Terdzo-HI-008



Property "author" has been marked for restricted use.








Terdzo-HI-008.pdf
Click the picture above to view the Shechen manuscript.

དབང་གོང་མ་གུད་དུ་སྦས་པ་དོན་དམ་སྤྲོས་མེད་བརྡ་ཡི་དབང་གི་དོན་བཤད་པ་བརྡ་དོན་གསལ་བ་

dbang gong ma gud du sbas pa don dam spros med brda yi dbang gi don bshad pa brda don gsal ba

by  སོག་ཟློག་པ་བློ་གྲོས་རྒྱལ་མཚན་ (Sokdokpa Lodrö Gyaltsen)
revealed by  དུང་མཚོ་རས་པ་ཕྱི་མ་ (Dungtso Repa "The Later")
in cycle  རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པ་ (Rdzogs pa chen po yang ti nag po gser gyi 'bru gcig pa)
Volume 59 (ཧི) / Pages 291-312 / Folios 1a1 to 11b6

Tibetan Text

༄༅། །དབང་གོང་མ་གུད་དུ་སྦས་པ་དོན་དམ་སྤྲོས་མེད་བརྡ་ཡི་དབང་གི་དོན་བཤད་པ་བརྡ་དོན་གསལ་བ་བཞུགས་སོ། ། དེ་ནས་ཤེལ་གྱི་འོད་བསྟན་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་སྐུ༔ སྐུ་དབང་མན་ཤེལ་འོད་ཀྱིས་བསྐུར༔ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་གསུངས་པས། ཞི་ཁྲོ་དམ་པ་རིགས་བརྒྱ་ལ་སོགས་པ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ས་རྡོ་དང་ཤ་ཁྲག་གི་ལུས་ལྟར་གདོས་བཅས་སུ་མི་བལྟ་སྟེ། སྣང་ལ་རང་བཞིན་མེད་པ་ཤེལ་གྱི་འོད་དང་འཇའ་ཚོན་འདིའི་དཔེས་མཚོན་ནས་ངོ་སྤྲོད་པ་ཡིན། དེ་ཡང་ངོ་བོ་སྟོང་པའི་ཆ་ནས་དངོས་པོ་མེད་པ། རང་བཞིན་གསལ་བའི་ཆ་ནས་ཡེ་ཤེས་ལྔའི་རང་མདངས་འཇའ་འོད་དུ་གསལ་བ། ཐུགས་རྗེ་གོ་མ་འགགས་པའི་ཆ་ནས་སྣ་ཚོགས་སུ་སྣང་བ་སྟེ། དེ་ལྟར་སྣང་དུས་ན་སྟོང་པ། སྟོང་དུས་ན་སྣང་བ། དེ་ཉིད་དབྱེར་མི་ཕྱེད་པ་ནི་སྣང་སྟོང་ཟུང་འཇུག་ཅེས་བྱ་སྟེ། ཤེར་ཕྱིན་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པའི་དོན་ཡང་ཡིན་ལ། འདི་ལ་ཡང་ཐེག་པ་ཐུན་མོང་པ་དག་ནི། སངས་རྒྱས་ཆོས་ཀྱི་སྐུ་དམིགས་སུ་མེད་པའི་ནམ་མཁའ་ལྟ་བུ་ལ་འདོད་ཀྱང་། གསང་སྔགས་བླ་ན་མེད་པ་དང་། རྫོགས་པ་ཆེན་པོ་དག་དང་། ཁྱད་པར་རང་ཅག་ཡང་ཏི་ཐེག་པའི་ལུགས་ཀྱིས་ཡེ་ཤེས་འོད་ཀྱི་སྐུ་སྣང་སྟོང་དབྱེར་མེད་པ་འཇའ་ཚོན་ལྟ་བུ་ལ་བྱ་སྟེ། རིམ་ལྔ་ལས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱིས་སྐུ་ནི་སྟོན་པར་མཛད། །ཅེས་དང་། གཉིས་མེད་རྣམ་རྒྱལ་ལས། རང་འོད་ཡེ་ཤེས་ལྡན་པའི་སྐུ། །འཇའ་ཚོན་བཞིན་དུ་གསལ་བའི་བདག །སྟོང་པ་གསུམ་ལས་འདས་པ་པོ། །ཐོགས་མེད་ཡེ་ཤེས་འཕྲོ་བར་འགྱུར། །ཞེས་དང་། སམྦུ་ཊི་ལས་ཀྱང་། རྩ་ཡི་མཛེས་སྤྱིལ་ལས་བྱུང་བའི། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་དཀར་སྦོམ་པའི་ཚད་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །ཞེས་པས་གསང་སྔགས་གསར་མའི་རྒྱུད་གཞུང་ནས་ཀྱང་བཤད་མོད། ཀུན་བཟང་དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཐེག་པ་ཐུན་མོང་ཆོས་རྣམས་ཀྱིས༔ ཆོས་སྐུ་སྟོང་པ་བདག་མེད་སྟོན༔ སེམས་ཀྱི་གནས་ཚུལ་བསྟན་པ་ཙམ༔ སངས་རྒྱས་ཐོབ་པའི་སྐལ་པ་མེད༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང༔ མཚན་དང་དཔེ་བྱད་ལྡན་པར་ཡོད༔ སྟོན་པ་འོད་མི་འགྱུར་བ་དེ༔ ཡེ་ཤེས་འོད་ལྔའི་ཕུང་པོར་ཡོད༔ ཐམས་ཅད་མཁྱེན་པ་མ་འགགས་པས༔ སྤྲུལ་པ་བྱེ་བ་ས་ཡ་འགྱེད༔ ཅེས་པ་དང་། པདྨ་སྙིང་ཐིག་ལས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང༔ དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ༔ ཆོས་ཉིད་རིག་པ་མངོན་སུམ་ཉིད་ཡིན་པས༔ སངས་རྒྱས་གཞན་ནས་མ་འཚོལ་རྗེ་འབངས་རྣམས༔ ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་ཀྱང་། སྟོང་པའི་ངང་ལས་གསལ་བའི་མདངས། །འོད་ཀྱི་ལུས་ལ་སྤྲུལ་པའི་ཟེར། །ཞེས་གསུངས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་སྣང་སྟོང་འཇའ་འོད་ཀྱི་ཕུང་པོར་ཡེ་ནས་གནས་སོ། །དེ་ལ་ཡང་དག་གསང་བའི་དཀྱིལ་འཁོར་འདིར་དབང་བསྐུར་ནས་དབང་དོན་བླ་མས་ངོ་སྤྲད་པ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཞི་བ་དང་ཁྲོ་བོའི་སྐུ་བསམ་ལས་འདས་པ་རྣམས་གདོས་བཅས་སུ་འཛིན་པའི་སེམས་བོར་ལ་སྣང་ལ་དངོས་པོ་མེད་པ་འཇའ་ལུས་འོད་ཀྱི་རང་བཞིན་དུ་ལྟོས་ཤིག །དེ་ལྟར་ཡང་སྒྱུ་འཕྲུལ་དྲྭ་བ་ལས། ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་མདངས། །ཞལ་ཕྱག་རྫོགས་པ་བུམ་པའི་སྐུ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེའི་ཁ་དོག་སོ་སོར་གསལ། །ཞེས་གསུངས་ལ། གནས་རྒྱུད་ལས་ཀྱང་། ཀུན་གཞི་མཁའ་ལྟར་ཡངས་པའི་གནས་མཆོག་ན། །རང་བྱུང་ཡེ་ཤེས་ཆེན་པོའི་གཞལ་ཡས་སུ། །རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ། །བདེ་གཤེགས་རང་སྣང་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །དེ་ལྟར་རང་སྣང་སྟོང་པ་ཡིན་པར་ཅིས་མངོན་ན། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་སོགས་དོན་རྒྱས་པར་ངོ་སྤྲོད་དོ། འདི་ལ་ཁ་ཅིག་འོད་དང་ཁ་དོག་མཚན་མ་དོན་དམ་དུ་སྨྲ་བ་མི་རིགས་སོ་སྙམ་ན། དུས་འཁོར་ལས། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་པ་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་བྱ་བའི་དོན་འགྲེལ་ཆེན་དྲི་མེད་འོད་དུ་བཀྲལ་པ་ཡང་རྒྱས་པར་བཤད་དོ། །དེ་ལྟར་ངོ་སྤྲད་པས་ཡུལ་ལྔ་དང་དབང་པོ་ལྔ་དང་ཁ་དོག་ལ་སོགས་པ་གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད་དུ་ཤེས་པ་དང་། བར་དོར་ཡང་ཁྲོ་བོ་འཇིགས་པའི་སྐུ་དང་། འོད་མཚོན་ཆ་ལྟ་བུའི་ཆར་འབབས་པ་ལ་སོགས་པ་འཇིགས་སྣང་ཐམས་ཅད་རང་སྣང་སྟོང་གཟུགས་ཀྱི་ཀློང་དུ་གྲོལ་ནས་བར་དོར་ལོངས་སྤྱོད་རྫོགས་པར་འཚང་རྒྱ་བ་ལགས་པས་རྒྱུད་ལ་སྦྱར་འཚལ། རྔའམ་དྲིལ་བུ་གཏད་ལ་དཀྲོལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་གསུང༔ གསུང་དབང་འུར་ལྡིར་སྒྲ་ཡིས་བསྐུར༔ གྲགས་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་གྲགས་སྟོང་དབྱེར་མེད་པ་ཚིག་དང་ཡི་གེ་ལས་འདས་པ་སྟེ། རྔའམ་དྲིལ་བུ་འདིའི་སྒྲ་ལ་བརྟེན་ནས་ངོ་སྤྲོད་པ་ཡིན། དེ་ཡང་རྒྱུད་བླ་མ་ལས། རྒྱལ་བ་རྣམས་ཀྱི་གསུང་དེ་ནི། །བྲག་ཆ་བཞིན་ཏེ་ཡི་གེ་མེད། །ཅེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་དང་རྒྱ་ཆེ་སྒྲ་སྒྲོག་པ། །ཞེས་དང་། རྒྱུད་སེང་གེ་རྩལ་རྫོགས་ལས། གསུང་གི་ངོ་བོ་གྲགས་པས་སྟོང་། །ཞེས་སོ། །དེ་ལྟར་སྟོང་པ་མཚན་མ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས་གྲགས་སྟོང་གསུང་དབྱངས་ཡན་ལག་དྲུག་ཅུས་ཟབ་པ་དང་རྒྱ་ཆེ་བའི་ཆོས་གང་ལ་གང་འཚམ་པར་གསུངས་པ་ནི། དྲི་མེད་འོད་ལས། ངག་ནི་སྨོན་མེད་ཡེ་ཤེས་ཀྱིས། །དག་པ་གསང་སྔགས་མི་ཟད་སྒྲ། །ཞེས་པ་སྟེ། དེ་ལྟ་བུ་རྒྱུ་དགེ་བ་རྒྱ་ཆེན་པོ་རྫོགས་པའི་ཡོན་ཏན་གྱི་སྟོབས་དང་། རྐྱེན་གདུལ་བྱའི་རྣམ་རིག་ཚོགས་པ་ལས་བྱུང་ཡང་། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་གང་དུའང་མི་གནས་པའི་སྟོང་པ་ཉིད་དེ། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་པ་ལྟར་ཡིན་ལ། འོ་ན་ཆོས་ཀྱི་ཚིག་རྣམས་གང་ནས་བྱུང་སྙམ་ན། མདོ་ལས། བྲག་ཆའི་སྒྲ་དང་མཚུངས་འདི་ལས། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བྱུང་། །ཞེས་གསུངས་པ་སྟེ། བྲག་ཆ་ནི་སྟོང་པ་གར་ཡང་མ་གྲུབ་པ་ཡིན་ཏེ། མདོ་ལས། ཇི་ལྟར་མི་དག་ནགས་རིའི་ཁྲོད་འདི་ན། །གླུ་ལེན་རྒོད་དང་ངུ་དང་སྒྲ་ལ་སོགས། །བྲག་ཆ་སྣང་ཡང་བདེན་པ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། དེ་ལྟར་གསུང་གི་ངོ་བོ་དེ་ནི་གནས་གང་ནས་ཀྱང་མ་བྱུང་། གར་ཡང་མི་གནས། གང་དུ་ཡང་མི་འགྲོ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པི་ཝང་གི་སྒྲ་བྱུང་བ་ཡང་གང་ནས་ཀྱང་མ་འོངས། འགག་པའང་གང་དུའང་མི་འགྲོ། གང་དུའང་མི་འཕོ་སྟེ། བརྟེན་ནས་བྱུང་བ། རྒྱུ་ལ་རག་ལས་པ། རྐྱེན་ལ་རག་ལས་པའོ། །འདི་ལྟ་སྟེ། པི་ཝང་གི་ཁོག་པ་ལ་བརྟེན། པགས་པ་ལ་བརྟེན། རྒྱུད་ལ་བརྟེན། ཤིང་བུ་ལ་བརྟེན། རྒྱུད་རྟེན་ལ་བརྟེན། མི་དེ་ལས་སྐྱེས་པའི་རྩོལ་བ་ལ་བརྟེན་ནས་པི་ཝང་དེ་ལས་སྒྲ་བྱུང་སྟེ། སྒྲ་དེ་ཡང་པི་ཝང་གི་ཁོག་པ་ལས་མ་བྱུང་། ལྤགས་པ་ལས་མ་བྱུང་། རྒྱུད་ལས་མ་བྱུང་། ཤིང་བུ་ལས་མ་བྱུང་། རྒྱུད་རྟེན་ལས་མ་བྱུང་། མི་དེ་ལས་སྐྱེས་པའི་རྩོལ་བ་ལས་སྒྲ་མ་བྱུང་མོད་ཀྱི། དེ་དག་ཐམས་ཅད་འདུས་པ་ལས་སྒྲ་གྲགས་ལ། སྒྲ་དེ་འགགས་པའང་གང་དུ་མི་འགྲོ་བ་དེ་བཞིན་དུ། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་ལྟར་དུ་ཁོང་དུ་ཆུད་པར་གྱིས་ཤིག །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲ་ཡོངས་སུ་གྲུབ་པ་ཡང་རྒྱུ་ལ་རག་ལས་པ། དགེ་བའི་རྩ་བ་དུ་མས་ཡོངས་སུ་གྲུབ་པ་ཡིན་ཏེ། རྒྱུ་གཅིག་གིས་མ་ཡིན། རྐྱེན་གཅིག་གིས་མ་ཡིན། དགེ་བའི་རྩ་བ་གཅིག་གིས་སངས་རྒྱས་ཀྱི་རབ་ཏུ་དབྱེ་བ་མ་ཡིན་ཏེ། རྒྱུ་མེད་པའང་མ་ཡིན་ནོ། །རྒྱུད་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བ་ཡིན་ཏེ། དེ་ནི་གང་ནས་ཀྱང་མ་བྱུང་ངོ་། །ཞེས་པ་དེ་ལྟར་རྔ་ཤིང་དང་། པགས་པ་དང་། རྔ་བརྡུང་ལག་པའི་རྩོལ་བ་ལ་ཡང་སྦྱར་རོ། །དྲིལ་བུ་ཡིན་ན། དེ་ལ་ཡང་ཁོག་པ་དང་ལྕེ་དང་ལག་པའི་རྩོལ་བ་ལ་སོགས་པ་ལ་སྦྱོར་ཏེ་དེ་ལྟར་དུ་ངོ་སྤྲད་དོ། །དེ་ལྟར་ངོ་སྤྲད་པས་རྒྱལ་བའི་གསུང་དབྱངས་དང་། འབྱུང་བཞིའི་སྒྲ་དང་། རིགས་དྲུག་གི་སྐད་རྣམས་གྲགས་སྟོང་དུ་ཤེས་ཤིང་། བར་དོར་ཆོས་ཉིད་ཀྱི་རང་སྒྲ་གྲགས་དུས་སུ་གྲོལ་བས་རྒྱུད་ལ་སྦྱར་འཚལ། མར་མེ་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས༔ ཐུགས་དབང་ཞུན་མར་མར་མེས་བསྐུར༔ རིག་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དྭངས་ཤིང་གསལ་ལ་རྙོག་པ་དང་བྲལ་བ། མ་རིག་པའི་སྦུབས་བཅོམ་པས་ཡེ་ཤེས་ཀྱི་རང་འོད་ཡེ་ནས་རང་གསལ་དུ་གནས་པ། གསལ་ལ་རྟོག་པ་མེད་པ་དཔེ་མར་མེ་ལྟ་བུ་ཡིན་པས་འདིའི་དོན་ཁོང་དུ་ཆུད་པར་གྱིས་ཤིག །དེའང་ཁྲོ་བོ་རྡོ་རྗེ་ཐེམ་སྐས་ལས། སྣང་གསལ་འོད་ལྡན་མར་མེ་འདི། །ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་དང་། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེའི་དོན་དང་གཉིས་མེད་པའི། །འགྱུར་མེད་བརྗིད་ལྡན་རིག་པའི་དབང་། །དབང་གི་ཡེ་ཤེས་འོད་མཆོག་དང་། །རང་གི་སྙིང་ན་གནས་པའི་འོད། །ངས་བསྟན་ཁྱོད་ཀྱིས་ཉེ་བར་ལོངས། །ཞེས་པ་སྟེ། རིག་པའི་ཡེ་ཤེས་གསལ་འགྲིབ་མེད་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཡེ་ཤེས་ཀྱི་རང་འོད་རང་ཆས་སུ་གནས་པ་འདི་ནི། རིག་སྟོང་དབྱེར་མེད་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་དེ་ཡིན་ནོ། །ཅིའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་ན། དབང་མདོར་བསྟན་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་དོ། །ཞེས་སོ། །དེར་མ་ཟད་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་གོས་ངན་པའི་ནང་ན་ནོར་བུ་རིན་པོ་ཆེ་ཡོད་པའི་དཔེ་ལྟར་གནས་པས། སེམས་རྒྱུད་དྲི་མ་གློ་བུར་པ་དང་བྲལ་བའི་ཚེ་འདི་ལྟར་དུ་གསལ་ལ་རྟོག་པ་མེད་པར་གནས་ཏེ། གསལ་བ་ནི་སེམས་ཀྱི་མཚན་ཉིད་ཡིན་ལ། དེ་ལ་བརྟགས་ན་ངོས་གཟུང་འཛིན་པ་དང་བྲལ་བ་སྟོང་པ་སེམས་ཀྱི་རང་བཞིན་ཡིན་ལ། དེ་གཉིས་དབྱེར་མེད་པ་ནི་བཅོས་མིན་སེམས་ཀྱི་ངོ་བོ་ཞེས་བྱ་སྟེ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའོ། །དེ་ནི་རིག་པའི་ཡེ་ཤེས་རང་ལ་ཤར་བ་ཞེས་བྱའོ། །དེ་བས་ན་དབང་རྟེན་གྱི་མར་མེ་འདི་གསལ་ལ་རྟོག་པ་མེད་པ་སེམས་ཀྱི་མཚོན་དཔེར་སྟོན་པ་ཡིན་ཏེ། ཞི་བྱེད་ཀ་ཆེན་དོན་གསལ་ལས། ནམ་མཁའི་རང་བཞིན་མར་མེ་མེ་ལོང་བཞིན། །དངོས་མིན་མཚོན་ཕྱོགས་འདྲ་བའི་དཔེ་ནས་མཚོན། །དོན་ལ་སེམས་ཡིན་དེ་ལ་འདི་ཞེས་མེད། །ཅེས་སོ། །དེ་ལྟར་མཚོན་དཔེས་ཡེ་ཤེས་རྗེན་པར་གཏན་ལ་ཕབ། སེམས་ཀྱི་འགྱུ་རྩལ་ཐམས་ཅད་རིག་སྟོང་རྒྱལ་བའི་ཐུགས་སུ་ངོ་ཕྲོད། ཚེ་འདི་དང་བར་དོ་སོགས་གནས་སྐབས་ཐམས་ཅད་དུ་ཡེ་ཤེས་ཆེན་པོ་ལས་མི་འདའ་བར་རང་ཤར་རང་གྲོལ་ཆེན་པོའི་གདམས་པ་ཟབ་མོ་འདི་ལྟ་བུ་རྒྱུད་ལ་བརྟེན་འཚལ། འདི་ལྟ་བུ་ནི་ཇི་སྐད་དུ། གང་དེ་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཏེ། །རང་རིག་ཡེ་ཤེས་རྟོག་བྲལ་མ་འཁྲུལ་པ། །བྱད་བཞིན་བལྟ་ལ་མེ་ལོང་གཟུགས་བརྙན་བཞིན། །དོན་གྱི་ཡེ་ཤེས་མིན་ཀྱང་དོན་དང་འདྲ། །ཞེས་པ་ལྟར། དཔེ་ལ་བརྟེན་ནས་དོན་ངོ་སྤྲད་པ་ལགས་ཏེ། ཁ་ཅིག་འདི་ལྟར་ནགས་གསེབ་ན་སྟག་ཡོད། དེ་འདི་འདྲ་ཞིག་ཡོད་པ་འདུག་ཟེར་ཆ་མེད་ཀྱིས་རྒྱུས་གཏམ་སྨྲ་བ་དང་མི་མཚུངས་པར་ད་ལྟ་ཉིད་དུ་མངོན་སུམ་དུ་སྟོན་ནུས་པས་གཞན་ལས་ཆེས་ཁྱད་པར་འཕགས་ཏེ། དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་བྱ་བ་རྫོགས་པ་ཆེན་པོའི་ཁྱད་ཆོས་ཤིག་ལགས་སོ། །མེ་ལོང་ལ་བཞིན་རས་འཆར་དུ་བཅུག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མི་ཟད་རྒྱན་གྱི་ཡོན་ཏན་ལྷ༔ ཡོན་ཏན་དབང་ནི་མེ་ལོང་གཟུགས་བརྙན་འཆར་བས་བསྐུར༔ ཡོན་ཏན་ལྷུན་གྲུབ་ངོ་སྤྲོད་བྱ༔ ཞེས་པས། སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་དེ་ལ། གདུལ་བྱའི་རེ་བ་སྐོང་བ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་ཡང་། སངས་རྒྱས་པ་དེའི་རང་བཞིན་གྱི་ཡོན་ཏན་གྱི་སྟོབས་ལས་འགྲོ་བའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་ནི། དཔེར་ན་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་རྣམས་ལ་སེམས་ཅན་གྱི་རེ་བ་སྐོང་བའི་རྟོག་པ་མེད་ཀྱང་རང་བཞིན་གྱི་ཡོན་ཏན་གྱི་མཐུ་ལས་འགྲོ་བའི་དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་། ཉི་མ་ལ་མུན་པ་བསལ་བའི་རྟོག་པ་མེད་ཀྱང་ཡོན་ཏན་གྱི་མཐུས་འོད་ཀྱིས་མུན་པ་འཇོམས་པ་དང་། ལྷའི་རྔ་བོ་ཆེ་ལ་རྟོག་པ་མེད་ཀྱང་ཡོན་ཏན་གྱི་མཐུ་ལས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་འབྱུང་བ་ལྟར། སངས་རྒྱས་རྣམ་པར་རྟོག་པ་དང་བྲལ་བ་དེའང་ཡོན་ཏན་གྱི་མཐུས་གདུལ་བྱའི་སྣང་ངོར་གང་ལ་གང་འདུལ་དུ་སྣང་ནས་དོན་མཛད་པ་ནི། རྫོགས་ཆེན་ལས། རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་པ་སྟེ། འགྲོ་བའི་དོན་མཛད་པ་དེ་ཡང་། མེ་ལོང་གི་ནང་དུ་རང་རང་སོ་སོའི་གཟུགས་བརྙན་ཤར་བའམ། ཟླ་གཟུགས་ཆུ་སྣོད་སོ་སོར་སྣང་བ་ལྟར་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་ནི། མདོ་སྡེ་རྒྱན་ལས། ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། །ཞེས་གསུངས་ཤིང་། དེ་ལྟ་བུའི་ཡོན་ཏན་གྱི་སྟོབས་ནི་བཟང་པོ་སྤྱོད་པ་ལས། ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཞེས་སོགས་མཐའ་ཡས་ཡོད་དེ། འགྲོ་བ་མུ་མེད་པ་དག་གི་སྣང་ངོར་གང་ལ་གང་མོས་པ་དེ་དང་དེ་ལ་དེ་དང་དེར་སྟོན་པ་སྤྲུལ་སྐུ་ཐུབ་པ་དྲུག་དང་། གཞན་ཡང་སེངྒེ་དང་། སྟག་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། གྲུ་གཟིངས་ལ་སོགས་པའི་བར་དུ་སྣང་ཞིང་། གདུལ་བྱ་བསམ་པ་མཐའ་ཡས་པའི་ཕྱིར། ཞི་བ་དང་ཁྲོ་བོ་དང་བགེགས་གདོན་དང་སྐྱེ་དགུ་དང་རི་བོ་དང་ས་གཞི་ལ་སོགས་པར་སྣང་བ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་གདོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་གསུངས། དེ་ལྟར་སྣང་བ་ནི་མེ་ལོང་ལ་གཟུགས་བརྙན་ལྟར་རམ། རྣམ་པར་རྒྱལ་བའི་ཁང་བཟང་དུ་བཻ་ཌཱུརྻའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་ལྟ་བུ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་སོ། །དེ་ལྟར་མེ་ལོང་གཡའ་དང་བྲལ་བ་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་རང་ཆས་སུ་ཡོད་པ་ལྟར། བདེ་བར་གཤེགས་པ་འཁྲུལ་པའི་རྒྱུན་ཆད་པ་རྣམས་ལ་སེམས་ཅན་གྱི་དོན་འབད་མེད་ཤུགས་འབྱུང་དུ་འབྱུང་ཞིང་། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་ངོ་སྤྲད་པ་ཡིན་ནོ། །རླུང་གཡབ་གཡབ་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ དྲག་པོའི་དབང་ནི་རླུང་གིས་བསྐུར༔ ཕྲིན་ལས་རྩལ་རྫོགས་ངོ་སྤྲོད་བྱ༔ ཞེས་པས། བདེ་བར་གཤེགས་པ་རྣམས་ཀྱི་ཕྲིན་ལས་ནི་རླུང་གི་ཤུགས་ལྟར་ཐོགས་པ་མེད་པ་སྟེ། དེ་ཡང་། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་པ་ལྟར་སྣོད་ཀྱི་འཇིག་རྟེན་རླུང་གིས་འདེགས་པའི་རྟེན་བྱེད་པ་དང་། བཅུད་ཀྱི་སེམས་ཅན་རྣམས་ཀྱང་རླུང་ལ་བརྟེན་པས་ཇི་སྲིད་རླུང་དང་མ་བྲལ་གྱི་བར་དུ་སྲོག་གནས་ལ་རླུང་དང་ནམ་བྲལ་བ་ན་ཚེའི་དུས་བྱེད་པས་ཤིན་ཏུ་སྟོབས་ཆེ་ཞིང་། འབྱུང་བའི་ཁམས་ལ་མེ་ཆུ་ལ་སོགས་པ་གཞན་གྱི་གྲོགས་སུ་གྱུར་ནའང་སྟོབས་ཆེན་པོར་འགྱུར་བའི་ཕྱིར། འཇིག་རྟེན་འདི་ན་འབྱུང་བ་རླུང་དབང་ཆེ། །ཞེས་འབྱུང་ཞིང་། དེ་ལྟར་ཐམས་ཅད་ལ་ཁྱབ་ཅིང་ཤུགས་དྲག་པོ་རླུང་ལྟ་བུའི་ཕྲིན་ལས་ལ་དབང་འབྱོར་པ་ཡིན་ནོ། །དེ་ལྟར་ཡང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། རླུང་ལྟར་ཐུགས་རྗེས་སེམས་ཅན་ལ་ཐོགས་རྡུགས་མེད་པའི་དོན་བྱེད་པ་དང་། རླུང་ལྟར་ཐུགས་རྗེས་སེམས་ཅན་ལ་དམིགས་པ་དང་། དངོས་པོ་མཚན་མར་མི་འཛིན་པ་དང་། རླུང་ལྟར་རྣམ་པར་རྟོག་པའི་དྭངས་སྙིགས་ཕྱེ་ནས་ཆོས་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ། སྙིང་རྗེ་དང་སྟོང་པ་དབྱེར་མེད་པས་སེམས་ཅན་གྱི་དོན་བྱེད་པ་ལ་བྱའོ། །ཞེས་གསུངས་ཤིང་། དེ་ལ་ཆོས་སྐུ་དང་ལོངས་སྐུའི་ཕྲིན་ལས་དངོས་ཀྱི་བསྟན་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་འོད་གསལ་སྟུག་པོ་བཀོད་པ་གཉིས་ན་རྟག་པ་རྒྱུན་གྱི་འཁོར་ལོར་ཡོད་ཅིང་། སྤྲུལ་པ་སྐུའི་ཕྲིན་ལས་ཀྱི་བསྟན་པ་ཐུན་མོང་པ་མདོ་དང་རྒྱུད་ཀྱི་བསྟན་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་དམ་པ་གཉིས་ལྷ་མི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས་གཞན་ན་མེད་ཀྱང་། གཟུགས་བརྙན་ཕྲིན་ལས་ཀྱི་བསྟན་པ་ནི་འགྲོ་བའི་མོས་པ་དང་སྟོན་པའི་བྱིན་གྱིས་རླབས་ལས་འགྲོ་དྲུག་གང་ལའང་ཁྱབ་པས་འཕྲིན་ལས་ཀྱི་རྩལ་རྫོགས་པའོ། །དེ་ལྟར་རླུང་གི་ཤུགས་དྲག་པོ་གང་གིས་ཀྱང་ཟློག་པར་དཀའ་བ་དཔེར་བརྗོད་ནས། བདེ་བར་གཤེགས་པ་རྣམས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་རྩལ་རྫོགས་པ་ངོ་སྤྲོད་པ་ལགས་སོ། །འདི་དག་ནི་འདིར་ཨོ་རྒྱན་ཆེན་པོས་གསུངས་པ་དང་། རྫོགས་ཆེན་སྙན་བརྒྱུད་ཨཿཧཱུྃ་མར་པཎ་ཆེན་བི་མ་ལས་གསུངས་པ་ལས། དེང་སང་ནི་བླ་མ་ཆེན་པོ་རྣམས་ཀྱིས་ཀྱང་ཤེལ་དང་དྲིལ་བུ་སོགས་མགོ་ཐོག་ཏུ་འཇོག་པ་ཙམ་ལས་ངོ་སྤྲོད་མི་མཛད་པ་འདུག་པས། དབང་གི་དོན་ངོ་འཕྲོད་པ་གལ་ཆེ་བའི་ཕྱིར་ཅུང་ཟད་སྤྲོས་ནས་སྨྲས་པ་ཡིན་ནོ། །འདི་ཡི་དགོས་དོན་ནི། སྐུ་དབང་མན་ཤེལ་འོད་ཀྱིས་བསྐུར༔ སྣང་སྟོང་ཟུང་འཇུག་ངོ་སྤྲོད་བྱ༔ ཞེས་སོགས་ཀྱིས་ངོ་སྤྲོད་པར་གསུངས་པ་ཡིན་གྱིས། ཤེལ་ལ་སོགས་པ་མགོ་ཐོག་ཏུ་འཇོག་པར་མ་གསུངས་སོ། །འདི་ནི་ཞར་འཕྲོས་སུ་ཤེས་པར་བྱའོ། ༈ །དེ་ནས་ཤིན་ཏུ་རྣམ་པར་དག་པའི་དབང་ནི༔ མེ་ལོང་གཡའ་བྲལ་བསྟན་ལ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཆོས་ཀྱི་དབྱིངས་ནས་འདི་སྐད་གསུངས༔ ཐོག་མར་ལྷུན་གྱིས་གྲུབ་གནས་སུ༔ སྟོན་པ་ཐིག་ལེ་ཉག་གཅིག་སྐུ༔ འཁོར་ནི་རྣམ་རྟོག་རང་བྱུང་ཉིད༔ རྣམ་རྟོག་བཀག་པས་མི་ཁེགས་ཀྱི༔ ཐིག་ལེའི་ངང་ལ་ལྷན་གྱིས་ཞོག༔ ཤེས་རབ་ཆེན་པོ་གཅིག་ཏུ་གསལ༔ རང་གྲོལ་ཉིད་དུ་མངོན་སངས་རྒྱ༔ ཞེས་པའི་དོན་ནི། ཐོག་མ་སངས་རྒྱས་དང་སེམས་ཅན་གང་དུའང་མ་གྲུབ་པ་དུས་གསུམ་མཉམ་པ་ཉིད་ཀྱི་དུས། སྟོན་པ་རང་རིག་ཀུན་ཏུ་བཟང་པོ་ཐིག་ལེ་ཉག་གཅིག་དེ་ཉིད་རང་གི་རང་མདངས་མ་འགགས་པར་རང་རྩལ་སྣ་ཚོགས་སུ་ཤར་བ་ལས། ཐམས་ཅད་རང་བྱུང་ཉིད་དུ་ཤེས་པས་གྲོལ་པ་ལྟར། ཁྱོད་ཀྱང་རྣམ་རྟོག་བཀག་པས་མི་ཁེགས་ཀྱི། རྣམ་རྟོག་དེ་ཀ་རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཡིན་པས། རྣམ་རྟོག་དེ་རང་གི་ངང་དུ་ལྷོད་དེ་སྐྱུར་ལ་ཞོག །གང་གིས་ཀྱང་བཟོ་བཅོས་མ་བྱེད་པར་རྣམ་རྟོག་དེ་རང་གི་ངང་དུ་ཞོག །དེ་ལྟར་བཞག་པས་རྣམ་རྟོག་རང་ཤར་རང་གྲོལ་དུ་འགྱུར་ཏེ། མ་བཅོས་ལྷུན་གྲུབ་ཆོས་སྐུ་སྤྲོས་དང་བྲལ། །ཞེས་པའི་དོན་ཡིན། ཤེས་རབ་ཆེན་པོ་གཅིག་ཏུ་གསལ༔ རང་གྲོལ་ཉིད་དུ་མངོན་སངས་རྒྱ༔ ཞེས་པ་ལྟ་བ་དེ་རྟོགས་ན་སྐད་ཅིག་ལ་གྲོལ་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་སོ། །ཡང་དེ་ནི། ཡང་ཏི་གསེར་གྱི་འབྲུ་གཅིག་ཡིན༔ ལྟ་བ་རང་བྱུང་ཆེན་པོ་ལ༔ སྒོམ་པ་རང་གྲོལ་ཆེན་པོ་ཡིན༔ སྤྱོད་པ་ཚོགས་དྲུག་ལྷུག་པ་ལ༔ འབྲས་བུ་ཡུལ་སྣང་ཆེན་པོ་ཡིན༔ བཛྲ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཞེས་པ་ནི་རང་ངོ་ཤེས་པ་ལ་བརྡའི་ཕྱག་འཚལ་བ་ཡིན་ཏེ། ཇི་སྐད་དུ། རིག་པ་རང་བྱུང་ཡེ་ཤེས་ལྷ། །མ་རིག་རྟོག་པའི་རྐྱེན་དབང་གིས། །ཡེ་ནས་རང་དང་གཉིས་མེད་པ། །རང་ངོ་ཤེས་པའི་བརྡ་ཕྱག་འཚལ། །ཞེས་པ་དང་། གསང་བ་འདུས་པའི་རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་གམ། །ཇི་ལྟར་མར་ལ་མར་བཞིན་ཏེ། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པའོ། །དེ་ནས་མེ་ལོང་ལ་བྱད་བཞིན་འཆར་བ་བསྟན་ལ། བུ་ཇི་ཙམ་རིག་པ་གསལ་ལ་མ་འགགས་པར་འཆར་བ་འདི་ལ་བཅོས་བསླད་མ་བྱེད་པར་ལུས་སེམས་ལྷོད་ཀྱིས་གློད་ལ་ཞོག༔ ཅེས་པ་ནི་མེ་ལོང་ནང་དུ་བཞིན་སྣང་ཞིང་དེ་ལ་དབང་པོ་སྒོ་ལྔ་ཚང་ཡང་ཁོས་གང་ལའང་འཛིན་པ་མེད་པ་ལྟར། ཁྱེད་རང་ཡང་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་ལ་འཛིན་པ་མེད་པར་ཞོག་ཅིག །ཅེས་པའི་དོན་ཡིན་ཏེ། རྒྱུད་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་འཛིན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་སོ། །གསལ་ལ་ངོས་གཟུང་མེད་པ་ཡི༔ མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག༔ ཅེས་མེ་ཏོག་གཏོར། ཨེ་མ༔ བདེ་གཤེགས་ལྷུན་གྲུབ་གནས་མཆོག་ན༔ བདེ་ཆེན་རང་བྱུང་ཡེ་ཤེས་ནི༔ ཅིར་ཡང་མི་རྟོག་ས་ལེར་གསལ༔ རྩ་བ་གསུམ་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་ཆོས་སྐུ་སྐྱེ་བ་མེད༔ རང་བྱུང་སེམས་ལ་རང་དབང་ཐོབ་པར་ཤོག༔ ཅེས་བརྗོད་དོ། །དེ་ནས་མེ་ལོང་གི་ཁར་ཤེལ་བཞག་ལ། རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ༔ གསལ་ལ་མ་བསྒྲིབས་ཉི་མ་འདྲ༔ འོད་ཟེར་སྣ་ཚོགས་ཤར་ཡང་ཤེལ་ལས་མ་གཡོས་ལྟར༔ རང་སེམས་ཆོས་སྐུའི་ངང་ལས་གཡོས་པ་མེད༔ ཅེས་པ་ནི་རིག་པ་དྲི་མ་མེད་པ་ཤེལ་ལྟ་བུ། གསལ་ལ་སྒྲིབ་གཡོགས་མེད་པ་ཉི་མ་ལྟ་བུ། དེ་ལས་འོད་ཟེར་སྣ་ཚོགས་སུ་ཤར་ཡང་ཤེལ་དང་ཉི་མ་ལས་མ་གཡོས་པ་ལྟར། ཁྱེད་རང་གི་སེམས་རྣམ་རྟོག་གི་སྤྲོ་བསྡུ་གང་དུ་ཤར་ཡང་ཆོས་སྐུའི་ངང་ལས་གཡོས་པ་མེད་པས་རྣམ་རྟོག་གང་བདེར་ཞོག་ཅིག །དེ་ཀ་ཡེ་ཤེས་ཡིན་ནོ། །དེ་ལྟར་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས། ཉི་མའི་སྙིང་པོ་ལྟར་སེམས་ཉིད་སྟོང་པ་ཆོས་སྐུ་ཡིན་པ་ལ། ཉི་མའི་འོད་ཟེར་ཕྱོགས་བཅུར་གསལ་བ་ལྟར། སེམས་ཉིད་ལས་རིག་པའི་རྩལ་དུ་ཤར་བས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་དང་། ཉི་མའི་འོད་ཀུན་ལ་སྙོམས་ནས་དྲོ་བ་ལྟར། རིག་པའི་རྩལ་ཁ་རྣམ་རྟོག་རང་ཤར་རང་གྲོལ་བས་སྤྲུལ་པའི་སྐུ་ཡིན་ནོ། །དེ་ཡང་ལོགས་ན་ཡོད་པ་མ་ཡིན་ཏེ་རང་གི་རིག་པ་སྐུ་གསུམ་དུ་གནས་པ་ལ་བྱའོ། །ཤེལ་གོང་དྲི་མ་མེད་པ་ལྟར་རྣམ་རྟོག་དང་དུག་ལྔའི་དྲི་མ་མི་འཇོག་པའོ། །ཤེལ་གོང་ལ་ཕྱི་ནང་མེད་པ་ལྟར་སེམས་དང་ནམ་མཁའ་གཉིས་སོ་སོ་མེད་པས་ཁོང་སྐྱོན་མེད་པའོ། །ཤེལ་གོང་ལ་སྒྲིབ་པ་མེད་པ་ལྟར་རང་སེམས་གསལ་ལ་མ་བསྒྲིབས་པ་རང་ལ་ཡོད་པ་དེ་གཞན་ལ་སྟོན་ཅིང་གསལ་བར་བྱེད་པའོ། །ཞེས་གསུངས་པས། རང་སེམས་སྐྱེ་མེད་ཆོས་སྐུ་ལས༔ འགག་མེད་ལོངས་སྐུ་སྤྲུལ་སྐུར་ཤར༔ བདེ་བ་ཆེན་པོའི་ངང་དུ་གཅིག༔ རྡོ་རྗེའི་སྐུ་ལ་འགྱུར་བ་མེད༔ ཅེས་པས་སེམས་ཉིད་མ་བཅོས་པ་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ངང་ལས་འགག་མེད་ཀྱི་རྩལ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། འཇའ་དང་འོད་དང་ཐིག་ལེ་དང་ཞིང་ཁམས་ལ་སོགས་པ་རང་མདངས་སྣ་ཚོགས་སུ་ཤར་ཡང་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེའི་ངང་དུ་གཅིག་གོ །མི་ཆོད་མི་ཤིགས་མི་འགྱུར་བས། །སྟོང་པ་ཉིད་ལ་རྡོ་རྗེར་བཤད། །ཅེས་པ་ལྟར། མི་ཆོད་པ་མི་ཤིགས་པ་འགྱུར་བ་མེད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་འདི་ལ་འགྱུར་བ་ནམ་དུ་ཡང་མེད་དོ། །དེ་ལྟར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲོད་དོ།། ࿊ །།བཀྲ་ཤིས།་་་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ད་ལྟ་མངོན་བཞུགས་རྩ་བའི་བླ་མའི་བར། །དབང་བཞི་བྱིན་རླབས་བརྒྱུད་པའི་སྤྲིན་ཕུང་འཁྲིགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ། །དུས་གསུམ་འགྱུར་མེད་ལྷུན་གྲུབ་བཀོད་པ་བཀྲ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཐུགས་དམ་ཅན། །ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག །གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ། །གང་འདུལ་ཐབས་ཀྱིས་འགྲོ་བའི་གདུལ་བྱ་ལ། །དཔའ་བོ་ཞིང་སྐྱོང་མཁའ་འགྲོའི་སྐུར་སྣང་བ། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་དགོངས་པ་ཡེ་ཤེས་མངོན་སུམ་སྟོན། །ཞག་གྲངས་བདུན་གྱིས་སངས་རྒྱས་ས་ལ་སྦྱོར། །ཐེག་ཆེན་མཐར་ཐུག་ཡང་ཏི་སྙིང་པོའི་བཅུད། །གསང་ཆེན་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོ་བརྗོད། དེ་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ཡངས་པ་ཆེན་པོའི་ཀློང་ལས་སོགས་ནས། དགོས་པ་ཡོད་དོ༔ ཞེས་པའི་བར་གཞུང་ལྟར་ལ། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཐོབ་པས་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པའི་སྣོད་རུང་དུ་གྱུར། ཆོས་གཞན་ལྟར་ལོ་ཟླ་མང་པོའི་བར་དུ་འབད་མི་དགོས་པར་ཞག་བདུན་གྱིས་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་འགྱུར་ཏེ། དེ་ཡང་འཕགས་པ་བརྒྱད་སྟོང་པ་ལས། འཇིག་རྟེན་གསུམ་ལ་མངོན་པར་མ་ཞེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་ཏེ་ཞེས་པ་དང་། ཡུམ་བར་མ་ལས། ཉི་མ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གདུང་བ་མེད་པ་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་པ་ལ་སོགས་པའི་ཏིང་འཛིན་གྱི་སྒོ་མང་པོ་སྐྱེ། འཁྲུལ་པའི་སྣང་བ་དག་ནས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་ཆེན་པོ་མཐོང་། བརྩོན་འགྲུས་དང་ལྡན་ན་ཚེ་འདི་ཉིད་ལ་བཅོམ་ལྡན་འདས་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཟུང་འཇུག་འོད་ཕུང་ཆེན་པོའི་སྐུ་འགྲུབ། གལ་ཏེ་བརྩོན་འགྲུས་དང་མི་ལྡན་ན་ཡང་ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ཞི་ཁྲོའི་ཀློང་དུ་འཚང་རྒྱ་བ་ལགས་པས་སྤྲོ་བ་བསྐྱེད་འཚལ་ལོ།། །།ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྡུས་པ་ལས། །རིམ་དགུ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ། །ཀུན་གྱི་རྩེ་མོ་ཨ་ཏི་སྤྱི་ཏི་ལས། །ཆེས་ཆེར་འཕགས་པའི་ཐེག་མཆོག་ཡང་ཏིའི་ལམ། །དེ་ཡི་ཡང་བཅུད་སངས་རྒྱས་ཞག་བདུན་མའི། །སྨིན་བྱེད་གསང་དབང་སྦས་པའི་བཀའ་རྒྱ་ཅན། །དབང་དོན་ཚུལ་བཞིན་སྟོན་པ་ཆེས་ཉུང་བས། །སེམས་ཀྱིས་མ་བཟོད་ཡི་གེར་བཏབ་པ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བཟོད་མཛོད་ལ། །འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཚུལ་འདི་ཡོངས་འཛིན་སྤྲུལ་སྐུ་སངས་རྒྱས་དངོས། །རྗེ་བཙུན་ངག་གྲགས་པ་ཡི་བཀའ་དྲིན་ལས། །ངེས་པའི་དོན་ལ་བརྟོན་པའི་བློ་གྲོས་ཅན། །གསང་ཆེན་བསྟན་པའི་རྒྱལ་མཚན་ལེགས་འཛིན་པ། །དཔལ་ལྡན་སྐལ་པ་བཟང་པོ་དེས་སྨྲས་སོ། །དེ་ལྟར་ལྷག་པའི་བསམ་པས་བཀོད་པ་ལ། །ང་རྒྱལ་རློམས་སེམས་མེད་ཕྱིར་དགེ་བ་དེས། །ཟབ་ཡངས་ངེས་དོན་འཆད་པའི་བློ་གྲོས་ཀྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ཁུར་ཁྱེར་ཏེ། །དང་པོའི་སངས་རྒྱས་དགྱེས་པའི་ལམ་བཟང་པོར། །འགྲོ་ཀུན་ཞུགས་ཏེ་ཀུན་བཟང་ས་ནོན་ཤོག །རྫོགས་པ་ཆེན་པོ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་མཆོག་གི་བརྡ་དབང་གུད་དུ་སྦས་པའི་དོན་བཤད་བརྡ་དོན་གསལ་བ་ཞེས་བྱ་བ་ལྷ་རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བྲིས་པའོ། །འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག །འདི་ནི་ཆོས་འདི་འཆང་བ་པོ་རྣམས་ཀྱིས་ཐུགས་ལ་བཟུང་ནས་དབང་དུས་སུ་འདི་ལྟར་ངོ་སྤྲོད་མཛོད་ཅིག །དེ་ལྟར་མ་མཛད་ནས་དཀྱུས་སུ་བྲིས་ན་བདག་གིས་བྱས་པ་འདིས་གཏེར་ཆོས་བསླད་པར་དོགས་སོ། །ྀཨཚ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).