Terdzo-JA-002



Property "Author" has a restricted application area and cannot be used as annotation property by a user. 








བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་

bla ma dgongs pa 'dus pa las:_rtsa ba gsum gyi thugs sgrub gsal byed thugs kyi nor bu'i sgrub pa dang las sbyor

by  སངས་རྒྱས་གླིང་པ་ (Sangye Lingpa)
revealed by  སངས་རྒྱས་གླིང་པ་ (Sangye Lingpa)
in cycle  བླ་མ་དགོངས་པ་འདུས་པ་ (Bla ma dgongs pa 'dus pa)
Volume 7 (ཇ) / Pages 15-42 / Folios 1a1 to 14b2

[edit]

༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྩ་བ་གསུམ་གྱི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུའི་སྒྲུབ་པ་དང་ལས་སྦྱོར་བཞུགས༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མཛོད་ཆེན་པོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ༔ བླ་མ་ཡི་དམ་མཁའ་འགྲོའི་དགོངས་པ་ཡོངས་སུ་རྫོགས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་གསལ་བྱེད་ཐུགས་ཀྱི་ནོར་བུ་ལས༔ བསྙེན་པ་ཐེམས་ཤིང་གྲུབ་པའི་རྟགས་རིན་པོ་ཆེའི་གཏེར་ཁུང་མང་པོ་རྡོལ་བ་དང༔ རང་ལ་ཐམས་ཅད་ཀྱིས་བཀུར་སྟི་ཕུ་དུད་ཕྱག་བྱེད་ཅིང༔ རང་གིས་གཞན་གྱི་དེད་དཔོན་བྱེད་པ་ལ་སོགས་པའི་མཚན་མ་བྱུང་ངམ༔ མཐར་ཡང་དངོས་གྲུབ་བརྙེས་པའི་ལྟས་སམ༔ སྐུ་གསུང་ཐུགས་ཀྱི་རྟགས་ཐུན་མོང་མ་ཡིན་པ་བྱུང་ན༔ སྒྲུབ་པ་ལས་སྦྱོར་ལ་འཇུག་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས༔ སྤྱིར་ནི་དགོངས་འདུས་ཀྱི་སྒྲུབ་པ་ཆེན་པོའི་སྒྲོམ་དྲུག་དང༔ དངོས་གྲུབ་འབྱུང་བྱེད་བདུད་རྩིའི་སྒྲུབ་པ་རྣམས་པྲ་ཁྲིད་གསལ་བའི་མེ་ལོང་གིས་ཁོག་ཕུབ་ལ༔ གཞུང་སོ་སོ་ནས་འབྱུང་བ་ལྟར་ཅི་འགྲུབ་འགྲུབ༔ རྣལ་འབྱོར་པ་རང་གི་སྣང་ཚུལ་འདོད་བློ་དང་བསྟུན་ལ་བྱ་ཞིང༔ དེ་དག་སོ་སོར་གང་པ་སྒྲུབ་བརྟགས་ཐོན་ཕན་ཆད༔ ལས་སྦྱོར་ནི་གང་ལ་གང་དགོས་རང་གཞན་གྱི་དོན་རིམ་པར་སྤྲོས་པ་རྣམས་དང་བསྐྱེད་རྫོགས་ཐམས་ཅད་ལ་ལོངས་སྤྱོད་པར་བྱའོ༔ བྱེ་བྲག་ཏུ་སྒྲུབ་པ་དང༔ ལས་སྦྱོར་གཉིས་ཀྱི་ཐོག་མར་སྒྲུབ་པ་ནི༔ སྤྱི་དོན་གསུམ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ སྤྱི་དོན་དང་པོ་སྔོན་དུ་འགྲོ་བ་ལ་ལྔ་སྟེ༔ ཡོ་བྱད་གསག་ཅིང་སྒྲུབ་པ་ལ་འཇུག་པ༔ བཅས་གཤོམ༔ ཚོགས་གསག་པ༔ སྒྲིབ་པ་སྦྱོང་བ༔ མཚམས་བཅད་པའོ༔ དང་པོ་ཡོ་བྱད་གསག་པ་ནི༔ ཐུན་མོང་ཁྱད་པར་གཉིས་ལས༔ ཐུན་མོང་གི་ཡོ་བྱད་དུ༔ དགྲ་ཟློག་གི་མཚོན༔ ནད་ཟློག་གི་སྨན༔ སྒྲུབ་བརྒྱག་སྤོག་ཆོག་གི་ཡུན་ཚད་ལྡང་བ༔ ཁམས་གསོ་བར་བྱེད་པ་བཅུད་ལེན་གྱི་བཟའ་བཏུང༔ ལུས་སྐྱོང་བྲན་བྱེད་པའི་གོས་གདན་ལ་སོགས་དང༔ མཆོད་པ་དང༔ གཏོར་མ་དང་ཚོགས་ཀྱི་ཡོ་བྱད་དང་སྨན་རཀྟ་ལ་སོགས་པ་གང་ལ་གང་དགོས༔ སྒྲུབ་གཡོག༔ མཆེད་ལྕམ་སྒྲུབ་པའི་གྲོགས་ཚུལ་དང་མཐུན་པ་བདུན་ནམ༔ བདུན་གསུམ་ཉེར་གཅིག་ལས་མི་མང་ཞིང༔ བཀའ་ཉན་གུས་སྡོད་དམ་ཚིག་ལ་གནས་པ༔ ཐ་ན་ཆུ་ཤིང་ཡན་ཆད་མ་ཚང་བ་མེད་པ་ཚགས་སུ་ཚུད་པར་བྱ་ཞིང༔ མདོར་ན་སྒྲུབ་པ་ལ་ཞུགས་ནས༔ མཚམས་མ་ཐོན་གྱི་བར་དུ་ཕྱི་ནས་ཅི་ཡང་རྩོལ་སྒྲུབ་ཀྱི་རྣམ་གཡེང་མི་དགོས་པར་ཐམས་ཅད་སྟ་གོན་དུ་བྱེད་པ་གལ་ཆེ༔ གལ་ཏེ་སྒྲུབ་འཕྲོ་ལ་ཕྱི་ནས་བཙལ་དགོས་པ་བྱུང་ན༔ གསེང་བར་དུ་བདུད་བགེགས་ཞུགས་ཤིང་སྒྲུབ་པ་ཞུད་པར་འགྱུར་བ་ལ་སོགས་པའི་སྐྱོན་མང་བས༔ དེའི་གནད་ཤེས་པར་བྱེད་པ་གལ་ཆེའོ༔ ཁྱད་པར་གྱི་ཡོ་བྱད་ནི༔ སྒྲུབ་རྫས༔ རྟེན་རྫས༔ དངོས་གྲུབ་ཀྱི་རྫས་གསུམ་ལས༔ དང་པོ་ནི༔ བླ་མ་ཆོས་སྐུའི་སྒྲུབ་རྫས་ཤེལ་ཟུར་མང་སྐྱོན་མེད་སྒོ་ཅན༔ ལོངས་སྐུའི་སྒྲུབ་རྫས་མེ་ལོང་གས་ཆག་སྤུ་རིས་མེད་པ་མཐོ་སྐོར་མ༔ མ་འཛོམ་ན་སོར་བཞི་ལས་མི་ཆུང་བ༔ སྤྲུལ་སྐུའི་སྒྲུབ་རྫས༔ རབ་དཀྱིལ་འཁོར་དགུ་པོའི་ལྷ་གྲངས་ཚང་བ༔ འབྲིང་གཙོ་བོ་དགུ༔ ཐ་ན་བླ་མ་རྟ་མགྲིན་ཕག་མོ་གསུམ་གྱི་སྐུ་དར་རས་ཤོག་གུ་གང་འཛོམ་གྱི་ངོས་ལ་བྲིས་པ་ཙཀླི༔ ཡི་དམ་ཞི་བའི་སྒྲུབ་རྫས་དར་སྣ་ལྔ༔ ཁྲོ་བོའི་སྒྲུབ་རྫས་ཐོད་པ་མཚན་ལྡན༔ ཞི་དྲག་ཕྱེད་མའི་སྒྲུབ་རྫས་བུམ་པ་ཚད་ལྡན་སྐྱོན་མེད༔ མཁའ་འགྲོ་ཕྱིའི་སྒྲུབ་རྫས་ཟངས་ཀྱི་གྭའུ༔མཐོ་འཁྱུད་ལས་མི་ཆུང་བ་ཆེ་ཆུང་སྐབས་དང་བསྟུན། ནང་གི་སྒྲུབ་རྫས༔ གསེར༔ དངུལ༔ གཡུ༔ དུང༔ བྱེ་རུ༔ མུ་ཏིག༔ གསང་བའི་སྒྲུབ་རྫས་བྱང་སེམས་དཀར་དམར་རོ༔ རྟེན་རྫས་ནི༔ རྩ་བ་གསུམ་གྱི་སྲོག་འཁོར་དཔེའུ་རིས་ནས་འབྱུང་བ་ལྟར་རོ༔ དངོས་གྲུབ་ཀྱི་རྫས་བདུད་རྩི་ཨ་མྲྀཏ༔ སིནྡྷུ་ར༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ བཟང་པོ་དྲུག༔ ག་པུར༔ ཙནྡན་དཀར་དམར༔ རུ་རྟ༔ གི་ཝཾ༔ ཨ་རུ་ར་གསེར་མདོག༔ དབང་པོ་ལག་པ༔ སྦྲང་རྩི༔ བུ་རམ༔ ར་དཀར༔ བ་དམར༔ འབྲི་ཟལ་མོ་གསུམ་གྱི་མར་ཆང༔ འབྲུ་སྣ་ལྔ༔ ཤིང་འབྲས་སྣ་ཚོགས༔ ཟས་སྣ་ཚོགས་རྣམས་སོ༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་དགྱེས་པ་སྐོང་བར་བྱེད་པའི་རྫས༔ པད་ཞུ༔ དར་ཐོད༔ དབུ་རྒྱན༔ ལྡིང་བེར༔ བྷན་སྣོད༔ གྲི་གུག༔ རྡོ་རྗེ༔ དྲིལ་བུ༔ ཁ་ཊྭཱཾ༔ ཐོད་པ་ལྟག་སྤྲོད༔ ཅང་ཏེའུ༔ མི་རྐང་གླིང་བུ༔ གསུར་ཆེན་ཞུན་ཆེན་གྱི་མར་མེ་ལ་སོགས་མཛེས་ཤིང་ཡིད་དུ་འོང་བའི་སྤྱན་གཟིགས་ཅི་འཛོམ་བསག་པར་བྱའོ༔ དེ་ལྟར་ཡོ་བྱད་རྣམས་འཚོགས་ནས་སྒྲུབ་པ་བྱེད་པ་ལ་གསུམ༔ གནས༔ དུས༔ བྱེད་ཚུལ་གསུམ་ལས༔ གནས་ནི་གང་རུང་རུང་དུ་མ་ཡིན་པར་རབ་གནས་ཡུལ་དུར་ཁྲོད༔ འབྲིང་སྔར་མི་མ་འགྲིམ་པ་དབེན་ཞིང་ཉམས་དགའ་བ་བག་དྲོ་ལ་བྱིན་ཆགས་པའམ༔ ཡང་ན་སྔར་གྱི་གྲུབ་ཐོབ་རྣམས་ཀྱི་ཞབས་ཀྱིས་བཅག་པའི་ཕྱོགས་ཏེ༔ མདོར་ན་བཀྲ་ཤིས་ཡིད་འོང་སྒྲུབ་པ་འཕེལ་བའི་ས་ཕྱོགས༔ ཐ་མ་ཡང་སྐྱེ་བོ་ཕལ་པའི་ཁྲོད་མ་ཡིན་པར༔ གྲོང་ཡུལ་ལས་རྒྱང་རིང་བ༔ འདུ་འཛི་རྣམ་གཡེང་གི་ས་དང༔ མི་མ་ཡིན་དྲག་པོའི་རྒྱུ་སྲང་དང༔ འབྲོག་ཁང་དང་ལུང་པའི་ཤུལ་ལམ་མ་ཟུག་པ༔ ནགས་ཁྲོད༔ བས་མཐའ༔ བྲག་ཕུག༔ གངས་ཞོལ་ལ་སོགས་པ་ཤིན་ཏུ་དབེན་པའི་གནས་བཙལ་ཞིང་དེ་རྣམས་སུ་བསྒྲུབ་པར་བྱའོ༔ དུས་ཀྱང་ནམ་ཡིན་དུ་བྱར་མི་རུང་ཞིང༔ ར་བ་བཞི་གང་རུང་གི་ཚེས་བརྒྱད༔ བཅུ༔ བཅོ་ལྔ་གསུམ་གང་འཕྲོད་དང༔ གཟའ་དར་ལ་སྐར་མ་བཟང་བའི་སྔ་དྲོ་དང་པོ་ལ་བབ་པའི་དུས་སུ་འཇུག་པར་བྱའོ༔ བྱེད་ཚུལ་ནི༔ རང་འདོད་ཁེ་གྲགས་ལོ་འདོད་འགྲན་སེམས་ཚུལ་འཆོས་ལ་སོགས་པའི་རྣམ་པ་ཅན་དུ་མ་ཡིན་ཞིང༔ སྙིང་ཐག་པ་ནས་གཞན་དོན་གྱི་བསམ་པས་དད་པ་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་དེ༔ སྒྲུབ་པའི་དབུ་བཙུག་ནས་གཞུག་ཐོན་གྱི་བར་དུ་འཆི་བདག་ལས་ཀྱི་ཕོ་ཉ་བ་བྱུང་ཡང་གཡོ་བ་མེད་པའི་ངང་ནས༔ བྱ་བ་གཞན་བཟང་ངན་གང་གིས་ཀྱང་བར་མ་ཆོད་པར་སྨྲ་བ་བཅད་དེ༔ མཐར་དབྱུང་བར་བྱའོ༔ སྒྲུབ་པ་མི་འཕེལ་ཞིང་འཕྲོ་ལུས་པར་འགྱུར་བའི་རྐྱེན་ཅི་བྱུང་ཡང་བར་ཆད་དུ་ཤེས་པར་བྱས་ཏེ། ཐིས་ཕུར་དུ་བཅས་ལ་འདུན་པ་རྩེ་གཅིག་ཏུ་བསྒྲུབ་པར་བྱའོ༔ གཉིས་པ་བཅས་བཤམ་པ་ནི༔ ཕྱི་ནང་གསང་བ་གསུམ་ལས༔ ཕྱིའི་བཅས༔ སྒྲུབ་ཁང་གི་སྟེང་དུ་ཅོད་པན་དམར་པོ་བཙུག༔ ཕྱོགས་བཞིར་ཐོ་དཀར་པོ་རང་ལུས་དང་མཉམ་པ་རེ་རེ་བཙུགས་ལ༔ རྒྱལ་ཆེན་སྡེ་བཞིར་དམིགས་ཤིང་མངའ་གསོལ་རབ་ཏུ་གནས་པ་དང་བཅས་པས༔ ཕྱིའི་བར་ཆད་བྱེད་པའི་གནོད་བྱེད་འབྱུང་པོ་མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ་ལ་སོགས་ནང་དུ་མི་གཏང་ཞིང༔ ནང་གི་དངོས་གྲུབ་ཕྱིར་མི་ཡལ་བའི་མཚམས་ཆོད་ཅིག༔ ཅེས་སོགས་བཀའ་བསྒོ་བ་དང་གཉེར་གཏད༔ ཕྲིན་ལས་གཞོལ་བ་རྣམས་སྒྲུབ་པ་ཆེན་པོ་ནས་འབྱུང་བའམ༔ ལས་གཞུང་ལྟར་བྱ༔ གཞན་ཡང་དམ་སྲི་མནན་པ༔ སྒོ་བྱང་གདགས་པ་རྣམས་ཀྱང་པྲ་ཁྲིད་ནས་འབྱུང་བ་ལྟར་བྱ༔ དེ་ལས་གཞན་ཡང་ཡུལ་རིས་གཞི་བདག་ལྷ་ཀླུ་རྣམས་དང༔ འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལ་སོ་སོར་ཚིམས་པའི་གཏོར་མ་ཡང་བྱིན་ལ༔ བསྐྲད་གཟིར་བཀའ་བསྒོ་བདེན་པའི་སྟོབས་བརྗོད་པ་རྣམས་སྤྱི་དང་མཐུན་པ་བྱའོ༔ ནང་གི་བཅས་ནི༔ དེ་ལྟར་བཅས་རྣམས་གྲུབ་པ་དང་སྒྲུབ་པ་པོ་རྣམས་མ་གཏོགས་སུ་ཡང་ནང་དུ་འགྲིམ་མི་གཞུག་པར་ཡོལ་བ་རིམ་པ་གསུམ་བྱས་ཏེ༔ ཕྱི་མ་ལ་སྒྲུབ་གཡོག༔ བར་མའི་ནང་དུ་སྒྲུབ་པ་བྱེད་པའི་གྲོགས་གང་ཡོད༔ ནང་མ་ལ་རང་ཉིད་དང་བཅས་ཡོད་པར་བྱ༔ དེ་ནས་ཞག་གི་བར་དུ་གནས་སྲུང་བའི་དམིགས་པ་དང་བཅས་པས་མགྲོན་རྣམ་བཞི་ལ་གཏོར་མ་ཅི་མང་དུ་འབུལ༔ གྲུབ་ན་སྤྲོས་བཅས་བུམ་དབང་ནས་འབྱུང་བ་ལྟར་སའི་ཆོ་ག་ཡང་བྱ༔ མ་གྲུབ་ཀྱང་སའི་ལྷ་མོ་འཁོར་བཅས་ལ་གསེར་སྐྱེམས་ཕུལ་ཏེ་སྒྲུབ་པའི་སྟོང་གྲོགས་གྱིས་ཤིག་པའི་བཀའ་བསྒོ༔ དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་དཔངས་སུ་མཐོ་གང་བ་ཁོད་སྙོམས་ཞིང་ངོས་འཇམ་པར་བཟོས་པ་ལ་ཆང་ལ་ཨ་མྲྀཏའམ༔ སིནྡྷུ་རའི་ཁ་ཚར་བཏབ་པས་ཆག་ཆག་གདབ༔ རྩ་བ་གསུམ་དང་ཁྲོ་བོ་བཅུའི་སྔགས་བརྗོད༔ ཚོན་སྣ་ལྔས་དཀྱིལ་འཁོར་ཕོ་བྲང་ལྟེ་བ་ཟླུམ་པོ་མུ་ཁྱུད་དང་བཅས་པའི་རྒྱབ་ཏུ་པདྨ་འདབ་བཞི༔ དེ་རྒྱབ་མུ་ཁྱུད་དང་བཅས་པའི་པདྨ་འདབ་བརྒྱད་པ་སྟེ༔ གཞན་ཐམས་ཅད་སྤྱི་དང་མཐུན་པར་བྲིས་པའི་དབུས་སུ་ཁྲིའུ་ནས་སྣོད་བཤམ༔ དེ་དག་གི་གནས་ཐམས་ཅད་དུ་ལྷ་གྲངས་སམ་ཙཀླི་གང་འབྱོར་རྒྱས་བསྡུས་སྐབས་དང་སྦྱར་ལ་བཀོད༔ ཕྱི་རོལ་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་དང་འཇིག་རྟེན་སྐྱོང་བྱེད་དང་བཅས་པའི་གཏོར་མ་རྒྱན་ལྡན་དང༔ ཕྱི་ནང་མཆོད་རྫས་སྨན་དང་རཀྟ་ལ་སོགས་པ་རྣམས་སྤྱི་དང་མཐུན་པར་བཤམས་ཤིང༔ བདག་ཉིད་ནུབ་ཕྱོགས་ཨུ་རྒྱན་ལ་ཁ་ལྟ་བའི་བཀོད་པ་དང༔ ས་རྒྱན་གནམ་རྒྱན་ལ་སོགས་དར་གྱི་ཅོད་པན་དང༔ ལྡ་ལྡི་གང་འབྱོར་བྲེས་སྟེ་མདོར་ན་བཀོད་ལེགས་ཤིང་བག་དྲོ་བ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་དཀོན་མཆོག་གསུམ་གྱི་སྐུ་རྟེན་རིས་སུ་བྲིས་པ༔ འབུར་དུ་བཀོད་པ་དང༔ གསུང་རྟེན་གླེགས་བམ་ལ་སོགས་པ་མཆོད་པའི་སྤྱན་གཟིགས་དང་བཅས་པ་ཅི་འབྱོར་བཤམ་པར་བྱའོ༔ གསང་བའི་བཅས་ནི༔ སྔར་བསྟན་པའི་རྫས་རྣམས་ཏེ༔ དེ་ཡང་དངོས་གྲུབ་ཀྱི་རྫས་རྣམས་ཆ་སྙོམས་ལ་ལེགས་པར་བཏུལ་ཞིང༔ ཆང༔ སྦྲང༔ བུ་རམ༔ མར་རྣམས་ཀྱིས་སྦྲུས་པའི་རིལ་བུ་རི་དྭགས་ཀྱི་རིལ་མ་ཙམ་དུ་བསྒྲིལ་བ་་་རིལ་བུའི་བུངས་ཨ་རུ་ར་དང་འབྲུ་སྣ་ལས་བྱས་ཤིང་གཟའ་སྐར་ཚེས་གྲངས་བཟང་པོ་ལ་སྟ་གོན་བྱའོ་་་ལ༔ མཚལ་དང་སིནྡྷུ་རའི་གོས་བསྐོན་པས་ཐོད་པ་ཁེངས་པར་བྱ༔ བུམ་པ་ཚད་ལྡན་གྱི་ནང་དུ༔ བུམ་རྫས་ཉེར་ལྔ་དང་ལྡན་པའི་རྒྱུན་འབབས་ཀྱི་ཆུས་སུམ་ཆ་གཉིས་ཙམ་གང་བར་བྱས་ལ༔ ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་ཏེ་གཟུངས་ཐག་དང་བཅས་ལ་དཀྱིལ་འཁོར་གྱི་དབུས་སུ་ཁྲིའི་སྟེང་དུ་བཞག༔ དེའི་ཁ་རྒྱན་གྱི་སྟེང་དུ་དངོས་གྲུབ་ཀྱི་རྫས་སྣོད་ཐོད་པ་བཞག་པའི་ཁ་མེ་ལོང་ལ་སིནྡྷུ་རའི་དལ་བྲིས་པས་བཅད༔ དེའི་སྟེང་དུ་ཟངས་ཀྱི་གྭའུར༔ ཤེལ༔ རཏྣ་རྣམས༔ བྱང་སེམས་དཀར་པོ་དར་དཀར་པོ༔ དམར་པོ་དར་དམར་དུ་གཏུམས་པ་སྐུ་རྟེན་ཙཀླི་རྩ་བ་གསུམ་གྱི་སྲོག་འཁོར༔ རང་གི་བླ་མའི་དབུ་སྐྲ༔ མཚན༔ ཚེམས༔ གཞན་ཡང་བྱིན་རླབས་ཀྱི་རྫས་ཅི་སྙེད་རྣམས་དར་དམར་པོ་གྲ་ཟུར་དང་ཁ་མ་ཉམས་པས་དྲིལ་ལ་བཞག༔ དེ་རྣམས་བརྩེགས་པའི་སྟེང་དུ་དར་སྣ་ལྔའི་ལྡིང་གུར་ཕུབ་ཅིང་དར་དམར་མཐིང་གི་ཡོལ་བས་བསྐོར་བར་བྱའོ༔ དེ་ལྟར་ཕྱི་ནང་གསང་གསུམ་གྱི་བཅས་དང་གཞན་ཡང་མཛེས་ཤིང་འོས་པའི་བཅས་གང་ལ་གང་དགོས་ཡིད་དང་མཐུན་པར་དྭངས་སྤྲོ་བག་དྲོ་ཉམས་དགའ་ཡ་ལེ་བར་བཤམས་ཤིང༔ བཀོད་པར་བྱས་པས༔ རང་བཞིན་གྱིས་བླ་མ་ཡི་དམ་མཁའ་འགྲོ་འདུ་ཞིང་བྱིན་རླབས་འཇུག་པའི་དགོས་པ་ཡོད་པས་སོ༔ རྫས་འཛོམ་ཡང་བཅས་མ་ལེགས་ན་ཡིད་དང་མི་མཐུན་ཅིང༔ དམིགས་པ་མི་གསལ༔ བག་མི་ཕེབ༔ དང་བ་མི་སྤྲོ༔ དེས་བྱིན་ཕེབ་པར་མི་འགྱུར་ཞིང་གཡེང་བས་ཤིན་ཏུ་བཀོད་ལེགས་པ་གནད་ཆེའོ༔ གསུམ་པ་ཚོགས་གསག་པའི་རིམ་པ་ཕྱི་ནང་གསང་གསུམ་ལས༔ དེ་ལྟར་བཅས་རྣམས་གྲུབ་ནས༔ ཕྱིའི་ཚོགས་ཉེ་འཁོར་དུ་ཡོད་པའི་མཆེད་གྲོགས་ལ་སོགས་པ་སྔ་ཐོག་ཏུ་བསྒོས་པར་ཡར་མཆོད་མར་སྦྱིན་དང༔ སཱཙྪ་ཆུ་གཏོར༔ ཆོས་འདོན༔ གཏོར་མ་ལ་སོགས་པ་བྱར་གཞུག༔ དེས་ཕྱིའི་བར་ཆད་མི་འབྱུང་ཞིང་སྒྲུབ་པ་མཐར་ཕྱིན་པའི་དགོས་པ་ཡོད༔ ནང་གི་ཚོགས་བླ་མ་ཡི་དམ་མཁའ་འགྲོ་སྒྲུབ་པ་པོ་དང་བཅས་པ་ཐམས་ཅད་གཏོར་ཚོགས་ཀྱི་འཁོར་ལོ་རྒྱས་པ་ཞིག་གིས་དགྱེས་པ་བསྐང༔ གསང་བའི་ཚོགས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མཎྜལ་གྱི་མཆོད་པ་ཉེར་གཅིག་གམ༔ བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་འགྲུབ་སྐབས་དང་བསྟུན་ལ་འབུལ༔ དེས་ནང་གི་བར་ཆད་མི་འབྱུང་ཞིང་མྱུར་དུ་གྲུབ་པ་ཐོབ་པའི་དགོས་པ་དང༔ མཆོག་ཐུན་མོང་གི་དངོས་གྲུབ་བཟང་པོ་འབད་མེད་དུ་འབྱུང་བའི་དགོས་པ་ཡོད་ཅིང༔ གྲུབ་ན་སྒྲུབ་པ་བྱེད་པའི་དུས་དང་རྣམ་པ་ཐམས་ཅད་དུའང༔ སྐབས་སུ་ཚོགས་གཏོར་དང་སྐོང་གསོལ་ལ་བརྩོན་པར་བྱའོ༔ བཞི་པ་སྒྲིབ་པ་སྦྱོང་བ་ནི༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་དང༔ ནང་ངག་གི༔ གསང་བ་སེམས་ཀྱི་འོ༔ ཕྱི་ལུས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ སྒྲུབ་པ་ལ་ཞུགས་ནས་མ་འགྲུབ་ཀྱི་བར་དུའམ༔ སྔ་ཐོག་ནས་ཀྱང་རུང་སྟེ༔ ཕྱི་བསྐོར་བ༔ ལུས་གནད༔ འཕྲུལ་འཁོར་གྱི་བྱ་བ་ལ་བརྩོན་པར་བྱས་པས༔ ལུས་ཀྱི་སྡིག་སྒྲིབ་ཉེས་ལྟུང་དག་ནས༔ ལུས་ཡེ་ཤེས་ལྷའི་སྣང་བ་དང༔ རྩ་ཡི་དྲྭ་མིག་ཐམས་ཅད་མཐོང་བར་འགྱུར་རོ༔ ནང་ངག་གི་སྒྲིབ་པ་སྦྱོང་བ་ནི༔ བཟླས་པ་བྱེད་པའི་ཐུན་འགོ་ལ༔ ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་མ་ཆད་པར་བཟླས་པས༔ ངག་གི་སྡིག་སྒྲིབ་བྱང་ཞིང་ནུས་པ་འབྱུང་བར་འགྱུར་རོ༔ གསང་བ་སེམས་ཀྱི་སྒྲིབ་པ་སྦྱོང་བ་ནི༔ ཡི་གེ་བརྒྱ་པ་བཟླ་བའི་ཚེ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་དང་མཐུན་པར་བསྐྱེད་ཅིང་སྒྲིབ་པ་སྦྱོང་བའི་དམིགས་པ་བྱ༔ སྔར་བྱས་པའི་སྡིག་པ་ལ་འགྱོད་པ་དྲག་པོ་བསྐྱེད༔ ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྙིང་ཐག་པ་ནས་བློས་བཅད་པས་སྡིག་སྒྲིབ་བྱང་ནས༔ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང༔ མདོར་ན་ཡེ་ཤེས་ཀྱི་ལྷ་སྒྲུབ་པ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བྱང་འཚལ་ཏེ༔ དཔེར་ན་གསེར་ལ་འོད་ཡོད་ཀྱང་བྱི་དོར་ལ་སོགས་པ་གཡའ་སེལ་བའི་ཐབས་མ་བྱས་ན་འོད་མི་འབྱིན་པ་ལྟར༔ རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡིན་ཡང༔ སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བའི་ཐབས་ལ་མ་འབད་ན་དེའི་རྩལ་མི་འབྱིན་པའོ༔ དེའི་གནད་ཤེས་པར་བྱས་ལ༔ སྒྲུབ་པའི་ཐུན་མཚམས་ཀྱི་སྐབས་སུ་བཤགས་སྦྱོང་དང་སྒྲིབ་པ་སྦྱོང་བའི་ཐབས་ལ་འབད་པར་བྱེད་པ་གལ་ཆེའོ༔ ལྔ་པ་མཚམས་བཅད་པ་ནི༔ མངོན་རྟོགས་ཆེན་པོའི་སྔོན་འགྲོ་ནས་འབྱུང་བ་ལྟར༔ སྲུང་བའི་འཁོར་ལོ་བསྒོམ་ཞིང་ནང་གི་མཚམས་གཅོད་གྱེར་ལ༔ ཁྲོ་བོ་བཅུ་ལ་སྲུང་མཚམས་ཀྱི་གཉེར་གཏད་དྲག་པོ་བྱ༔ སྐབས་སྐབས་སུ་སྲུང་མཚམས་ཁ་གསོ་རྣམས་སྤྱི་མཐུན་དུ་བྱའོ༔ དེས་གནས་སྐབས་སུ་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་སྒྲུབ་པ་མཐར་སྐྱོལ་ལ༔ མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་ཆད་ཀྱི་རིགས་གང་ཡང་མི་འབྱུང་བར་མྱུར་དུ་འབྲས་བུ་བརྙེས་པར་འགྱུར་རོ༔ སྤྱི་དོན་གཉིས་པ་དངོས་གཞི་ལ་ལྔ་སྟེ༔ ལྷ་བསྒོམ་པ༔ བཟླས་པ་བྱ་བ༔ ཐུན་མཚམས་ཀྱི་རྣལ་འབྱོར༔ དྲོད་ཚད་བརྟགས་པ༔ དམ་ཚིག་བསྟན་པའོ༔ དང་པོ་ལྷ་བསྒོམ་པ་ལ༔ བདག་བསྐྱེད་མདུན་བསྐྱེད༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་བྱེད་པ་སྟེ༔ བདག་བསྐྱེད་ཀྱི་རིམ་པ་འདི་ལྟར་གསལ་བར་བྱའོ༔ དེ་ཡང་ཐོག་མར༔ བདག་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་རབ་ཏུ་ཁྲོས་པའི་ཚུལ་ཅན༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གསལ་བ་ལས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ལ་ཕོག་པས་ཚར་བཅད༔ རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བག་ཆགས་སྡིག་སྒྲིབ་སྦྱངས་ནས་ཡེ་ཤེས་ལྷའི་ངོ་བོར་གནས་བསྒྱུར༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་འཕགས་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བ་ཙམ་གྱིས༔ མདུན་གྱི་ནམ་མཁར་སྤུང་གིས་བྱོན་པར་དམིགས་པ་ལ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ སྡིག་པ་བཤགས་པ༔ དགེ་བ་ལ་རྗེས་སུ་ཡི་རང་བ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ༔ མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ༔ ཁྱད་པར་དུ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱ་ཞིང༔ ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྡན་པར་བྱས་ཏེ༔ དེ་ཡང་ཐོག་མར་ངག་ནས༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་པ་ཙམ་གྱིས༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ལྟ་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང༔ ཨོཾ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སྟོང་ཞིང་བདག་མེད་པར་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་བསྐྱེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་དང༔ ཨཱོཾ་བཛྲ་ཙིཏྟ་ཧཱུྃ༔ ཞེས་པས་སྙིང་རྗེ་བར་གྱུར་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་མངོན་པར་ལྷགས་པ་བདག་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་མཁའ་ལྡིང་རྒྱལ་པོ་གཟན་ལ་ལྷགས་པ་ལྟར་ཉི་ཟླ་པད་མའི་གདན་སྟེང་དུ་ཕེབ་པར་གསལ་བ་རྒྱུའི་ཏིང་ངེ་འཛིན་ཏེ༔ དེ་ལྟར་ཏིང་ངེ་འཛིན་གསུམ་གྱི་ངང་དུ་དར་ཅིག་གནས་པར་བྱའོ༔ དེ་ནས་ངག་ཏུ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཞེས་བརྗོད་པ་ཙམ་གྱིས་སྒྲུབ་ཁང་དེ་ཉིད་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་ནང་མེད་པར་གསལ་ཞིང་འོད་འབར་བ་གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་ཆར་ཁེབས་ནོར་བུ་དབང་གི་རྒྱལ་པོའི་ཏོག་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་སུ༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དང་མེ་རེ་བའི་ནང་དུ༔ པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་ཤིང་ལྟེ་བ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་བཅས་པའི་སྟེང་ཉི་མ་དང་ཟླ་བ་བརྩེགས་པའི་གདན་སྟེང་དུ༔ རྒྱུའི་ས་བོན་རང་གི་རྣམ་པར་ཤེས་པའི་ངོ་བོ་ལས་གྲུབ་པའི་ཧྲཱིཿདམར་པོ་དེ་དག་བབས་པ་ལས་འོད་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་སླར་འོད་ཚུར་འདུས་ཧྲཱིཿལ་ཐིམ་པས༔ ཧྲཱིཿདེ་ཉིད་ཡོངས་སུ་གྱུར་པ་ལས་རང་ཉིད་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་མདངས་དང་ལྡན་པ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང༔ ཕྱག་གཡས་པ་གསེར་གྱི་རྡོ་རྗེ་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་ཤིང་ཐུགས་ཀར་བསྣོལ་ཐབས་སུ་ཡུམ་ལ་འཁྱུད་པ་གཡས་སུ་ཅུང་ཞིག་འགྱིང་ཞིང་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་ལྷ་ལྕམ་མེ་ཏོག་མན་དཱ་ར་བ་རྡོ་རྗེ་ཕག་མོའི་ཆ་ལུགས་ཅན༔ མཐིང་ནག་ཕག་ཞལ་སྤྱི་བོར་འབུར་ཞིང༔ ཕྱག་གཉིས་གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་པ་བཅས་ཡབ་ལ་འཁྱུད་པ༔ དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཅུང་ཟད་ཁྲོས་པའི་ཚུལ་ཅན་དུ་བསྐྱེད་པར་བྱ་ཞིང༔ ཡབ་ཡུམ་གཉིས་སྐུ་གཟི་བརྗིད་ཀྱི་ཉམས་དང་ལྡན་པ༔ ལང་ཚོ་དར་ལ་བབས་པ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿབཀོད་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ན་ཨོ་རྒྱན་ཡབ་ཡུམ་གྱི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དམ་ཚིག་དབང་གིས་སྐད་ཅིག་ཡུད་ཙམ་ལ་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བྱོན་ནས༔ བདག་དམ་ཚིག་པ་ལ་ཐིམ་ཞིང་གཉིས་སུ་མེད་པར་དམིགས་ལ༔ ཧཱུྃ་ཧྲཱི༔ རང་བཞིན་ལྷུན་རྫོགས་ཕོ་བྲང་ནས༔ ཨོ་རྒྱན་པདྨ་ཡབ་ཡུམ་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང༔ ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ བདག་ཉིད་དད་པས་སྤྱན་འདྲེན་གྱིས༔ ཐུགས་རྗེ་དམ་ཚིག་དབང་གིས་ནི༔ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་མཆོག་གྲུབ་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དང༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་བརྗོད་པ་ཙམ་གྱིས་ཀྱང་གོང་ལྟར་དབྱེར་མེད་དུ་བསྲེ་བསྣན་བྱས་པས་འཁོར་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་གངས་རི་ལ་སྤྲིན་ཕུང་གཏིབས་པ་ལྟར་བསྐོར་ཞིང་བྱིན་གྱིས་བརླབས་པར་དམིགས་ལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཅེས་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེ་ལྟར་བདག་བསྐྱེད་ཀྱི་དམིགས་པ་བརྟན་པ་དང༔ མདུན་བསྐྱེད་བསྒོམ་པ་ནི༔ རྫས་ཀྱི་དཀྱིལ་འཁོར་མི་དམིགས་སྟོང་པར་སྦྱངས་པའི་ངང་ལས༔ ཕོ་བྲང་རིན་ཆེན་གཞལ་ཡས་ཁང་གོང་ལྟར་གསལ་བའི་དབུས་སུ༔ གདན་པདྨ་འདབ་བཞི༔ དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད༔ དེ་དག་རེ་རེ་དབུས་དང་བཅས་པར་ཉི་མ་ཟླ་བའི་གདན་བཀོད་པའི་དབུས་སུ༔ བཅོམ་ལྡན་འདས་པདྨ་བཛྲ་རྩལ་ཡབ་ཡུམ༔ པདྨ་འདབ་བཞིའི་ཤར་དུ༔ རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་དཔའ་བོ་ཡབ་ཡུམ༔ ལྷོར་རིན་ཆེན་མཁའ་འགྲོ་དང་རིན་ཆེན་དཔའ་བོ་ཡབ་ཡུམ༔ ནུབ་ཏུ་པདྨ་མཁའ་འགྲོ་དང་པདྨ་དཔའ་བོ་ཡབ་ཡུམ༔ བྱང་དུ་ལས་ཀྱི་མཁའ་འགྲོ་དང་ལས་ཀྱི་དཔའ་བོ་ཡབ་ཡུམ༔ དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ༔ བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ༔ ལྷོར་མི་བསྐྱོད་རྡོ་རྗེ་རྩལ་ཡབ་ཡུམ༔ ནུབ་ཏུ་པདྨ་དབང་ཆེན་རྩལ་ཡབ་ཡུམ༔ བྱང་དུ་རིག་འཛིན་ཐོད་པ་རྩལ་ཡབ་ཡུམ༔ ཤར་ལྷོར་དྲག་པོ་མེ་ཕྲེང་རྩལ་ཡབ་ཡུམ༔ ལྷོ་ནུབ་ཏུ་སངས་རྒྱས་དཔའ་བོ་ཐོད་པའི་དུམ་བུ་རྩལ་ཡབ་ཡུམ༔ ནུབ་བྱང་དུ་རྟ་མགྲིན་དབང་ཆེན་ཡབ་ཡུམ༔ བྱང་ཤར་དུ་ལག་ན་རྡོ་རྗེ་ཡབ་ཡུམ༔ དེ་རྣམས་ཀྱང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་གཞན་ནས་འབྱུང་བ་ལྟར་བསྐྱེད་ཅིང༔ ཡེ་ཤེས་པ་དགུག་གཞུག་བསྲེ་བསྣན་རྣམས་ཀྱང་སྤྱི་དང་མཐུན་པར་བྱའོ༔ དེ་དག་རྣམས་ལའང་སོ་སོའི་འཁོར་དང༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པ་འཕགས་པའི་ཚོགས་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བག་དྲོ་ལྷུབས་སེ་བཞུགས་པར་བསྒོམས་པ་རྣམས་ལ་ཕྱི་ནང་གི་མཆོད་པ་འབུལ་བ་དང༔ བསྟོད་པ་ལ་སོགས་པ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ གྲུབ་ན་ལས་གཞུང་ཆེན་མོའམ་བསྡུས་པ་གང་ལྕོགས་ཀྱང་བསྲང་བར་བྱའོ༔ གཉིས་པ་བཟླས་པ་བྱ་བ་ནི༔ བཟླས་པ་དངོས་དང༔ བཟླ་ཚུལ་གཉིས་ལས༔ བཟླས་པ་དངོས་ནི༔ བདག་བསྐྱེད་ཀྱི་བཟླས་པ་གོང་དུ་བསྟན་པ་ལྟར་རོ༔ རྒྱུན་གྱི་བཟླས་པ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི༔ ཧ་ཡ་གྲཱི་ཝ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པ་སྟེ༔ མཚན་མ་དྲོད་རྟགས་མ་བྱུང་གི་བར་བཟླའོ༔ བཟླ་ཚུལ་ནི༔ ནངས་པར་ནམ་ལངས་ནས༔ དགོང་མོ་ཉི་མ་དམར་ཐག་ཆད་ཀྱི་བར་དུ་ཤུབ་བུར་བཟླ༔ དམིགས་པའི་འཁྲུལ་འཁོར་རང་གིས་བཟླས་པ་ཙམ་གྱིས༔ ལྕེ་ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདམར་པོ་ཁྲུ་གང་བའི་མཐར་སྔགས་ཀྱང་བྱེ་རུའི་ཕྲེང་བ་ལྟར་དམར་ཧྲཾ་མེ་བས་གཡས་སྐོར་དུ་བསྐོར་ཞིང་འུ་རུ་རུ་འཁོར་བ་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞིང༔ དེ་དག་ཐམས་ཅད་ཀྱིས་ཀྱང༔ རང་གི་ཅི་ལྟར་བཟླས་པ་ལྟར་ཏི་རི་རི་བཟླ་བར་བསམ༔ ས་སྲོས་ནས་ནངས་པར་ནམ་མ་ལངས་བར་དུ་དཀྱིལ་འཁོར་བསྐོར་ཞིང༔ གསང་མཐོན་པོར་འཛབ་དབྱངས་སུ་བྱའོ༔ དམིགས་པའི་འཁྲུལ་འཁོར་ཡང་རང་གཞན་ཕྱི་ནང་གི་ལྷ་ཚོགས་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དལ་གྱི་སྟེང་དུ་ཧྲཱིཿདམར་པོ་རེ་རེའི་མཐར་སྔགས་ཀྱི་ཕྲེང་བ་དམར་པོས་བསྐོར་ཞིང༔ ཐམས་ཅད་ཀྱིས་བཟླས་པ་སྔགས་ཀྱི་ཛཔ྄་སྒྲ་ཏི་རི་རི་སྒྲོག་པས་སྔགས་ཀྱི་ཕྲེང་བ་རྣམས་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ལྷ་བླ་མ་ཡི་དམ་མཁའ་འགྲོའི་རང་བཞིན་དུ་གྱུར་ནས༔ སྔགས་སྒྲ་སྒྲོག་པར་བསམས་ལ༔ ཛཔ྄་བསྙེན་ཆེ་བ་མ་ཡིན༔ ཆུང་བ་མ་ཡིན༔ དྲག་པ་མ་ཡིན༔ ཞན་པ་མ་ཡིན༔ དལ་བ་མ་ཡིན༔ བུལ་བ་མ་ཡིན་ཞིང་ཁོད་སྙོམས་པར་བཟླའོ༔ དེ་ཡང་ལུས་ངག་ཡིད་གསུམ་དཀྱིལ་འཁོར་རྣམ་པ་གསུམ་དང་མ་བྲལ་བར་བྱེད་པ་གནད་ཆེ་ཞིང༔ ཐ་མལ་གྱི་སྤྱོད་ཚུལ༔ སྒེག་ཆོས༔ བཏང་སྙོམས་ཡ་མ་ཟུང༔ ཆེད་མེད༔ འབོག་ཆོས་སུ་མ་སོང་བར༔ ལུས་ངག་ཡིད་གསུམ་གྲུང་ཧུར་བཏོན་པའི་ཀློང་ནས་བསྒྲུབ་པ་ལ་འབད་པ་གལ་ཆེའོ༔ གསུམ་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི༔ ནངས་ནུབ་གཉིས༔ གུང་གཉིས་དང་བཞིར་གཏོར་མ་གསོས་ཏེ་སྨན་རཀ་སྦྲེངས་ལ༔ སྨན་རག་གཏོར་གསུམ་གྱི་ཆོ་ག་གཞུང་ཚུགས་པས༔ ལྷ་ཚོགས་རྣམས་ལ་སྨན་རག་གཏོར་གསུམ་འབུལ༔ བསྟོད་པ་བྱ༔ མི་ལག་གིས་ལྕོགས་ན་ལས་གཞུང་དང་བསྟུན་པའི་ཆོ་ག་སྐོང་གསོ་དང་བཅས་པ་བྱ༔ རྒྱུན་དུ་མ་གྲུབ་ཀྱང་ཅི་འགྲུབ་ཏུ་བྱ་ཞིང༔ རྒྱུན་དུ་གཏོར་མ་མ་ཆག་པར་བསྔོ་བ་གལ་ཆེའོ༔ ཨརྒྷཾ་ལ་སོགས་པའི་མཆོད་པས་ཀྱང་མཆོད་པར་བྱ༔ རང་གི་བཟའ་བཏུང་རྣམས་ལ་ལོངས་སྤྱོད་པའི་ཚེ་ཡང༔ ཕལ་པའི་སྤྱོད་ཡུལ་དུ་མ་ཡིན་པར་ཟས་ཀྱི་རྣལ་འབྱོར་ནས་འབྱུང་བའི་ཚུལ་དང་མཐུན་པར་སྤྱོད་པར་བྱའོ༔ བཞི་པ་དྲོད་ཚད་ནི༔ དེ་ལྟར་ཚུལ་བཞིན་དུ་འབད་དེ་བསྒྲུབས་པས༔ སྤྱིར་གྲུབ་པ་བརྙེས་པའི་རྟགས་སྤྱི་དང་མཐུན༔ ཁྱད་པར་དུ་མཆོག་གི་ལྟས༔ ལུས་ལ་བདེ་བ་རྒྱས༔ ངག་ལ་ནུས་པ་འབར༔ སེམས་ལ་རྟོགས་པ་ཤར༔ སྣང་སྲིད་ཐམས་ཅད་བདེན་མེད་དུ་ཤར་བ་ལ་སོགས་པའི་ལྟས་དཔག་ཏུ་མེད་པ་དང༔ ཐུན་མོང་གི་ལྟས་སྒྲུབ་ཁང་ལས་འོད་འཕྲོ༔ འཇའ་གུར་ཕུབ༔ ནང་དུ་དྲི་བཟང་གི་ངད་པ་འཕྱོ༔ སྒྲུབ་པ་པོ་རིག་པ་འུར༔ གསལ་སྣང་འཆར༔ སྔགས་སྒྲ་སྒྲོག༔ ལྷ་ཞལ་སྟོན་པ་རྣམས་འབྱུང་བ་དང༔ ཉམས་བན་བུན་གྱི་སྣང་བ་འཆར་ཚུལ་དང༔ རྨི་ལམ་གྱི་འབྱུང་ཚུལ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་ཅིང་འདིར་སྤྲོས་ཀྱིས་མི་རྫོགས་ཏེ༔ མདོར་བསྡུས་པས་དངོས་གྲུབ་ཀྱི་ལྟས་ཐུན་མོང་མ་ཡིན་པ་ཆིལ་གྱི་བྱུང་ནས་ལས་ལ་སྦྱར་བར་བྱའོ༔ དེ་ཡང་རབ་ཟླ་བ་གཅིག་ནས་འབྱུང༔ འབྲིང་གཉིས༔ ཐ་མ་ཟླ་བ་གསུམ་ནས་མི་འབྱུང་མི་སྲིད་དོ༔ གང་ཟག་ལ་ལར་བར་ཆད་དངོས་གྲུབ་ཏུ་བརྫུས་ནས་འབྱུང་ཉེན་ཡོད་པས༔ དེའི་བྱེ་བྲག་ཤེས་པ་གནད་ཆེ་ཞིང༔ བཟང་ངན་གྱི་ལྟས་ཅི་བྱུང་ཡང་བཟང་སྙམ་ངན་སྙམ་མ་ཞུགས་པར་ལྟ་བ་གཡོ་མེད་ཀྱི་གཟེར་གྱིས་ཐེབས་པར་བྱེད་པ་གལ་ཆེའོ༔ མཆོག་དོན་ཡེ་ཤེས་བསྒྲུབ་དོན་གཉེར་བ་ལ་ནི་ཐུན་མོང་གི་ལྟས་དང་ཆོ་འཕྲུལ་གྱི་མཚན་མ་ལ༔ སྨོས་སུ་མེད་ཅིང་གལ་མ་མཆིས་པར་གསུངས་ཀྱང༔ ལམ་གྱི་དྲོད་རྟགས་ཙམ་དུ་འཆར་སྒོ་མི་འགག་པའི་ཕྱིར་ཤེས་པར་བྱའོ༔ ཉམས་སྣང་དྲོད་ཚད་ཙམ་དུ་རྟགས་ཀྱི་རིམ་པ་ཐམས་ཅད་ལ་རེ་དོགས་ཀྱི་འཆིང་བ་འཇུག་པའི་ཉེན་ཡོད་པས༔ གཡེལ་མེད་གལ་མ་མཆིས་སུ་བོར་པ་གནད་ཡིན་ནོ༔ ལྔ་པ་དམ་ཚིག་བསྟན་པ་ནི༔ སྤྱིར་སྒྲུབ་པ་པོ་རྣམས་གསང་སྔགས་ཡོངས་ཀྱི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེ་ཞིང༔ ཁྱད་པར་དུ་ཕྱི་ནང་གི་མཚམས་ཁྲིགས་ཕྱེད་པ་དང༔ མ་ཞུད་པ་དང༔ གཞན་དང་ངག་མ་འདྲེས་པ་དང༔ དངོས་གྲུབ་ཕྲ་མོ་ལ་མ་ཆགས་པ་དང༔ བསྐྱེད་རིམ་ལ་གསལ་ཐེབས་པ་དང༔ རྫོགས་རིམ་གྱི་གནད་ཀྱིས་ཟིན་པ་དང༔ བསྐྱེད་རྫོགས་ཡ་མ་ཟུང་དུ་མ་ཤོར་བ་དང༔ ཆོས་མིན་ཅན་གྱི་བཟའ་བཏུང་ཁོང་དུ་མ་སོང་བ་དང༔ དབུ་བཙུགས་ནས་མཚམས་མ་གྲོལ་གྱི་བར་དུ་ནང་གི་སྤྱད་པ་ལ་སོགས་པའི་རྫས་དང༔ ཡོ་བྱད་གང་ཡང་ཕྱིར་མི་ཁྱེར༔ ཕྱིའི་ཡོ་བྱད་ཀྱི་རིགས་མེ་ཆུ་ཤིང་གསུམ་མ་གཏོགས་པ་གཞན་ཅི་ཡང་ནང་དུ་མི་འཇུག་པ་དང༔ སྔགས་ཀྱི་དམ་སེལ་མ་ཞུགས་པ་དང༔ སྒྲུབ་ཁང་དུ་ཚུལ་མི་མཐུན་ཅིང༔ ལུས་ངག་ཡིད་གསུམ་གྱི་རྣལ་འབྱོར་མ་དག་པ་དང༔ བུད་མེད་ཀྱི་རིགས་ཀྱང་རིགས་བཟང་པོ་ཁྱད་པར་ཅན་ནམ༔ རང་གི་གཟུང་མའམ༔ གྲོང་པའི་ཆོས་ཀྱིས་མ་གོས་པའི་དབང་པོ་དྭངས་པའི་རིགས་མ་གཏོགས་པ་གཞན་གང་ཡང་མི་གཞུག༔ ཁམས་ཀྱི་ཐིག་ལེ་མ་ཉམས་པར་བྱ༔ ཁམས་ལ་མི་འཕྲོད་པའི་བཟའ་བཏུང་མི་བརྟེན་ཅིང༔ འགྲང་ལྟོགས་སྙོམས་པར་བྱེད་པ་དང༔ ཐེ་ཚོམ་དང་ཡིད་གཉིས་མི་བྱ་ཞིང༔ རྟགས་ཚད་མི་བསྒུག༔ སྒྲུབ་པའི་བརྩོན་འགྲུས་ལ་ཐང་ལྷོད་དྲག་གཞན་རེས་འཇོག་ཅན་མ་ཡིན་པར་ཆུ་བོ་ཆེན་པོ་རྒྱུན་འབབས་ཀྱི་གཞུང་ལྟ་བུར་ཀྱུ་རུ་རུ་བྱེད་པ་དང༔ གཞན་ཡང་གསང་སྔགས་བླ་མེད་ཀྱི་སྒྲུབ་པའི་དམ་ཚིག་རྣམས་དང་ལྡན་པར་བྱེད་པ་གལ་ཆེའོ༔ དེ་ལྟར་དམ་ཚིག་རྣམས་དང་ལྡན་པས་གཞུང་ལྟར་བསྒྲུབས་ཕན་ཆད་བར་ཆད་མེད་ཅིང་དོན་འབྲས་མྱུར་དུ་འགྲུབ་པར་འགྱུར་རོ༔ རྣལ་འབྱོར་པ་གང་ལ་ལ་ལྟ་བ་གནས་ལུགས་ཀྱི་གདིང་དང་ལྡན་པས་དམ་ཚིག་ལ་ལྟོས་མི་འཚལ་ཞེས་སྨྲ་བར་བྱེད་པ་ཁྱོད༔ འོ་ན་དངོས་གྲུབ་དང་ལྷ་བསྒྲུབ་ཀྱང་མི་འཚལ་ཏེ༔ ལྟ་བའི་གདིངས་དང་ལྡན་ཞིང༔ ཁྱོད་ཀྱི་ལྟ་བ་གནས་ལུགས་དེ་ལ་དམ་ཚིག་མི་དགོས་པའི་ཕྱིར་རོ༔ ཚིག་དོན་འབྲེལ་མ་ཆགས་ཤིང་མུ་ཅོར་སྨྲ་བ་རྣམས་ལ་འབྲས་བུ་རྒྱབ་ཀྱིས་ཕྱོགས་པས༔ རྒྱུ་འབྲས་ཞིབ་ཚགས་དང་ལྡན་པས་དམ་ཚིག་ནན་ཏན་བྱེད་པ་གལ་ཆེའོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི༔ སྒྲུབ་པ་སྤྱི་དང་མཐུན་ཞིང༔ ཁྱད་པར་དུ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གཏང་རག་གི་མཆོད་པ་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་རྒྱས་པ་གཅིག་བཤམས་ལ་སྐོང་གསོ་དང་བཅས་པ་འབུལ༔ སྦྱིན་སྲེག་ཉེར་གཅིག་ལ་སོགས་ཅི་འགྲུབ་རྣམས་བྱའོ༔ དལ་ལ་སོགས་པའི་བཅས་རྣམས་གང་གིས་ཀྱང་མ་མཐོང་ཞིང༔ སྒྲུབ་པ་པོ་རྣམས་ཀྱང་མཚམས་སླར་དམ་དུ་བཅད་པར་བྱའོ༔ དེ་དག་གི་རིམ་པས་སྒྲུབ་པ་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ༁ྃ༔ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ལས་ལ་སྦྱར་བ་ལ་གཉིས་ཏེ༔ མཆོག་གི་ལས་སྦྱོར་དང༔ ཐུན་མོང་གིའོ༔ དང་པོ་ལ་ནི༔ བདག་བསྐྱེད་སྔ་མ་ལྟར་ལས༔ མདུན་བསྐྱེད་ཟངས་ཀྱི་གའུར༔ བླ་མ་ཡི་དམ་ཆོས་སྐུའི་རྣམ་པར་བསྐྱེད༔ མེ་ལོང་གི་དལ་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་བསྐྱེད༔ བུམ་པའི་ནང་དུ་སྤྲུལ་པ་སྐུའི་རྣམ་པ་ཅན་དུ་བསྐྱེད་པར་བྱས་ཏེ༔ དེ་ཡང་བླ་མ་ཐོད་ཕྲེང་རྩལ་ལ་རིགས་ལྔ༔ ཡི་དམ་དཔལ་རྟ་མགྲིན་ལ་དཔའ་བོ་བཞིས་བསྐོར་བ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ་རིགས་བཞིའི་མཁའ་འགྲོས་བསྐོར་བར་བསྐྱེད་དེ༔ དམ་ཚིག་པ་བསྐྱེད་ཅིང་ཡེ་ཤེས་པ་བཀུག་ལ་ལས་རིམ་ལ་སོགས་པ་སྤྱི་དང་མཐུན་པར་བྱ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བཟླས་པས་གའུ་མེ་ལོང་བུམ་པར་གསལ་བའི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་བཟླས་པ་ཏི་རི་རི་བྱས་པས་ཕྱོགས་དུས་ཀྱི་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས་ནས༔ ལྷ་རྣམས་ལ་སིབ་སིབ་ཐིམ༔ ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩིའི་རྒྱུན་འོད་ཟེར་གྱི་ཚུལ་དུ་འཕྲོས་ཤིང་ཀ་པཱ་ལའི་རིལ་བུ་ལ་ཐིམ་པ་ཙམ་གྱིས་རིལ་བུ་ཐམས་ཅད་འོད་དུ་ལྟེམས་ཀྱིས་ཞུ་ནས་ཐོད་པ་མེར་གྱིས་གང་ནས༔ ཐོད་པའི་ཚངས་བུག་ནས་མར་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ནར་གྱིས་བྱུང་ནས༔ རང་གི་སྤྱི་བོ་ཚངས་པའི་བུ་གར་བབས་པས་ལུས་ཐམས་ཅད་མེར་གྱིས་ཁེངས་ཤིང༔ ལུས་སེམས་ཐམས་ཅད་བདེ་སྟོང་ཡེ་ཤེས་ཆེན་པོའི་ཉམས་ཀྱིས་རྒྱས་ཏེ༔ མཆོག་དོན་བླ་མེད་ཡེ་ཤེས་ཆེན་པོའི་དངོས་གྲུབ་དམ་པ་ཐོབ་པར་བསམ་པའི་དམིགས་པ་ཡེངས་མེད་དུ་བྱ་ཞིང་བཟླས་པ་ཞག་ཉེར་གཅིག་འབད་པས༔ མཆོག་གི་དངོས་གྲུབ་འབྱུང་བའི་ལྟས་སྤྱི་དང་མཐུན་པར་འབྱུང༔ ཐུན་མཚམས་ཀྱི་བྱེད་ཚུལ་སྒྲུབ་པའི་དུས་དང་འདྲ་བ་ལས་ཁྱད་པར་དུ༔ དམིགས་མེད་ཀྱི་རྒྱས་གདབ་པའི་ངང་ནས་ཀྱང་བཟླས་པ་བརྒྱ་ཕྲག་རེ་བཟླ་བར་བྱའོ༔ དེས་ནི་ཐུན་མོང་གི་ཟང་ཟིང་འདུ་ལོང་ལ་སོགས་པ་མི་འབྱུང་ཞིང༔ ནང་དུ་ཉམས་རྟོགས་དང༔ བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་ལྷང་ལྷང་སྐྱེ་བར་འགྱུར་རོ༔ རྗེས་ཀྱི་བྱེད་ཚུལ་འོག་ནས་འབྱུང་བ་ལྟར་རོ༔ ཐུན་མོང་གི་ལས་སྦྱོར་ནི༔ བདག་བསྐྱེད་མདུན་བསྐྱེད་སྔ་མ་ལྟར་ལས་ཁྱད་པར་དུ༔ འོག་ནས་འབྱུང་བའི་བཟླས་པ་བྱས་པ་ཙམ་གྱིས༔ མདུན་གྱི་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་དངོས་འདྲ་བ་ཕྱག་གཉིས་གཡས་གཡོན་ལྕགས་ཀྱུ་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས༔ དཔལ་དང་འབྱོར་པ་སྙན་པ་དང་གྲགས་པ་ལ་སོགས་དབང་དུ་བསྡུས་རུང་ཐམས་ཅད་དབང་དུ་བསྡུས་ནས་ཀ་པཱ་ལའི་རིལ་བུ་ལ་སིབ་སིབ་བཀུག་ནས༔ བཀུག་མཁན་དང་བཅས་པ་ཐིམ་ནས་རིལ་བུ་བཀྲག་དང་གཟི་མདངས་རབ་ཏུ་རྒྱས་ཤིང༔ རོ་བཅུད་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་ཡིད་བཞིན་གྱི་བཅུད་རྫས་ཆེན་པོར་གྱུར་པར་བསམ་ཞིང༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཧ་ཡ་གྲཱི་ཝ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་སིདྡྷི་སརྦ་དྷརྨ་སིདྡྷི་ཨ་ཀྲ་སིདྡྷི་ཨཱ་ཡུཿསིདྡྷི་པུཎྱེ་སིདྡྷི་བ་སུ་སིདྡྷི་ཁེ་དྷ་སིདྡྷི༔ སརྦ་སིདྡྷི་ཕ་ལ༔ ཨཾ་གུ་ཤ་ཛཿཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་ཆུ་བོ་ཆེན་པོའི་རྒྱུན་ལྟར་བཟླས་ཤིང༔ ཐུན་བར་དུས་སུ་དབང་གི་སྦྱིན་སྲེག་རེ་བྱས་ལ༔ འདོད་ཡོན་གྱི་ཡོ་བྱད་ཅི་འབྱོར་རེ་འབུལ་ཞིང༔ ལྷ་ཚོགས་རྣམས་ལ་དངོས་གྲུབ་རེ་ཞུ་བ་དང༔ སྣང་བ་དབང་སྡུད་ཀྱི་ཕྲིན་ལས་བསྐུལ་པ་དང་འདོད་གསོལ་བརྗོད༔ སྨན་རག་གཏོར་གསུམ་ལ་སོགས་པའི་མཆོད་པ་འབུལ་བ་རྣམས་གཞན་ནས་འབྱུང་བ་ལྟར་བྱའོ༔ དེ་ལྟ་བུའི་ཚུལ་གྱིས་ཞག་ཉེར་གཅིག་ལ་སོགས་པ༔ དངོས་གྲུབ་ཀྱི་ལྟས་མ་བྱུང་བར་དུ་བསྒྲུབ༔ ལྟས་ནི་སྤྱི་དང་མཐུན་ཞིང་སྔར་བསྟན་པ་དང་མཚུངས་པའོ༔ དེ་ལྟར་བསྒྲུབ་པ་དང་ལས་སྦྱོར་ཚར་ནས༔ དུས་ཚོད་གཟའ་སྐར་ཚེས་གྲངས་བཟང་ཞིང་ཡར་ངོ་ལ་བབ་པའི་སྔ་དྲོ་དང་པོ་ལ་གཏོར་མ་ཚོགས་མཆོད་རྒྱས་པ་གཅིག་ཕུལ་ལ༔ སྒྲུབ་པ་ཁ་སྐོང་ཁོག་དབུབ་ནས་འབྱུང་བ་ལྟར༔ དངོས་གྲུབ་བླང་བའི་ལས་རིམ་བྱས་ཏེ༔ ལྷ་ཡེ་ཤེས་པ་གཏང་རག་གི་མཆོད་པས་དགྱེས་པར་བྱས་ཏེ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་པ་རང་གི་ཐུགས་ཀར་བསྡུ་བའམ༔ ཡང་ན་དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བདག་བསྐྱེད་མདུན་བསྐྱེད་ཐམས་ཅད་ཕྱམ་བརྡལ་ཀ་དག་གི་ངང་དུ་སྤྲོ་བསྡུ་མེད་པར་བཞག་པར་བཤད་ཀྱང༔ འདིའི་ལུགས་ཀྱི་ཡེ་ཤེས་པ་དང༔ དམ་ཚིག་པ་ཐམས་ཅད་གའུའི་རྟེན་ལ་བསྟིམ༔ དངོས་གྲུབ་ཀྱི་བཅུད་ཐམས་ཅད་ཐོད་པའི་རིལ་བུ་ལ་བསྟིམ༔ བདག་ཉིད་ལུས་ངག་ཡིད་གསུམ་གདལ་ཁྱབ་ཆེན་པོའི་ཀློང་དུ་མཉམ་པར་གཞག༔ གའུ་མ་ཕྱེས་པར་འབྲལ་མེད་དུ་བཅངས༔ ཐོད་པའི་རིལ་བུ་སྒྲུབ་རྟེན་གྱི་རུ་མ་ཙམ་མ་གཏོགས་པར༔ ཐོ་རངས་དངོས་གྲུབ་བླང་བའི་དམིགས་པ་བྱ་ཞིང༔ ལས་སྔགས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་ལ་སོགས་པ་ལོང་ཁྱབ་དང་བསྟུན་ཏེ་བཟླས་ནས་བདུན་བདུན་རེ་ནངས་རེ་བཞིན་ཟའོ༔ དངོས་གྲུབ་བླང་བའི་དམིགས་པ་ནི༔ རིལ་བུ་ལྕེའི་སྟེང་དུ་སླེབ་པ་ཙམ་གྱིས་རང་གི་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་བཅུད་ཆར་ཆེན་པོ་ཕབ་པར་བསམ༔ རིལ་བུ་གཞན་གང་གིས་ཀྱང་མ་མཐོང་བར་བྱ༔ བུམ་པའི་བདུད་རྩི་རང་དང༔ སྒྲུབ་གྲོགས་ཐམས་ཅད་ཀྱིས་འཐུང་བ་དང་ཁྲུས་ལ་སོགས་པ་བྱ༔ སྒྲུབ་ཐོད་ནང་དུ་གའུ་དངོས་གྲུབ་རྫས་ཀྱི་ལོངས་སྤྱོད་གང་འཛོམ་དང་ལྷན་ཅིག་ཏུ་བཞུགས༔ དེ་མེ་ལོང་གིས་ཁ་བཅད་ཅིང་དར་སྣ་མང་པོས་དྲིལ་ཏེ༔ སུས་ཀྱང་ལག་མ་བརྒྱུད་པར་རང་གར་འགྲོ་གར་སྡོད་དུ་ལུས་དང་གྲིབ་མ་ལྟར་བཅང་ཞིང་འདུ་འབྲལ་མེད་པར་བྱ༔ དུས་བཟང་གི་སྐབས་སུ་ཞག་ལྔ་གསུམ་བདུན་སོགས་སྒྲུབ་མཆོད༔ རབ་ཟླ་བ་རེ་ལ་ལན་རེ༔ འབྲིང་ཟླ་བ་བཞི་ལ་ལན་རེ༔ ཐ་མ་ཡང་ལོ་རེ་ལ་ལན་རེ་ཅིས་ཀྱང་བྱའོ༔ གཞན་ཡང་ཞ་ཐོད་རྐང་གླིང་ལ་སོགས་པའི་རྫས་རྣམས་ཀྱང་བཅང་ཞིང༔ ལས་སྦྱོར་ལ་སོགས་པའི་དུས་ལ་ལོངས་སྤྱད༔ ཞག་གསུམ་མམ་སྲུང་མཚམས་ཧུར་འདོན་མི་བྱ་ཞིང༔ གཞན་གྱི་དབང་དུ་རང་མ་སོང་བར་བྱ༔ དུས་རྒྱུན་དུ་རྒྱལ་པོ་ལྟ་བུའི་སྤྱོད་པས་དཀྱིལ་འཁོར་རྣམ་པ་གསུམ་གྱི་ངང་ནས་སྤྱོད་ལམ་བྱའོ༔ ལོངས་སྤྱོད་ཅི་བྱུང་ཡང་ཡར་མཆོད་མར་སྦྱིན་བྱ༔ ཕྱི་རོལ་གྱི་ཐོ་རྒྱལ་ཆེན་དུ་དམིགས་པ་ལ་གཏང་རག་གི་མཆོད་པ་བཏང་ལ་རང་གནས་སུ་གཤེགས་ཤིང་ཐོ་བསྒྱེལ༔ སྒོ་བྱང་བྱས་པ་ལ་སོགས་པ་ཡོད་ནའང་བཀྲོལ༔ སྒྲུབ་པ་ཚར་བའི་དགའ་སྟོན་ཅི་འབྱོར་བྱ༔ འགྲོ་བ་གང་འདུས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་ལམ་ལ་བཀོད༔ བློ་སེམས་རྒྱ་སྐྱེད་ཅིང་གཞན་དོན་རྒྱ་ཆེན་པོ་ལ་འབད་པ་ལ་སོགས་ཐེག་པ་མཆོག་གི་སྤྱོད་པ་ཚུལ་ལུགས་དང་མཐུན་པར་བྱེད་པ་གལ་ཆེའོ༔ ྀཨཚ༔ བླ་མ་དགོངས་པ་འདུས་པ་ལས༔ ཡང་གསང་རྩ་བའི་ཐུགས་སྒྲུབ་ཀྱི༔ སྒྲུབ་དང་ལས་སྦྱོར་རྣམ་པ་གཉིས༔ བསྐྱེད་རིམ་ཚ་བ་དམར་ཐག་འདི༔ གུད་དུ་སྦས་པའི་ཡིག་ཆུང་སྟེ༔ འདི་ལྡན་སྐྱེས་བུ་དགོངས་འདུས་ཀྱི༔ ཆོས་ལ་བྱན་ཚུད་རང་དབང་ཐོབ༔ བདག་གཞན་དོན་འབྲས་རྩོལ་མེད་འགྲུབ༔ འདི་ནི་ཡིད་བཞིན་ནོར་ལྟ་བུ༔ དགོས་འདོད་འབྱུང་བའི་བང་མཛོད་ཡིན༔ ཨོ་རྒྱན་ང་ཡི་སྙིང་ཚིལ་ཡིན༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་དོན་སླད་དུ༔ ཟབ་ཁྱད་མངོན་དུ་ཕྱུང་བ་འོ༔ ཕྱི་རབས་འདི་འཕྲད་སྐྱེས་བུས་ཀྱང༔ ཀུན་ལ་འཆོལ་བར་མ་ཡིན་ཞིང༔ དགོངས་འདུས་ཆོས་བདག་རྩ་བའི་བུ༔ སྐལ་ལྡན་ལས་ཅན་མ་གཏོགས་པ༔ གཞན་ལ་མ་སྤེལ་ཕུར་དུ་འཆང༔ སྤེལ་ན་དྷཱ་ཀིའི་བཀའ་ཆད་དང༔ དངོས་གྲུབ་མི་འབྱུང་བར་ཆད་རྒྱུ༔ དེ་ཕྱིར་གསང་རྒྱ་གཅིག་བརྒྱུད་དམ༔ གསུམ་བརྒྱུད་དག་ལས་མི་མང་གཅེས༔ ཐེམས་ལ་མ་བཏབ་རྒྱ་ཡིས་བཏབ༔ དེ་ཕྱིར་གནད་དོན་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁཐཾ༔ དྷ་ཐིམ༔ གུ་ཧྱ༔ བསྐྱེད་རིམ་ཚ་བ་དམར་ཐག་ཅེས་བྱ་བ་གུད་དུ་སྦས་པ་གསང་རྒྱ༔


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).