Terdzo-MA-043



Property "author" has been marked for restricted use.








Terdzo-MA-043.pdf
Click the picture above to view the Shechen manuscript.

འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་

'jam dpal dmar po zhi drag phyed ma longs spyod tshe 'phel gyi skor:_tshe bdag dmar po'i tshe sgrub bdud rtsi'i ljon shing

by  སངས་རྒྱས་གླིང་པ་ (Sangye Lingpa)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  ཟབ་རྒྱ་གཉིས་པ་བསྟན་པ་འཇམ་དཔལ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་ (Zab rgya gnyis pa bstan pa 'jam dpal zhi drag phyed ma longs spyod tshe 'phel)
Volume 16 (མ) / Pages 873-889 / Folios 1a1 to 9a3

Tibetan Text

༁ྃ༔ འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈ ཤྲཱི་མཉྫུ་ཤྲཱི༔ ཚེ་འཕེལ་བར་འདོད་པའི་རྣལ་འབྱོར་པས༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་འདི་ལ་བརྩོན་པར་བྱ་བ་ནི༔ ཟླ་བ་ཡར་ངོ་ལ་བབ་པའི་ཚེ༔ ཡིད་དང་མཐུན་པའི་གནས་སུ་རྒྱས་པའི་ཕྱོགས་ནས་བླངས་པའི་ས་སྣུམ་འབོལ་སྲོག་ཆགས་མེད་པ་བླངས་ལ༔ སྟེགས་བུ་མདའ་གང་གྲུ་བཞི་དཔངས་སུ་མཁྱིད་གང་བ་བྱས་ལ༔ འཕེལ་བར་བྱེད་པའི་རྫས་་་ཆང་དང་མཚེའི་ཁཎྜ་སྦྲང་རྩི།་་་ཀྱི་ཁུ་བས་བྱུགས༔ དེ་ལ་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་་་སེར།་་་མུ་ཁྱུད་དང་བཅས་པ་རྡོ་རྗེའི་ར་བ་དང་མེ་རིས་ཡོངས་སུ་བསྐོར་བའི་དབུས་སུ༔ འབྲུ་ཡི་བཅུད༔་་་ཆང་། རྩི་ཐོག་གི་བཅུད༔་་མར། མེ་ཏོག་གི་བཅུད༔་་་སྦྲང་རྩི། ཤིང་གི་བཅུད༔་་་བུ་རམ། དྭངས་མའི་བཅུདཿ་་་སྤྲི །དེ་ལྟར་བཅུད་ལྔ་པོ་ལས་བྱས་པའི་ཚེ་ཟན་རིན་པོ་ཆེ་འབར་བའི་དབྱིབས་ཅན་གས་པ་དང་སྤུ་རིས་མེད་པ་བཟོས་ལ༔ བཀྲ་ཤིས་ལ་རོ་བཅུད་ ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ཀྱིས་བརྒྱན༔ དེ་གས་ཆག་དང་གཡའ་མེད་པའི་ནང་དུ་བཅུག་ལ༔ ཁྲིའུའམ་མཉྫིའི་སྟེང་དུ་བཀོད༔ སྟེང་ནས་དར་སྣ་ལྔའི་ལྡིང་ཁང་ཕུབ་པ་བཤམ༔ དེའི་ཕྱོགས་བཞིར་ཤར་དུ་ཚེའི་རྟེན་རྡོ་རྗེ་གས་ཆག་མེད་པ༔ ལྷོར་སྲོག་གི་རྟེན་མདའ་རྒོད་སྒྲོ་མ་གས་ཆག་མེད་པ་ལ་ཚེ་དར་དམར་པོ་བཀྲག་དང་ཁ་མ་ཉམས་པ༔ ནུབ་ཏུ་དབང་དང་སྲོག་ལུས་རླུང་རྟའི་རྟེན་བུམ་པ་གས་ཆག་མེད་པར་ཆུ་རྒྱུན་ཆད་མེད་པ་ནས་བླངས་པའི་ནང་དུ༔ གོང་གི་བཅུད་རྣམས་དང༔ སྨན་བཟང་དྲུག་བཏབ་པས་གང་བར་བྱ༔ ཁ་རྒྱན་ལ་ཤིང་རྩེ་མོ་མ་ཉམས་པ་ལོ་འདབ་རྒྱུན་གནས་ཤིང་འབྲས་བུ་ཡོད་པས་བརྒྱན༔ མགུལ་ཆིངས་དར་རས་ལས་བྱས་པས་དཀྲིས༔ བྱང་དུ་ཚེའི་དངོས་གྲུབ་ཀྱི་རྟེན་བཀྲ་ཤིས་པའི་ཐོད་པ་ཆང་གིས་བཀང་བ་རྣམས་བཤམ༔ དེ་ལྟར་བཤམས་པའི་དཀྱིལ་འཁོར་གྱི་ཕྱི་སྐོར་དུ༔ རང་གི་ལྷ་གཞུང་གང་ལ་བྱེད་པ་དེ་དང་རྗེས་སུ་མཐུན་པའི་མཆོད་གཏོར་བཤམ༔ གཞན་ཡང་སྤྲོས་པ་ལ་དགའ་ན༔ བཀྲ་ཤིས་ལ་བྱིན་ཆགས་པ་མཛེས་ཤིང་ཡིད་དུ་འོང་བའི་སྤྱན་གཟིགས་ཀྱང་གང་འཐད་དུ་ལེགས་པར་བཀྲམ་མོ༔ དེ་ནས་སྒྲུབ་པ་ལ་འཇུག་པ་ནི༔ སྔོན་དུ་འགྲོ་བའི་བྱ་བ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་གཞུང་སྤྱི་དང་མཐུན་པར་བྱ༔ རྣལ་འབྱོར་པ་རང་གི་ལྷ་གང་ལ་བྱེད་པ་དེ་ཉིད་ཀྱི་བསྐྱེད་རིམ་ལ་སོགས་པ་དང༔ ལས་གཞུང་བསྲང༔ མཚམས་དམ་པར་བཅད༔ སྲུང་བའི་འཁོར་ལོ་དྲག་ཏུ་བསྒོམས་ལ༔ ཚོགས་ཀྱི་འཁོར་ལོ་ཡན་ཆད་འགྲུབ་པར་བྱ༔ དེ་ནས༔ རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་དམར་པོ་ཁྲུ་གང་བ་གཅིག་གསལ་བ་ལས་འོད་ཟེར་དམར་པོ་འཕྲོས་པས༔ སྲིད་པ་གསུམ་གྱི་ལྷ་འདྲེ་མི་གསུམ་གྱི་ཚོགས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་དེ་ཡོངས་སུ་གྱུར་པ་ལས༔ དཔལ་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་དར་དང་རིན་པོ་ཆེ་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞལ་འཛུམ་པ་སྤྱན་གསུམ་ཅུང་ཟད་བསྒྲད་པ༔ དབུ་སྐྲ་སེར་པོ་གྱེན་དུ་འཕྱོ་བའི་གཙུག་ཏུ་མགོན་པོ་ཚེ་དཔག་མེད་ལོངས་སྐུའི་ཆ་ལུགས་ཅན༔ ཕྱག་མཉམ་གཞག་མཛད་པའི་མཐིལ་དུ་ཚེ་བུམ་བཅུད་ཀྱིས་གང་བ་བསྣམས་པར་གསལ༔ ཕྱག་གཡས་པས་ཚེ་འགུགས་པའི་ལྕགས་ཀྱུ་དམར་པོ་བསྣམས་པ༔ གཡོན་པས་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་གཅིག་བསྐྱེད་པའི་ཐུགས་ཀར་ཉི་ཟླའི་གདན་ལ་རང་ཉིད་དམ༔ ཚེ་འཕེལ་བར་འདོད་པ་དེ་དག་གི །རྣམ་པར་ཤེས་པ་ཚེ་སྲོག་གི་ངོ་བོ་ནྲྀ་དམར་ལ་འཚེར་བ་གཅིག་བསྐྱེད༔ དཀྱིལ་འཁོར་དེ་ཉིད་གཞལ་ཡས་ཁང་སྤྱི་མཐུན་དུ་གསལ་བའི་དབུས་སུ༔ ཚེའི་ཟན་དེ་ཉིད་ཤེལ་གྱི་མཆོད་རྟེན་ངང་ཙེ་རེ་བའི་ནང་དུ༔ བདག་བསྐྱེད་ཀྱི་ཐུགས་ཀའི་ཚེ་བདག་དེ་ཉིད་བསྐྱེད༔ རྩིབས་བརྒྱད་ལ་ཚེའི་ལྷ་མོ་བརྒྱད་བསྐྱེད་དེ༔ ཤར་དུ་སངས་རྒྱས་སྤྱན་མ༔ ལྷོར་མཱ་མ་ཀི༔ ནུབ་ཏུ་གོས་དཀར་མོ༔ བྱང་དུ་དམ་ཚིག་སྒྲོལ་མ༔ ཤར་ལྷོར་རྒྱས་བྱེད་མ༔ ལྷོ་ནུབ་ཏུ་བརྟན་བྱེད་མ༔ ནུབ་བྱང་དུ་འཕེལ་བྱེད་མ༔ བྱང་ཤར་དུ་ལོ་འདབ་མ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ སྐུ་མདོག་སྣ་ཚོགས་པ་ལས་ལ་བཞེངས་ནས་ཕྱག་གཡས་པས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དམར་པོས་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་ཐམས་ཅད་བཀུག་ནས༔ ཕྱག་གཡོན་པར་ཚེ་བུམ་འཛིན་པའི་ནང་དུ་བླུགས་པས་བུམ་པ་རྣམས་ཀྱང་ཚེའི་བདུད་རྩིས་མེར་གྱིས་ཁེངས་ཤིང་བུམ་ཅོལ་ནས་ངང་ལྷུད་ལྷུད་བྱུང་བར་བསམ༔ ཤར་གྱི་ཚེའི་རྡོ་རྗེ་དེ་ཉིད་ཚེའི་རྟེན་རྡོ་རྗེའི་བྲག་རི་སྲ་ལ་བརྟན་པ༔ ལྷོའི་མདའ་སྲོག་གི་རྟེན་དཔག་བསམ་གྱི་ལྗོན་ཤིང་དར་ཞིང་རྒྱས་པ༔ ནུབ་ཀྱི་བུམ་པ་ཅི་འདོད་ཐམས་ཅད་འབྱུང་བའི་གཏེར་གྱི་བུམ་པ༔ བྱང་གི་ཐོད་པ་ཆང་གིས་བཀང་བ་དངོས་གྲུབ་ཐམས་ཅད་འབྱུང་བའི་བདུད་རྩིའི་རྒྱ་མཚོ་འཁྱིལ་པ་རྣམས་བསམ༔ དེ་ལྟར་གསལ་བར་བསྐྱེད་པའི་ཕྱི་རོལ་གྱི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བདག་གཞན་གྱི་ཚེ་བྱིན་གྱིས་རློབ་པར་མཛད་དེ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པར་བསམ༔ དེའི་ཕྱི་རོལ་ཏུ་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་ནས་ཞལ་ཕྱིར་གཟིགས་ཤིང༔ རང་གཞན་གྱི་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་འབྱུང་པོ་ཐམས་ཅད་བསད་བསྒྲལ་གྱི་ལས་བྱེད་པར་བསམ༔ དེའི་ཕྱི་རོལ་ཏུ་རྡོ་རྗེའི་བྲག་རིའི་ར་བ་སྲ་བ་བརྟན་པ་དུས་དང་རྣམ་པ་ཐམས་ཅད་དུ་འགྱར་འགྱུར་མེད་པར་བསམ༔ དེའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རི་ལ་སོགས་པ་སྲུང་བའི་གུར་ཁང་སྤྱི་དང་མཐུན་པར་བསམ་མོ༔ དེ་ལྟར་གསལ་བའི་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཾཿལས་པདྨ་དམར་པོ་ཨཱཾཿགིས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ གཙོ་བོའི་ཐུགས་ཀར་ཡ་ལས་བེ་ཅོན་དམར་པོ་ཧཱུྃ་གིས་མཚན་པར་གསལ་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དངོས་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་ལ་ཕོག་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཚུར་བྱོན་པ་མདུན་གྱི་ནམ་མཁར་བཞུགས་པ་ལ༔ ཕྱི་ནང་གསང་བའི་མཆོད་པས་མཆོད་པ་ཙམ་གྱིས་ཐམས་ཅད་དགྱེས༔ བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་པས་དམ་ཚིག་པ་དང་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར༔ སླར་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་པ་དང་སྒྲིབ་པ་སྦྱངས་ནས་དེ་དག་ཐམས་ཅད་ཀྱང་ཚེའི་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་པར་བསམ་མོ༔ དེ་ནས་བཟླས་པ་བྱེད་པ་ནི༔ བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་དམར་པོའི་མཐའ་སྐོར་དུ༔ ཨོཾ་མཉྫུ་ཤྲཱི་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ ཞེས་པས་གཡས་སྐོར་དུ་བསྐོར་བ་ལ་ཤེས་པ་གཏད་དེ༔ ངག་ནས་ཀྱང་བརྗོད་པ་དག་པར་བཟླས་པས༔ སྔགས་འབྲུ་ཐམས་ཅད་ཀྱང་སི་ལི་ལི་འཁོར་བར་དམིགས་ནས༔ སྔ་དྲོའི་ཆ་ཐུན་དང་པོ་ལ་བཟླས༔ ཉི་མ་གུང་ལ་བབ་པའི་ཚོད༔ ཐུན་བར་པ་ལ༔ ཚེ་ཟན་དཀྱིལ་འཁོར་གྱི་དབུས་ན་ཡོད་པ་ལ་སྔགས་ཀྱི་འཁྲུལ་འཁོར་གྱིས་སྲད་བུ་ལྔ་ལྡན་རང་གི་སྙིང་ག་དང་སྦྲེལ་ནས༔ གོང་དུ་གསལ་བའི་ཐུགས་ཀའི་སྔགས་འབྲུ་ལས་འོད་ཟེར་ཕོ་ཉ་ལྟ་བུ་སྲད་བུ་ལ་བརྒྱུད་དེ་སོང་བས་ཚེ་ཟན་ནང་དང༔ ཤེལ་གྱི་མཆོད་རྟེན་ནང་དུ་བསྐྱེད་པའི་ཚེ་བདག་གི་ཐུགས་ཀར་ཕོག༔ དེའི་ཐུགས་ཀར་ཧཱུྃ་དམར་པོ་གསལ་བ་ལ་བསྐོར་བའི་ཚུལ་གྱིས༔ སྔགས་ཀྱི་རང་སྒྲ་དང་བཅས་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ སླར་མདུན་བསྐྱེད་ཀྱི་ཚེའི་ལྷ་མོ་རྣམས་ལ་ཕོག་པས་ཀྱང་རྒྱུད་བསྐུལ༔ མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱིས་ཀྱང་བཟླས་པ་བཀླག་པའི་ཚུལ་གྱིས་འུ་རུ་རུ་འདོན་པར་བསམས་ལ༔ རྩ་སྔགས་གོང་མའི་ཤམ་དུ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱོཾ༔ ཞེས་བཟླས་པ་ཙམ་གྱིས༔ སྔགས་ཀྱི་འོད་ཟེར་སྲད་བུ་ལ་བརྒྱུད་ཅིང་འཕྲོ་འདུའི་རླབས་ཀྱི་ཚ་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་པའི་ལྷ་དང༔ མི་དང་ལྷ་མ་ཡིན་ལ་སོགས་པ་ཚེའི་ལྷ་དང་ལྷ་མོར་གྱུར་པ་རྣམས་ཀྱིས་ཀྱང་བདག་གཞན་གང་གིས་ཚེ་སྒྲུབ་པ་དེའི་སྡོངས་གྲོགས་ཚེ་འཕེལ་བའི་སླད་དུ་འདོན་པར་དམིགས་ཏེ༔ བཟླས་པ་ལ་འབད་པར་བྱའོ༔ སྲོད་ནས་བཟུང་སྟེ་ཕྱི་ཐུན་གྱི་ཆ་ལ་བབ་པའི་ཚེ༔ བདག་བསྐྱེད་ལྷའི་ཐུགས་ཀར་དམིགས་བྱའི་རྣམ་པར་ཤེས་པ་ནྲྀ་དམར་ལ་འཚེར་བ་གསལ་བར་བསྐྱེད་པ་དེ་ཉིད་ཀྱང༔ གཟི་མདངས་དང་བཀྲག་ཕུན་སུམ་ཚོགས་པར་གྱུར༔ སྔགས་ཀྱི་ཡིག་འབྲུ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་འཕྲོས་ཤིང་ནྲྀ་ལ་ཐིམ་པས་བསྒྲུབ་བྱའི་དམིགས་ཡུལ་གང་ཡིན་པ་རྣམས་ཀྱི་ཚེ་འཕེལ་བར་བསམ༔ སྤྲུལ་པའི་ལྷ་མོ་བརྒྱད་ཀྱི་ཐུགས་ཀ་ནས་དངོས་འདྲ་བའི་ལྷ་མོ་མང་པོ་འཕྲོས་པས༔ འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཚེ་དང་དཔལ་འབྱོར་གཟི་བརྗིད་ཐམས་ཅད་བཀུག༔ བྱིན་རླབས་ནུས་མཐུ་དངོས་གྲུབ་རྣམ་གཉིས་ལ་སོགས་པ་ཐམས་ཅད་བཀུག་ནས་ནྲྀ་ལ་བསྟིམས་པས་གཟི་མདངས་དང་ལྡན་པར་གྱུར༔ ཚེ་ཟན་ལ་སོགས་པའི་རྫས་ཐམས་ཅད་ལ་བསྟིམས་པས༔ དེ་དག་ཐམས་ཅད་བྱིན་རླབས་དང་ལྡན་པར་བསམས་ལ་བཟླས་པ་བྱ་ཞིང༔ ཚེ་འགུགས་པའི་ཆོ་ག་འདི་ཡང་བྱའོ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཚེ་ཡི་ལྷ༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་ལ་སོགས་པ༔ བྱིན་རླབས་ཚེ་ཡི་དངོས་གྲུབ་སྩོལ༔ རང་བཞིན་གནས་ན་བཞུགས་པའི་ཚོགས༔ ཚེ་ཡི་ལྷ་དང་ལྷ་མོ་རྣམས༔ བདུད་རྩི་བཅུད་ཀྱིས་གང་བ་ཡི༔ ཚེ་ཡི་བུམ་པ་བསྣམས་ནས་ཀྱང༔ ཚེ་དབང་གྲུབ་པའི་ལས་མཛད་རྣམས༔ བདག་གི་ཚེ་དཔལ་རྒྱས་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཚེ་བདག་འཇམ་དཔལ་དབྱངས༔ དཔལ་དང་གཟི་བརྗིད་ལྡན་པ་པོ༔ དམར་འཚེར་ཞལ་གཅིག་ཕྱག་གཉིས་པ༔ སྣ་ཚོགས་རིན་ཆེན་རུས་རྒྱན་སྤྲས༔ ཁྲོ་འཛུམ་སྤྱན་གསུམ་སྲིད་གསུམ་གཟིགས༔ རལ་པ་སེ་ཡན་གཙུག་འཁྱིལ་ཞིང༔ ཚེ་དབང་འོད་དཔག་མེད་པས་མཚན༔ ཕྱག་གཡས་ཚེ་འགུགས་ལྕགས་ཀྱུ་དང༔ གཡོན་པས་ཚེ་བུམ་བདུད་རྩི་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་གདན་ལ་བཞུགས༔ ཁྱོད་ནི་རིག་འཛིན་ཚེ་ཡི་ལྷ༔ བདག་ལ་རྗེས་སུ་བཟུང་བའི་ཕྱིར༔ འཆི་མེད་ཚེ་ཡི་བཀའ་བབ་ཞུ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས༔ ཚེ་དང་ལོངས་སྤྱོད་དཔལ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་ཡི་གཡུང་དྲུང་རྒྱས་པར་མཛོད༔ ཁྱོད་ཀྱི་སྤྲུལ་པའི་འཁོར་ཚོགས་ཀྱང༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་སྐུ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་མཆོག་མཱ་མ་ཀི༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་ཆེན་གོས་དཀར་མོ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་ཆེན་དམ་ཚིག་སྒྲོལ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ བྱང་གི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཤར་ལྷོ་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་རྒྱས་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཤར་ལྷོ་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལྷོ་ནུབ་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་བརྟན་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ལྷོ་ནུབ་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནུབ་བྱང་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་འཕེལ་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ནུབ་བྱང་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བྱང་ཤར་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་བདུད་རྩི་ལོ་འདབ་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ བྱང་ཤར་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ དུས་གསུམ་བདེ་གཤེགས་ཚེ་ཡི་ལྷ༔ སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་ཀྱི༔ རྒྱན་དང་ཆ་ལུགས་སྣ་ཚོགས་པས༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཚེ་དབང་ལོངས་སྤྱོད་དཔལ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ གཞན་ཡང་ཕྱོགས་ན་བཞུགས་པ་ཡི༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱང༔ བདག་དང་འགྲོ་ལ་བརྩེར་དགོངས་ནས༔ སྒྲུབ་པ་པོ་ལ་བྱིན་གྱིས་རློབས༔ ཚེ་ཡི་རྫས་ལ་བཅུད་ཅིག་ཕོབ༔ ཚེ་རྟེན་རྣམས་ལ་གཟི་མདངས་སྐྱེད༔ ཚེ་དཔལ་ལོངས་སྤྱོད་རྒྱས་པར་མཛོད༔ ཨོཾ་མཉྫུ་ཤྲཱི་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱོཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཚེ་བཀུག་ལ་ནྲྀ་དང་ཚེ་རྟེན་རྣམས་ལ་རིམ་པས་བསྟིམ་མོ༔ སྐབས་སྐབས་སུ་ཐུན་གྱི་བར་མཚམས་ནང་ནུབ་ལ་སོགས་པར༔ སྨན་རཀ་གཏོར་མ་ལ་སོགས་པའི་མཆོད་པ་རྣམས་ལས་གཞུང་གང་འཐད་ཀྱི་ལུགས་ལྟར་འབུལ་བར་བྱའོ༔ དེ་ནས་ཚེའི་ལྷ་ཚོགས་རྣམས་ལ་བསྟོད་པ་འདི་ཡང་བྱའོ༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་འབར་བའི་དཀྱིལ་འཁོར་ནས༔ སྐུ་ཡི་སྤྲུལ་པ་མི་བཟད་དཔལ་འབར་བ༔ སྐྱེ་འགྲོའི་ཚེ་བདག་འཇམ་དཔལ་དམར་པོའི་སྐུ༔ ཞི་ཁྲོ་དཔའ་བོ་བདུད་ལས་རྒྱལ་ལ་བསྟོད༔ སྐུ་མདོག་དམར་འཚེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་ཚེ་བུམ་འཛིན་བཅས་སྐྱིལ་ཀྲུང་བཞུགས༔ སྣ་ཚོགས་དར་དང་རིན་ཆེན་རུས་པས་བརྒྱན༔ ཚེ་བདག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞིར་བཞུགས་མཛད་ཚེ་ཡི་ལྷ་མོ་བཞི༔ སངས་རྒྱས་སྤྱན་དང་མཱ་མ་ཀི་དང་ནི༔ གོས་དཀར་དམ་ཚིག་སྒྲོལ་མ་བཞི་པོ་ཡང༔ ཚེ་དབང་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ མཚམས་བཞིར་གནས་མཛད་སྤྲུལ་པའི་ཡུམ་ཆེན་བཞི༔ རྒྱས་བྱེད་བརྟན་བྱེད་འཕེལ་བྱེད་ལོ་འདབ་མ༔ རྡོ་རྗེ་ཚེ་དབང་སྒྲུབ་མཛད་མཁའ་འགྲོ་སྟེ༔ ཡེ་ཤེས་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ཡེ་ཤེས་སྤྱན་མངའ་ཚེ་ཡི་ལྷ༔ ཐུགས་རྗེའི་ཀློང་ནས་འདུད་རྩི་ཚེ་ཆར་འབེབ༔ ཞི་རྒྱས་དབང་སོགས་ལས་ཀྱི་ཕྲིན་ལས་མཛད༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་དང་རྒྱུ་སྦྱོར་འཁོར་དང་བཅས་རྣམས་ཀྱི༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་བསྐྱེད་དུ་གསོལ༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་པའི་བསྟོད་པ་དང༔ གཞན་ཡང་ཡེ་ཤེས་ལྷའི་བསྟོད་པ་གང་འཐད་གཞན་དང་བསྟུན་ལ་བྱའོ༔ དེ་ལྟར་སྐབས་སྐབས་སུ་ལྷའི་བསྐྱེད་རིམ་གསལ་གདབ་ཅིང་བསྙེན་པ་ལ་འབད༔ སྐབས་སྐབས་སུ་བདུད་རྩི་འགུག་་ བསྟིམ་གྱི་དམིགས་པ་བྱ༔ ཐུན་གྱི་བར་བར་དུ་ཚེ་འགུག་པ་དང༔ ཡེ་ཤེས་ལྷའི་བསྟོད་པ་རྣམས་ཀྱང་བྱའོ༔ དེ་ལྟར་ཚུལ་བཞིན་བསྒྲུབས་པས༔ གྲུབ་ཅིང་ཚེ་འཕེལ་བའི་དངོས་གྲུབ་ཀྱི་རྟགས་འབྱུང་བ་ནི༔ རབ་ཡི་དམ་ཚེའི་ལྷ་ཚོགས་ཀྱི་ཞལ་མཇལ་བ་དང༔ འོད་དང་དྲི་བཟང་པོ་ཆིལ་ཆིལ་བ་དང༔ རོལ་མོའི་སྒྲ་གྲགས་པ་ལ་སོགས་པ་རྣམས་མངོན་སུམ་དུ་འབྱུང༔ འབྲིང་ཉམས་དགའ་བ་དང༔ བག་དྲོ་བྱིན་ཆགས་རིག་པ་དྭངས༔ དབང་པོ་གསལ་བ་ལ་སོགས་པ་འབྱུང༔ ཐ་མ་ནི་ཉི་ཟླ་ཤར་བ་དང༔ དངོས་གྲུབ་ཀྱི་ཟས་སྟེར་བ་ལ་སོགས་པའི་རྨི་ལམ་དཔག་ཏུ་མེད་པ་འབྱུང་བ་རྣམས་རིག་པ་དང་བློས་དཔྱད་པར་བྱའོ༔ དེ་ལྟར་རྟགས་ཀྱི་རིམ་པ་བྱུང་ནས༔ ཚེའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་བསྐུལ་བ་ནི༔ ཚོགས་མཆོད་བཟང་དུ་བཤམས༔ རོལ་མོ་དང་བཅས་པས་རྣལ་འབྱོར་པ་ཆས་དང་ལྡན་པས་ལངས་ལ༔ ཧཱུྃ༔ རང་བཞིན་གནས་ནས་སྤྲུལ་པའི་ལྷ༔ བཅོམ་ལྡན་ཚེ་བདག་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་འགྲུབ་པའི་ཕྲིན་ལས་མཛོད༔ ཕྱོགས་མཚམས་ཀུན་ནས་སྤྲུལ་པའི་ཡུམ་ཆེན་རྣམས༔ རང་རང་གནས་ནས་ཐུགས་དམ་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་འགྲུབ་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ལྷོ་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་པ་ལ་སོགས་པ་རྣམས་ཀྱིས་ཚེའི་ལྷ་ཚོགས་རྣམས་བསྐུལ༔ གཞན་ནས་འབྱུང་བའི་བསྐུལ་ཅི་རིགས་ཀྱང་གང་འཐད་བསྐུལ་བར་བྱའོ༔ དེ་ནས་ཚེའི་དབང་བསྐུར་བར་བྱ་བ་ནི༔ སྦྱིན་བདག་གམ་སློབ་མ་ལ་སོགས་དུ་ཡོད་པ་རྣམས་ཁྲུས་བྱ༔ སློབ་དཔོན་ལ་ཅི་འབྱོར་པའི་ཡོན་འབུལ༔ ཕྱག་འཚལ་ཏེ་མདུན་དུ་འཁོད་པ་རྣམས་ལ༔ དང་པོ་ཚེ་ཟན་གྱི་དབང་བསྐུར་བ་ནི༔ ཚེ་ཟན་གྱི་ནང་དུ་བསྐྱེད་པའི་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས༔ དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷའི་བདུད་རྩིར་དམིགས་ལ༔ སྦྱིན་ བདག་ལ་སོགས་པའི་མགོ་ཐོག་ཏུ་བཞག་ལ༔ ཧཱུྃ༔ བཀྲ་ཤིས་ཚེ་འཕེལ་དཔལ་གྱི་བཤོས༔ སྣ་ཚོགས་རིན་ཆེན་ཟས་ཀྱིས་སྤྲས༔ ཚེ་འཕེལ་དངོས་གྲུབ་དམ་པ་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཚེ་དཔལ་ལོངས་སྤྱོད་རྒྱས་པར་ཤོག༔ རྩ་སྔགས་ཤམ་ཅན་མཐར༔ ཨཱ་ཡུར་བ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་ཚེ་ཟན་གཏད༔ ཚེའི་རྟེན་རྡོ་རྗེ་ལག་ཏུ་གཏད་ལ༔ ཧཱུྃ༔ འགྱུར་མེད་ཚེ་རྟེན་རྡོ་རྗེ་འདི༔ རྒྱལ་བ་རྣམས་ཀྱི་ཕྱག་ན་གནས༔ དེང་འདིར་ཁྱེད་ལ་དབང་བསྐུར་བས༔ རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ སྔགས་མཐར༔ བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་རྡོ་རྗེ་ལན་གསུམ་གསོར༔ སྲོག་རྟེན་མདའ་དར་ལག་ཏུ་གཏད་ལ༔ ཧཱུྃ༔ བདུད་དང་ལོག་འདྲེན་འཇོམས་བྱེད་པའི༔ སྲོག་རྟེན་ཚེ་མདའ་འདི་དག་ཀྱང༔ རྒྱལ་བས་བསྔགས་པའི་ཕོ་ཉ་སྟེ༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཚེ་བདུད་བར་ཆད་ཐུལ་བར་ཤོག༔ སྔགས་མཐར༔ ཨ་ནུ་ཏ་ར་ཨ་བྷི་ཥིཉྩ་མཱཾ༔ བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ སྲོག་ལུས་དབང་ཐང་རླུང་རྟའི་རྟེན༔ བདུད་རྩི་བུམ་པ་འདི་དག་ཀྱང༔ བཀྲ་ཤིས་འདོད་ཡོན་བཅུད་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་དཔལ་དང་ལྡན་པར་ཤོག༔ སྔགས་ཀྱི་མཐར༔ ཀ་ལཱ་ཤ་ཨ་བྷིི་ཥིཉྩ་མཱཾ༔ དངོས་གྲུབ་ཀྱི་རྟེན་བདུད་རྩིའི་ཀ་པཱ་ལ་ལག་ཏུ་གཏད་ལ༔ ཧཱུྃ༔ དངོས་གྲུབ་ཐོད་པ་བདུད་རྩི་འདི༔ ཟག་མེད་བདུད་རྩི་བཅུད་དང་ལྡན༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མཐུན་གསུམ་ལོངས་སྤྱོད་འཕེལ་བར་ཤོག༔ ཨ་མྲྀཏ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པ་རྣམས་ཀྱིས་དབང་བསྐུར་བ་ལ་ཚེའི་རྫས་ལ་དངོས་གྲུབ་ཏུ་བླང་བ་ནི༔ དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས་ལ༔ དངོས་གྲུབ་ཞུ་བའི་སྔགས་ཚིག་བརྗོད་པ་ཙམ་གྱིས༔ ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བདུད་རྩིའི་ཆར་རྒྱུན་ཕབ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ༔ གོང་གི་སྔགས་རྣམས་བཟླས་ཤིང༔ ཧཱུྃ༔ ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བཅོམ་ལྡན་ཚེ་བདག་འཇམ་པའི་དབྱངས༔ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པས་ལྷ་ཚོགས་ཀུན་ལ་འགྲེས་པར་སྦྱར་ལ༔ འཛབ་བསྐོར་བྱ་ཞིང་དངོས་གྲུབ་བླང་བར་བྱའོ༔ དེ་ནས་རྫས་དངོས་གྲུབ་ཏུ་རོལ་པར་འོས་པ་རྣམས་ལ་དངོས་གྲུབ་ཀྱི་ལོངས་སྤྱོད་དུ་རོལ༔ བཅང་བར་འོས་པ་རྣམས་བཅང་བར་བྱའོ༔ དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་འཐད་བརྗོད༔ ཉེས་བྱས་བཟོད་པར་གསོལ༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ གཏང་རག་གི་མཆོད་པ་རྒྱ་ཆེན་པོ་བྱ༔ ལྷ་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས༔ དམ་ཚིག་པ་རང་གི་སྙིང་གར་བསྡུ་ཏེ༔ ནྲྀ་ལ་བསྟིམས་པས་ཚེ་བྱིན་གྱིས་བརླབས་ནས་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་སྐུ་བརྙེས་པར་བསམས་ལ་དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བཞག་པར་བྱ༔ དགེ་བའི་རྩ་བ་གཞན་དོན་དུ་བསྔོ་ཞིང༔ ལས་ཀྱི་རྗེས་སྤྱི་དང་མཐུན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ འཇམ་དཔལ་དམར་པོའི་ཚེ་སྒྲུབ་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གནང༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྐུ་ཚེ་ཐུང་བའི་དུས༔ བར་ཆད་གློ་བུར་ཐོག་ལྟར་འབབ༔ སངས་རྒྱས་བསྟན་པ་ཉམས་དམའི་ཚེ༔ གདམས་པ་འདི་དང་ལྡན་པར་གྱིས༔ འདི་ལ་སྤྱད་དང་སུས་བསྒྲུབ་པ༔ ཚེ་ཡི་བར་ཆད་བསལ་ནས་ནི༔ ཚེ་ཡི་རིག་འཛིན་འཐོབ་པར་འགྱུར༔ དེ་ཕྱིར་འདི་ལ་འབད་པར་བྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་དོང་ཁ་ནས་བཏོན་པའོ། །སརྦ་དཱ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).