Terdzo-NGI-030



Property "author" has been marked for restricted use.








Terdzo-NGI-030.pdf
Click the picture above to view the Shechen manuscript.

རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་མགོན་མེད་སྐྱབས་སྦྱིན་

rje btsun khros ma nag mo'i sgo nas bcos ma'i dur khrod sgrub pa'i thabs mgon med skyabs sbyin

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle  ཉང་གཏེར་སྨིན་གླིང་ལུགས་ཁྲོས་མ་ནག་མོ་ (Nyang gter smin gling lugs khros ma nag mo)
Volume 34 (ངི) / Pages 399-407 / Folios 1a1 to 5a4

Tibetan Text

༄༅། །རྗེ་བཙུན་ཁྲོས་མ་ནག་མོའི་སྒོ་ནས་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཐབས་མགོན་མེད་སྐྱབས་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། རྩ་གསུམ་རྒྱལ་ཀུན་སྐྱེད་པའི་ཡུམ། །སྲིད་པ་རུ་ཟློག་ཁྲོས་པའི་མ། །བདེ་བའི་འབྱུང་གནས་དེར་བཏུད་ནས། །མགོན་མེད་འགྲོ་ལ་སྐྱབས་སྦྱིན་སྤེལ། །དེའང་སྤྱིར་དུར་ཁྲོད་ཀྱི་མཚན་ཉིད་ནི་བདག་མེད་པར་བོར་བའི་གནས་ཡིན་ལ། དབྱེ་ན་གསུམ། ཕྱི་ཕུང་པོ་རྟེན་གྱི་དུར་ཁྲོད། ནང་ལྷུན་གྲུབ་ལུས་ཀྱི་དུར་ཁྲོད། གསང་བ་ཚོགས་བརྒྱད་ཀུན་གཞིའི་དུར་ཁྲོད་དོ། །དང་པོ་ལའང་། གདོད་ནས་རང་བྱུང་གི་དུར་ཁྲོད་ནི་འོག་མིན་གསང་ཆེན་རོལ་པ་དང་མེ་རི་འབར་བ་ལ་སོགས་པའོ། །རང་བཞིན་ལྷུན་གྲུབ་ཀྱི་དུར་ཁྲོད་ནི་བསིལ་བའི་ཚལ་དང་སྐུ་ལ་རྫོགས་པ་ལ་སོགས་པའོ། །རྗེས་སུ་སྤྱོད་པའི་དུར་ཁྲོད་ལའང་ཆེན་པོ་མི་རོ་འབུམ་དུ་ལོངས་པ་ཡན་ཆད། ཆུང་ངུ་བཞིར་ལོངས་པ་ཡན་ཆད་ལ་བྱེད་དོ། །དེའི་དོན་ཡང་དུར་ཅེས་པ་བམ་རོ་ལ་འཇུག་ཅིང་དེ་ཉིད་མང་དུ་ཚོགས་པའི་ཚལ་ལ་ཁྲོད་ཅེས་པའི་བརྡར་ཆགས་པ་སྟེ། ཕྱི་ནི་མི་རོ་ལ་བདག་པོ་མེད་པ་དང་། ནང་དུ་ཕུང་པོ་བདག་ཏུ་འཛིན་པའི་སེམས་གདོད་ནས་མ་གྲུབ་པས་གཟུང་བྱ་འཁྲུལ་སྣང་ཚོགས་པའི་ཕུང་པོ་དང་། གསང་བ་རྟེན་ཀུན་གཞི་རང་བཞིན་གྱིས་སྟོང་པ་ཉིད་ལ་བརྟེན་པའི་ཚོགས་བདུན་བཅས་བདག་མེད་པ་རོ་དང་འདྲ་བའི་ཕྱིར་བརྡ་དང་དོན་གྱི་དུར་ཁྲོད་དུ་གྲུབ་པ་ཡིན་ནོ། །དེ་ལས་འདིར་འཆད་པར་བྱ་བ་ཕྱིའི་དུར་ཁྲོད་ཀྱི་བྱེ་བྲག་རྗེས་སུ་སྤྱོད་པའི་དུར་ཁྲོད་ལ་རྒྱུད་དང་མན་ངག་ལས་བཤད་པའི་ཆོ་གས་བཅོས་མའི་དུར་ཁྲོད་ཆེན་པོར་བསྒྲུབ་པར་བྱ་བ་ཡིན་ལ། དེ་ལྟར་བསྒྲུབས་པས་ཅི་བྱ་ཞེ་ན། སྔོན་སེམས་ཅན་ལ་རྟག་ཏུ་དགོངས་པའི་རྒྱལ་བ་རྣམས་དཔལ་ཧེ་རུ་ཀ་སྙིང་རྗེ་ཁྲོས་པའི་ཕྱག་རྒྱར་བཞེངས་ནས་བདུད་ཀྱི་རྒྱལ་པོ་མ་ཏྲཾ་རུ་དྲ་བསྒྲལ་པའི་གཟུགས་ཀྱི་ཆ་ཤས་རྣམས་ལ་རྡོ་རྗེའི་འདུ་གནས་སོ་སོར་བྱིན་གྱིས་བརླབས་པ་ལས། གདོད་ནས་བྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་མཁའ་འགྲོ་དང་མཁའ་འགྲོ་མ་དམ་ཅན་རྒྱ་མཚོ་རང་བཞིན་གྱིས་འདུ་ཞིང་། བྱ་གཅན་ལ་སོགས་པ་རྣམས་ཀྱང་ས་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་གཟུགས་གཞན་དུ་བསྒྱུར་ནས་རྒྱུ་བའི་གནས་དེ་དག་རྣམས་སུ། སེམས་ཅན་གང་ཞིག་འཆི་བར་གྱུར་པའི་བེམ་པོ་བོར་བ་རྣམས་དེར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང་མི་སྣང་བ་དག་གིས་ཚོགས་སུ་རོལ་པའི་མཐུས་སེམས་ཅན་དེ་ཉིད་ཀྱི་སྒྲིབ་པ་བྱང་ཞིང་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་ཏེ། སྐལ་པ་དང་ལྡན་པ་རྣམས་མཁའ་སྤྱོད་ཀྱི་རྟེན་ལས་ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་བར་འགྱུར་ཞིང་། ཕལ་པ་དག་ཀྱང་ངན་འགྲོའི་སྐྱེ་སྒོ་ཆོད་ནས་མཐོ་རིས་ཀྱི་གནས་སུ་སྐྱེས་ཏེ་རྡོ་རྗེ་ཐེག་པའི་སྣོད་རུང་དུ་འགྱུར་བ་ཡིན་ལ། དེ་ལྟ་བུའི་དུར་ཁྲོད་བོད་ཀྱི་ཡུལ་དུ་དངོས་སུ་གྲགས་པ་མེད་ཀྱང་སངས་རྒྱས་ཀྱི་མཐུ་དང་རྡོ་རྗེ་ཐེག་པའི་བྱིན་རླབས་ཀྱི་ཆོས་ཉིད་ལས་ཤར་བ་ནི་བཀག་པ་མེད་པས། ཨོ་རྒྱན་སངས་རྒྱས་གཉིས་པ་གཙོ་བོར་གྱུར་པའི་སྔོན་བྱོན་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་གདོད་ནས་བྱུང་བའི་དུར་ཁྲོད་ཆེན་པོ་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས་ཤིང་ཡོངས་སུ་གྲགས་པ། ཆོས་འཁོར་རྣམ་པ་གསུམ་དང་རྗེས་སུ་འབྲེལ་བས་མཚོན་མཐའ་དབུས་རྣམས་སུ་ཅི་རིགས་པ་བཞུགས་པ་ནི་འཕགས་པའི་ཡུལ་དང་ཨོ་རྒྱན་ལ་སོགས་པར་བཞུགས་པའི་དུར་ཁྲོད་རྣམས་དང་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། ཡུལ་གཞན་དང་གཞན་དུ་བཅོས་མའི་དུར་ཁྲོད་སྒྲུབ་པའི་ཁུངས་མཁའ་འགྲོ་མ་དུར་ཁྲོད་རྒྱན་གྱི་རྒྱུད་དང་གྲུབ་པའི་མན་ངག་གི་ངེས་པས་བསྟན་ཅིང་། དེ་ལྟར་ཚུལ་བཞིན་གྲུབ་ན་གདོད་ནས་གྲུབ་པའི་དུར་ཁྲོད་ཆེན་པོ་དེ་དག་དང་དབྱེ་བ་མེད་པའི་བྱིན་རླབས་ལྡན་ཅིང་དངོས་གྲུབ་ཀུན་གྱི་འབྱུང་གནས་སུ་འགྱུར་བ་ཡིན་ནོ། །དགོས་པ་དེ་ལྡན་གྱིས་སྒྲུབ་པའི་ལག་ལེན་དངོས་ལ་རྒྱས་བསྡུས་གཉིས་སུ་ཡོད་པ་ལས། རྒྱས་པ་ལྟར་ན། ཐོག་མར་ཡུལ་དེར་གནའ་ནས་ཡོངས་སུ་གྲགས་པའི་དུར་ཁྲོད་ཡིན་ན་མཆོད་རྟེན་བཞེངས་པར་འོས་པ་དང་དུར་དམིག་དངོས་ཀྱི་ས་ལེགས་པར་བརྟག །གསར་དུ་ཚོལ་དགོས་ན་གཙུག་ལག་གི་གཞུང་ལས་བཤད་པ་ལྟར་སྤྱི་ལ་དགོས་པའི་དཔྱད་ལེགས་པ། ས་དགྲ་ལ་སོགས་པའི་སྐྱོན་མེད་ཅིང་སའི་དཔལ་ཁ་ཅི་རིགས་པ་ཚང་བ་ཞིག་ཚོལ། བསྙེན་སྒྲུབ་ལེགས་པར་སོང་བའི་ཡི་དམ་གང་ཡང་རུང་བ་ཞིག་གི་སྒོ་ནས་ས་བསླང་བ། སྦྱང་བ། བཟུང་ཞིང་བསྲུང་བ་རྣམས་ལེགས་པར་བྱས་ལ་ཚུལ་བཞིན་བཅའ་སྒྲུབ་བྱས་པའི་ས་བདག་གཏེར་བུམ་གྲངས་གང་འབྱོར་སྦ། དྲི་མེད་མཆོད་རྟེན་དང་སྦྲེལ་ན་དེའི་ས་ཆོག་ཀྱང་བྱས་ལ་དུར་གྱི་ས་དམིག་དངོས་ལས་ཅུང་ཟད་རྒྱབ་ཏུ་ཕྱོགས་པར་བྱང་ཆུབ་མཆོད་རྟེན་ཆ་ཚད་དང་ལྡན་པ་ཆེ་ཆུང་ཇི་ལྟར་འོས་པ་བཞེངས། ལོ་གྲངས་ཇི་ཙམ་སོང་ཡང་ཞིག་རལ་མི་འབྱུང་བའི་རྡོ་བརྩིག་སྲ་ཞིང་བརྟན་པ་བྱ། ནང་དུ་གཟུངས་གཞུག་སྤྱི་ལྟར་དང་གཟུངས་ཆེན་སྡེ་ལྔ། རྡོར་སེམས། ཞི་ཁྲོ། སྦྱོང་རྒྱུད་སྐོར། མི་འཁྲུགས་པ། སྨན་བླ། སྤྱན་རས་གཟིགས་ཀྱི་སྙིང་པོའི་རིགས་བུངས་བསྐྱེད། ཁྱད་པར་བུམ་ནང་དུ་ཁྲོས་མ་ནག་མོའི་དཀྱིལ་འཁོར་ཚད་ལྡན་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱི་བཀོད་པ་བཅས་རྡོ་ལེབ་ལ་སྒྲོས་གཙང་བརྐོ །ཚོན་བཏང་ལ་པྲ་རྩིས་མནན་པ་མདུན་རྒྱབ་མ་ནོར་བ་བཞུགས། གཞན་ཡང་སངས་རྒྱས་སྲས་གཅིག་གི་རྒྱུད་གཙོ་བོར་གྱུར་པའི་བཏགས་གྲོལ་རིགས་རྣམས་ཀྱི་གླེགས་བམ་དང་འཁོར་ལོ། བླ་མ་དགོངས་འདུས་ལུགས་གཙོས་མཐོང་གྲོལ་རིགས། ཡང་འདུས་གསང་འདུས་འཁོར་བ་དོང་སྤྲུགས་སོགས་ཐུགས་རྗེ་ཆེན་པོའི་རིགས་རྣམས་ཀྱི་འགྲོ་དོན་ལས་ཚོགས་མེ་ལོང་དང་མཆོད་རྟེན་གྱི་བཅས། གཏེར་གསར་ཐུགས་སྒྲུབ་བླ་མ་ལོངས་སྐུའི་མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ། ཤཱཀྱ་ཐུབ་པའི་མཆོད་རྟེན་དྲན་གྲོལ་གྱིས་མཚོན་རྙིང་མའི་ཕྱོགས་ལས་བཤད་པ་རྣམས་དང་། དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུག་ཆོག་དང་འབྲེལ་བའི་བཅས་རྣམས་གསར་མ་ཞ་ལུ་པའི་ཕྱག་བཞེས་ལས་འབྱུང་བ་རྣམས་ཚུལ་བཞིན་གྲུབ་ན་རེ་རེ་ལའང་ཕན་ཡོན་དགོས་ཁྱད་བསམ་གྱིས་མི་ཁྱབ་པ་ཡོད་པས་ཇི་ལྟར་འགྲུབ་པ་བྱ། མཆོད་རྟེན་གྱི་འགྲམ་དུ་སྐྱེ་ཤིང་འཛུག་པ་དང་ཉེ་ལོགས་ཆུ་རྫིང་བསྐྱིལ་བར་གསུངས་པའང་གནད་དོན་དང་འབྲེལ་བའི་བཀོད་པའི་ཁྱད་པར་ཡིན་པས་འགྲུབ་ན་ལེགས་སོ། །དེ་ལྟར་གྲུབ་པ་ན། ཐོག་མར་རབ་གནས་ཀྱི་ཆོ་ག་ཚུལ་བཞིན་བྱ། དེ་ནས་ཞག་གྲངས་རབ་ཉེར་གཅིག །འབྲིང་བདུན། ཐ་མ་གསུམ་ལ་སོགས་པར་བཀའ་གཏེར་ལུགས་སྲོལ་གང་ཡང་རུང་བའི་ཁྲོས་ནག་གི་སྒྲུབ་མཆོད་རྒྱས་པར་བྱ་བའི་ཚེ། མདུན་རྟེན་རྡོ་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པ་མཐའ་ཡས་པ་དང་ལྡན་པ་ལ། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རང་རང་གི་འཁོར་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་ཏེ་མངོན་སུམ་བཞིན་དུ་བཞུགས་པ་གསལ་བར་བསྐྱེད་ལ། འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་གནས་ཡུལ་དུར་ཁྲོད་རྣམས་སུ་བཞུགས་པའི་ཡེ་ཤེས་པ་སྤྱན་དྲངས་ལ་ཡང་དང་ཡང་དུ་བསྟིམ་ཞིང་ཛཔ྄་བསྙེན་ཅི་ནུས་བཟླ། མཐར་བརྟན་བཞུགས་བརྒྱ་རྩ་ལ་སོགས་པ་དང་། བྱ་རྒྱུད་ཀྱི་བཀྲ་ཤིས་རིང་མོས་མཚོན། ཞལ་ནས་གསུངས་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད། ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་བྱེ་བྲག་གྲོལ་བ་བཞི་ལྡན་གྱི་སྨོན་ལམ་རིགས་རྒྱ་ཆེར་གདབ་པ་རྣམས་ནི་སྤྱིར་བྱ་བ་ཡིན་ལ། བྱེ་བྲག་གོང་སྨྲོས་གསར་རྙིང་གི་མཆོད་རྟེན་བཅས་གཞན་རྣམས་འགྲུབ་ན་དེ་དང་དེའི་གཞུང་ལས་འབྱུང་བའི་ཆོ་ག་རྣམས་ཀྱང་ཚང་བར་བྱའོ། །དེ་ཙམ་མི་འགྲུབ་པས་ལག་ལེན་བསྡུས་པ་ཙམ་བྱེད་ན། ས་བརྟག་བསླང་བྱས་ལ་ས་དམིག་ཏུ་ཁུང་བུ་བྲུས་པའི་ནང་རྡོ་སྒྲོམ་ལེགས་པར་བྱས་པའི་ནང་དུ་ཁྲོས་ནག་གི་དཀྱིལ་འཁོར་རྡོ་ལ་བརྐོས་པ་གོང་བཤད་ལྟར་བཞག །སྒྲུབ་མཆོད་ཡུན་རིང་ཐུང་ཇི་ལྟར་འགྲུབ་པ་དང་བརྟན་བཞུགས་བྱས་ལ་ཁ་ལེགས་པར་བཀབ། ཤིས་བརྗོད་བསྔོ་སྨོན་རྒྱས་པར་སྤེལ་བས་ཀྱང་བཅོས་མའི་དུར་ཁྲོད་དུ་འགྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་པའི་མཆོད་རྟེན་གྱི་མདུན་དྲང་པོའི་ས་དམིག་དང་། དཀྱིལ་འཁོར་རྐྱང་པའི་སྟེང་དུ་སེམས་ཅན་ལྔ་ལམ་དུ་སོང་བ་རྣམས་ཀྱི་ཕུང་པོ་བཞག །དེའང་གཅོད་ཡུལ་ལམ་ཁྲོས་ནག་གི་ཆོ་ག་ལྟ་བུ་དང་འབྲེལ་བས་ཚོགས་སུ་བཏང་བ་གྲུབ་ན་ཕན་ཡོན་ལྷག་པར་ཐོབ་པར་འགྱུར་ལ། ཚོགས་ཀྱི་ཆོ་ག་མི་འགྲུབ་པར་དེ་གར་སྐྱེལ་ནས་བྱ་གཅན་ལ་བྱིན་པ་ཙམ་ལའང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཞལ་གདམས་སྙིང་བྱང་ལས། ཇི་སྐད་བཤད་ལྟར་བསྒྲུབས་བྱས་ན༔ ཕྱི་རུ་མཐོང་ཐོས་དྲན་རེག་དང༔ བྱེ་བྲག་ཕྱོགས་དེར་འཆི་བ་འམ༔ ཆེད་དུ་བསྐྱལ་བའི་ཕུང་པོ་ཀུན༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ཡིས༔ དངོས་སུ་ཚོགས་ལ་ལོངས་སྤྱོད་པས༔ སྐྱེ་བ་བདུན་ནས་འབད་མེད་གྲོལ༔ མཚམས་མེད་ལས་སྤྱད་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་རྟེན་བཟང་ངེས་པར་ཐོབ༔ ཅེས་གསུངས་པས་མཚོན་གནས་སྐབས་མཐར་ཐུག་གི་ཕན་ཡོན་ཤིན་ཏུ་ཆེ་བས་སྙིང་རྗེའི་ཡིད་ཅན་གྱི་གང་ཟག་མ་རྒན་སེམས་ཅན་ལ་ཕན་གདགས་པར་འདོད་པ་རྣམས་ཀྱིས། ལན་ལ་མི་རེ་བའི་ཆོས་སྦྱིན་རྒྱ་ཆེན་འདི་ལྟ་བུ་ལ་བརྩོན་པ་ཆེ་ཐང་དུ་བྱ་བར་རིགས་སོ། །གཅེས་པར་བཟུང་བའི་གདོས་བཅས་ལུས། །དབང་མེད་བོར་ནས་འཁྱམས་པ་ཀུན། །ཚུལ་འདིས་མཐོ་རིས་ཐར་པ་ཡི། །བདེ་ལ་བདེ་བླག་སྤྱོད་བྱེད་ཤོག །ཅེས་པའི་ཚུལ་འདིའང་། ཉམ་ཆུང་ལྷག་བསམ་གཞན་ཕན་གྱི་ལམ་དུ་འགྱུར་བ་དཀའ་ཡང་། མཁྱེན་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་བྱ་སླ་དོན་ཆེའི་གནས་འདི་ལྟ་བུ་བཏང་སྙོམས་སུ་བཞག་པར་མཐོང་ནས། བཅོས་མེད་ཀྱི་ཛོ་ཀི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).