Terdzo-HI-022








ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འགྲོ་འདུལ་ཕྲིན་ལས་ཀྱི་སྐབས་སུ་མཁོ་བའི་སྨྲེ་བཤགས་དང་ཀློང་བཤགས་

zab mo rdzogs chen sde gsum gyi cha lag_/rigs gsum 'gro 'dul phrin las kyi skabs su mkho ba'i smre bshags dang klong bshags

revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  རིགས་གསུམ་སྙིང་ཐིག་ (Rigs gsum snying thig)
parent cycle  དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 59 (ཧི) / Pages 553-559 / Folios 1a1 to 4a6

[edit]

ཟབ་མོ་རྫོགས་ཆེན་སྡེ་གསུམ་གྱི་ཆ་ལག །རིགས་གསུམ་འགྲོ་འདུལ་ཕྲིན་ལས་ཀྱི་སྐབས་སུ་མཁོ་བའི་སྨྲེ་བཤགས་དང་ཀློང་བཤགས་བཞུགས་སོ། །ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་འཇམ་པའི་དབྱངས༔ དྲི་མེད་གསེར་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཟླ་འོད་དཀྱིལ་ན་མཛེས༔ ཇི་ལྟར་མཁའ་ལ་ཉི་འོད་འབུམ་བརྡལ་བཞིན༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལྷམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས༔ སྡིག་པའི་ལས་རྣམས་ཅི་བྱས་རང་གནོང་འགྱོད༔ དར་ཞིང་དྲགས་པའི་ལས་དབང་དེ་བཙན་པས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་པ་འཐིབས་པས་ཤེས་རབ་ལྡོངས༔ འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང༔ ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་འདྲ་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རཱུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ལྡོག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས༔ ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ༔ ཉེ་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པའི་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔོན་གང་ན་བཞུགས༔ ལས་དབང་དྲག་པོ་རབ་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ཏེ་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྱམས༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན༔ གང་གིས་ཕྱི་བཤོལ་དུས་ལས་མ་བཞེངས་པར༔ ད་ལྟ་ཉིད་དུ་བརྟུན་ཏེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་པའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་གྱི༔ སྐྱེ་བ་གཅིག་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་རབ་ཡོད༔ དོན་གྱིས་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཆུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ སྡིག་པའི་ལས་རྣམས་བྱམས་མགོན་ཁྱེད་ལ་བཤགས༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་ཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ ༄། དེ་ནས་ཆོས་ཉིད་ཀློང་བཤགས་ནི། ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་བལྟ་བ་ཡོངས་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་བལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་ཉོན་རེ་མོངས༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་བལྟ་བ་ཡོངས་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་བལྟ་བ་ཐང་རེ་ཆད༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོར་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་བལྟ་བ་ཡོང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་བཤགས༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་བལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རྩོལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ༔ ཡོད་དང་མེད་པར་བལྟ་བ་ཉོན་རེ་མོངས༔ རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་བལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་དབྱིངས་མཐོ་དམའ་མེད་པ་ལ༔ སྟེང་འོག་གཉིས་སུ་བལྟ་བ་སྙིང་རེ་རྗེ༔ མཐོ་དམའ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་བལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཉིས་སུ་མེད་པའི་ཡེ་ཤེས་སྐུ་རུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་གོལ༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན༔ མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ནི་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་ཆོས་ཉིད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཅན་རྣམས༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ མངྒ་ལཾ།། །།


Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).