལ་ཐིམ་པས་སྒོ་ལྔའི་རྣམ་ཤེས་རྟོག་པ་དང་བཅས་པ་ཐམས་ཅད་དབྱིངས་སུ་ནུབ་པར་འགྱུར་ཏེ། དེ་ཡང་རོ་རྐྱང་གི་དྭངས་མ་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། ཡར་སྣའི་དྭངས་མ་དཀར་པོ་ཐུར་དུ་བབས་ནས་སྙིང་ཁར་བྱོན་པས་སྣང་བ་ཐམས་ཅད་ཟླ་བ་ཤར་བ་ལྟར་དཀར་ལམ་པ་འབྱུང་། ཤེས་པའི་རང་མདངས་གསལ་བར་སྣང་བས་སྣང་བའི་ཉམས་ཞེས་བྱ། འདོད་ཆགས་དང་བྲལ་བ་སོགས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་དང་གཟུང་རྟོག་རགས་པ་འགགས། སྟོང་པའི་འོད་གསལ་ཞེས་བྱ་བའི་སྐད་ཅིག་དང་པོའོ། །མར་སྣའི་དྭངས་མ་དམར་པོ་གྱེན་དུ་བྱོན་པས་སྣང་བ་ཐམས་ཅད་ཉི་མ་ཤར་བ་ལྟར་དམར་ལམ་པ་འབྱུང་། སེམས་ཤིན་ཏུ་གསལ་བར་སྣང་བས་སྣང་བ་མཆེད་པའི་ཉམས་ཞེས་བྱ། ཆགས་པ་ལ་སོགས་པ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་དང་འཛིན་རྟོག་རགས་པ་འགགས། ཤིན་ཏུ་སྟོང་པའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གཉིས་པའོ། །དྭངས་མ་དཀར་དམར་སྙིང་གར་ཕྲད་པས་སྲོག་རྩའི་རླུང་འགགས་ཏེ་སྣང་བ་ཐམས་ཅད་མུན་ནག་འཐིབས་པ་ལྟ་བུའི་ནག་ལམ་པ་འབྱུང་། སེམས་འགག་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཉམས་ཞེས་བྱ། མི་གསལ་བ་ལ་སོགས་པ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་དང་ཤིན་ཏུ་ཕྲ་བའི་རྟོག་པའང་འགགས། སྟོང་པ་ཆེན་པོའི་འོད་གསལ་ཞེས་བྱ་བ་སྐད་ཅིག་གསུམ་པའོ། །དེ་ནས་སྙིང་གའི་ཨ་ཧཾ་རྫོགས་པར་ཐིམ་པས་སྣང་བ་ཐམས་ཅད་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་འོད་གསལ་མཐའ་དབུས་མེད་པར་འཆར། སེམས་དྲི་མ་དང་བྲལ་བ་ཉེ་བར་ཐོབ་པའི་ཉམས་ཞེས་བྱ། སྣང་བ་གསུམ་ཀ་འགགས། ཐམས་ཅད་སྟོང་པ་འོད་གསལ་གྱི་ཉམས་ཞེས་བྱ་བ་སྐད་ཅིག་བཞི་པའོ། །དེའི་ཚེ་སེམས་ཅན་རྣམས་ལ་གདོད་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཀ་དག་ཆོས་ཀྱི་སྐུ་སྟེ་ཀ་དག་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སྟེང་དུ། སྔོན་བླ་མ་དམ་པས་བསྟན་པ་ལྟར་རང་གིས་གོམས་པར་བྱས་ཤིང་འོད་གསལ་དེ་ཉིད་མངོན་དུ་གྱུར་པས་འདིར་མ་བུ་འཕྲོད་དེ་ཟབ་མོའི་གནད་ཀྱི་འོད་གསལ་རྣམ་པར་མི་རྟོག་པ་དེ་ཉིད་ཀྱི་ངང་ལ་བཞག་པས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་སྟེ། ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པའོ། །དེ་དག་འཆར་བའི་རིམ་པ་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་བརྟེན་པར་བཅས་པའི་འོད་གསལ་རྣམས་སྣང་མཆེད་ཐོབ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་འོད་གསལ་དུ་ཞུགས་ལ། ཉེར་ཐོབ་ཀུན་གཞི་ཡང་ཟུང་འཇུག་འོད་གསལ་ཆེན་པོའི་དབྱིངས་སུ་ཞུགས་ཏེ། དབྱིངས་རིག་དབྱེར་མེད་ཆོས་སྐུ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་གྱུར་པ་ཡིན་ལ། འོད་གསལ་དེ་ཉིད་འཆི་དུས་ཐམས་ཅད་ལ་འཆར་ཡང་སྔར་གོམས་པའི་གདམས་ངག་མེད་པ་རྣམས་ལ་སྐད་ཅིག་མ་རེ་ལས་མི་འཆར་བས་ངོས་མི་ཟིན་ནོ།། ༈ སྔར་བཤད་པའི་ཐིམ་རིམ་གྱི་སྐབས་སུ་ས་ཆུ་ལ་ཐིམ་ཞེས་པ་ནི་ལུས་ཀྱི་སའི་གནས་སུ་ས་མེད་པར་གྱུར་པའམ། གནས་འཕོས་ནས་ཆུ་ནང་དུ་ས་རགས་པ་ཐིམ་པའི་དོན་མ་ཡིན་གྱི། དབུ་མའི་རླུང་སྟོབས་སུ་གྱུར་པས་སའི་ལས་རླུང་བཅོམ་སྟེ་རྟེན་མེད་ན་བརྟེན་པ་མེད་པས་ཕྲ་བར་སྣང་བའི་རྣམ་ཤེས་ཀྱང་རང་གི་བག་ཆགས་དབུ་མ་ལ་བཞག་སྟེ་འགགས་ནས། རུས་པ་སོགས་སྲ་ཤས་ཆེ་བའི་ཁམས་རྣམས་རྟེན་རླུང་དང་རྣམ་ཤེས་བྲལ་བར་བྱས་ཏེ་སའི་དྭངས་མ་ཉིད་ཆུའི་དྭངས་མ་ལ་ཐིམ་པའི་དོན་ནོ། །དེ་བཞིན་དུ་ཆུ་དང་མེ་དང་རླུང་ལ་ཐིམ་པའང་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་པའི་དོན་ནི་ལུས་གནས་སུ་མེད་པའམ་འཕོས་ནས་རྣམ་ཤེས་ཀྱི་ལམ་དུ་འཇུག་པའང་མ་ཡིན། རྣམ་ཤེས་ལ་རླུང་དྭངས་མའི་བག་ཆགས་བཞག་ནས་རླུང་འགགས་པའི་དོན་ཡང་མ་ཡིན་གྱི། རླུང་དྭངས་མས་སྲོག་རྩ་རགས་པའི་བར་གྱི་ལུས་ཐམས་ཅད་དོར་ནས་སྲོག་རྩའི་ནང་གི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་རོ་གཅིག་ཏུ་གྱུར་པའོ། །རྣམ་ཤེས་ནམ་མཁའ་ལ་ཐིམ་པའང་དངོས་མེད་དུ་གྱུར་པའི་དོན་མ་ཡིན་གྱི་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པས་མཚོན་དཀའ་བའི་དབུ་མ་ལ་ཞུགས་པའི་དོན་ཡིན་པ་ཤེས་པར་བྱའོ། །གཉིས་པ་ཆོས་ཉིད་ཀྱི་བར་དོ་ནི། འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་ཏེ། སྔར་བཤད་པའི་སྐད་ཅིག་བཞི་པའི་མཐའི་འོད་གསལ་སྟོང་ཉིད་དེའི་ངང་ལ་སྣང་བ་ཉེར་ཐོབ། དེ་ལས་སྣང་བ་མཆེད་པ། དེ་ལས་སྣང་བ་སྣང་བ་སྟེ་སྣང་བ་གསུམ་རླུང་དང་བཅས་པ་ལས་སྐད་ཅིག་གིས་འོད་གསལ་གྱི་སྣང་བའི་ཉེར་རྒྱུའི་དབང་གིས། ཤིན་ཏུ་ཕྲ་བའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་མཁའི་འཇའ་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དུ་འཆར་ཞིང་། དེ་ཡང་ཁྱབ་བྱ་གཉུག་མ་མི་ཤིགས་པའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས། རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་ཞག་དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་ལྟ་བུའི་འོད་མཐིང་ཁ་ལས་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་འོད་དཀར་པོ་ལས་མི་བསྐྱོད་པ་དང་། སེར་པོ་ལས་རིན་ཆེན་འབྱུང་ལྡན། དམར་པོ་ལས་སྣང་བ་མཐའ་ཡས། ལྗང་གུ་ལས་དོན་ཡོད་གྲུབ་པ་རྣམས་ཏེ་ཐམས་ཅད་ཀྱང་སེམས་དཔའ་དང་། སེམས་མ་དང་། སྒོ་མར་བཅས་པའི་ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་མཐའ་ཡས་པར་འཆར་རོ། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་རང་ཤར་བས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་སྟེ། སྐབས་དེར་གདམས་པ་ནི་འཇུག་པ་ཤེས་པའི་གནད་ཅེས་བྱ་བ། རང་གི་སྙིང་ཁ་ནས་འོད་ལྔའི་ཟེར་ཐག་ཕྲ་ལ་དྭངས་པ་ཚོམ་བུའི་ཐུགས་ཀར་ཟུག་པ་ལ་གཏད་ནས་གསལ་སྟོང་གི་ངང་ལ་འཇོག་པ་ནི་རིག་པ་འོད་གསལ་ལ་ཕར་འཇུག་པའི་གནད་དོ། །སླར་ཚོམ་བུ་ཚུར་འདུས་ནས་སྙིང་གར་ཐིམ་པ་རང་ཤར་རང་གྲོལ་རིག་སྟོང་གི་ངང་ལ་འཇོག་པ་ནི་འོད་རིག་པ་ལ་འཇུག་པའི་གནད་དོ། །དེ་ལ་གདིང་མ་ཐོབ་ན་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་ཏེ། རང་གི་སྙིང་ག་ནས་སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་དྭངས་གསལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་འཁོར་ལྟ་བུའང་འཆར་རོ། །འདི་དུས་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་ཆོས་ཉིད་ཀྱི་རང་ངོ་ལ་གནས། འབྱུང་བ་དང་ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་དོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་ནི། ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་ངང་ལས་དག་པ་ཞི་ཁྲོའི་ཞིང་ཁམས་དང་། མ་དག་པ་འགྲོ་དྲུག་གི་སྣང་བ་མཐའ་ཡས་པ་སྐད་ཅིག་ལ་འཆར་ཏེ། སྐབས་དེར་རང་སྣང་ལ་སྒྲོ་འདོགས་ཆོད་པས་གྲོལ་བ་ཐོབ་པ་ནི་མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །སྐབས་འདིར་སྣང་བའི་འཆར་ལུགས་བརྒྱད་དང་། དབང་པོ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ཚན་དྲུག་དང་། སྐུ་གསུམ་གྱི་མངོན་ཤེས་གསུམ་ཚན་གསུམ་རྣམས། རྗེས་སུ་དྲན་པ་དྲུག་ལ་བརྟེན་ནས། ལྷུན་གྲུབ་ཏུ་གདིང་ཐོབ་པའི་ཐིམ་ལུགས་བརྒྱད་ཀྱི་སྒོ་ནས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི། ལྷུན་གྲུབ་ལོངས་སྐུའི་བར་དོ་ལས་གྲོལ་བ་ཐོབ་པའོ། །ཆོས་ཉིད་བར་དོའི་སྐབས་ཀྱི་ཞག་གི་ངེས་པ་ནི། འོད་གསལ་གྱི་སྣང་ཆ་ལ་ཇི་ཙམ་གནས་པའི་ཐུན་ཚོད་དེ་བསམ་གཏན་གྱི་ཞག་ཡིན་ལ། སྔར་བསམ་གཏན་གོམས་འདྲིས་ཅན་ལ་ཡུན་རིང་དུ་འཆར་ཞིང་སྐབས་དེར་རང་ངོ་ཤེས་པས་གྲོལ་ལ་གོམས་འདྲིས་མེད་ན་ཡུད་ཙམ་རེ་ལས་མི་བརྟན་པས་ངོ་མ་ཤེས་པར་བར་དོ་ཕྱི་མ་འཛིན་པར་འགྱུར་རོ། །གསུམ་པ་༼ཁ༽སྲིད་པའི་བར་དོ་ནི། ལས་དང་པོ་པ་རྣམས་ལ་སྔར་གྱི་ཆོས་ཉིད་འོད་གསལ་གྱི་སྣང་ཆ་དེ་ཉིད་ངོས་མ་ཟིན་པར་ནུབ་པའི་སྐད་ཅིག་ལ། ཕྱི་མའི་བག་ཆགས་སད་བྱེད་ཀྱི་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱིས་རྒྱུ་རྐྱེན་བྱས་པ་ལས། བར་དོའི་གཟུགས་དྭངས་ཤིང་ཐོགས་པ་མེད་པ་དེ་ཉིད་འགྲུབ་པར་བྱེད་ལ། དེ་ཡང་བར་དོའི་ཚེ་ཚད་ནི་མིའི་ཞག་དང་མཚུངས་པའི་ཞག་བདུན་ཡིན་ལ། དེར་ལུས་རྟེན་མ་ཐོབ་ན་ཞག་བདུན་ན་སླར་ཡང་ཤི་འཕོས་ནས་ཞག་བདུན་ཕྲག་ལ་སོགས་པའི་བར་དུ་སྐྱེ་ཤི་བྱས་ནས་རིང་མཐའ་ཞག་ཞེ་དགུ་ན་སྐྱེ་བའི་རྐྱེན་རྙེད་པར་འགྱུར་ཞིང་། བདུན་ཕྲག་དང་པོའི་ཕྱེད་ཡན་ཆད་སྔ་མའི་བྱད་གཟུགས་དང་ཕྱེད་མན་ཆད་ནས་ཕྱི་མའི་བྱད་གཟུགས་འཛིན་པར་འགྱུར་ལ། བར་དོ་ནི་ཕྱི་མའི་བྱད་གཟུགས་ཁོ་ནར་ངེས་སོ་སྙམ་ན་གནས་ལུགས་ལ་དེ་ལྟར་ཡིན་དུ་སྲིད་ཀྱང་། སྔར་གོམས་པའི་བག་ཆགས་ཀྱིས་སྔ་མའི་བྱད་གཟུགས་སུ་འཛིན་པ་མི་འགལ་ཏེ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འཁྲུལ་བློས་བཞག་པའི་ཕྱིར་རོ། །དེས་ན་སྐབས་འདིར་འཇིགས་སྐྲག་གི་སྣང་བས་སད་བྱེད་བྱས་ནས་ཕྱི་མའི་བྱད་གཟུགས་ངོས་འཛིན་པར་གྱུར་ཏེ། དེ་ཡང་ལས་མཐུན་གྱི་འདོད་ཡོན་ལ་སྤྱོད་པའི་དབང་པོ་དྲུག་པོ་ཀུན་ཚང་ཞིང་། གང་དུ་སྐྱེ་འགྱུར་གྱི་གནས་མ་གཏོགས་རི་རབ་སོགས་ཐོགས་བཅས་གང་ལའང་ཐོགས་མེད་དུ་འགྲོ་བ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་རྣོ་ཞིང་དྲན་པ་གསལ་བ། རང་དང་རིགས་མཐུན་པའི་བར་དོ་ནང་ཕན་ཚུན་དང་། ལྷ་མིག་དག་པས་མཐོང་ཞིང་གཞན་གྱིས་མི་མཐོང་བ། སྤྱིར་བཏང་ལ་གང་དུ་སྐྱེ་འགྱུར་གྱི་བར་དོ་གྲུབ་ནས་གཞན་དུ་མི་ལྡོག་པར་བཤད་ཀྱང་དམིགས་བསལ་ལ་ལྡོག་པར་མངོན་པ་ཀུན་ལས་བཏུས་པར། ཅི་སྟེ་ན་ལྡོག་གོ །ཞེས་གསུངས་པ་བཞིན་དགེ་བའི་སྟོངས་ཀྱིས་གོང་དུ་བསྒྱུར་ནུས་པ་དང་། དྲི་བཟང་ངན་མ་ངེས་པའི་ཟས་ཀྱིས་འཚོ་བ་ཙམ་དུ་བཤད་ཀྱང་། ཆོ་ག་ཁྱད་པར་ཅན་གྱིས་བསྔོས་པ་བཞིན་ཐོབ་པར་འགྱུར་བ་སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི། འགྲོ་བའི་ལམ་བཞི། ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག་ལ་སོགས་ཏེ། གང་དུ་སའི་ཕྱོགས་རྣམས་སུ་འོད་དཀར་པོའི་ལམ་གྱིས་ལྷ་དང་ལྷ་མིན། ནག་པོའི་ལམ་གྱིས་དམྱལ་བ། དམར་པོའི་ལམ་གྱིས་ཡི་དྭགས། སེར་པོའི་ལམ་གྱིས་མི་དང་དུད་འགྲོར་འཇུག་ཅིང་། དེའང་སྤྱིའུ་ཚུགས་སུ་འགྲོ་ན་ངན་འགྲོ་དང་། གྱེན་དུ་འགྲོ་ན་ལྷ་དང་། ཐད་ཀར་འགྲོ་ན་མིའི་བར་དོའོ། །དེ་བཞིན་དུ་དུག་གསུམ་གྱི་ལས་སྣང་གཡང་ས་ཆེན་པོ་དམར་ཟང་ངེ་བ་དང་། སྐྱ་ཆད་དེ་བ། ནག་ངམ་མེ་བ་བཟོད་དཀའ་བ་མཐོང་ན་ངན་སོང་གསུམ་དུ་ལྟུང་བའི་ལྟས་དང་། འབྱུང་བཞིའི་རླུང་དང་རྣམ་རྟོག་ཐ་མལ་དུ་ཤོར་བས་འབྱུང་བཞི་ཕྲ་མོའི་རླུང་ལོག་སྟེ། ས་གཡོ་ཞིང་རི་ཉིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པ་དང་། ནགས་ཚལ་མེས་འཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་འདེགས་པ་སོགས་འཇིགས་པའི་སྒྲ་དང་བཅས་པས་སྡུག་བསྔལ་མི་བཟད་པ་བསྐྱེད་པ་དང་། ངེས་པའི་རྟགས་སྔར་ཐོགས་བཅས་ཀྱི་དངོས་པོ་ཕྲ་མོ་ལའང་ཐོགས་པ་ལས་ད་ལྟ་རི་དང་ར་བ་སོགས་ལ་ཐོགས་མེད་འཇུག་ནུས། སྔར་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱིས་མཐོང་ཐོས་སུ་འགྱུར་བ་ལས་ད་ལྟ་མི་མཐོང་ཞིང་མི་ཐོས། སྔར་ལུས་ཀྱི་རྐང་རྗེས་དང་གྲིབ་མ་འབྱུང་བ་ལས་ད་ལྟ་མི་འབྱུང་། སྔར་མངོན་ཤེས་མེད་པ་ལས་ད་ལྟ་མངོན་ཤེས་ཕྲ་མོ་ཁྲིའུ་རིགས་སུ་འཆར་བ་སོགས་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་དང་། ནང་ན་ཁམས་དཀར་དམར་མེད་པས་ཉི་ཟླ་གཟའ་སྐར་མི་མཐོང་ཡང་སྣང་མུན་གྱི་སྣང་བ་འཆར་བ་དང་། མ་ངེས་པའི་རྟགས་ཁང་སྟོང་དང་ས་ཕུག་སོགས་གནས་མ་ངེས་པ་དང་། ལྷ་ཡི་དྭགས་འདྲེ་སྲིན་སོགས་གྲོགས་མ་ངེས་པ་དང་། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་གོས་སྣ་ཚོགས་སུ་སྣང་བས་ཟས་གོས་མ་ངེས་པ་དང་། རྩ་སྤྱིལ་དང་ཟམ་ངུར་ངལ་སྟེགས་སོགས་རྟེན་མ་ངེས་པ་དང་། སྤྱོད་ལམ་སྣ་ཚོགས་སྐད་ཅིག་གིས་འགྱུར་བས་སྤྱོད་ལམ་མ་ངེས་པ་དང་། བདེ་སྡུག་གི་སྣང་བ་སྣ་ཚོགས་བརྟག་མི་བཟོད་པར་འགྱུར་ཞིང་མ་ངེས་པས་བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་གཡང་ས་ཆད་ཆོད་པ་དང་། གཞན་ཡང་ཕྱོགས་ཐམས་ཅད་མུན་ནག་གིས་འཁྲིགས་པ་དང་། གཅན་གཟན་མ་རུངས་པ་རྣམས་ཀྱིས་འཚེ་བ་དང་། གཤིན་རྗེའི་སྐྱེས་བུས་མདུན་ནས་ཁྲིད་ཅིང་རྒྱོབ་སོད་ཀྱི་སྒྲ་དྲག་པོས་ཕྱི་ནས་འདེད་པ་དང་། ལས་ཀྱི་རྡེའུ་དཀར་ནག་བཀྲམ་ནས་དགེ་སྡིག་གི་སྟངས་གཅོད་པ་དང་། ཁ་ཆར་བུ་ཡུག་འཚུབས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ་དང་། སྔོན་གྱི་ཁང་ཁྱིམ་དང་ཉེ་འབྲེལ་སོགས་རྨི་ལམ་ལྟར་མཐོང་ཞིང་འཁྱམས་པ་དང་། དེ་དག་གི་དྲུང་དུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མི་མཐོང་ཞིང་ལན་མེད་པ་དང་། མྱ་ངན་གྱིས་ངུ་ཆོམ་བྱེད་པ་མཐོང་བས་རང་ཉིད་ཤི་བར་ནི་ཤེས། གར་འགྲོའི་གཏད་སོ་མེད་པས་སྡུག་བསྔལ་བཟོད་དཀའ་བ་དང་། རང་གི་ཡོ་བྱད་རྣམས་ལ་གཞན་གྱིས་བག་མེད་དུ་སྤྱོད་པ་མཐོང་བས་ཆགས་སྡང་དྲག་པོ་སྐྱེ་བ་སོགས། འཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་མཐའ་ཡས་པར་འཆར་ཡང་དེ་ཐམས་ཅད་བར་དོའི་འཁྲུལ་སྣང་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱེད་སྔར་གྱི་ཡུལ་མཁར་ལ་བརྟེན་པའི་འཕེན་པ་ནི་རྫོགས། མཛའ་བའི་གཉེན་བཤེས་དང་འགྲོགས་པའི་འབྲེལ་པ་ནི་ཆད། བསགས་པའི་ཡོ་བྱད་ལ་སྤྱོད་པའི་ལས་ནི་ཟད། སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱི་ཡུལ་ཙམ་དུ་ལུས་ནས་བར་དོའི་སྣང་བ་བསམ་གྱིས་མི་ཁྱབ་པར་འཆར་བས། དེ་ཐམས་ཅད་རང་སེམས་འཁྲུལ་པའི་སྣང་བ་ལས་བྱུང་བ་ཡིན་གྱི་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་ཤེས་པར་གྱིས་ལ། དགྲ་གཉེན་གྱི་རྣམ་པ་དང་། ཕུན་སུམ་ཚོགས་པའི་འདོད་ཡོན་བདེ་བར་འཆར་བ་དང་། མི་སྡུག་པའི་དངོས་པོ་སྡུག་བསྔལ་བསྐྱེད་པ་སོགས། ཡུལ་གང་ལའང་ཆགས་སྡང་དང་བླང་དོར་གྱིས་རྩིས་གདབ་མ་བྱེད་པར། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་ངེས་ཤེས་དང་དྲན་འདུན་དྲག་པོ་རྩེ་གཅིག་ཏུ་སྐྱེད་ཅིག །དེ་ཡང་བར་དོའི་རྟེན་ནི་སྒྱུར་སླ་ཞིང་ཤེས་པ་གསལ་བའི་དབང་གིས། སྐབས་འདིར་ཆགས་སྡང་གི་ལས་བསགས་ན་སྔར་གྱི་ལས་ངན་པ་གསོས་ཐེབས་ནས་ངན་སོང་དུ་ལྟུང་ཞིང་། དད་པ་དང་སྙིང་རྗེ་སོགས་དགེ་སེམས་བསྐྱེད་ན་སྔར་གྱི་དགེ་བའི་ལས་རྣམས་གསོས་ཐེབས་པར་འགྱུར་ཏེ། མདོར་ན་འཁྲུལ་ན་འཁྲུལ་ཚབས་ཆེ་སྟེ་ཆགས་སྡང་གི་རྣམ་རྟོག་ཕྲ་མོ་རེས་ཀྱང་ངན་སོང་དུ་སྐྱུར་ནུས། ལམ་བསྒོམ་ན་གྲོལ་ཚབས་ཡང་ཆེ་སྟེ་གསོན་དུས་ལོ་ཟླར་བསྒོམས་པ་ལས་ཀྱང་འདིར་སྐད་ཅིག་རེ་སྒོམ་པ་བོགས་ཆེ་བས། ཉོན་མོངས་པའི་དབང་དུ་མི་གཏོང་བར་ཟབ་མོའི་ལམ་བསྒོམས་པས་རབ་སྐད་ཅིག་དེ་ལ་གྲོལ་བར་འགྱུར་ཞིང་། མ་མཐའ་ཡང་མཐོ་རིས་སུ་འགྲོ་བར་ཐེ་ཚོམ་མེད་དོ། །འདིར་གཏན་ས་མ་ཟིན་ན། སླར་སྐྱེ་བ་ལེན་དགོས་པ་ལས། ཕ་མ་འདུ་འཕྲོད་ཀྱི་སྣང་བ་མཐོང་ན་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་ལྟས་དང་། དྲི་འདོད་ན་དྲོད་གཤེར་སྐྱེས་དང་། གནས་འདོད་ན་རྫུས་སྐྱེས་སུ་འགྱུར་བ་དང་། ཁྱད་པར་ཆར་རླུང་སོགས་གྲང་བས་ཉེན་ན་དྲོ་བ་ལ་མི་ཞེན། མེ་སོགས་ཚ་བས་གདུང་ན་གྲང་བ་ལ་ཆགས་པར་མི་བྱ་སྟེ་ཚ་གྲང་གི་དམྱལ་བ་སོགས་སུ་འཕེན་པར་བྱེད། དེ་བཞིན་དུ་རང་བུད་མེད་ཀྱི་སྣང་བས་སྐྱེས་པ་ལ་ཆགས་པ་དང་། སྐྱེས་པའི་སྣང་བས་བུད་མེད་ལ་ཆགས་པ་དང་། གཅིག་ཤོས་ལ་སྡང་བར་མི་བྱ་སྟེ། འཁྲུལ་སྣང་དང་འཇིགས་སྐྲག་གི་སྣང་བ་སོགས་ཆགས་སྡང་གི་ཡུལ་ཐམས་ཅད་སྒྱུ་མ་དང་སྟོང་ཉིད་དུ་སྦྱོང་ཞིང་། རིག་པའི་རང་སོ་བཟུང་ནས་ཤེས་པ་འཛིན་མེད་དུ་ལྷོད་ཀྱིས་གློད་པས་འཁྲུལ་སྣང་ཐམས་ཅད་རང་ཤར་རང་གྲོལ་དུ་འགྲོ །མདོར་ན་གཟུགས་སྣང་ཐམས་ཅད་དག་པ་རབ་འབྱམས་བླ་མ་ཡི་དམ་གྱི་དཀྱིལ་འཁོར་དུ་རང་ཤར། སྒྲར་གྲགས་ཐམས་ཅད་གྲགས་སྟོང་གཞོམ་མེད་ཆོས་ཉིད་ཀྱི་རང་སྒྲར་ཝང་ངེ་། དྲན་རྟོག་ཐམས་ཅད་ཀ་དག་ཆོས་སྐུའི་རྣམ་རོལ་དུ་ངོ་ཤེས་པར་གྱིས་ལ། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་སྐྱེད་ལ། དལ་འབྱོར་གྱི་ལུས་རྣམ་པར་དག་པ་གཅིག་བླངས་ནས། བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་བྱ་བ་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱའོ་སྙམ་པའི་ལྷག་བསམ་རྩེ་གཅིག་པ་དང་། གང་དུ་སྐྱེ་འགྱུར་གྱི་ཕ་མའང་བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་སྐུ་ལ། རང་ཉིད་འཕེན་ཤུགས་དྲག་པོས་ཞུགས་ཏེ་སྤྲོས་བྲལ་སྟོང་པ་ཉིད་ལ་མཉམ་པར་འཇོག་པ་དང་། དག་པའི་སྣང་བས་རྩལ་སྦྱོང་ཅི་ནུས་སུ་སྐྱེད་ཅིག །མདོར་ན་ཁྱེད་རང་གི་ཆེད་དུ་ཤུལ་ན་མཆིས་པ་རྣམས་ཀྱིས་དཀོན་མཆོག་ལ་མཆོད་པ་དང་། སྐྱེ་བོ་ལ་སྦྱིན་གཏོང་། མདོ་སྡེ་ཟབ་མོའི་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་དགེ་བའི་སྟོངས་རྒྱ་ཆེན་པོ་བསྒྲུབས་པ་འདི་དག་གིས་ཁྱེད་ལ་ཕན་ཐོགས་ཆེན་པོར་འགྱུར་བས་སྡུག་བསྔལ་མི་འཚལ། ཁྱད་པར་བདག་གིས་ཀྱང་འདི། ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་། ངན་སོང་སྦྱོང་བའི་ཆོ་ག་ཁྱད་པར་ཅན་གྱི་སྒོ་ནས་ཁྱེད་ཀྱི་དོན་ཆེན་པོ་སྒྲུབ་པ་ཡིན་པས། འདི་ན་བཅོམ་ལྡན་འདས་འདི། ཞེས་བྱ་བའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ཡིན་སྙམ་པ་གྱིས་ལ། དེ་དག་གི་སྤྱན་སྔར་འཁོད་དེ་བླ་མ་དཀོན་མཆོག་ལ་དད་པ། མཐའ་མེད་པའི་སེམས་ཅན་ལ་སྙིང་རྗེ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སྡོམ། རང་གཞན་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དྲག་པོ་དང་ལྡན་པའི་སྒོ་ནས། ལུས་ཀྱི་ལས་སུ་ཕྱག་འཚལ་བ་དང་། ངག་གིས་གསོལ་འདེབས་དང་སྐྱབས་འགྲོ །ཡིད་ཀྱིས་དབང་ལེན་པ་སོགས་ཆོ་གའི་བྱ་བ་རྣམས་ཚིག་ཕྱིར་སེམས་གཞོལ་བས་མ་ནོར་བར་སྒྲུབ་པར་གྱིས་ཤིག །དེས་ཁྱེད་ཀྱི་དོན་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསལ་འདེབས་པར་བྱའོ། །སྔོན་དགེས་འཕངས་པའི་ཚེ་དང་བསོད་ནམས་ཟད། །འཇིགས་རུང་གཤིན་རྗེས་ཕ་རོལ་གྲོང་ཁྱེར་དུ། །མགོན་མེད་ཁྲིད་པའི་ཉམ་ཐག་འགྲོ་བ་རྣམས། །བརྩེ་བས་རྗེས་འཛིན་ཆོ་གའི་ཐབས་ཚུལ་སྒོ། །ཚད་མེད་ཐུགས་རྗེའི་བདག་ཉིད་མགོན་དེ་ཡིས། །མདོ་རྒྱུད་ཀུན་ཏུ་གསུངས་ཤིང་ཁྱད་པར་དུ། །གནས་ལུང་ཆོ་གའི་ལྷན་ཐབས་འཇུག་བདེའི་ཕྱིར། །བར་དོའི་རྣམ་གཞག་ཀུན་ལས་གནས་སྐབས་སུ། །ཉེར་མཁོའི་འབྲེལ་བསྡེབས་རྣམ་དག་གཞུང་རྣམས་ལས། །སྙིང་པོར་དྲིལ་འདིས་འགྲོ་ཀུན་འདྲེན་བྱེད་ཤོག །བར་དོའི་ངོ་སྤྲོད་སྐབས་དོན་ཉེར་མཁོའི་སྙིང་པོར་དྲིལ་བ་ཐོས་པས་རྣམ་གྲོལ་ཞེས་བྱ་བ་འདི་ནི་མོན་ཡུལ་སྔན་ལུང་གསང་སྔགས་ཆོས་གླིང་ནས་བླ་མ་ཤཱཀྱ་འོད་ཟེར་གྱིས་བསྐུལ་བ་ལས། བར་དོ་སྟོན་བྱེད་ཀྱི་གཞུང་ཐུན་མོང་དང་ཁྱད་པར་དག་གི་དགོངས་པ་འགལ་མེད་འབྲེལ་བསྡེབས་ནས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོའི་གསང་སྔགས་ཕོ་བྲང་དུ་བྲིས་པ་བདེ་ལེགས་སུ་གྱུར་ཅིག །དགེའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).