Terdzo-MI-033



Property "Author" has a restricted application area and cannot be used as annotation property by a user. 








མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་

mkha' 'gro bdud 'dul drag mo'i cha lag khyung sgrub bdud 'dul nag mo'i sgrub thabs dbang chog dang bcas pa gdug pa kun 'joms

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by  མ་ཏི་རཏྣ་ (Matiratna)
in cycle  ཁྱུང་སྒྲུབ་བདུད་འདུལ་ནག་མོ་ (Khyung sgrub bdud 'dul nag mo)
parent cycle  བདུད་འདུལ་དྲག་མོའི་ཆོས་སྐོར་ (Bdud 'dul drag mo'i chos skor)
Volume 46 (མི) / Pages 447-474 / Folios 1a1 to 14b1

[edit]

༄༅། །མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ཡེ་ཤེས་ལས་དང་འཇིག་རྟེན་ཁྲོ་བོའི་རྒྱལ། །ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ལོག་འདྲེན་གཤེད། །རྡོ་རྗེ་མཁའ་ལྡིང་འབར་བ་ལ་བཏུད་ནས། །སྒྲུབ་ཐབས་སྨིན་བྱེད་དང་བཅས་ཁྲིགས་སུ་འགོད། །གཏེར་བྱོན་གྱི་ཁྱུང་སྒྲུབ་ཇི་སྙེད་པ་ལས་ཁ་ཚང་དོན་འདྲིལ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་འཕགས་པར་ཡོངས་སུ་གྲགས་པ་མ་ཏི་རཏྣའི་གཏེར་བྱོན་འདི་ཉིད་ཉམས་སུ་བསྟར་བ་ལ་གཉིས། ནུས་སྟོབས་ཀྱི་དངོས་གྲུབ་སྒྲུབ་པ་དང་། གྲུབ་ནས་ལས་ཀྱི་རིམ་པ་ལ་འཇུག་པའོ། །དང་པོ་ནི། སྒྲུབ་པའི་གནས་བྲག་རི་དམར་པོའམ་ནག་པོ་བྱ་ཁྱུང་འདྲ་བ་དང་། ཁྱུང་གཤོག་བརྒྱངས་པ་འདྲ་བའི་བྲག་ཕུག་གམ། མཚོ་འགྲམ་སོགས་གཞུང་མཐུན་གྱི་གནས་སམ་ཇི་ལྟར་འོས་པར་གཙང་མའི་སྟེགས་ལ་ཟངས་ལྕགས་ཐོད་པའི་སྣོད་དུ། གཏོར་མ་ཟུར་གསུམ་དམར་པོ་རྩེར་མེ་རི་དང་རྩྭ་བར་མཐེབ་ཀྱུས་མཚན་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྒྲུབ་པ་དངོས་ལ་ཐུན་དང་ཐུན་མཚམས་ཀྱི་བྱ་བ་གཉིས་ལས། དང་པོ་ལ་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ བྱིན་རླབས་གཏེར་མཛོད་བླ་མ་དང༔ དངོས་གྲུབ་གཏེར་མཛོད་ཡི་དམ་ལྷ༔ བསྙེན་སྒྲུབ་ལས་སྦྱོར་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། རྩ་བ་གསུམ་ལ་སྐྱབས་སོང་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དང་ཐོད་པའི་ཞལ་བུ་རྣམས་སུ། ཕྱི་ནང་གི་མཆོད་པ་ཐམས་ཅད་གཙང་ཞིང་ཡིད་དུ་འོང་བ་དམ་ཚིག་མཆོག་གི་རྫས་ཀྱི་དངོས་པོ་ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ། དངོས་གཞི་ཏིང་འཛིན་བསྒོམ་པ་གཏེར་གཞུང་གི་ཚིག་ལྷུག་གཏང་ན་ལེགས་མོད་ཀྱི། གྱེར་སྒོམ་སླ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་ལྟར་ན། ཨོཾ་སྭ་བྷཱ་བས་སྦྱང་། དག་པ་ཡེ་ཤེས་དབྱིངས་སུ་སྟོང་པར་སྦྱངས། །སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོའི་དབུས། །རི་རབ་ནག་པོའི་སྟེང་དུ་པད་ཉི་ལ། །ཀླུ་གཉན་ས་བདག་བགེགས་ཚོགས་བསྣོལ་བའི་སྟེང་། །འོད་ཟེར་ལྔ་ལྡན་ལྕགས་ཀྱི་སྒོ་ང་ནི། །མེ་འོད་འཕྲོ་བ་ཁྲོཾ་ཡིག་གིས་མཚན་ལས། །འོད་འཕྲོས་རྒྱལ་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །འགྲོ་རྣམས་གདུག་པ་ཀླུ་ཡི་ནད་བསལ་ཏེ། །སྟེང་འོག་གདོན་དང་འབྱུང་པོ་ཚར་བཅད་ནས། །ཚུར་འདུས་ཡོངས་གྱུར་བདག་ཉིད་དུས་གསུམ་གྱི། །རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་ནུས་པའི་གཟུགས། །ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་འབར་བ་ནི། །སྐུ་མདོག་དམར་ནག་ཁྲོ་ཆུ་ཞུན་མའི་ལུས། །རྣོ་ངར་རལ་གྲིའི་གཤོག་པ་མེ་འབར་བས། །སྲིད་གསུམ་ཁྱབ་པའི་ཉི་ཟླ་ཐང་འཕེན་ཞིང་། །ས་གཞི་གདར་ཤ་གཅོད་ཅིང་རི་རབ་བསྙིལ། །སྒྲོ་ཕྲན་སྤུ་གྲིས་འབྱུང་པོ་སྲོག་རྩ་གཅོད། །མཇུག་སྒྲོ་གནམ་ལྕགས་རྡོ་རྗེས་ས་སྲིན་འཇོམས། །སྤྱན་གསུམ་སྡང་མིག་གསེར་ཆུ་དངུལ་ཆུ་ཡི། །རྦ་རླབས་དམར་ནག་འཁྲུགས་པས་རྒྱལ་བསེན་འདུལ། །ཟངས་ཀྱི་རྭ་གཡས་བསྐལ་པའི་མེ་ཆེན་འབར། །ལྕགས་ཀྱི་རྭ་གཡོན་བསྐལ་པའི་ཆུ་ཆེན་འབྲུབ། །རྭ་བར་ནོར་བུས་དགོས་འདོད་ཆར་དུ་འབེབ། །ཡན་ལག་སྦྲུལ་རིགས་རྣམ་ལྔའི་རྒྱན་གྱིས་སྤྲས། །མཆུ་སྡེར་གནམ་ལྕགས་ཨུར་མོས་གནོད་བྱེད་ཀྱི། །ས་བདག་ཀླུ་གཉན་སྙིང་རྩ་འདྲེན་བྱེད་ཅིང་། །ཕྱག་གཉིས་ཀླུ་རིགས་རྣམ་ལྔའི་ཆུན་པོ་ནི། །སྦྲུལ་ཆེན་རིགས་ལྔའི་རྣམ་པས་ཞལ་དུ་བཅུག །སྤུ་གྲིའི་མཆེ་གཙིགས་ཤ་རུས་ཀྲུཾ་ཀྲུཾ་གསོལ། །ཞལ་ནས་ཁྱུང་སྐད་ཀྲང་ཀྲིང་ཏང་ཏང་སྒྲས། །ཀླུ་གཉན་ས་བདག་སྡེ་བརྒྱད་སྙིང་རྩ་འདར། །ཤངས་ནས་གློག་འཁྱུག་སྙན་ནས་འབྲུག་སྟོང་ལྡིར། །བ་སྤུ་སྤྲུགས་པས་གྲངས་མེད་སྤྲུལ་པའི་ཁྱུང་། །གནམ་ལྕགས་རྡོ་རྗེའི་ཐོག་སེར་དྲག་ཏུ་འབེབ། །མེ་ཡི་ཚྭ་ཚྭ་དྲག་པོ་སྐར་ལྟར་འཁྲུགས། །སྡེ་བརྒྱད་ཟིལ་གྱིས་གནོན་པའི་སྟོབས་ལྡན་པའི། །དུང་ཁང་ཟླ་དཀྱིལ་བདེ་གཤེགས་སྐུའི་རང་གཟུགས། །རྒྱལ་རིགས་འདུལ་བའི་ཁྱུང་ཆེན་དཀར་ཞིང་བརྗིད། །མགྲིན་པར་པདྨར་རྒྱལ་བའི་གསུང་གི་དངོས། །བྲམ་ཟེ་འདུལ་བའི་ཁྱུང་ཆེན་དམར་ལ་འཚེར། །ཐུགས་ཀར་ཉི་དཀྱིལ་རྒྱལ་ཀུན་ཐུགས་རྗེའི་རྩལ། །དམངས་རིགས་འདུལ་བའི་ཁྱུང་ཆེན་མཐིང་ལ་ཁྲོ། །ལྟེ་བར་རྒྱལ་རྣམས་ཡོན་ཏན་ཕུང་པོའི་དཔལ། །རྗེ་རིགས་འདུལ་བའི་ཁྱུང་ཆེན་སེར་ལ་མཛེས། །གསང་བར་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །གདོལ་པ་འདུལ་བའི་ཁྱུང་ཆེན་ལྗང་ནག་གཏུམ། །ཀུན་ཀྱང་འཇིགས་ཚུལ་ཆ་བྱད་གཙོ་བོ་ལྟར། །ཡེ་ཤེས་ལྔ་ཡི་རང་འོད་འཕྲོ་བཞིན་པའི། །སོ་སོའི་གནས་ལྔར་ཁྲོཾ་ཡིག་ཁ་དོག་ལྔ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་སྭཱ་སེར་དང་། །ཧཱ་ལྗང་འབྲུ་ལྔས་མཚན་ལས་འོད་འཕྲོས་པས། །ཕྱོགས་དུས་རྒྱལ་བ་ཞི་ཁྲོའི་མཐུ་བྱིན་ཀུན། །ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་རྣམ་པ་རུ། །སྤྲིན་ཕུང་གཏིབས་ལྟར་ཐོགས་མེད་སྤྱན་དྲངས་གྱུར། །ཞེས་གསལ་བཏབ་ནས། སྤྱན་འདྲེན་པ་ནི། ཧཱུྃ༔ འབྱུང་བ་ལྔ་ཡི་རི་རབ་རྩེ་མོ་ནས༔ ས་བདག་ཀླུ་གཉན་གདོན་བགེགས་བསྣོལ་བའི་ཁྲི༔ ཉི་ཟླ་པདྨ་འབར་བའི་གདན་སྟེང་དུ༔ རང་བཞིན་འོད་ཟེར་འབར་བའི་གཞལ་ཡས་ནས༔ གང་འདུལ་ཁྲོ་རྒྱལ་སྤྲུལ་པ་ག་རུ་ཎ༔ བདག་གིས་དད་པ་དམ་ཚིག་སྤྱན་འདྲེན་ནོ༔ ཚུར་གཤེགས་ཚུར་གཤེགས་བྱ་ཁྱུང་སྟོབས་ལྡན་རྗེ༔ བྱ་ཁྱུང་རྒྱལ་པོ་སྐུར་བཞེངས་སྤྱན་འདྲེན་ནོ༔ ཡེ་ཤེས་ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ གདོན་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན་འདྲེན་ནོ༔ འབྱུང་པོ་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ ཀླུ་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན་འདྲེན་ནོ༔ ཀླུ་གདོན་ས་བདག་འདུལ་ཕྱིར་གཤེགས༴ དྲེགས་པ་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ སྡེ་བརྒྱད་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ སྲོག་བདག་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ རྒྱལ་བསེན་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ གཉན་རིགས་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ ས་སྲིན་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ བགེགས་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན༴ གནོད་བྱེད་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཛྙཱ་ན་ག་རུ་ཌཿབཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཀླུ་གཉན་ཉི་ཟླ་པདྨའི་གདན་སྟེང་དུ༔ ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་བཞུགས་སུ་གསོལ༔ གནོད་བྱེད་གདོན་བགེགས་བསྣོལ་བའི་གདན་སྟེང་དུ༔ སྟོབས་ལྡན་ཁྱུང་ཆེན་འབར་བ་བཞུགས་སུ་གསོལ༔ ཀླུ་གདོན་ས་བདག་བསྣོལ་བའི་གདན་སྟེང་དུ༔ དགྲ་གཤེད་བྱ་ཁྱུང་རྒྱལ་པོ་བཞུགས་སུ་གསོལ༔ ཛྙཱ་ན་ག་རུ་ཌཿཏིཥྛ་ས་མ་ཡ་ལྷན༔ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་རྡོ་རྗེ་གསུམ་གྱི་རྒྱས་གདབ། སྤྱི་བོར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡེ་ཤེས་ལྔ་ཡིས་དབང་བསྐུར་བར་གྱུར། ཕྱག་འཚལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཞི་ཁྲོའི་ཡོན་ཏན་སྤྲུལ༔ ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་འབར་བ་ལ༔ བདག་ཉིད་དད་པ་དམ་ཚིག་མོས་གུས་ཀྱིས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཛྙཱ་ན་ག་རུ་ཌ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཁྲོ་རྒྱལ་ཁྱུང་ཆེན་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་ཚོགས༔ རྣམ་ལྔ་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔ དཀར་གསུམ་མངར་གསུམ་སྨན་གྱི་མཆོད་པ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མའི་མཆོད་པ་འབུལ༔ གནོད་བྱེད་འབྱུང་པོའི་ཤ་ཁྲག་མཆོད་པ་འབུལ༔ ས་བདག་ཀླུ་གཉན་དོན་སྙིང་ཤ་ཁྲག་མཆོད་པ་འབུལ༔ ཐུགས་རྗེས་དགོངས་ལ་མཆོད་པ་བཞེས་སུ་གསོལ༔ རྣལ་འབྱོར་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ ཛྙཱ་ན་ག་རུ་ཌཿབཛྲ་པུཥྤེ་ནས། ཤབྡ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་གནོད་བྱེད་ཀྱི་ཤ་ཁྲག་ཏུ་དམིགས་ལ་འབུལ། གནོད་བྱེད་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི། ཧཱུྃ༔ དུས་གསུམ་བདེར་གཤེགས་སྤྲུལ་པ་ཁྱུང་ཆེན་ཚོགས༔ བདག་ནི་དུས་གསུམ་མ་རིག་དབང་གྱུར་པས༔ ཉེས་ལྟུང་དྲི་མས་ཐུགས་དང་འགལ་པ་རྣམས༔ ཡེ་ཤེས་ཁྱུང་ཆེན་ཚོགས་ལ་མཐོལ་ལོ་བཤགས༔ ཛྙཱ་ན་ག་རུ་ཌཿས་མ་ཡ་ཤུདྡྷེ་ཨ༔ བསྟོད་པ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཞི་ཁྲོའི་ཡོན་ཏན་སྤྲུལ༔ དབང་བསྐུར་བྱིན་བརླབས་ཡོན་ཏན་རབ་བསྔགས་པ༔ གང་འདུལ་ཐབས་ཀྱི་ཕྱག་རྒྱའི་སྐུ་རུ་སྤྲུལ༔ ཡེ་ཤེས་བྱ་ཁྱུང་རྒྱལ་པོ་ག་རུ་ཎ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ སྐུ་མདོག་དམར་ནག་ཁྲོ་ཞུན་ལུས་པོ་ལ༔ མེ་ཡི་ཚྭ་ཚྭས་གནོད་བྱེད་གཞོབ་ཏུ་སྲེག༔ གཤོག་པ་རལ་གྲི་རྣོ་དབལ་མེ་འབར་བས༔ ས་བདག་ཀླུ་གཉན་འབྱུང་པོ་བསྲེགས་ཅིང་གཏུབ༔ སྒྲོ་ཕྲན་སྤུ་གྲི་རྣོ་ངར་ལྡན་པ་ཡིས༔ གནོད་བྱེད་གདོན་བགེགས་ཐམས་ཅད་སྲོག་རྩ་གཅོད༔ གཤོག་གཡས་བརྡབས་པས་ཉི་ཟླ་ཐང་ལ་འཕེན༔ གཤོག་གཡོན་བརྡབས་པས་རི་རབ་ས་གཞིར་སྙིལ༔ སྤྱན་གཡས་གསེར་ཆུ་ཁོལ་མས་རྒྱལ་པོ་འདུལ༔ སྤྱན་གཡོན་དངུལ་ཆུ་འཁྲུགས་པས་སྲིན་མོ་འདུལ༔ རྭ་གཡས་མེ་དཔུང་འབར་བས་གཟའ་ཀླུ་སྲེག༔ རྭ་གཡོན་བསྐལ་པའི་ཆུ་འབྲུབ་རྒྱུ་སྐར་འདུལ༔ རྭ་བར་ནོར་བུ་འབར་བས་དགོངས་འདོད་འབྱུང༔ ཡན་ལག་སྦྲུལ་གྱིས་བརྒྱན་པས་ཀླུ་རྣམས་འདུལ༔ སྤུ་གསེབ་རྡོ་རྗེའི་མཚོན་ཆའི་ཁྱུང་ཚོགས་འབེབ༔ ཕྱག་གཉིས་སྦྲུལ་ཆུན་ཁར་བཅུག་ཀླུ་གཉན་འདུལ༔ ཀྲང་ཀྲིང་སྒྲ་སྒྲོག་ཀླུ་རྣམས་ཟིལ་གྱིས་གནོན༔ མཇུག་སྒྲོ་གཡུ་ཡི་རྡོ་རྗེས་ས་སྲིན་འདུལ༔ ཁྱུང་སྐད་ཏང་ཏང་ཀླུ་རྣམས་སྙིང་རྩ་འདར༔ སྡེར་མོ་ལྕགས་ཀྱུས་གནོད་བྱེད་སྙིང་རྩ་དྲང༔ མཆུ་སྡེར་གནམ་ལྕགས་ཨུར་མོས་འབྱུང་པོ་གཟིར༔ ཁྲོ་ཆུའི་རལ་པས་རྡོ་རྗེའི་ཐོག་སེར་འབེབ༔ ཤངས་ནས་བསྐལ་པ་ལས་ཀྱི་རླུང་དམར་འགྱུ༔ སྙིང་ནས་ཐུག་ཆོམ་འབྲུག་སྒྲ་སྟོང་བཞིན་ལྡིར༔ སྤྱན་རྩ་ཁྲག་གི་རྦ་རླབས་གྱེན་དུ་གཟིགས༔ སྟེང་གི་ཚངས་པ་བརྒྱ་བྱིན་སྔངས་ཤིང་འདར༔ གཤོག་པ་གཡས་གཡོན་བར་སྣང་བརླབས་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་མ་ལུས་དབང་དུ་སྡུད༔ ཡོན་ཏན་ཁྲོ་རྒྱལ་མཐུ་སྟོབས་རྩལ་དང་ལྡན༔ ཁྱུང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བཟླས་པ་བྱ་བ་ནི། ཐུགས་ཀྱི་ཁྱུང་ཆེན་ཐུགས་ཀར་ཉི་དཀྱིལ་དབུས༔ ཧཱུྃ་མཐར་སྔགས་ཕྲེང་གཡས་སྐོར་འོད་ཟེར་འཕྲོས༔ བདེ་གཤེགས་སྲས་བཅས་མཉེས་པའི་མཆོད་པ་འབུལ༔ སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་ཁྲོ་བོ་ཁྲོ་མོ་ཡི༔ མཐུ་ནུས་བྱིན་རླབས་གྲངས་མེད་ཁྱུང་གི་ཚུལ༔ བུ་ཡུག་འཚུབས་ལྟར་སྔགས་ཀྱི་ཕྲེང་བར་ཐིམ༔ འོད་ཟེར་མར་འཕྲོས་འགྲོ་བའི་སྡིག་སྒྲིབ་དང༔ གཏི་མུག་གདུག་པ་ཀླུ་ཡི་གདོན་ཀུན་བསལ༔ སླར་ཡང་ཐུགས་སྲོག་སྔགས་ཀྱི་ཕྲེང་བ་དང༔ སྤུ་སྤྲུག་གཤོག་སྒྲོ་བརྡབས་པས་ཁྱུང་གི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སྟོང་གསུམ་གང༔ ཀླུ་གཉན་ས་བདག་སྲོག་སྙིང་ཆེམ་ཆེམ་གསོལ༔ གནམ་ལྕགས་རྡོ་རྗེའི་ཐོག་སེར་མེའི་ཚྭ་ཚྭ༔ ཤུགས་དྲག་བསྐལ་པའི་ལས་ཀྱི་འཐོར་རླུང་བཅས༔ འུར་འུར་ཆེམ་ཆེམ་དྲག་ཏུ་ཕབ་པ་ཡིས༔ ས་བདག་ཀླུ་གཉན་འབྱུང་པོའི་གྲོང་ཁྱེར་འབུམ༔ རྩྭ་ཕུང་མེ་སྦར་ཇི་བཞིན་ལྷག་མེད་དུ༔ བསྲེག་ཅིང་གཏོར་ནས་མ་དག་འཁྲུལ་སྣང་ཀུན༔ རང་གྲོལ་བདེ་བ་ཆེན་པོའི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་སྒྲ་ཆེ་བ་སོགས་བཟླས་པའི་སྐྱོན་སྤངས་ཤིང་དམ་ཚིག་ལ་གནས་པས་རྩེ་གཅིག་ཏུ་བཟླ། གྲངས་ཚད་ནི་འབུམ་ཕྲག་གཅིག་སྟེ་བཞི་འགྱུར་དུ་བཟླས་ན་ནུས་པ་མཆོག་ཏུ་འགྱུར་རོ། །རྩ་བསྙེན་གྲངས་སུ་ཐེམས་ནས་ལས་སྦྱོར་གྱི་བཟླས་པ་ནི། ཨོཾ་པྲ་ཛྙཱ་ཧསྟ༔་་་ས་བདག་ཀླུའི་གཉེན་པོ། ཨོཾ་ཁྲོཾ་ག་རུ་ཎ་ཧཱུྃ༔་་་འབྱུང་པོའི་གཉེན་པོ། རྨ་བྱ་ཁྱུང་ཁྱུང༔་་་དུག་གི་གཉེན་པོ། ཧ་ལ་ཧ་ལ༔་་་འབྲུམ་བུ། ཕྱུང་ཕྱུང༔་་་མཛེ། ཤིག་ཤིག༔་་་འབྲས། སརྦ་སཏྭམྦྷ་ཡ་ནན༔་་་སྲིན་འབྲུམ་བུ་གཉན། ཨོཾ་སི་ལི་སི་ལི་ནན༔་་་གག་པ་དང་ཕོལ་མིག །བཛྲ་ཏི་ཤི་ནན༔་་་ཕོལ་མིག །བར་ཞུམ་ཧ་རི་ནན༔་་་ལྦ་བ། ཙི་ལི་ཙི་ལི་་་སྐྱ་བཤལ།ཡཾ་ཡཾ་ནན༔་་་དམུ་ཆུ། ལཾ་ལཾ༔་་་སྐྲན། སད་སད༔་་་བས་ལྡག །སོད་སོད༔་་་སྲིན། ཧབ་ཕྱུང་་་གློ།ཧུབ་ཕྱུང༔་་་ཧོན། ནན་་་རྒྱ་འདྲེ།ནན་སོདཿ་་་ཆང་འདྲེ། ཕུག་ཕུག་སོད༔་་་ཆུ་བྱི་ཤ་ཐུཾ། ཕཊ་ཕཊ་སོད༔་་་སྦྲུལ། ཕཊ་ཕཊ་སྭཱ་ཧཱཿ་་་དུག །ཁྲོལ་ཁྲོལ་སྭཱ་ཧཱ༔་་་ཐབ། ཞེས་འབུམ་ཚོ་གཅིག་བསྙེན་ན་ནུས་པ་ཐོག་དང་འདྲ་བར་གསུངས་པས་ཞོར་སྒྲུབ་བྱེད་ན་རྩ་བསྙེན་གྱི་བཞི་ཆ་དང་། ནུས་པ་ཁོ་ན་དམིགས་སུ་འདོད་ན་འདིའང་རྩ་བསྙེན་ཆ་མཉམ་པར་བཟླ་དགོས་པ་གཞུང་ལས་གསལ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བཟླ་ཞིང་། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ཉེར་བསྡུ་དང་ལྷར་ལྡང་ནི། སྣོད་བཅུད་འོད་ཞུ་ལྷར་ཐིམ་ཞིང་། །རིམ་བཞིན་ཐུགས་སྲོག་ནཱ་དར་ཡལ། །བརྗོད་བྲལ་སྟོང་ཉིད་ངོ་བོར་གྱུར། །སླར་ཡང་བྱ་ཁྱུང་སྐུ་རུ་གསལ། །དགེ་བསྔོ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་བྱ་ཁྱུང་འགྲུབ་གྱུར་སོགས་བརྗོད་ལ་ཐུན་མཚམས་ཀྱི་བྱ་བར་འཇུག་གོ །གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། གཏོར་མ་འབུལ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཀླུ་གཉན་ས་བདག་གནོད་བྱེད་འབྱུང་པོ་ཐམས་ཅད་བཀུག་སྟེ་བསྒྲལ་པའི་ཤ་ཁྲག་རུས་པའི་རྣམ་པ་ལ། ངོ་བོ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདུད་འདུལ་ཡེ་ཤེས་ཀྱི་ཁྱུང་ཆེན་རིགས་ལྔ་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་གྱུར་པའི་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཛྙཱ་ན་ག་རུ་ཌཿཨི་དཾ་བ་ལིཾ་ཏ་ཀླུ་གཉན་ས་བདག་གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ། ཛྙཱ་ན་ག་རུ་ཌཿབཛྲ་པུཥྤེ་ནས། ཤབྡ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་མཆོད་ལ་བསྟོད་པ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་ཞི་ཁྲོ་མ་ལུས་པའི། །དབང་བསྐུར་བྱིན་བརླབས་ཡོན་ཏན་རབ་བསྔགས་པ། ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས། །ཡེ་ཤེས་ཁྱུང་ཆེན་ཉིད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་སྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ ཡེ་ཤེས་བྱ་ཁྱུང་རིགས་ལྔའི་ལྷ་ཚོགས་རྣམས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱི་ཕྲིན་ལས་དྲག་པོའི་དུས་ལ་བབ༔ སྔོན་གྱི་ཐུགས་དམ་དམ་བཅའ་མ་གཡེལ་བར༔ ས་བདག་ཀླུ་གཉན་འདུལ་བའི་དུས་ལ་བབ༔ གག་ལྷོག་གཟེར་གསུམ་འདུལ་བའི་དུས༴ སྨྱོ་འབོག་མཛེ་ནད་འདུལ་བའི་དུས༴ བྱད་དང་རྦོད་གཏོང་འདུལ་བའི་དུས༴ གདུག་པ་ཀླུ་ནད་འདུལ་བའི་དུས༴ དྲེག་དང་གྲུམ་བུ་འདུལ་བའི་དུས༴ འབྲས་དང་ཕོལ་མིག་འདུལ་བའི་དུས༴ གཉན་དང་ལྦ་བ་འདུལ་བའི་དུས༴ ལྷོག་པ་ས་སྲིན་འདུལ་བའི་དུས༴ ཀླུ་གདོན་ས་བདག་འདུལ་བའི་དུས༴ སྟེང་གི་གཟའ་གདོན་འདུལ་བའི་དུས༴ གློ་ཧོན་གོད་སྲི་འདུལ༴ སྐྲན་དང་དམུ་ཆུ་འདུལ༴ སྲིན་བུ་མགོ་དགུ་འདུལ༴ ས་སྲིན་མགོ་དགུ་འདུལ༴ ནད་རིམས་འགོས་རིམས་འདུལ༴ བགེགས་རིགས་སྟོང་ཕྲག་འདུལ༴ ཕོ་གདོན་འབྱུང་པོ་འདུལ༴ མོ་གདོན་སྲིན་མོ་འདུལ༴ དམ་སྲི་ཐེའུ་རང་འདུལ༴ སེར་བ་ཁ་ཆར་ཟློག་པའི་དུས༴ མཐུ་སྟོབས་ཁྱུང་ཆེན་འབར་བའི་དུས་ལ་བབ༔ བར་ཆད་གདོན་བགེགས་འབྱུང་པོ་རྣམས༔ ཁྱུང་ཆེན་འབར་བ་ཁྱེད་ཀྱིས་སྒྲོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་རྣམས༔ ཁྱེད་ཀྱི་ཐུགས་རྗེས་ཟློག་ཏུ་གསོལ༔ ཞི་དང་རྒྱས་དང་དབང་ལ་སོགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ་ལ་ཤིས་བརྗོད་བྱའོ།། ༈ གཉིས་པ་ལས་ཀྱི་སྦྱོར་བ་སྒྲུབ་པ་ལ། འདི་ཉིད་ཀྱི་ལས་སྦྱོར་ཀུན་གྱི་རྩ་བ་ཁྲོ་ཆུ་རྫས་སྦྱོར་གྱི་རིལ་བུ་སྒྲུབ་ན། གཞུང་གསལ་རྫས་སྣ་བཞི་བཅུ་ཞེ་གསུམ་པོ་རིལ་བུ་བྱེད་ན་ཟངས་བུམ་དུ་བླུགས། ཕྱེ་མ་བྱེད་ན་གླང་རྭ་ཁྱུང་སྐུ་བྲིས་པའི་ནང་དུ་སྦྱར་བ་དཀྱིལ་འཁོར་པདྨ་འདབ་བཞིའི་དབུས་སུ་བཞག་པའི་མདུན་དུ་མཆོད་གཏོར་བཤམས་ལ། ཐུན་བཞིར་བཅད་པའི་ཐུན་འགོ་རྣམས་སུ་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་པ་དང་། མཆོད་པ་བྱིན་རླབས། མངོན་རྟོགས་མདུན་བསྐྱེད་དུ་བསྒྱུར་བ་བཏང་ལ་རྩ་བསྙེན་འབུམ། ལས་སྔགས་མ་མཐའ་ཡང་སྟོང་ཕྲག་ལས་མི་ཉུང་བ་བཟླས། ཐུན་མཚམས་རྣམས་སུ་གཏོར་འབུལ་ཕྲིན་བཅོལ་བྱ་ཞིང་། གྲུབ་པའི་ཚེ་མདུན་བསྐྱེད་རྫས་ལ་བརྟན་པར་བཞུགས། ཁྱད་པར་ཀླུ་འདུལ་གྱི་རྫས་སྒྲུབ་ན་རྫས་སྔགས་བརྗེ་བ་མ་གཏོགས་སྒྲུབ་ཚུལ་དེ་ལྟར་བྱ། གདོན་ཁྲོལ་དང་དྲག་པོའི་མེ་མཆོད་སོགས་ལའང་ཕྲིན་ལས་འདི་ཉིད་སྦྱར་བས་འགྲུབ་བོ།། །། ༄༅། །དེར་སྐབས་སུ་བབས་པའི་ཉེར་མཁོ་གཞན་ལ་དབང་བསྐུར་བའི་ཚུལ་ནི། སྟེགས་བུར་པདྨ་འདབ་བཞི་བྲིས་པའི་དབུས་སུ་མཉྫི་ལ་ཟངས་བུམ་ནང་དུ་དྲི་བཟང་གི་ཆུ་ལ་སྔགས་ཀྱིས་བཏབ་པའི་ཡུངས་དཀར་བླུགས། རྨ་སྐྲངས་ཆུ་སེར་སོགས་ཀླུ་ས་བདག་གི་ནད་ཅན་དག་ལ་བསྐུར་ན་རབ་གཞུང་འདིའི་ཁྲོ་ཆུ་རྫས་སྦྱོར་གྱི་རིལ་བུ་དང་དྲི་ཆུ་སྦྱར་བས་བཀང་། མ་འབྱོར་ན་བྱ་ཁྱུང་ལྔ་པའི་རིལ་བུ་བཏབ་ཅིང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་ལ་སྐུ་ཙག་བཙུགས། གཟུངས་ཐག་རྡོ་རྗེ་དང་ལྡན་པར་བྱ་ཁྱུང་རིགས་ལྔའི་ཙཀ་ལི་ཡོད་ན་བཞག །མེད་ནའང་མི་འགལ། མདུན་དུ་གཏོར་མཆོད་སྒྲུབ་དུས་ལྟར་བཤམས་ལ། སྐྱབས་སེམས་ནས་གཟུང་བདག་བསྐྱེད་བཟླས་པ་ཡན་གྲུབ་པ་དང་། བུམ་པ་བསང་སྦྱང་། དག་པ་ཡེ་ཤེས་དབྱིངས་སུ་སྟོང་པར་གྱུར། །སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བ་ཡི། །རིན་ཆེན་བུམ་པ་མཚན་ཉིད་ཀུན་ལྡན་ནང་། །བུམ་བཅུད་རྒྱ་མཚོ་ཆེན་པོར་འཁྱིལ་བའི་དབུས། །རི་རབ་ནག་པོའི་སྟེང་དུ་ཞེས་པ་ནས། བདག་ཉིད་ཅེས་པར་བུམ་ལྷ་དུས་གསུམ་གྱི། །ཞེས་ཁ་བསྒྱུར་བ་ལས་བསྟོད་པའི་མཐར་ཐུག་གི་བར་ཇི་ལྟར་བར་གཏང་། སྤྱན་འདྲེན་ཚིགས་བཅད་ཐམས་ཅད་མ་ལྕོགས་ན། ཡེ་ཤེས་ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ ཞེས་པའི་འཕྲོས། སྔགས་མན་ཆད་བརྗོད། བསྟོད་པའང་མ་ལྕོགས་ན། ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཞེས་པའི་འཕྲོས་སུ། ཁྱུང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་སྦྲེལ། བུམ་བཟླས་ནི། བདག་ཉིད་ལྷ་ཡི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུ་གཟུངས་ཐག་ལ་བརྒྱུད་དེ་སོང་ནས་བུམ་ལྷའི་ཐུགས་ཀར་ཞུགས། ཐུགས་དམ་གྱི་རྒྱུད་བསྐུལ་བས་ཐུགས་སྲོག་སྔགས་ཕྲེང་དང་། སྒྲོ་ཆེན་སྒྲོ་ཕྲན་ཐེ་ཆེན་ཐེའུ་ཆུང་བ་སྤུའི་བུ་ག་ཐམས་ཅད་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཁྲོ་ཆུ་ཞུན་མ་ལྟར་ནུས་ལྡན་དུ་བབས་པ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་པའི་དམིགས་པ་རྩེ་གཅིག་པས་རྩ་བའི་སྔགས་ཅི་འགྲུབ་དང་། ལས་སྔགས་ཀྱང་དོ་གལ་དང་བསྟུན་ཏེ་བཟླ། མཐར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི་སྔར་བཤད་ཐུན་མཚམས་ཀྱི་བྱ་བའི་སྐབས་ལྟར་འདིར་བླང་། འོན་ཀྱང་གཏོར་མགྲོན་སྤྱན་འདྲེན་མི་དགོས་པས་གཏོར་མ་བྱིན་རླབས་འཕྲོས་སུ། ལྷ་རྣམས་ཀྱི་ལྗགས་སོགས་ལ་འཇུག་པས་ཆོག །ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཕུལ་ལ། བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར། ཅེས་མོས། ལས་བུམ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ལ་བཞག་གོ །དེ་ནས་སློབ་མ་རྣམས་འདུས་ལ་ཁྲུས་བྱ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་བགེགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔའི་དངོས་པོ་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་གནོད་བྱེད་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསོགས་ཚིམས་པར་བསྔོས་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་ཁྲོ་བོ་མཁའ་ལྡིང་རྡོ་རྗེ་ཁྱུང་ཆེན་ནག་པོ་ཀླུ་འདུལ་བྱ་ཁྱུང་རིགས་ལྔའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྒྲུབ་བྱ་རྡོ་རྗེ་སློབ་མ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལོག་འདྲེན་འབྱུང་པོ་སྤྱི་དང་། ཁྱད་པར་ཀླུ་གཉན་ས་བདག་གི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམས་པར་གྱིས་ལ་གནོད་ཅིང་འཚེ་བའི་བསམ་པ་སྤངས་ནས་འདིར་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག །གལ་ཏེ་མི་འགྲོ་ཞིང་གནོད་ཅིང་འཚེ་བར་བྱེད་ན་བདག་ཉིད་ཡེ་ཤེས་ཀྱི་ཁྱུང་ཆེན་འབར་བས་སྤྲུལ་པ་ཡང་སྤྲུལ་གནམ་ལྕགས་རྡོ་རྗེའི་ཁྲོ་མཚོན་མེ་དཔུང་གི་ཚོགས་དྲག་ཏུ་སྤྲོས་པས། གནོད་བྱེད་འབྱུང་པོ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བརླག་པར་འགྱུར་བས་འདི་རུ་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག །ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་ར་ཙ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ སུ་མ་རཱ་ཙ་ཨུ་ཙ༴ སུ་ནི་རཱ་ཙ་ཨུ་ཙ༴ མ་ཙ་མ་ཙ་ཨུ་ཙ༴ ཟ་ཟ་ཏྲིག་ཤག་ཏྲི༔ ཀྲིང་ཀྲིང་དུང་དུང༔ མ་མ་རཀྨོ་སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཡུངས་ཐུན་གུ་གུལ་གྱི་དུད་པས་བདུག་ལ་མཚམས་བཅད། འབྱོར་ན་ཁྲོ་ཆུའི་རྫས་སྦྱོར་བདུག་ལ་སྲུང་འཁོར་བསྒོམ་ཞིང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད། དེ་ནས་སེམས་བསྐྱེད་གསལ་བཏབ་ལ། དེའང་ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནང་གསལ་གྱི་ངོ་བོ་ཅི་ཡང་འདུས་མ་བྱས་ཤིང་འཕོ་འགྱུར་དང་བྲལ་བའི་དབྱིངས་སུ། རྒྱལ་བ་ཐམས་ཅད་ཐུགས་ཀྱི་དགོངས་པ་དབྱེར་མེད་རོ་གཅིག་པའི་ངོ་བོར་བཞུགས་པ་ལས་སོ་སོ་ཐ་མི་དད་ཅིང་། ཡེ་ཤེས་དེའི་རང་རྩལ་འགག་པ་མེད་པར་ཅིར་ཡང་འཆར་བའི་ཕྱིར། གདུལ་བྱ་སེམས་ཅན་གྱི་ཤེས་རྒྱུད་དང་འཚམ་པའི། འདུལ་བྱེད་ཀྱི་ལྷའི་ངོ་བོ་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་ཇི་སྙེད་པའི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་སྤྲུལ་པ་མཛད་པ་ལས། གདུག་པ་ཅན་རྣམས་འདུལ་བ་ལ། ཁྲོ་བོ་ཡོངས་ཀྱི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་དང་ཡེ་ཤེས་ལྔ་སོ་སོའི་རང་རྩལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་རིགས་ལྔའི་ཁྲོ་བོ་སོ་སོ་རུ་སྤྲུལ་པ་ལས། ལྷ་དེ་དག་གི་རང་རྩལ་སོ་སོའི་རིགས་དང་དགོངས་པ་ཐ་མི་དད་པའི་ཀླུ་གཉན་ས་བདག་གི་གཉེན་པོ་མཁའ་ལྡིང་དབང་པོའི་སྐུར་བཞེངས་པ་ནི་ཡེ་ཤེས་ཀྱི་བྱ་ཁྱུང་། མཚོ་མ་དྲོས་པའི་བྱང་ཕྱོགས་ན་ཤིང་ཤལ་མཱ་ལིའི་སྡོང་པོ་རྩེ་མོ་ཤིན་ཏུ་མཐོ་བ་ན་བྱ་ཁྱུང་རྣམ་པ་བཞིའི་ཚང་འཆའ་བ་དང་། རི་རབ་རྩེ་མོའི་ཁ་ཁྱེར་སུམ་ཅུ་རྩ་གསུམ་ལྷའི་ཡུལ་གྱི་དཔག་བསམ་གྱི་ཤིང་ལྗོན་པ་རྣམས་དང་། རི་རབ་ཀྱི་བང་རིམ་དང་གསེར་གྱི་རི་བདུན་གྱི་རྩེ་མོ་རྣམས་སུ་གནས་ཤིང་རྒྱ་མཚོ་ལ་གནས་པའི་ཀླུ་གཉན་ས་བདག་ཐམས་ཅད་ཟས་སུ་ཟ་ཞིང་སྐོམ་དུ་འཐུང་བའི་སྲོག་གཅོད་དུ་བྱེད་པའི་སྲོག་གི་གཤེད་མར་གྱུར་པ། འཇིག་རྟེན་གྱི་འགྲོ་བ་འདབ་ཆགས་ཐམས་ཅད་ཀྱི་རྗེ་བོ་བྱ་ཡི་རྒྱལ་པོ་འདབ་བཟང་ཁྱུང་ཆེན་ནམ། མཁའ་ལྡིང་དབང་པོ་དང་། ནམ་མཁའ་ལྡིང་སོགས་སུ་གྲགས་པ་ནི་སྔོན་གྱི་ལས་དང་སྨོན་ལམ་གྱི་མཐུ་ལས་གྲུབ་པ་འཇིག་རྟེན་གྱི་བྱ་ཁྱུང་སྟེ། འདིར་ནི་སྙིགས་དུས་ཀྱི་འགྲོ་བ་ཉོན་མོངས་ཤིན་ཏུ་རགས་པས་ལས་སྤྱོད་ཉེས་པ་ལ་བརྟེན། མི་བཟད་པའི་ནད་གདོན་དྲག་པོས་ཉམ་ཐག་པའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་ངོ་བོ་ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ་པོ་ཉིད་རྣམ་པ་ཀླུ་གཤེད་བྱ་ཁྱུང་གི་ཚུལ་དུ་བཞེངས་པས་ཚན་ཆེ་ལ་འགྲུབ་ཐག་ཉེ་བ། ཀླུ་གཉན་ས་བདག་ཁོ་ནའི་གཉེན་པོར་མ་ཟད། བན་བོན་སྔགས་པའི་བྱད་ཕུར་གཏད་ཁྲོམ་རྦད་འདྲེ་རྦོད་གཏོང་ཐམས་ཅད་ཟློག་པའི་ནུས་སྟོབས་ལྷག་པར་ཆེ་བ་དང་། དལ་ཡམས་གཡུལ་འཁྲུག་ལྷ་འདྲེའི་གཡོས་ཆེན་འབྱུང་པོའི་ཆོ་འཕྲུལ་ཐན་དང་ལྟས་ངན་སོགས་ཆག་ཆེ་ཉམ་ང་ཐམས་ཅད་ཚར་གཅོད་པའི་དྲག་རྩལ་སྟོབས་ཤུགས་དང་ལྡན་པའི་ལྷ་ཁྱད་པར་ཅན་འདི་སྒྲུབ་པའི་ཐབས་གསར་རྙིང་ཀུན་ལ་ཡོད་པ་ལས་འདིར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་གསུམ་ལས་གཏེར་མ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གཏེར་ཁ་རྣམས་སུ་བྱུང་བ་ལས། ཟབ་ཅིང་རྒྱས་པ་ཁྱད་པར་དུ་གྱུར་པ་འདི་ནི། རང་གཞུང་ལས། བདག་འདྲ་པདྨ་རྒྱལ་པོ་ཡིས༔ གདུག་པ་ཀླུ་འདུལ་མང་སྦས་ཀྱང༔ ཟབ་པའི་མཐར་ཐུག་འདི་ཉིད་ནི༔ འདི་ལས་སྦས་པ་གཞན་ན་མེད༔ འདི་ཉིད་ཁོང་གི་སྙིང་ལྟར་གཅེས༔ ལས་འཕྲོའི་བུ་དང་འཕྲད་པར་ཤོག༔ ཅེས་གདམས་ནས་མདོ་ཁམས་མཁའ་འགྲོའི་གསང་ཕུག་བ་ཐང་ཤིང་རྒྱལ་བའི་དབེན་གནས་སིནྡྷུ་ར་ཆུའི་གཏེར་དུ་སྦས། ནུས་པའི་མངའ་བདག་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྐྱེ་བ་གཏེར་སྟོན་ཆེན་པོ་མ་ཏི་རཏྣས་སྤྱན་དྲངས་པའི་སེང་གདོང་བདུད་འདུལ་དྲག་མོའི་ཆོས་སྡེ་ལས་བྱུང་བའི། ཁྱུང་སྒྲུབ་བདུད་འདུལ་ནག་མོར་གྲགས་པ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་མཁའ་ལྡིང་རྡོ་རྗེ་ཁྱུང་ཆེན་དབྱེར་མི་ཕྱེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར། དེ་ལྟར་མཎྜལ་ཕུལ་བ་སོང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཧེ་རུ་ཀ༔ ཡོན་ཏན་བྱིན་རླབས་རྨད་པོ་ཆེ༔ ས་བདག་ཀླུ་གཉན་འདུལ་བའི་ཕྱིར༔ ཁྲོ་རྒྱལ་སྟོབས་ལྡན་ཁྱུང་ཆེན་གྱི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ་བརྗོད། དེ་ནས་བླ་མས། ཨེ་མ་སྐལ་ལྡན་དམ་ཚིག་ཅན༔ དམ་ལ་གནས་ཤིང་སྒྲུབ་ནུས་སམ༔ དམ་མེད་ལོག་ལྟ་གཡེང་བ་ཅན༔ གཉིས་རྟོག་ཅན་རྣམས་ཕྱིར་དེངས་ཤིག༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་བླ་མ་ཧེ་རུ་ཀ༔ བདག་ནི་དམ་ལྡན་སྙིང་རུས་ཅན༔ ཅི་གསུང་བཞིན་དུ་བདག་སྒྲུབ་བགྱི༔ དབང་བསྐུར་ཟབ་མོ་བསྩལ་དུ་གསོལ༔ ཞེས་ཞུ། མདུན་གྱི་ནམ་མཁར་ཡེ་ཤེས་ཁྱུང་ཆེན་རིགས་ལྔ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བྱིན་རླབས་གཏེར་མཛོད་བླ་མ་དང༔ དངོས་གྲུབ་གཏེར་མཛོད་ཡི་དམ་ལྷ༔ བསྙེན་སྒྲུབ་ལས་སྦྱོར་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། རྩ་བ་གསུམ་ལ་སྐྱབས་སོང་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་ཡན་ལག་བདུན་པ་འདིའི་རྗེས་ཟློས། ཡེ་ཤེས་ཁྱུང་ཆེན་རིགས་ལྔ་དང༔ རྩ་གསུམ་རྒྱལ་བ་སྲས་བཅས་ལ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྡིག་བཤགས་དགེ་བསྐུལ་རྗེས་ཡི་རང༔ ཆོས་འཁོར་བསྐོར་ཞིང་གསོལ་བ་འདེབས༔ དགེ་རྩ་འཁོར་གསུམ་ཡོང་དག་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ ཅེས་བརྗོད་དུ་གཞུག །དེ་ནས་དབང་གི་གཞི་ཡེ་ཤེས་པ་དབབ་པ་ནི། ཁྱོད་རང་གིས་སློབ་དཔོན་ལ་མོས་གུས་དུང་བ་གཅིག་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱོད་རང་ལ་ཕོག་པས་རྣམ་སྨིན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱང་། ལས་བུམ་ཆུ་དང་། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སློབ་མ་རིག་པའི་ངོ་བོ་ཡེ་ཤེས་ཀྱི་བྱ་ཁྱུང་སྐུ་མདོག་དམར་ནག་ཁྲོ་ཆུ་ཞུན་མའི་ལུས་ལ་མེའི་ཚྭ་ཚྭ་འཕྲོ་བ། རྡོ་རྗེ་རལ་གྲིའི་གཤོག་པ་རྣོ་བའི་ངར་དང་ལྡན་པ་གཡས་པས་ཉི་ཟླ་ཚོག་པོར་འཕེན་པ། གཤོག་པ་གཡོན་པས་རི་རབ་བསྙིལ་ཞིང་ས་གཞི་གདར་ཤ་གཅོད་པ། སྒྲོ་ཕྲན་སྤུ་གྲི་ངར་མ་ལ་མེ་འབར་བས་གནོད་བྱེད་སྲོག་རྩ་གཅོད་ཅིང་གཞོབ་ཏུ་བཏང་བ། མཇུག་སྒྲོ་གཡུ་ཡི་རྡོ་རྗེས་ས་སྲིན་འཇོམས་པ། སྤྱན་གཡས་གསེར་ཆུ་ཁོལ་མ་དམར་ཀྱི་ལི་ལི་འཁོར་བ། སྤྱན་གཡོན་དངུལ་ཆུ་ཁོལ་མ་དམར་ནག་ཏུ་འཁྲུགས་པ། ཟངས་ཀྱི་རྭ་གཡས་པ་ལས་བསྐལ་པའི་མེ་འབར་བ། ལྕགས་ཀྱི་རྭ་གཡོན་པ་ལས་བསྐལ་པའི་ཆུ་ཆེན་འབྲུབ་པ། རྭ་བར་དུ་ཡིད་བཞིན་ནོར་བུ་ལས་དགོས་འདོད་ཀྱི་ཆར་འབེབ་པ། ཡན་ལག་ཐམས་ཅད་སྦྲུལ་རིགས་ལྔས་བརྒྱན་པ། མཆུ་སྡེར་ལྕགས་ཀྱུ་རྣོན་པོས་ཀླུ་བརྒྱད་གཟིར་བ། སྤུ་སྤྲུགས་པས་ཁྱུང་དང་རྡོ་རྗེ་དང་མཚོན་ཆའི་ཆར་འབེབ་པ། ཕྱག་གཉིས་ཀྱིས་ཀླུ་རིགས་ལྔའི་ངོ་བོ་སྦྲུལ་རིགས་ལྔའི་རྣམ་པ་ཞལ་དུ་བཅུག་ནས་གསོལ་བ། ཞལ་ནས་མེ་འབར་ཞིང་ཀྲང་ཀྲིང་གི་སྒྲ་སྒྲོག་པས་ཀླུ་གཉན་སྡེ་བརྒྱད་ཟིལ་གྱིས་གནོན་པ། དེ་ཡི་སྤྱི་མགྲིན་སྙིང་ལྟེ་གསང་བར་བྱ་ཁྱུང་རིགས་ལྔ་དཀར་དམར་མཐིང་སེར་ལྗང་བའི་སོ་སོའི་ཐུགས་ཀར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་དང་ཁྲོཾ་ཡིག་ལྔ་རྣམས་སོ་སོའི་རང་འོད་སྤྲོ་བ་ལས་འོད་ཟེར་དཔག་མེད་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་བྱ་ཁྱུང་རིགས་ལྔའི་རྣམ་པ་བསམ་གྱིས་མི་ཁྱབ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སློབ་མ་ཡེ་ཤེས་ཁྱུང་ཆེན་དུ་གསལ་བ་ལ་སིབ་སིབ་ཐིམ་པར་མོས་ཞེས་དམིགས་པ་ཕོག་ལ། རྩ་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་བྱའོ། །སྤྲོས་པ་ལ་དགའ་ན་སྤྱན་འདྲེན་དབྱངས་དང་བཅས་པ་བྱ། བསྡུ་ན་མི་དགོས། མཐར། ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་བར་དུ་བརྟན་པར་གྱུར། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དངོས་གཞི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བྱ་བ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་ངོ་བོ་ཁྱེད་རང་གི་སྤྱི་བོ་ནས་དབང་བསྐུར་བས་སྡེ་བརྒྱད་འབྱུང་པོ་ཀླུ་གཉན་ས་བདག་གི་གཉེན་པོ་ཁྲོ་རྒྱལ་ཁྱུང་གི་སྐུར་གྱུར་པའི་མོས་པ་གྱིས། ཞེས་བརྗོད་ནས་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བུམ་ཆུ་རིགས་ལྔའི་ངོ་བོ་ནི༔ ཡོན་ཏན་བྱ་ཁྱུང་ཚོགས་སུ་གྱུར༔ ཀླུ་གཉན་ས་བདག་གཉེན་པོ་དང༔ གཟའ་བདུད་འབྱུང་པོ་སྡེ་བརྒྱད་ཀྱི༔ གཉེན་པོར་ཁྱོད་ལ་དབང་བསྐུར་པས༔ ཁྲོ་རྒྱལ་ཁྱུང་གི་སྐུར་གྱུར་ནས༔ ཡེ་ཤེས་ཁྱུང་ཆེན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འོ་སྐལ་ལྡན་རིགས་ཀྱི་བུ། བུམ་པ་བདུད་རྩི་བྱ་ཁྱུང་གི་ངོ་བོས་དབང་བསྐུར་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ཕྱི་ནང་ཐམས་ཅད་བདུད་རྩི་བྱ་ཁྱུང་གིས་གང་ནས་ཀླུ་གདོན་འབྱུང་པོའི་གཉེན་པོ་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཀྱི་ངོ་བོ་བྱ་ཁྱུང་གི་སྐུ་དངོས་སུ་གྱུར་པའི་ང་རྒྱལ་སྒོམས་ཤིག །བུམ་པ་ཁྲོ་རྒྱལ་ཁྱུང་གི་ལྷ་ཚོགས་མགྲིན་པར་བཞག་ཅིང་བུམ་ཆུའི་བདུད་རྩི་བྱིན་པས་སྟོབས་ལྡན་ཁྱུང་གི་གསུང་དང་ནུས་པ་མཉམ་པར་མོས་ཤིག །ཧཱུྃ༔ བུམ་པ་ལྷ་ཡི་སོགས་ཚིགས་བཅད་གོང་བཞིན་དང་། སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགྲིན་པར་བཞག་ཅིང་བུམ་ཆུ་བླུད། ངག་ཏུ་བདུད་རྩི་བླུད་པས་ཀྲང་ཀྲིང་གི་སྒྲ་སྒྲོག་པས་སྡེ་བརྒྱད་ཀྱི་གཉེན་པོར་གྱུར་པར་སྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་ལན་གསུམ། བུམ་པ་ཁྲོ་རྒྱལ་ཁྱུང་གི་ལྷ་ཚོགས་སྙིང་གར་བཞག་པས་ཡེ་ཤེས་ཁྱུང་ཆེན་འབར་བའི་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བུམ་པ་ལྷ་ཡི་སོགས་ཚིགས་བཅད་དང། སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །ཐུགས་ཀར་ཉི་དཀྱིལ་ལ་ཁྲོཾ་ཧཱུྃ་མཐིང་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྟིམ། ཐུགས་སྲོག་སྔགས་ཕྲེང་ལས་བྱ་ཁྱུང་དང་ཐོག་སེར་མེའི་ཚྭ་ཚྭ་འཕྲོས་པས་འབྱུང་གདོན་དང་ཀླུ་གཉན་ཐམས་ཅད་བརླགས། སེམས་སྐྱེ་འཆི་མེད་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་པར་སྒོམས་ཤིག །ཅེས་བརྗོད། དེ་དག་ནི་རྩ་བའི་དབང་གསུམ་མོ། །གྲངས་གསོག་ན་འདི་ཁོ་ན་གསག་དགོས་པས་ནུས་ན་སྨྲོས་མ་ཐག་ལྟར་དང་། མི་ནུས་ན། ཚིགས་བཅད་ཚར་གཅིག་གི་མཇུག་ཏུ་སྔགས་གསུམ་སྦྲེལ། ཚིགས་ལྷུག་བརྡ་སྤྲོད་རྣམས་ཀྱང་སྦྲེལ། སྔགས་ཀྱི་རྗེས་ཟློས་མཇུག་ཏུ་བྱའོ། །དེ་ནས་ཡན་ལག་དབང་ལྔ་ནི། ཀླུ་གདོན་འགྲོལ་བའི་རྗེས་གཅོད་ལྟར་བསྐུར་ཏེ། འཛོམ་ན་ཁྱུང་ལྔ་སོ་སོའི་ཙཀླི་དང་བུམ་པ་སྦྲག །ཙཀླི་མེད་ཀྱང་བུམ་པ་གཅིག་པུས་ཆོག་པས་དེ་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་སྐུ་ཡི་དབང༔ རྒྱལ་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ རྒྱལ་རིགས་དཀར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཁྱུང་དཀར་དང་བུམ་པ་སྤྱི་བོར་བཞག །བུམ་ཆུ་སྤྱི་བོར་བླུགས་ལ། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་དུང་ཁང་ཟླ་བའི་སྟེང་དུ་སྐུའི་བྱ་ཁྱུང་དཀར་པོའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་རྒྱལ་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་གསུང་གི་དབང༔ བྲམ་ཟེ་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ བྲམ་ཟེ་དམར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཁྱུང་དམར་དང་བུམ་པ་མགྲིན་པར་བཞག །བུམ་ཆུ་ངག་ཏུ་བླུད་ནས། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་མགྲིན་པར་པདྨའི་དབུས་སུ་གསུང་གི་བྱ་ཁྱུང་དམར་པོའི་རྣམ་པས་འཁོད་པར་གྱུར། དེས་བྲམ་ཟེ་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཐུགས་ཀྱི་དབང༔ གདོལ་པ་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ གདོལ་པ་ནག་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁྱུང་ནག་དང་བུམ་པ་སྙིང་གར་བཞག །བུམ་ཆུས་སྙིང་གར་ཐིག་ལེ་བྱ། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་དུ་ཐུགས་ཀྱི་བྱ་ཁྱུང་མཐིང་ནག་གི་རྣམ་པས་འཁོད་པར་གྱུར། དེས་ཀླུ་གདོལ་པ་ནག་པོ་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་བྱ་ཁྱུང་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཡོན་ཏན་དབང༔ རྗེ་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ རྗེ་རིགས་སེར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཞེས་ཁྱུང་སེར་སྐུ་དང་བུམ་པ་ལྟེ་བར་བཞག །ཁྱེད་རང་རྣམས་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་ལྟེ་བར་ཡོན་ཏན་ཁྱུང་ཆེན་སེར་པོའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་རྗེའུའི་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཕྲིན་ལས་དབང༔ དམངས་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ དམངས་རིགས་ལྗང་གུ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ཁྱུང་ལྗང་གུ་དང་བུམ་པ་གསང་བར་བཞག །ཁྱེད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་གསང་གནས་སུ་ཕྲིན་ལས་ཀྱི་ཁྱུང་ཆེན་ལྗང་གུའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་དམངས་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡེ་ཤེས་ཁྲོ་བོ་ཁྱུང་ཆེན་འབར་བ་ཀླུ་འདུལ་བྱ་ཁྱུང་རིགས་ལྔའི་ཚོགས་དང་བཅས་པ། གཟའ་ཀླུ་ས་བདག་ལོག་འདྲེན་འབྱུང་པོའི་གཤེད་མ་ཉིད་དུ་གཞོམ་བྲལ་རྡོ་རྗེའི་ངོ་བོར་ལྷུན་གྱིས་གྲུབ་པར་གྱུར་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་བར་མོས་ཤིག །དུས་གསུམ་རྒྱལ་བ་མ་ལུས་པའི། །ཡེ་ཤེས་ལྔ་ལས་སྤྲུལ་པའི་སྐུ །གདུག་པ་མ་ལུས་འཇོམས་མཛད་པ། །ཡེ་ཤེས་ཁྱུང་གི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་བརྗོད་ལ་མེ་ཏོག་འཐོར་རོ། །དེ་ལྟར་ཡེ་ཤེས་ཁྱུང་ཆེན་འབར་བའི་དབང་བསྐུར་ཟབ་མོ་བྱིན་རླབས་ཀྱི་ཚན་ཁ་ཅན་དེ་ཉིད་བསྐུར་གྲུབ་ཟིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །རྗེས་ཀྱི་བྱ་བ་མཆོད་པ་ཁ་གསོས་བྱིན་བརླབས་ལ། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །སྨན་གཏོར་རཀྟ་ཀླུ་གཉན་ཤ་ཁྲག་སོགས། །ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ། །བཛྲ་ཛྙཱ་ན་ག་རུ་ཎ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་སྤྱི་གཟུགས་ཆེ། །ཀླུ་གཉན་སྡེ་བརྒྱད་འབྱུང་པོའི་གཤེད་མ་སྟེ། །བྱད་ཕུར་རྦོད་གཏོང་ཟློག་པའི་དབང་ཕྱུག་ཆེ། །ཡེ་ཤེས་ཁྱུང་ཆེན་རྒྱལ་ལ་ཕྱག་འཚལ་བསྟོད། །མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བཟླ། བཛྲ་མུཿས་བུམ་པའི་ཡེ་ཤེས་པ་གཤེགས། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་གང་མོས་ལྟར་བྱ་ཞིང་ཤིས་པ་བརྗོད་དོ། །ལས་ངན་རྣམ་པར་སྨིན་པ་སྙིགས་མའི་ལུས། །སྡུག་བསྔལ་བརྒྱ་ཡིས་གཙེས་རྣམས་སྐྱོབ་པ་ལ། །མཐུ་ལྡན་རྡོ་རྗེ་མཁའ་ལྡིང་སྒྲུབ་པའི་ཐབས། །དལ་བར་སྡོད་ཚེ་ཉམས་སུ་བླང་བར་རིགས། །ནད་གདོན་བགེགས་ཀྱི་མུན་པ་དྭངས་ནས་སུ། །མཐོ་རིས་འབྱོར་པའི་ཉིན་བྱེད་ཁོར་ཡུག་ཤར། །ཡེ་ཤེས་མཁའ་ལ་ལྡིང་བའི་སྐུ་འགྲུབ་ཅིང་། །རིགས་ལྔའི་ཁྲོ་རྒྱལ་རྣམས་དང་དགོངས་མཉམ་ཤོག །ཅེས་པ་འདིའང་རྩ་བའི་གཞུང་དང་། ཆོས་འདིར་རང་བྱན་ཆུད་པའི་རིག་པ་འཛིན་པ་དག་གི་ཡིག་ཆའི་བཅུད་བླངས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-MI-09-ma ti'i khyung dmar-01.jpeg
RTZ-Tsagli-Dzongsar-MI-09-ma ti'i khyung dmar-02.jpeg
RTZ-Tsagli-Dzongsar-MI-09-ma ti'i khyung dmar-03.jpeg
RTZ-Tsagli-Dzongsar-MI-09-ma ti'i khyung dmar-04.JPG
RTZ-Tsagli-Dzongsar-MI-09-ma ti'i khyung dmar-05.jpeg
RTZ-Tsagli-Dzongsar-MI-09-ma ti'i khyung dmar-06.JPG
RTZ-Tsagli-Dzongsar-MI-09-ma ti'i khyung dmar-07.jpeg
RTZ-Mandala-Dzongsar-05-468-ma ti'i khyung dmar.jpeg

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).