Terdzo-HAA-009



Property "author" has been marked for restricted use.








Terdzo-HAA-009.pdf
Click the picture above to view the Shechen manuscript.

རྗེ་ཀུན་གཟིགས་འཇམ་མགོན་ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་ཞབས་ཀྱི་འདས་རྗེས་ཀྱི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་སྣང་བ་

rje kun gzigs 'jam mgon ngag gi dbang phyug yon tan rgya mtsho'i zhabs kyi 'das rjes kyi rnam par thar pa ngo mtshar nor bu'i snang ba
Alternate Title: འདས་རྗེས་རྣམ་ཐར་ ('das rjes rnam thar)

by  ཀརྨ་བཀྲ་ཤིས་ཆོས་འཕེལ་ (Karma Tashi Chophel)
Volume 65 (ཧཱ་) / Pages 877-919 / Folios 1a1 to 22a6

Last Text in Volume

Tibetan Text

༄༅། །རྗེ་ཀུན་གཟིགས་འཇམ་མགོན་ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་ཞབས་ཀྱི་འདས་རྗེས་ཀྱི་རྣམ་པར་ཐར་པ་ངོ་མཚར་ནོར་བུའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་ཛྙཱདརྴ་གུ་ཎ་ས་མུ་དྲཱཡ། རྟག་པ་དམ་པའི་རང་བཞིན་མི་འགྱུར་རྡོ་རྗེའི་ཁམས། །གདོད་ནས་བརྙེས་ཀྱང་ཚུར་མཐོང་གདུལ་བྱའི་དབང་པོ་རུ། །ཡོངས་འཆར་སྐྱེ་དང་འཆི་འཕོའི་ཚུལ་གྱིས་འདུལ་བའི་ཐབས། །འཕགས་རྣམས་ཆོ་འཕྲུལ་བསམ་ཡས་སྟོན་མཛད་མཆོག་དེར་འདུད། །དཔག་མེད་ཡེ་ཤེས་གཅིག་གི་འཇུག་པ་ཡིས། །སྐད་ཅིག་བསྐལ་པར་བསྒྱུར་བའི་མཐུ་མངའ་བས། །དབང་བཅུའི་སྟོབས་ཀྱིས་ལྷག་པར་དཔའ་བ་ལས། །འཆི་བདག་གཡུལ་ངོས་བརྫི་བའི་ཡུལ་མ་ཡིན། །གདུལ་བྱའི་བསོད་ནམས་ཆུ་སྣོད་འཇིག་གྱུར་པ། །དེ་ཚེ་འདུལ་བྱེད་ཉི་ཟླའི་གཟུགས་བརྙན་ནུབ། །ཡུལ་དུས་དེར་འཚམ་ཕྲིན་ལས་རྫོགས་པ་དང་། །རེ་ཞིག་གཟུགས་ཀྱི་སྐུ་མཆོག་ནུབ་ཚུལ་སྟོན། །འོན་ཀྱང་སྲིད་པའི་ཁམས་འདི་སྟོངས་ཀྱི་བར། །བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཕྲིན་ལས་ཀྱི། །ངོ་མཚར་ནམ་ཡང་འགོག་པ་མེད་པས་ན། །རྗེ་བཙུན་བླ་མའི་ཕྲིན་ལས་ཕྱིར་ཞིང་འཕེལ། །རེ་ཞིག་ངོ་མཚར་མཛོད་གཅིག་གཟུགས་སྐུའི་ཉི། །མི་སྣང་འོད་གསལ་མཁའ་ལ་སྙོམས་ཞུགས་པ། །དེ་ཚེ་རྨད་བྱུང་གཏམ་གྱི་ས་བོན་གྱིས། །བློ་ལྡན་གུས་པ་སྤེལ་བའི་རྒྱུ་འདི་བསྐྲུན། །དེ་ལ་འཕགས་ཆེན་སྤྲུལ་པའི་སྐུ་མཆོག་ཆེན་པོ་རྣམས་གདོད་ནས་སྐྱེ་འཆི་བག་ཆགས་དང་བཅས་པ་སྤངས་ཤིང་འཆི་མེད་གཉུག་མའི་སྐུ་མངོན་དུ་གྱུར་ཀྱང་། འགྲོ་བ་གཞན་ངོར་སྐྱེ་བ་མེད་ལ་སྐྱེ་བ་དང་འཆི་བ་མེད་ལ་འཆི་འཕོ་བའི་ཚུལ་གྱིས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང་། ཁྱད་པར་གདུལ་བྱའི་དོན་གཞན་དང་གཞན་ལ་དགོངས་ནས་སྐུའི་བཀོད་པ་དེ་ཉིད་བསྡུས་ནས་ཕྲིན་ལས་ཀྱི་འཇུག་སྒོ་རྣམ་པ་གཞན་དུ་བསྒྱུར་བ་ནི་ཁྱད་པར་གྱི་ཆོས། སོ་སྐྱེའི་རྣམ་རྟོག་གི་ཡུལ་ལས་ཆེས་ཤིན་ཏུ་འདས་པའི་མཚན་ཉིད་ཅན་ཡིན་ལ། དེས་ན་རྗེ་བླ་མ་དམ་པ་འདི་ཉིད་ཀྱང་ངེས་པའི་དོན་དུ་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཟག་པ་མེད་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ཅིང་། གང་འདུལ་རྣམ་པར་འཕྲུལ་པའི་དཔལ་ཡང་ཚད་གཟུང་གིས་མི་བཏུབ་པས་ཕྱོགས་བཅུའི་ཞིང་གི་བླ་ན་སྤྲིན་ཕུང་བཞིན་གཏིབས་པ་ལས། རྒྱལ་བའི་མདུན་ན་ཐོས་པ་འཛིན་པའི་ཁྱུ་མཆོག་འཕགས་པ་ཀུན་དགའ་བོ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་སྤྲུལ་པའི་ལོ་ཆེན་བཻ་རོ་ཙ་ན་ལ་སོགས་པ་ས་བཅུའི་དབང་ཕྱུག་མཐའ་ཡས་པའི་ངོ་མཚར་གྱི་གཟུགས་སྐུར་བཞེངས་ཏེ་ས་ལམ་མཐའ་དག་མཐར་ཕྱིན་པར་མཛད་པ་ལས། ནུབ་ཕྱོགས་ཤཱནྟ་པུ་རིར་དཔའ་བོ་ཐོད་པའི་དུམ་བུ་རྩལ་དང་། མ་འོངས་བསྐལ་བཟང་རྒྱལ་བ་སྟོང་གི་ངོ་མཚར་གཅིག་ཏུ་རྫོགས་པ་མོས་པའི་དཔལ་དུ་འཚང་རྒྱ་བར་འགྱུར་བས་ན་འཆི་བདག་བདུད་ཀྱི་སྡེ་དཔུང་སྤ་བཀོང་སྟེ་ངེས་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ཉིད་དུ་མ་ཟད། ད་ལྟའི་སྐུའི་བཀོད་པ་འདིར་ཡང་རྒྱལ་བ་ཤཱཀྱ་སེང་གེའི་དཔལ་གྱི་མགུལ་གསུང་ཆོས་ཀྱི་དུང་ལས་ཡོངས་སུ་གྲགས་པའི་མདོ་སྡེ་ངེས་པ་དོན་གྱི་བདུད་རྩིའི་མཛོད་དུ་མ་ནས། འཕགས་པའི་གང་ཟག་གི་ཆེ་བ་ཅན་དུ་ལུང་གིས་བསྟན་པ་ཉིད་ན་དབང་བཅུའི་སྟོབས་བརྙེས་པར་གྲུབ་པའི་ཕྱིར། ཡུན་རིང་པོ་བསྐལ་པའི་བར་དུ་བགྲེས་རྒུད་མེད་པར་འཚོ་ཞིང་གཞེས་པ་ལ་དོན་དུ་འགྱུར་བ་གཟིགས་ན་བཞུགས་པར་རྔོ་མི་ཐོགས་པ་ཞིག་མ་ཡིན་མོད། ཚུར་མཐོང་གི་སྣང་ངོ་ན་གཤེགས་བཞུགས་བགྲེས་རྒུད་ཀྱི་རྣམ་པ་ཐམས་ཅད་གདུལ་བྱའི་གཞན་སྣང་ལ་ཤར་བ་ཁོ་ན་ཡིན་ཅིང་། བླ་མ་ཁ་ཅིག་ཡོན་ཏན་ཆེའང་སྐུ་ཚེ་མཐར་མ་ཕྱིན། སྐུ་ཚེ་རིང་ཡང་བསྟན་འགྲོའི་གསོས་སུ་འགྱུར་བའི་ཕྲིན་ལས་ལ་ཆེ་རྒྱུ་མེད་པ་དེ་འདྲ་དག་མཆིས་ཀྱང་། བདག་ཅག་གི་དཔལ་མགོན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བའི་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འདི་ཉིད་ནི་སྐུ་ཚེ་དང་མཛད་ཕྲིན་གཉིས་ཀྱི་ཆ་ནས་གཅིག་ལས་གཅིག་རྒྱས་འགྲན་པ་བཞིན་དུ་གྱུར་པ་འདི་འདྲ་བ། ཕྱིས་སུ་བོད་གངས་ཅན་གྱི་ལྗོངས་ན་མ་བྱོན་པའི་ཚུལ་དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་ངོ་མཚར་བའི་རྣམ་ཐར་དང་ཕྲིན་ལས་ལ་ལེགས་པར་བརྟགས་པས་ཤེས་པར་ནུས་ཀྱི་མང་དུ་སྨྲ་མ་དགོས་པ་དེར་གདའ། ཕྱི་ནང་གསང་བའི་སྐྱེས་རབས་དང་རྣམ་ཐར་རྗེ་ཉིད་ཀྱི་ཞལ་གསུང་མ་དང་། དེའི་སྙིང་པོ་བསྡུས་པའི་དོན་གྱི་རྣམ་ཐར་ཁོ་བོས་བྱས་པ་ཞིག་ཀྱང་མཆིས་པ་དེ་དག་ལས་ཤེས་པར་འགྱུར་བ་ཉིད་དོ། །ནང་དང་གསང་བའི་རྣམ་ཐར་ཞིབ་ཆ་ནི་བཀའ་གདམས་པའི་བཤེས་གཉེན་གོང་མ་རྣམས་ཀྱི་ངང་ཚུལ་ལྷུར་བཞེས་ཏེ་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་དུ་སྦས་ནས་ཟུར་ཙམ་ཡང་མི་གསུངས་ཤིང་། རྟག་པར་བདག་ནི་སོ་སྐྱེ་ཐ་མལ་པ་ཡིན། འགྲོ་ས་ཡང་ངན་སོང་ཤས་ཆེ། མངོན་ཤེས་གསལ་སྣང་གྲུབ་རྟགས་སོགས་ནི་དྲི་མ་ཡང་མི་བྲོ། བླ་མ་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་ལས་བསླབ་གཉེར་ལེགས་པོ་ཤེས་པ་ཙམ་ཡང་ད་ནི་བརྗེད་ནས་མི་འདུག་སོགས་ཁོ་ན་གསུངས་ནས་དམན་པའི་ཚུལ་དུ་བཞུགས། སྐབས་སུ་བབས་པ་ན་རྟོགས་པ་སྤྲོས་བྲལ་ཆེན་པོར་ཞལ་གྱིས་བཞེས། སྣང་སེམས་དང་ཉིན་མཚན་འདྲེས་པའི་ཉམས་ཙམ་སྐབས་རེར་འདུག་ཅེས་གསུངས་ཀྱང་དོན་དུ་འཁོར་འདས་རོ་གཅིག་གི་རྟོགས་པ་དངོས་འཁྲུངས་པར་ངེས་པས་ནང་གི་རྣམ་ཐར་དེ་ལས་གཞན་ཅི་ཡོད་ཅིང་། གསང་རྣམ་ཞལ་གཟིགས་ལུང་བསྟན། བར་དོའི་རྣམ་ཤེས་གཟིགས་པ་སོགས་ཅི་རིགས་རྣམ་ཐར་ཆེན་མོའི་གསེབ་ཚགས་སུ་ཉམས་རྨིས་ལྟ་བུ་རེ་བྱུང་ཚུལ་ཙམ་གསུངས་པ་ལས་ཤེས་ལ། ཕྱིས་སུ་གཟིམ་གཏན་ནས་ཁུག་རྒྱུ་མི་འདུག་ཕེབས་ཀྱང་མདུན་དུ་གཅར་མཁན་གྱིས་བརྟག་དུས་མནལ་དུ་འགྲོ་བར་སྣང་བས་དེ་ནི་ཉིན་མཚན་འདྲེས་པའི་རྟགས་ཡང་དག་གོ །ཇོ་ནང་རྗེ་བཙུན་རིན་པོ་ཆེ་དངོས་ཀྱི་སྤྲུལ་པ་མ་ཡིན་ནའང་དེའི་ཐུགས་ཟིན་གྱི་སློབ་མའི་ཐུ་བོ་ཞིག་ཡིན་བྱས་ཀྱང་ཆོག་པའི་ངེས་ཤེས་འདུག་གསུངས་པ་མངོན་སུམ་ཐོས་པ་དེ་ནི་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ་ཡིན་ལ། དེ་དང་རྗེ་བཙུན་ཐུགས་རྒྱུད་གཅིག་པ་ཡིན་འདུག །གཞན་ཡང་མནལ་ལམ་མིན་པར་ཉམས་ཀྱི་གསལ་སྣང་ལ་སྐུ་ལུས་ཀྱི་རྩ་གནས་ཐམས་ཅད་དབྱངས་གསལ་གྱི་ཡིག་འབྲུས་ཐེམ་མེར་གང་བ་ཞིག་གསལ་འདུག་ཕེབས་པ་དེའང་རྡོ་རྗེ་ལུས་ཀྱི་བཀོད་པའི་རྩ་ཡིག་འབྲུའི་རྣམ་པ་ཐམས་ཅད་མངོན་དུ་གཟིགས་པའི་ནང་གི་རྣམ་ཐར་མཐོན་པོར་ངེས། དགུང་ལོ་ཉི་ཤུའི་སྨད་ཙམ་དུ་ཟངས་མདོག་དཔལ་རིར་དག་པའི་སྣང་བར་ཕེབས་ཏེ་ཨོ་རྒྱན་ཡབ་ཡུམ་ལས་བྱིན་རླབས་ལུང་བསྟན་བརྙེས་ཚུལ་ཁོ་བོ་ལ་ཞིབ་ཏུ་ཞལ་འཕྲོས་ཕེབས་སྐོར་རྣམ་ཐར་ཆེན་མོར་ཡང་ཕྱོགས་ཙམ་ཡོད་ཅིང་། མདུན་དུ་གཉུག་མར་གནས་པའི་བྱི་ལ་ཐུགས་བརྩེ་བ་ཞིག་ཚེའི་དུས་བྱས་པས་སྐྱབས་མགོན་པདྨ་ཉིན་བྱེད་མདུན་ཡང་བསྔོ་རྟེན་ཕུལ་བས་དེ་ཉིན་པདྨ་བཛྲའི་གནས་འདྲེན་མཛད་པ་དང་ཁེལ་ཡོད་འདུག་པས་དེ་ཡི་ཐུགས་རྗེ་ལོས་ཡིན། མི་ལུས་བཟང་པོ་ཞིག་ངེས་པར་ཐོབ་པའི་ཐུགས་ཉམས་ཤིན་ཏུ་གསལ་པོ་བྱུང་ཞེས་གསུངས་པ་སོགས་ཐོས་ཤིང་། དོན་དུ་འཕགས་པའི་ས་ལ་ངེས་པར་བཞུགས་པའི་ཕྱིར་དེ་ལྟ་བུའི་ཉམས་སྣང་ལམ་རྟགས་ཉི་ཚེ་ཙམ་ལ་ལྟོས་མ་དགོས་ཀྱང་ཚུར་མཐོང་བྱིས་བློ་དད་པའི་གསོས་སུ་འགྱུར་བའི་ཆ་ཤས་སུ་སྒྲོ་མ་བཏགས་པར་བརྗོད་པ་ཡིན་ལ། རང་ཅག་སོ་སྐྱེ་ཐ་མལ་པ་ལས་ཀྱང་ཐ་མལ་འཁྲུལ་པ་འབའ་ཞིག་གི་གཞན་དབང་ཅན་རྣམས་ཀྱི་མཇལ་ཚུལ་ལའང་། སྣང་སྲིད་རྨི་ལམ་སྒྱུ་མའི་རོལ་པ་ལྟར་གཟིགས་པའི་རྟགས་སུ། ཁས་དྲག་དབང་བཙན་འབྱོར་ལྡན་སུ་ཞིག་བྱུང་ཡང་དེའི་མཐུན་འཇུག་ཁ་གསག་ངོ་བསྟོད་ལྟ་ཅི་ཐུགས་ལ་གཟན་དོགས་མཛད་ཅིང་། རྒྱ་དངུལ་རྡོ་ཚད་མང་པོ་ཕུལ་ཡང་དེ་ལ་ཕྱག་མདུད་ལེགས་ལེགས་ཤིག་གནང་དགོས་གསུངས་པའི་དགྱེས་ཚོར་མི་མངའ། གལ་ཏེ་གཞན་གྱིས་འདི་གནད་ཆེ། འབུལ་བ་བཟང་། དད་པ་བརྟན་སོགས་ཞུས་པ་དེའི་ངོ་སྐལ་ཙམ་དུ་དེ་རེད་དེ་བཟང་སོགས་དགྱེས་ཉམས་གནང་ཡང་སང་ཉིན་ནས་འདི་དགོངས་ཅི་ཡང་མི་མངའ། དམན་པ་ཉམ་ཆུང་ཁྱད་བསད་མི་མཛད་ཅིང་གཞན་གྱིས་མིང་ངན་འདོགས་པ་སོགས་གསན་ནའང་ཐུགས་ལ་ཤིན་ཏུ་མི་འཐད། མི་དྲག་གི་རིགས་ལ་ལྷག་ཏུ་བརྗིད་པའི་རང་ཚུགས་མཐོན་པོར་འགྱིངས་ཏེ་གསུང་འཕྲོས་ཀྱང་མང་པོ་མི་གནང་། དམན་པ་ཉམ་ཆུང་གང་བྱུང་སྤྱོད་ཅིང་མཛེས་མཛེས་མི་བྱེད་པ་རྣམས་ཐུགས་ལ་འཕྲོད་ཅིང་གསུང་འཕྲོས་ཀྱང་ལྷུག་པར་གནང་། གསོལ་ལྷག་ཡན་ཕྱག་གིས་བསྩལ། བྱ་ཁྱི་སོགས་ལ་བཟའ་བའི་བགོ་སྐལ་གཟུངས་སྔགས་ཀྱིས་བཏབ་ནས་ཆག་མེད་དུ་བསྩལ། དག་པའི་སྣང་བ་ཕྱོགས་མེད་དུ་རྒྱས་པས་སུ་ལའང་བཟང་པོ་རེད་ཅེས་སྔགས་བརྗོད་ཁོ་ན་ལས་ཅི་ལྟ་བུའི་གཡོ་སྒྱུ་མཁན་བྱུང་ཡང་སྨད་པ་ཚིག་ཟུར་ཙམ་མི་གནང་། གང་ཟག་གི་ཚོད་སངས་རྒྱས་མ་གཏོགས་མི་ཟིན་པར་གསུངས་པ་མཐོང་བཞིན་ཚོད་ཨི་ཟིན་ལྟ་དོན་ཅི་ཡོད་ཅེས་རྣམ་ཀུན་གསུངས། ཐུགས་ཀྱི་གདིང་ལ་བདེན་རྫུན་ལེགས་ཉེས་བཀྲ་གསལ་ལེར་ཁྱབ། སུ་ལའང་མི་འདོད་པ་ཧ་ལས་མདོག་ཁ་པོ་ཅི་ལྟ་བུ་བྱུང་ཡང་འདུས་བྱས་ཀྱི་ཆོས་ལ་མི་འོང་བ་ཅི་ཡོད་ལོས་འོང་ཞེས་འཇིགས་པའི་རྣམ་འགྱུར་ཡང་མི་མངའ་ཞིང་སླར་ཡང་ཐུགས་བརྩེ་བར་མཛད། གཞན་གྱི་རྗེས་སུ་ལད་མོ་ཟློ་བའི་མཐུན་འཇུག་ཙམ་ལས་དགྲ་འདུལ་གཉེན་སྐྱོང་གི་མཛད་པ་གང་ཡང་མི་མངའ་བར། བསྟན་པ་ཁོ་ན་ཐུགས་ལ་བཅགས་པས་འཆད་རྩོམ་ཐུགས་དམ་མཉམ་གཞག་ཁོ་ནའི་ངང་དུ་ཁུ་སིམ་མེར་བཞུགས་པ་ལས་འཇིག་རྟེན་གྱི་བྱ་བ་གང་ཡང་མི་མངའ། བཀའ་ལས། བདག་ནི་ཆུང་ནས་ད་ལྟའི་བར་ཆོས་ཁོ་ན་ལས་འཇིག་རྟེན་གྱི་ཁུར་ཐང་མེད་པས། བཀའ་བསྟན་བཅོས་ལུང་མན་ངག་མདོ་སྔགས་རིག་གནས་དང་བཅས་པའི་ཕྱོགས་ནས་སུས་ཅི་བྱས་བྱུང་ཡང་དེ་ལ་ཡ་ང་དོགས་པ་མེད་པར་དེ་དེའི་གནད་དེ་དེའོ་ཞེས་ཤེས་པ་ལ་ཚེགས་མེད། འཇིག་རྟེན་འདིའི་ཚོང་མཁེ། དགྲ་གྱོད་ཁ་མཆུ་སོགས་དགྲ་འདུལ་གཉེན་སྐྱོང་གི་སྐད་ཆ་ཞིག་བཤད་འོང་དུས་ནས་རེ་མཚར། འདིས་འདི་ལྟ་བུ་སྨྲ་བ་ལ་གནད་དོན་འགྲོ་ཡུལ་ཅི་ཞིག་ཡོད་པ་ཡིན་དགོངས་ཏེ་ཐུགས་ཉམས་མཚར་བ་ཙམ་ལས་དོན་ཅིའང་མི་ཤེས་པར་འདུག་ཅེས་མདོ་མེད་ལས་ངན་བདག་ལྟ་བུའི་རྣ་བ་བསོད་ཅན་འདིའི་བུ་གར་ཡང་ལན་མང་དུ་གསུངས་པ་ཐོས་པ། འདི་ཙམ་ལ་སེམས་ལྡན་ཡོད་ན་ལེགས་པར་བསམ་བློ་བཏང་ཚེ་བྱ་བཏང་གི་རྒྱལ་པོ། ཞེན་ལོག་གི་རྣལ་འབྱོར། སྒྱུ་མ་ལྟ་བུའི་སྐྱེས་བུ་ཡིན་མིན་ཤེས་པར་འགྱུར་རམ་སྙམ་མོ། ཁ་ཅིག་གིས་གཉེན་འདུན་སྐྱོང་རྒྱུ་འདི་ལས་ཆེ་མི་འདུག་པས་བྱ་བཏང་ག་ལ་ཡིན་སྙམ་དུ་དོགས་པ་སྐྱེ་བ་མཐོང་ཡང་། ཉིད་དགྲ་མེད་གཉེན་མེད་རིའི་བུ་དང་ན་བུན་གྱི་གོས་མཛད་ནས་གྲོགས་མེད་གཅིག་པུ་རི་དྭགས་བཞིན་དུ་སྤུ་བོ་དགའ་བ་ལུང་སོགས་ས་ངེས་མེད་ཀྱི་དབེན་གནས་ཁོ་ན་འགྲིམ་པའི་ཐུགས་བཞེད་མཆིས་ཀྱང་། རྡོ་རྗེ་འཆང་པདྨ་ཉིན་བྱེད་ཀྱི་བཀའ་མ་ཁྲོལ་ནས་ཕྱོགས་འདིར་གནས་ཆགས་སོང་། དེ་སྐབས་ཀྱང་རི་དྭགས་ལྟ་བུའི་སྤྱོད་འགྲོས་ཁོ་ན་ཡིན་ཀྱང་རིམ་གྱིས་བདག་གི་འཁོར་དུ་ཉབ་ཉོབ་མང་དུ་བྱུང་བ་འདི་རྣམས་སྔོན་གྱི་ལས་ཀྱི་བྱེད་པ་ཞིག་གིས་བྱུང་བ་ཡིན་པས་བྱ་ཐབས་ཅི་ཡང་མེད་པས། ད་ནི་འདི་རྣམས་བདག་གིས་བསྐྱང་བ་ལས་འོས་མེད་པར་འདུག་ཅེས་གསུངས་པས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཐར་མི་ཤེས་པའི་གང་ཟག་རྣམས་ཀྱིས་བལྟས་ན་གོང་དུ་སྨྲོས་པའི་དོགས་པ་དེ་ལྟ་བུ་ཞིག་ལས་མི་འཆར་བ་བདེན་ཡང་། རྒྱུ་མཚན་ཤེས་པའི་དཔྱོད་ལྡན་དག་གི་ངོར་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡིན་པ་དང་། དེའི་འཁོར་ན་གནས་པ་རྣམས་ཀྱང་ཆེས་ཤིན་ཏུ་སྐལ་བ་བཟང་བར་ཤེས་སོ། །ཞེས་འཕྲོས་སུ་སྨྲོས་ལ། བསྟན་འགྲོའི་དོན་ལ་ཐུགས་སྐྱོ་ངལ་དང་བཏང་སྙོམས་སྐད་ཅིག་ཀྱང་མི་མཛད་ཅིང་། གཞན་ལའང་མི་ཚེ་སྟོང་ཟད་བྱེད་ཐབས་ཅི་ཡོད་ཅེས་གསུངས། ཐུགས་ཀྱི་གཏིང་ངོ་མ་དེ་ཕྱི་ནང་སུས་ཀྱང་དཔོགས་དཀའ་བས་ཇི་ཙམ་འདྲིས་པ་དེ་ཙམ་དུ་ཕྱི་ཕྱིར་ཇེ་ཟབ་ཏུ་འགྲོ་བས་ཐུགས་སྒམ་པོ་ཞེས་པའི་དོན་ལ་གནས་པ་དང་། ཚུལ་སྟོན་ཙམ་དུ་བྱིས་པའི་སྤྱོད་འགྲོས་ལྟ་བུ་ཞིག་ཏུ་སྣང་བ་འདི་དག་དོན་གྱི་རྣམ་ཐར་ལགས་ཀྱང་ཕལ་མོ་ཆེས་ག་ལ་ཤེས་ཏེ་ཁག་མེད་དོ། །མདོར་ན་སྐུ་ཚེ་རིལ་པོར་ཐོས་བསམ་སྒོམ་གསུམ། འཆད་རྩོམ་འཛིན་སྤེལ་གྱི་སྒོ་ནས་རྒྱལ་བསྟན་འཛིན་པ་རྣམས་ཀྱི་སྤྱི་ནོར་མཐའ་དག་རྫོགས་པའི་སྟེང་དུ། རྗེ་ཉིད་ཐོས་པ་ཕྱོགས་མེད་དུ་ཚོལ་བས་ཐུན་མོང་རིག་གནས་ཡི་གེ་འབྲི་ཀློག་ནས་བརྩམ་སྟེ་ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་བར་གྱི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་བཤད་བཀའ་ཕྱག་ལེན་ཕྲ་མོ་ཚུན་མ་གསན་པ་མེད་པས་གསན་ཡིག་ཆེན་མོ་གླེགས་བམ་གཉིས་སུ་ལོངས་པའི་ནང་འཁོད་ལ་དཔྱད་ན་སྐུ་ཚེ་རིལ་པོར་གསན་པ་ཁོ་ན་མཛད་པ་ལྟ་བུ། བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་གསུམ་མཛད་པ་ལ་མཇལ་ན་སྐུ་ཚེར་འཆད་པ་ཁོ་ན་མཛད་པ་ལྟ་བུ། ཕྱོགས་རེའི་ཐོས་བསམ་བྱས་པའི་གོ་བ་རགས་རིམ་རྙེད་པས་འདྲི་འདོད་རྩོམ་འདོད་ལངས་ནས་གྲགས་དང་འགྲན་ཕྱིར་ཡིག་སྣ་འགའ་ཞིག་བྲིས་པ་ལ་བཀའ་འབུམ་དུ་བཏགས་པ་ལྟར་མ་ཡིན་པའི་བསྟན་པ་རིས་མེད་པའི་རྒྱུན་ལ་འཆི་ཁ་མའི་སྲོག་མཐུད་ལྟ་བུར་གྱུར་པ་ངོ་མཚར་མཛོད་ཆེན་རྣམ་ལྔས་གཙོས་གསུང་ཆོས་གླེགས་བམ་དགུ་བཅུར་ལོངས་པའི་རྣམ་ཐར་ལ་བསམ་ན་སྐུ་ཚེ་དེ་ཉིད་དུ་རྩོམ་པ་རྐྱང་མཛད་པ་ལྟ་བུ། གསར་རྙིང་མདོ་སྔགས་རྒྱ་མཚོའི་བསྙེན་སྒྲུབ་ཉམས་བཞེས་མཛད་པའི་ཚུལ་ལ་བརྟགས་ན་སྐུ་ཚེའི་རིང་དུ་སྒོམ་ཁང་འདག་སྦྱར་གྱིས་བཞུགས་པ་ཁོ་ན་ཇི་ལྟ་བུ་སྟེ་རྗེ་བླ་མའི་རྣམ་ཐར་འདི་ནི་ངེས་པར་འཕགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཚུལ་འདིའང་རང་ཉིད་ཀྱི་བླ་མ་ཡིན་པའི་རྒྱུ་མཚན་གྱིས་སྒྲོ་བཏགས་འཁྱོགས་བརྗོད་ཙམ་མ་ཡིན་པར་ངེས་པར་དོན་ལ་ཞུགས་པའི་རང་བཞིན་བརྗོད་པ་ཡིན་མིན་མཁས་པ་རྣམས་ཀྱི་མཁྱེན་ངོར་གསལ་བ་ལྟར་རོ། །དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་མཐའ་ཡས་པ་དགུང་གི་གྲངས་བརྒྱད་ཅུ་གྱ་བདུན་སྙེད་དུ་མཛད་ནས་རེ་ཞིག་གདུལ་བྱ་གཞན་གྱི་དོན་དུ་དགོངས་པ་གཏད་པ་ལ་ཉེ་བར་ཕྱོགས་པ་དེ་ཙམ་གྱི་ལོ་སྔ་རྗེས་རྣམས་སུ་རྩ་བའི་ཐུགས་སྲས་སློབ་མ། དགོངས་པ་གཏད་པའི་ཉེ་གནས་སོགས་སུ་ལའང་ཞལ་མི་བཞུགས་པའི་གསུང་གསང་ངེས་པ་ཅན་ནི་གང་ཡང་མ་གནང་མོད། དམན་པ་བདག་ལྟ་བུའང་དུས་ཡུན་རིང་པོར་སྐུ་ཞབས་སུ་གཅར་ནས་གཉུག་མར་གནས་བཞིན་པ་ལ་བཀའ་ཕེབས་རྣམས་སུ། ད་ནི་མཛོད་ཆེན་པོ་རྣམས་གཙོས་བྱེད་སྒོ་གནད་ཅན་ཐམས་ཅད་གྲུབ་ཟིན། ཚེའང་མཐར་ཕྱིན་པ་ཡིན། སང་ཉིན་འཆི་ཡང་བློའི་ལྷག་མ་ལུས་པ་མེད། ལུས་ཟུངས་ངན་པས་རང་གཞན་ལ་ཟག་པ་སོག་པའི་སྒྱུ་ལུས་གོག་པོ་འདི་དོར་ན་རུང་སྟེ་ད་དུང་དབུགས་རྔ་ནི་ཆད་ཐུབ་པ་མི་འདུག །སྤྱིར་འཆི་སོང་ན་དགའ་མོ་ཞིག་ཅི་ཡོད། ལྷག་པར་ངེད་དཀོར་ཆེ་བ་འདིས་ཁུར་ཞིག་བཀལ་ངེས་རེད་ཀྱང་སྤྱིར་ཐུབ་པའི་དབང་པོའི་བསྟན་པའི་བཀའ་དྲིན། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་འདི་དང་མཇལ་བའི་དམ་སྡོམ་རྩ་བ་ཙམ་ནི་མ་ཉམས། ཡན་ལག་གི་ཆག་ཉམས་མེད་རྒྱུ་མེད་ཀྱང་བཤགས་སྡོམ་གྱི་ཐབས་ལ་གལ་ཆུང་བྱས་རིགས་མེད་ཁུལ་གྱིས་དག་ཞིང་སོགས་ལ་རེ་བ་མེད་ནའང་མི་ལུས་རེ་ཙམ་ཐོབ་སྲིད་པས། དེའི་ཚེ་བདག་ནི་ཤ་ཟ་མི་དགོས་པ་ཞིག་ཏུ་སྐྱེ་བའི་སྨོན་ལམ་བྱེད་པ་ཡིན་ཅེས་ཡང་ཡང་བཀའ་བསྩལ་པའང་ཐོས་མོད། དུས་རྟག་ཏུ་བདེ་བ་ཅན་དུ་ཐུགས་སྨོན་རྩེ་གཅིག་ཏུ་མཛད་པར་མངོན་ལ། འོད་ཆོག་རིགས་དང་ཁྱད་པར་སྟག་ཤམ་འོད་ཆོག་འདི་གཟབ་སྟེ་དུས་ཆེན་རྣམས་སུ་གནང་། ཐུགས་དམ་ངོ་མའི་མཐིལ་ནི་གང་ཡིན་ཤེས་དཀའ་རུང་ཀར་ལུགས་རྒྱལ་རྒྱམ་ལྷ་དགུ་ལྷ་ལྔ་གཉིས་མ་རྩ་མཛད་པའི་ཉམས་འདུག །ལན་གཅིག་ཧོར་ཁང་ཛ་སག་མདའ་དཔོན་བསོད་ནམས་སྟོབས་རྒྱལ་ནས་ཞབས་བརྟན་གསོལ་འདེབས་དམིགས་བསལ་ཞིག་ཕུལ་བའི་ཆོག་གྲྭས་ཚེ་སྒྲུབ་གསང་འདུས་སྒོ་ནས། བརྟན་བཞུགས་ཀྱི་ཆོ་ག་དབུ་བཟུང་ནས་མ་རྫོགས་བར་ཐུགས་ཡེངས་མེད་ངང་བདེ་བ་ཅན་གྱི་ཞིང་སྐུའི་བཀོད་པ་ཐམས་ཅད་མངོན་སུམ་ལྟ་བུར་གསལ་སྙམ་བྱེད་པ་ཞིག་བྱུང་བ་རཏྣ་གླིང་པའི་ཆོས་སྐོར་འདི་བྱིན་རླབས་ཆེ་བས་ཀྱང་ཡིན་འདུག་མོད། རྒན་བུ་བདེ་བ་ཅན་ལའང་རེ་བ་བྱར་ཡོད་པ་འདྲ་ཞེས་མདོ་མེད་ཐ་ཤལ་བདག་ལའང་བཀའ་ངོ་མ་གནང་བས་རྗེ་བླ་མ་ནི་ཁྱུང་པོ་རྣལ་འབྱོར་གྱི་ཐུགས་ཀློང་དུ་འདྲེས་ཏེ་འོད་དཔག་མེད་པའི་ཞིང་དུ་བཞུགས་ཡོད་ཁོ་བོས་སེམས་སོ། །དགུང་གྲངས་བརྒྱད་ཅུ་གྱ་ལྔ་དྲུག་སྐོར་ནས་སྐུ་ཁམས་རིམ་ལྕི་དང་སྤྱན་དབང་མི་གསལ་བ་སོགས་ཅུང་ཟད་བགྲེས་ཉམས་ཆེ་བའི་ཚུལ་བསྟན། ཁྱད་པར་མེ་བྱ་ཟླ་བ་ལྔ་པའི་ནང་སྐོར་བསྙུན་གྱི་རྣམ་པ་ནི་གང་ཡང་མངོན་པ་མེད་པར་གློ་བུར་ཐུགས་སྣང་འགྱུར་ཏེ། དེའང་ཐུགས་ཁམས་ཤིན་ཏུ་དྭངས་པའི་ཉམས་ཀྱིས་ཉེ་གནས་ནང་འཁོར་རྣམས་ལ་ད་ནངས་དོ་ནུབ་ཀྱི་ཉིན་གྲངས་མང་པོར། གནའ་ནས་ད་ལྟའི་བར་གྱི་ཆོས་འཇིག་རྟེན་རྒྱ་དཀར་ནག་གི་ལོ་རྒྱུས་གསུང་འཕྲོས་ཟད་པ་མེད་པ་སྣ་ཚོགས་པ་དགྱེས་བཞིན་དུ་མཛད། ཁྱད་པར་འཇམ་མགོན་ཆོས་ཀྱི་འབྱུང་གནས་དགོངས་པ་རྫོགས་སྐབས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཞལ་ཏ་ཞུས་ཚུལ། རྗེ་པདྨ་ཉིན་བྱེད་ཞིང་དུ་གཤེགས་ཚུལ། དེ་དག་གི་དགོངས་རྫོགས་སྤྱི་དང་བྱེ་བྲག་མཆོད་སྡོང་བཞེངས་ལུགས་འདི་དང་འདི་ལྟ་བུ་བྱས་ཚུལ་སོགས་མང་དུ་གསུངས། ཐུགས་སྲས་ཀྱི་ཐུ་བོ་མཁན་ཆེན་ཆོས་རྗེ་བཀྲ་ཤིས་འོད་ཟེར་ཞབས་ཀྱང་ཉེ་སྐོར་དེར་བཞུགས་པས་འདི་ཚུལ་གསན་ནས་འཕྲལ་དུ་སྐུ་མདུན་ཕེབས་ཏེ་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྐུ་ཁྲུས་འབུལ་བར་བརྩམ་པ་ནའང་དེ་བཞིན་གསུང་འཕྲོས་སྣ་ཚོགས་པས་ཉིན་འཕུལ། གསོལ་སྨན་འདྲ་ཕུལ་བ་ནའང་མི་བཞེས། གསོལ་ཆས་སོགས་ཞུས་པ་ན་དེ་སྔ་ཕན་ཟ་འཐུང་བྱས་བྱས་པ་དེ་རེད་ད་བཟའ་བཏུང་བྱས་པས་ཅི་ཡོང་སོགས་གདིང་ཐོབ་པའི་གསུང་མཐོན་པོར་གནང་སྟེ་བདེ་སྟོང་གི་ཏིང་ངེ་འཛིན་གྱི་ངང་དུ་ལྷན་ནེར་བཞུགས་པ་སོགས་སྔ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཐམས་ཅད་གཞན་དུ་གྱུར་པ་ལྟར་སྣང་བ་ན། སྐྱབས་རྗེ་སྐུ་ཞབས་ཏཱའི་སི་ཏུ། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར། ས་སྐྱོང་སྡེ་དགེ་སྐུ་མཆེད་བློན་འཁོར་དང་བཅས་པ། དཔལ་སྤུངས་ཀྱི་བླ་གྲྭ་འདུས་སྡེ། སྦྱིན་བདག་དད་ལྡན་སོགས་ཕྱོགས་ཕྱི་ནང་ཐམས་ཅད་འདུས་ཏེ་ཞབས་བརྟན་གསོལ་འདེབས་ནན་དུ་ཞུས་པ་ན་རེ་ཞིག་འཚོ་བའི་ཞལ་བཞེས་གནང་བ་དེ་འཕྲལ་ནས་སྔ་མ་དེ་ལས་ཐུགས་སྣང་འགྱུར་ཏེ་སྐུ་ལ་བསྙུན་མངའ་བའི་ཚུལ་དུ་གྱུར། དེའང་རིང་པོར་མ་ཐོགས་པར་དྭངས་བཞེས་སུ་གྱུར་པ་བྱུང་བ་དེའི་ཚེ། དམན་པ་ཁོ་བོ་ཅག་ཏཱའི་སི་ཏུའི་བཀའ་དོན་བསྟན་པའི་བཙས་སུ་མདོ་སྟོད་སྒོམ་སྡེ་སྐྱོ་བྲག་ཏུ་ཕྱིན་ནས་ཕྱིར་འབྱོར་པ་ན་ལོ་དེའི་ཟླ་བ་དྲུག་པའི་སྨད་དེར་རྗེ་བླ་མའི་མདུན་ཕྱག་འབུལ་དུ་ཕྱིན་པ་དེ་སྐབས་སྐུ་ཁམས་རྩ་དྭངས་བཞེས་འདུག་ཅིང་། བཀའ་འཕྲོས་ཕེབས་སྒོར་ཁོ་བོ་ཁར་སེང་སྔར་སྟོད་རླུང་ཁ་ལྟ་བུས་སེམས་སྣང་འགྱུར་ཏེ་ཉིན་ཐང་དང་ཡེ་མི་འདྲ་བའི་མོས་གུས་དག་སྣང་སྐྱོ་ཤས་ངེས་འབྱུང་བྱམས་སྙིང་རྗེ། སྟོང་ཉིད་ཀྱི་རྟོགས་པ་སོགས་ཐམས་ཅད་ཇི་སྐད་བཤད་པ་ལྟ་བུ་མངོན་དུ་གྱུར་པ་འདྲ་ཞིག་བྱུང་བས་དེའི་ངང་ནས་འཆི་ཐུབ་ན་ཤིན་ཏུ་བཟང་ངོ་བསམ་པ་བྱུང་ཡང་ཉམས་ཤིག་ཡིན་འདུག །དེ་ནས་རིམ་ཡལ་གྱིས་ད་ལྟ་ནི་ཉིན་ཐང་ལྟར་ཤེས་རྒྱུད་སྲ་ཐིང་ངེར་འགྲོ་ཚར་ཞེས་ཕེབས་པ་བཅས་སྒོ་གང་ཐད་ནས་དེ་སྐབས་ཙམ་དུ་དག་ཞིང་གཞན་དུ་ཕེབ་རྒྱུ་ངེས་པ་ཡིན་འདྲ་རུང་། ཞབས་བརྟན་གསོལ་བ་བཏབ་པའི་ངོར་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་རེ་ཞིག་བར་བསྟན་འགྲོའི་མགོན་དུ་བཞུགས་པར་གོར་མ་ཆག་གོ་ཞེས་ཁོ་བོ་སྙམ་མོ། །དེ་ནས་བརྩམ་སྐུ་ཁམས་རེས་དྭངས་རེས་རྙོགས་ལྟ་བུའི་བབ་ཇེ་ལྕི་ཁོ་ནར་གྱུར་ཀྱང་བར་བར་དབང་ལུང་འཆད་སྤེལ། བསྟན་བཅོས་རྩོམ་པ་སོགས་ཕྲིན་ལས་ཀྱི་མཇུག་ཐམས་ཅད་ཅི་འགྲུབ་མཛད། དཔལ་ཆེན་ཡང་དག་སོ་ལུགས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མར་ཚུགས་པའི་ཐོག་མར་སྒྲུབ་པ་པོ་རྣམས་ལ་དེའི་སྨིན་བྱེད་དབང་། སློབ་དཔོན་དུའང་ཉིན་ཁ་ཤས་ཕེབས། མཆོག་གི་འདུས་པ་དུ་མར་རྗེ་མདོ་སྔགས་གླིང་པའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས། ས་ལུགས་རྡོ་རྗེ་ཕུར་པའི་སྟོད་ལས་དབང་མོ་ཆེ་སོགས་བཀའ་ཆོས་ཟབ་རྒྱས་བསྩལ། ལོ་དེའི་དགུན་དེར་ཡང་བསྙུན་བཞེས་ཅི་རིགས་པ་བྱུང་ཡང་དྭངས། བླ་མ་རིན་པོ་ཆེ་བཀྲ་ཤིས་ཞབས་ལས་རས་ཆུང་སྙན་བརྒྱུད་ལུགས་ཀྱི་བདེ་མཆོག་ཡབ་ཡུམ་སྨིན་བྱེད་ཨོ་རྒྱན་རྣམ་གྲོལ་དབང་པོའི་ཡི་གེ་དང་། གཙང་སྨྱོན་པའི་དེ་སྐོར་གྱི་ཡིག་རྙིང་རྣམས་ཀྱི་ལུང་། སོག་པོ་ཐོ་ཡོན་བླ་མ་དོན་གྲུབ་རྒྱལ་མཚན་གྱིས་བསྒྲིགས་པའི་བཀའ་གདམས་རིན་པོ་ཆེའི་གསུང་སྒྲོས་གཅེས་བཏུས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་བའི་བརྟག་གཉིས་འགྲེལ་བ་ཉི་མའི་འོད་ཟེར། ཕྱག་ཆེན་རྣམ་བཤད་ཟླ་བའི་འོད་ཟེར། སྔགས་ཀྱི་སྤྱི་དོན་ནོར་བུའི་འོད་ཟེར་ཏེ་འོད་ཟེར་སྐོར་གསུམ་དུ་གྲགས་པའི་ལུང་བཅས་གསན། དེའི་ཟླ་བ་བཅུ་གཉིས་པའི་ཚེས་དགུ་བཅུ་གཉིས་ལ་ཧོར་ཁང་རྗེ་དྲུང་བླ་མས་ཞུས་པར་མཆོག་གླིང་གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་དབང་ཆེན་མོ་དངོས་སྟ་བཅས་མཛད། ལོ་མཇུག་དེར་སྐུ་ཁམས་ཆེར་བལྟེམས་ནས་ཅི་དྲག་ལ་ཐུག་ཀྱང་ཇོ་བོ་ལུགས་ཀྱི་སྒྲོལ་དཀར་བསྙེན་མཚམས་བདུན་ཕྲག་གཅིག་གནང་ཞིང་། ས་ཕག་གནམ་ལོ་གསར་དུ་ཚེས་པའི་ནངས་མོར་སྒྲོལ་དཀར་མཆོད་ཆོག་མཛད་པའི་གྲལ་དུ་ཁོ་བོའང་མཆིས་པའི་སྐབས་ཐུགས་སྣང་དྭངས། བསྙུན་གཞི་མེད་དུ་གྱུར་ཏེ་ཐུགས་དགྱེས་ཉམས་བཅས་བཀའ་ལས། ལྷག་པའི་ལྷ་སྒྲོལ་མ་དཀར་མོ་འདི་ཚེའི་ལྷ་ཁྱད་པར་ཅན་དུ་གྱུར་པའི་བྱིན་རླབས་ཀྱིས་ད་སྟེ་ཁོ་བོ་ལོ་གཅིག་ཙམ་མི་འཆི་ངོ་མ་རེད་གསུངས། ལོ་གསར་བཞུགས་གྲལ་ཞལ་འཕྲོས་སོགས་ཉིན་དུ་མར་དགྱེས་པ་ཆེར་མཛད། དེའི་ཟླ་བ་གཉིས་པའི་ནང་བར་བདག་གིས་ཡིག་བྲིས་དཔེ་རློག་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ཕུར་པ་རྩ་རྒྱུད་ཀྱི་དུམ་བུ་ས་པཎ་འགྱུར་ལ་འགྲེལ་བ་མདོ་རྒྱས་འཚམ་པ་ལེགས་བཤད་ཁྱད་པར་ཅན་སོགས་བཀའ་རྩོམ་མཛད་མུར་གཞན་དབང་ལུང་ཕྲན་ཚེགས་སོགས་ཆོས་ལྡན་གྱི་ཕྲིན་ལས་ཉིན་ལྟར་བསྐྱངས། གསན་ཡིག་རིན་པོ་ཆེའི་སྨད་ནས་མཐའ་དབྱུང་ལུགས་སྐོར་བདག་ལ་བཀོད་པ་ཕེབས་པས་རང་བློས་ངེས་པ་རྣམས་གཏན་ལ་ཕབ་འཕྲོས་དཀའ་གནས་རྣམས་སོགས་ད་ལྟའང་བརྩོན་བཞིན་པ་འདིའོ། །ལོ་དེའི་ཟླ་བ་བཞི་པ་ཙམ་ནས་ངོར་ཐར་རྩེ་དཔོན་སློབ་རིན་པོ་ཆེ་འཇམ་དབྱངས་བློ་གཏེར་དབང་པོ་ཕེབས་པའི་ཞལ་སྔ་ནས་སྔར་མ་གསན་པའི་ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ། ཡན་ལག་གི་རྒྱུད་ཁམས་གསུམ་རྣམ་རྒྱལ། ཆ་མཐུན་དཔལ་མཆོག་རིགས་བསྡུས། ཨ་བྷཱ་ཡའི་རྡོ་རྗེ་ཕྲེང་བ། ངམ་རྫོང་སྙན་བརྒྱུད་བདེ་མཆོག །ཐང་རྒྱལ་གསང་སྤྱོད་སོགས་དབང་ལུང་མང་པོ་ཟླ་བ་བརྒྱད་པའི་ནང་སྐོར་བར་གསན་པ་གནང་། དེ་སྐབས་ཞུ་མི་མང་པོ་མེད་ཅིང་། དམན་པ་བདག་ལྟ་བུའང་དབང་ལུང་ཆེ་ཕྲ་ཅི་གནང་ཐམས་ཅད་ཀྱི་གྲལ་དུ་བཅུག་སྟེ་ཁྱོད་ཀྱིས་ཀྱང་ཞུས་དང་ཕྱིན་ཆད་རྒྱུན་ལ་ཕན་འགྲོ་ཞེས་རེ་བ་ཆེན་པོ་གནང་ཡང་། སྐྱེ་བ་གཞན་འདྲས་ཕན་པ་གཟིགས་པ་ཡིན་ན་མ་གཏོགས་ད་ལྟ་བདག་ནི་མཆོག་དམན་ཀུན་གྱིས་མཐོང་བཞིན་པའི་ངང་ཚུལ་འདི་འདྲ་བས་རང་གཞན་གྱི་དོན་ཏིལ་འབྲུ་ཙམ་མི་འོང་བའི་ཁར་གནོད་པར་འདུག་ཀྱང་། གང་ལྟར་ན་དེ་སྐབས་ཀྱང་། ངེད་ནས་ད་ནི་འཆད་སྤེལ་སོགས་རེ་བ་མེད་ཀྱང་རྒན་བུ་འཆི་ཁ་མའི་འཆི་ཆོས་ཁོ་ན་ཡིན། ཁྱོད་འདྲས་ད་རེས་ཞུ་རྒྱུ་ལེགས་སོང་། རྒྱུད་སྡེ་འོག་མ་རྣམས་དང་ཁྱད་པར་ཡོ་གའི་རྩ་བཤད་ཀྱི་རྒྱུད་རྣམས་འདི་ཕྱོགས་མེད་པས་དཀའ་མོ་ཡོད་པ་རེད། སུ་ཡིན་གྱིས་ལག་ལེན་གཏན་ནས་མི་ཐེབས་པས་དཔོན་སློབ་ཚང་གསར་ཕྱོགས་ཀྱི་རྒྱུད་སྡེ་གོང་འོག་གི་ལག་ལེན་འདི་ལས་དྲགས་མེད་པས་ཞར་བྱུང་འདི་དག་གི་དབང་སྒྲུབ་བསྐུར་ལག་ལེན་རེ་ཙམ་ཡང་ཉག་ནོན་པ་གྱིས། ད་རེས་རང་རེ་དབང་ཞུ་མཁན་རྣམས་དབང་དོན་ལ་བསམ་བློ་གཏང་མི་ཤེས་མཁན་མི་འདུག་པས་ཡིན་འདྲ་བ་བྱིན་རླབས་ཀྱི་བབ་ཤིན་ཏུ་ཆེན་པོ་འདུག །ད་རེས་དབང་འདིས་བདག་ལ་གོ་ཆོད་སོང་སོགས་ཐུགས་དགྱེས་པ་ཆེན་པོས་ཡང་ཡང་གསུང་། དཔོན་སློབ་རིན་པོ་ཆེ། བློ་གྲོས་སེངྒེ། ངོས་ཅག་བཅས་ལ་ཕུར་པ་རྩ་དུམ་འགྲེལ་པ་གསར་གནང་སྟེང་ནས་བཤད་ལུང་སྦྲགས་མ་ཉིན་གསུམ་མཛད། འདིའི་དབྱར་ཚེར་གླིང་ཁའི་སྤྲོ་ཁང་དུ་བཞུགས་སྟན་ཆགས་ནས་ཐུགས་སྤྲོ་ཉམས་གནང་ཞིང་གསུང་རྩོམ་དབང་ཁྲིད་སོགས་ཀྱང་སོ་སོའི་འདོད་སྦྱར་ཅི་རིགས་གནང་། ཟླ་བ་དྲུག་པའི་ནང་སྐུ་ཞབས་སི་ཏུ་རིན་པོ་ཆེ་དབྱར་སྒར་ཐེག་རྒྱུའི་སྐབས་སྟོན་འཁོར་སྐུ་མདུན་ཕེབས་པར་སྤྱི་བྱེ་བྲག་གི་བཀའ་བསླབ་ཞལ་འཕྲོས་མཐའ་མ་འགག་པ་ལྷུག་སྤྲོས་སུ་བསྩལ་ནས་ཟླ་བ་བཅུ་པའི་ནང་སྐོར་གདན་སར་ཕེབས་གྲུབ་པ་ཞུ་དང་རྒན་པོའང་ཡལ་ལེ་ཡོལ་ལེར་འཚོ་ཞིང་དངོས་ཞལ་མཇལ་བ་ཞུ་ཞེས་ཕེབས། དཔོན་སློབ་རིན་པོ་ཆེར་ཡང་དབང་ཡོན་ཞབས་བརྟན་བཅས་དངོས་འབུལ་རྒྱ་ཆེར་མཛད་པའི་འབུལ་ཡིག་ཕྲན་ཆུང་ལ་བྲིས་ཞེས་བཀའ་བསྩལ་པ་ན། ཉིན་ཐང་དེ་འདྲ་མི་གསུངས་ཤིང་རྩོམ་ཚིགས་བཅད་སྣ་ཚོགས་དང་ཡིག་བརྗོད་མཁས་ཁྱད་ལྟ་བུ་བྱས་པ་ལ་ཐུགས་མི་བབས་མོད། དེ་སྐབས་ད་ལན་འབུལ་ཡིག་འདི་ཤིན་ཏུ་ལེགས་པོ་གོང་གཤམ་དུ་ཚིགས་བཅད་སྙན་པོ་ཤྭ་ལོ་ཀ་མང་ཙམ་རེ་བྲིས་ཞོག །ཁྱོད་ཚིགས་བཅད་རྩོམ་པ་ལ་དཀའ་ལས་མེད་པའི་དོན་འབྲས་རེད། སྡེབ་སྦྱོར་ནི་ཁྱོད་རྣམས་ཀྱིས་ཅི་ཐོན་མི་འོང་བས་མི་དགོས། བརྗོད་དོན་གནད་ཆེ་ཤོས་དེ་ད་ལམ་གྱི་བཀའ་ཆོས་ཞུས་གནང་དེ་རིགས་ངེད་རྒན་པོ་འཆི་ཆོས་ཅིས་ཀྱང་བཀའ་དྲིན་ཆེ་སོང་ཚུལ་འབྲི་དགོས་གསུངས། དེ་ནས་ཟླ་བ་དགུ་པའི་ཚེས་གཅིག་ཉིན་གཟིམ་ཆུང་གཞུང་དུ་བཞུགས་ནུབ་ནས་གཟིམ་མི་ཟིན་པ་སོགས་མི་བདེ་ཙམ་གྱུར། དེ་ནས་སྔ་མའི་ཆུ་སེར་པགས་ནད་ཀྱི་བསྙུན་གཞི་མཆིས་པ་དང་། གཞན་སྨུག་པོ་བད་ཁྲག་ལྟ་བུའི་མགུལ་ལུ་གློ་འཁྲུགས། ཁྲག་རླུང་འཕར་ལྡང་། ཞབས་འབམ་གྱི་རྣམ་པ་སོགས་བསྙུན་བབས་སྣ་ཚོགས་ལྡངས་ཏེ་རིམ་གྱིས་ལྕི་བར་གྱུར་པ་སོགས་འདི་སྐོར་སྔ་ཕྱི་རྣམས་སུ་རྒན་བུ་ན་ནིང་སྣང་བ་ཟ་ཟི་མང་པོའི་རྣམ་འགྱུར་དེ་སྐབས་འཆི་ཐུབ་ན་གོ་ཞིག་ཆོད་སོང་འདུག་ཀྱང་། ད་བབ་འཆི་ན་གནད་གཅོད་ཅན་གྱིས་མནར་བར་འགྱུར་རམ་ཞེས་གསུངས། དེར་ཉེ་གནས་སོགས་ཀྱིས་ཞབས་རིམ་ཅི་དགོས་སོགས་ཞུས་སྐབས་གཏོ་ཆོག་ཕྲན་བུ་ལས་ཅིའང་མི་དགོས། དཔལ་སྤུངས་ཚོགས་ཆེན་ལ་ཕྱག་རྡོར་རྡོ་རྗེ་བེ་ཅོན་དུང་ཡོན་ཞིག་གལ་ཆེ་བ་ཙམ་གསུངས། དེ་ནས་མཁན་བླ་མ་མངྒ་ལ་ཕེབས་པས་ཕྲན་དཔོན་སློབ་རྣམས་ཀྱིས་འཆི་བདག་གཏོར་ཆེན་དང་། མཁའ་འགྲོ་སུན་ཟློག་སྐུ་ཁྲུས་རིགས་སོགས་བསྒྲུབ་འོས་ཐམས་ཅད་བསྒྲུབས་ཀྱང་རིམ་ལྕིའི་ཉམས་ལས་དྭངས་སྐྱེད་མ་བཞེས། མཁའ་འགྲོའི་ཚོགས་མེ་མཆོད། ཚེ་ལྷ་རྣམ་གསུམ་སྟོང་མཆོད་བཅས་དབུ་བཞུགས་དཔོན་སློབ་རིན་པོ་ཆེ། མཁན་བླ་མ་བཅས་ཀྱི་སྒྲུབ་གྲྭ་འདུས་པས་འཕྲལ་སྒྲུབ་མཛད་ཀྱང་སྔར་བཞིན་ལས་མ་གཡོས། ཉིན་གཅིག་ཉེ་གནས་དམ་པ་ཚེ་རིང་དོན་གྲུབ་ལ་བྱིན་རྟེན་གནད་ཆེན་རྣམས་བསྡུས་ན་ལེགས་ཞེས་ཕེབས་པ། ད་སྟེ་རིན་པོ་ཆེ་ཉིད་ཞལ་མི་བཞུགས་པའི་རྟགས་འདུག་གམ་ཅི་ལགས་ཞུས་པ་ན་དེ་འདྲ་རང་ཅི་མ་རེད་ཀྱང་ལར་འཆི་བ་དངོས་ལ་ཐུག་སྐབས་དཀའ་མོ་ཞིག་རེད་འདུག་མོད། རང་ཚང་མི་ངོ་ཤི་རྒྱུ་དེ་དག་གི་སྐབས་མཐོང་ངམ་ཞེས་ཕེབས། སྐབས་དེ་ཙམ་ན་མཁན་བླ་མ་དམ་པས་མཁའ་འགྲོ་གྲིབ་སེལ་དང་བརྟན་བཞུགས་ཕུལ་སྐབས་དཔོན་སློབ་རིན་པོ་ཆེ་ཕེབས་ནས་མཇལ་དར་ཕུལ་ཏེ་ཞབས་པད་བརྟན་དགོས་ཚུལ་ཞུས། རྗེ་མཁན་ཆེན་བླ་མས་སྤྱན་ཆབ་ཕྱུང་སྟེ་གདུང་ཤུགས་དྲག་པོའི་སྒོ་ནས་སྤྱིར་བསྟན་འགྲོ་ཡོངས། སྒོས་ཕྱོགས་འདིའི་རྒྱལ་ཁམས། ཡང་དགོས་སྐུ་ཞབས་སི་ཏུ། ཁྱད་པར་ནང་འཁོར་མི་ངོ་རྣམས་དང་བཅས་པ་ཐུགས་བརྩེ་བ་ཆེན་པོས་མི་འདོར་བར་ཞབས་པད་བརྟན་པ་བཀའ་དྲིན་མི་ཆུང་དགོས་ཚུལ་ཞིབ་ཏུ་ཞུས་པས་ན། ལགས་སོ། ཁྱེད་བསྟན་འཛིན་གྱི་སྐྱེས་བུ་སློབ་མ་བཟང་པོའི་ལྷག་བསམ་གྱིས་གསུང་ངོ་བཞིན་ཡུན་རིང་འཚོ་བའི་འདུན་པ་ནི་ལོས་བྱེད་ཅེས་ལྟོས་བཅས་སེམས་གསོའི་ཚུལ་གྱི་བཀའ་ཙམ་གནང་ནས་དེ་ཕྱིན་སུ་ལའང་གསུང་ཆེར་མི་གནང་བར་ཕྱག་ཕྲེང་འདྲེན་བཞིན་ཐུགས་དམ་ཟབ་མོའི་ངང་དུ་བཞུགས་མུར། ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བདུན་དགོང་མོར་མཁན་བླ་མ་སྐུ་རྩར་ཕེབས་ཏེ་ད་ལྟ་སྐུ་ཁམས་བདེ་ལོད་ཇི་ལྟར་ལགས་ཞེས་ཞུས་པ་ན། ད་ལྟ་བསྙུན་ཟུག་མི་བདེ་བ་སོགས་ཅི་ཡང་མེད་བདེ་མོ་ཞིག་འདུག་ཅེས་གསུངས་ནས་སྐུ་ལུས་ཀྱི་བཞུགས་སྟངས་དྲང་པོར་བསྲངས་ཏེ་ཕྱག་ཕྲེང་འདྲེན་བཞིན་བཞུགས་འདུག །དེ་དགོང་སྐུ་གཅར་བ་རྣམས་ལ་ཕྱག་ཕྲེང་སྟེགས་ལ་ཡར་ཞོག་གསུངས་སྐད། དེའི་ནམ་གུང་ཙམ་ལ་ཟག་མེད་འོད་གསལ་ཆོས་སྐུ་མཁའ་ཁྱབ་ཆེན་པོའི་དབྱིངས་སུ་བུམ་པ་ཆག་པའི་ནམ་མཁའ་བཞིན་དུ་སྙོམས་པར་ཞུགས་པར་གྱུར་ཏོ། །ཀྱེ་ཧུད་ཉི་ཟླ་བྱེ་བས་མི་མཚོན་པའི། །ཆོས་ཀྱི་ཉི་མ་གཅིག་པུ་དེང་འདིར་ནུབ། །རྒྱལ་བའི་རུ་མཚོན་ཕལ་གྱིས་མི་བསྒྲུན་པའི། །བསྟན་པའི་རྒྱལ་མཚན་འགྱེལ་འདི་ཅང་སྲིད་དམ། །སྔོན་བྱོན་ཤིང་རྟ་རྣམས་ཀྱི་ཡ་མཚན་གྱི། །འོད་སྣང་སྟོང་གིས་མཛེས་པའི་ནོར་བུ་ཞིག །བདག་ཅག་བསོད་ནམས་ལག་པའི་མཐིལ་དུ་ཐོབ། །དགོས་འདོད་ཆོས་ཀྱི་ཆར་པ་འབེབ་པའི་གཉེན། །མི་སྣང་དབྱིངས་སུ་སྟོར་འདི་བཟོད་དམ་ཅི། །བསྟན་འདི་ངང་མོས་བཏང་བའི་རྫིང་བུ་དང་། །འགྲོ་རྣམས་དམིགས་བུས་བོར་བའི་ལོང་བ་བཞིན། །ད་གདོད་ཆོས་ཀྱི་མགོན་དང་བྲལ་འདིས་རྟོགས། །ཐུགས་རྗེའི་གཞན་དབང་གྱུར་པའི་དགེ་བའི་བཤེས། །ད་ནི་ཁྱོད་འདྲ་རྙེད་པའི་སྐལ་བ་ཕྲ། །བདག་ཅག་ཁྱོད་ལ་རེ་བའི་གདུལ་བྱ་རྣམས། །མགོན་མེད་ཐང་དུ་འདོར་འདི་ཐུགས་རྗེ་ཆུང་། །ཐུགས་ནི་སྙིང་རྗེས་བརླན་པའི་འཛུམ་ཞལ་དང་། །ཕན་མཛད་གསུང་གི་གདམས་པ་སྐྱུགས་པའི་ངག །དེང་འདིར་དེ་དག་དྲན་པའི་ཡིད་ཡུལ་ལས། །མཐོང་དང་ཐོས་པའི་སྐལ་བ་མེད་འདིས་སྐྱོ། །ད་ནི་ས་དང་ནམ་མཁའི་བར་ཐག་བཞིན། ཁྱོད་ཉིད་གཅིག་པུའི་ཐུགས་རྗེར་རག་ལས་ཀྱི། །སྐལ་དམན་བདག་ཅག་ཆུ་བུར་མིག་གིས་ནི། །ཟག་མེད་ཡེ་ཤེས་སྐུ་མཆོག་ཅི་སྟེ་མཇལ། །ཞེས་སྨྲའོ། །དེ་མ་ཐག་ཐུགས་སྲས་མཁན་ཆེན་ཆོས་རྗེས་རྒྱུད་སྡེ་རིན་པོ་ཆེ་ནས་གསུངས་པའི་མན་ངག་བཞིན་ཐུགས་དམ་གསལ་འདེབས་ལེགས་པར་ཞུས། སྐུ་ལུས་ཀྱི་གནད་དྲང་པོར་བསྲང་བའི་སྐུ་ལ་ཆོས་གོས་དང་དབུ་ལ་སྒོམ་ཞྭའི་ཅོད་པན་ཕུལ་བ་ཙམ་ལས་བཅས་བཅོས་མེད་པར་ཞག་གསུམ་གྱི་བར་དུ་འོད་གསལ་ཆོས་ཀྱི་སྐུའི་དབྱིངས་སུ་བཞུགས་སུ་གསོལ། ཞག་གསུམ་གྱི་ནམ་གུང་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚོད་དུ་ས་ཆེན་པོ་རི་དང་བཅས་པ་སྒྲ་དང་ལྡན་པས་དལ་གྱིས་ལན་གསུམ་དུ་གཡོ་བ་དང་བཅས་འོད་གསལ་ལས་བཞེངས་པའི་རྟགས་རྒྱུད་སྡེ་ནས་བཤད་པ་དང་མཚུངས་པ་གསལ་པོར་བྱུང་བ་དང་བསྟུན། བླ་མ་རྡོ་རྗེ་འཛིན་པ་ཟུང་གིས་ཁྲུས་ཆབ་བསྒྲུབས་ཏེ་དྲི་བཟང་གི་ཆུ་དང་ལྷན་ཅིག་པས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས། མཐིང་ཤོག་ལ་གསེར་ཞུན་གྱིས་ལ྅་ཝར྄་དབུ་ཅན་བཅས་སུ་བྲིས་པའི་གནས་ཡིག་དང་སྐྱེ་མཆེད་བྱིན་རླབས་རྒྱུད་སྡེ་གོང་འོག་གི་ལུགས་སོ་སོ། བཏགས་གྲོལ་དང་རྒྱུད་ཀྱི་གླེགས་བམ་དུ་མ་བཅས་སྐུའི་གནས་སོ་སོར་མ་འཁྲུལ་བར་ཕུལ་ཏེ་ཀཱ་ཤི་ཀའི་རས་དཀར་གྱིས་ལེགས་པར་དཀྲིས་པའི་བར་མཚམས་རྣམས་སུ་བཟང་སྨན་གྱི་ཕུར་མ་བུང་ཆེ་བས་གཅེར། རིགས་ལྔ་ཐོར་ཚུགས། སྟོད་གཡོགས་སྨད་གཡོགས། ཕྱག་ཏུ་རྡོར་དྲིལ་བཅས་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཆས་སུ་བཅུག་པའི་ཕྱག་ལེན་ཐམས་ཅད་གྲོགས་ལྡན་གྱི་དགེ་སློང་བཅས་མཁན་བླ་མ་དམ་པས་གཞུང་མཐུན་དུ་མཛད་ནས། མཐོ་ཞིང་མཛེས་པའི་བཞུགས་ཁྲིར་བཀོད་དེ་མཆོད་པའི་དངོས་པོ་བཟང་ལ་རྒྱས་པའི་ཚོགས་ཀྱིས་མདུན་ས་བཀང་སྟེ། དེ་ནས་དགུང་བདུན་ཕྲག་གཅིག་གི་རིང་ལ་བླ་མ་མཆོད་པ་དབང་བཞི་ལེན་པ་བཅས་ཤིན་ཏུ་གཟབ་རྒྱས་སུ་མཛད་པའི་ཚོགས་ཀྱི་གཙོ་བོ་དཔོན་སློབ་རྡོ་རྗེ་འཆང་། མཁན་ཆེན་བླ་མ་རིན་པོ་ཆེ། ཆོག་རོགས་ངེད་ཅག་རྣམས་དང་བཅས་པས་ཡིད་ཚིམས་པར་ཞུས། འདིའི་སྔ་ཕྱི་རྣམས་སུ་དཀར་ཕྱོགས་སྐྱོང་བ་རྣམས་མྱ་ངན་གྱིས་ནོན་པའི་ལྟས་སུ་གནམ་གཤིས་ལྡོག །རི་ཀླུངས་ཐམས་ཅད་ཀྱི་སྣུམ་ཞག་ཡལ་ཏེ་སྐྱ་ཧམ་པར་གྱུར། སྲིད་པའི་ཡུལ་སྐྱོང་གཉན་པོའི་གངས་བྲག་རྫ་སྤང་ཐམས་ཅད་མངོན་སུམ་མཐོང་བའི་ལམ་དུ་མྱ་ངན་གྱི་གདོང་མཆི་མས་གང་བའི་བཞིན་མི་གསལ་ཞིང་མགོ་བོ་སྨད་པའི་ཉམས་ལྷག་པར་གསལ་བར་སྟོན་པ་བཞིན་དུ་གྱུར། བྱ་བྱེའུ་རྣམས་ཅ་ཅོའི་སྒྲ་ལྷག་པར་སྒྲོག་ཅིང་ཅོ་དིར་བར་བྱས་སོ། །སྐབས་འདིར་ཏཱའི་སི་ཏུ་རིན་པོ་ཆེ་སྟོན་འཁོར་ཡང་ཕེབས་པས་ཐུགས་སྐྱོ་བས་གདུང་བཞིན་མཆོད་འབུལ་གསོལ་འདེབས་གཟབ་སྟེ་གནང་། གཞན་ཡང་གདུང་མཇལ་མཆོད་འབུལ་གྱི་ཆེད་དུ་མཆོག་དམན་བར་མའི་འགྲོ་བ་རྒྱུན་མི་འཆད་པས་རང་རང་གི་འབྱོར་ལྕོགས་མཆོད་འབུལ་ཚོགས་གསོག་གསོལ་བ་འདེབས་པས་དུས་འདའ་བར་གྱུར་པ་དེ་དག་ལའང་སྐུ་གདུང་ཡིད་བཞིན་ནོར་བུའི་མཇལ་ཁ། གདུང་ཁྲུས་སྦྱིན་པ་སོགས་འབྲེལ་ཚད་དོན་ལྡན་གྱི་བླ་མའི་ཕྲིན་ལས་ལ་བཀག་སྡོམ་མེད་པར་མཛད། དེ་ནས་རྩིས་ཁོག་དང་བསྟུན་པའི་གཟའ་ཚེས་ལེགས་པའི་ཐོག་སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་བའི་ཆོ་ག་ཁག་བཞིའི་སློབ་དཔོན་དུ་དཔོན་སློབ་རིན་པོ་ཆེས་ས་ལུགས་ཀྱེ་རྡོར། མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ནས་སྨིན་གཏེར་རྡོར་སེམས། རྡོར་སློབ་བླ་མ་དོན་གྲུབ་པས་ཇོ་ལུགས་མི་འཁྲུགས་པ། མཛོད་དགོན་རྒྱལ་སྲས་བདེ་ཆེན་པའི་སྤྲུལ་སྐུས་ཀུན་རིག་བཅས་ཀྱི་ཆོ་ག་སོ་སོས་སྲེག་བླུག་འབུལ་བས་བཟང་ཤིང་ཙནྡན་དཀར་དམར་དང་། ཤུག་པ་དྲི་ལྡན་གྱི་མེ་ལ་ཞུགས་བཞིན་ལེགས་པར་གྲུབ་ནས་ཐུགས་ཀྱི་གོང་བུ་ལ་མེས་མ་རེག་པར་གདུལ་བྱའི་བསོད་ནམས་ཀྱི་རྟེན་དུ་ཕེབས། དེ་ཉིན་ཁ་བ་ཆེན་པོས་རི་ཀླུང་དཀར་པོར་བཏང་། དེ་ནས་གདུང་ཁང་གི་སྒོ་ཞག་གཅིག་བཅད་ནས་ཕྱིར་ཉིན་མེ་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ནས་གདུང་རུས་རྣམས་བཏུས་ཏེ་ཟ་མ་ཏོག་ཏུ་སྤྱན་དྲངས། སླར་ཡང་ལོངས་སྐུའི་ཆས་བཅས་དགུང་ཞག་མཆོད་པའི་རྟེན་དུ་བཞུགས་སུ་གསོལ། དེ་ནས་བརྩམ་ཉེ་གནས་མཛོད་པ་ཚེ་རིང་དོན་གྲུབ་ནས་དགོངས་རྫོགས་མཆོད་འབུལ་གཟབ་སྤྲོས་སེར་སྣའི་དྲི་མས་མ་སྦགས་པའི་གཏོང་བ་ནམ་མཁའ་མཛོད་ཀྱི་སྒོ་རྒྱ་ཆེར་ཕྱེས་ཏེ། དཔལ་སྤུངས། ཀཿདཔལ། ཞེ་རྫོགས། རྫོང་སར། དགོན་ཆེན། ལྕགས་ར། དཔལ་འབྱོར། དཔེ་ཝར། རྡོར་བྲག །འཛིང་དགོན་ཁག །རྫོང་ཤོད་སོགས་དགོན་མ་ལག་ཆེ་ཕྲ་ཐམས་ཅད་ལ་ཇ་དངུལ་ཁོ་ནའི་འདོན་བྱ་སྒྲུབ་ཡོན་མ་ཐེངས་མེད་པ་དང་། སྐུ་ཚིགས་རེ་རེའི་སྐབས་སུ་ཁེལ་བ་ན་ཏཱའི་སི་ཏུ་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ། འཛི་ཕུ་མཁན་ཆེན། ཞེ་ཆེན་རྒྱལ་ཚབ། དཔལ་ཡུལ་ཡང་སྤྲུལ། ཀཿཐོག་སི་ཏུ། བླ་མ་བཀྲ་ཤིས། རྗེ་དབོན་བསམ་གཏན་སྤྲུལ་སྐུ་སོགས་གདན་ཞུས་ཀྱིས་དེ་དག་སོ་སོས་བདེ་མཆོག །ཕག་མོ། ཐུགས་གསང་། དོང་སྤྲུགས། ཀར་གླིང་ཞི་ཁྲོ། སྨིན་གླིང་རྡོར་སེམས། ནཱ་རོ་མཁའ་སྤྱོད། ཀུན་རིག །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་འདུས་ཀྱི་བླ་མཆོད། ཛཾ་ཐང་པའི་བླ་མ་དཔོན་སློབ་རྔ་སྤྲུལ་བཅས་ཀྱིས་སི་ཏུ་ཆོས་འབྱུང་མཆོད་སྡོང་མདུན་དུས་འཁོར་མཆོད་ཆོག་སོགས་གསར་རྙིང་རྒྱུད་སྡེ་དང་འབྲེལ་བའི་མཆོད་འབུལ་ཚོགས་གསོག་ཤིན་ཏུ་གཟབ་རྒྱས། མར་མེའི་ཕྲེང་བ་བརྒྱ་རྩ་གཉིས་རེ་ཉིན་ལྟར་ཆག་མེད་སོགས་དང་། བླ་མ་སོ་སོར་སྐུ་གསུང་ཐུགས་རྟེན་གྱིས་ཐོག་དྲངས་ཇ་དངུལ། དར་རས། གཅན་ལྤགས། རྐང་འགྲོས། མཆོད་ཆ་སོགས་རྒྱ་དཔངས་མཐོ་ཞིང་སྤུས་ནམ་དག་པའི་དངོས་འབུལ་བཟང་ལ་དག་པས་ཐུགས་མཉེས་པ་བསྒྲུབས། དགུང་ཚིགས་བདུན་ཕྲག་གཉིས་པའི་ཚེས་བཅུའི་ཉིན་ལྷོ་ནུབ་ཕྱོགས་ནས་འབྲུག་སྒྲ་ལྡིར་ལ་སྙན་པ་ཐོག་མར་གྲགས་པ་དང་། གཟིམ་སྦུགས་བཞུགས་མལ་མདུན་རྗེ་མཁན་ཆེན་བླ་མ་ངེད་དཔོན་སློབ་རྣམས་ཀྱིས་རྩ་གསུམ་དགོངས་འདུས་སྒོ་ནས་ཚེས་བཅུའི་ཚོགས་མཆོད་གཏོང་བའི་མཇུག་ཆོག་བརྟན་བཞུགས་བརྗོད་པ་དང་ལྷན་ཅིག་ཏུ་ལྷ་ཁང་ནས་དཔལ་ཡུལ་ཡང་སྤྲུལ་པས་ཀར་གླིང་ཞི་ཁྲོའི་སྐུ་མཆོད་གྲུབ་ནས། མཆོད་པའི་རྟེན་གདུང་རུས་ཀྱི་ཟ་མ་ཏོག་བཀུར་བསྟི་བཅས་ཕྱིར་གཟིམ་ཆུང་དུ་གདན་དྲངས་པ་དང་སྟེས་ཀྱིས་འགྲིགས་པ་སོགས་རྟེན་འབྲེལ་བཟང་པོ་ཡང་བྱུང་། གཞན་ཡང་བླ་ཆེན་ཁག །དགེ་བའི་བཤེས་གཉེན་ཁྱད་འཕགས་རྣམས་ལ་དགོངས་རྫོགས་ཕར་ཕུལ་དང་ཡོན་སྦྱར་གྱིས་གསུང་ཆོག་སྐབས་བབས་བཅས་ལེགས་པར་མཛད་པའི་དངོས་པོའི་སོང་ཐོ་སོ་སོར་གསལ་བ་ཡོད་པ་ལྟར་དང་། བོད་དབུས་གཙང་གི་ལྗོངས་སུ་ཇོ་ཤཱཀ་རིན་པོ་ཆེ་གཙོས་ཆོས་འཁོར་རྣམ་གསུམ་དང་གདན་ས་སྒྲུབ་གནས་ཁག་ལ་སྟོང་མཆོད་བརྒྱ་མཆོད། གསེར་ཆབ། མང་བཀོལ། སྟོད་ལུང་མཚུར་ཕུ་གཙོས་རིས་མེད་ཀྱི་དགོན་སྡེར་མང་ཇ་ཕྱག་འགྱེད། རྒྱལ་དབང་ཀརྨ་པའི་མདུན་དགོངས་རྫོགས་མཆོད་འབུལ་རྟེན་གསུམ། དར་རས། གསེར་དངུལ། པགས་རིགས། རྐང་འགྲོས་བཅས་རྩལ་སྤྲུགས། སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཞབས་སུའང་དངོས་འབུལ་བཅས་མདོར་ན་ཁམས་དབུས་གཙང་གསུམ་གྱི་བླ་མ་དགོན་ཁག་ཕལ་མོ་ཆེར་དགོངས་པ་རྫོགས་ཐབས་ཀྱི་རྣམ་དཀར་ཚོགས་གསོག་རླབས་སུ་ཆེ་བ་བསྔགས་འོས་དཔེ་ཟླ་མེད་པ་དང་། གདུང་རྟེན་མཆོད་སྡོང་ཆེན་མོ་ཐོག་ཚད་མཐོ་ཙམ་བྱང་ཆུབ་མཆོད་རྟེན་ཐིག་དང་ཆགས་ཚད་ཚང་བ། གཟིམ་སྤྱིལ་དུ་བཞུགས་རྒྱུའི་གདུང་རྟེན་ལྷ་བབས་མཆོད་རྟེན་མདའ་གང་ལྷག་པ་བཅས་གཉིས་ཀའང་གསེར་ཤས་ཟངས་ཤས་སྒྲོས་ཉམས། དངུལ་གྱི་པ་ཏྲ་སོགས་དངུལ་འགྲོས་ཅི་ཆེ། གཡུ་བྱེར་གཟི་དང་སྤོས་ཤེལ་སོགས་རིན་པོ་ཆེའི་ཕྲ་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་མིག་གི་དཔྱིད་དུ་གྱུར་པ་དག །ས་སྐྱོང་སྡེ་དགེ་ལྷ་སྲས་ཤཱཀྱའི་དགེ་བསྙེན་འཇིགས་མེད་ཚེ་དབང་བདུད་འདུལ་མཆོག་གིས་དད་གུས་སྤྲོ་བ་ཆེན་པོས། མགར་རིགས་ལས་ཚན་རྒྱ་ཆེར་བསྡུ་བཀོད་ཀྱི་མཐུན་རྐྱེན་མགོ་ལུང་དོ་དམ་ལེགས་པར་མཛད་པ་ལ་བརྟེན་ནས་དུས་ཡུན་ཐུང་ངུ་ལོ་དེ་ཁོངས་སུ་གྲུབ་སྟེ། དྲི་མེད་རྣམ་གཉིས་སྲོག་ཤིང་འཛུགས་ཆོག །གདུང་རུས་སྦྱོང་ཁྲུས་བཏུལ་བ་སཱཙྪ་བཏབ་སྒྲུབ། གཞན་ཡང་གཟུངས་གཞུག་ལག་ལེན་ཁུངས་བཙུན་ནང་གསལ་གྱི་དགོས་རྒུ་ཐམས་ཅད་མ་ཚང་བ་མེད་པ། རྗེ་ཉིད་ཀྱི་གཏེར་བྱོན་རྩ་གསུམ་དགོངས་འདུས་སྐུ་རྟེན་སྐུ་ཚབ་བཀྲ་ཤིས་དཔལ་འབར། དེའི་ཤོག་སེར་བུབ་ཚང་སོགས་གཏེར་ཤོག་ཤིན་ཏུ་མང་པོ། སངས་རྒྱས་རབས་བདུན་གྱི་རིང་བསྲེལ་སོགས་རྟེན་སྒམ་དུ་རྩ་ཆེན་ཕལ་ཆེར་ཐམས་ཅད་འདིར་བཞུགས་སུ་གསོལ་བ་དང་། འཕགས་ཡུལ་བྱ་རྒོད་སྤུངས་པའི་རི་བོའི་རྡོ་དཀར་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བརྐོས་བདག་ཅག་གི་སྟོན་པའི་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་འདི་ཉིད་རྒྱ་གར་གྱི་ཚོང་པ་དག་གི་ལག་ནས་བོད་ཡུལ་དབུས་འགྱུར་འཆང་དུ་བྱོན་པ། ཕྱིས་རྗེའི་ཕྱག་ཏུ་བབས་པ་ཉིད་བུམ་པའི་སྒོར་མཐོང་བས་གྲོལ་བའི་བཙས་སུ་བཞུགས་པ་བཅས་ཀྱི་ཕྱག་ལེན་གཙང་དག་མ་འཁྲུལ་བས་ཤིན་ཏུ་ཡིད་ཆེས་ཁུངས་བཙུན་ཕྱག་མཆོད་ཀྱི་ཡུལ་དུ་རུང་ངེས་སུ་མཁན་ཆེན་ཆོས་རྗེ་མངྒ་ལ་རསྨི། བྱང་སེམས་དགེ་བའི་བཤེས་གཉེན་བློ་གྲོས་བཟང་པོ་རྣམ་གཉིས་གཙོར་བཞུགས་གྲོགས་དན་གྱི་དགེ་ཚུལ་སློང་དུ་མ་དང་བཅས་པས་ཕྱག་བསྟར་གཙང་དག་གིས་གཟུངས་འབུལ་ཚུལ་བཞིན་གྲུབ་པ་དང་། ས་ཟླའི་དུས་ཆེན་གྱི་དཀར་ཕྱོགས་ལ་ཏཱའི་སི་ཏུ། ངོར་པ་ཐར་རྩེ་པཎྜི་ཏ། མཁན་ཆེན་ཆོས་རྗེ་བཅས་སོ་སོར་དབུར་བཞུགས་པའི་བསྙེན་སོང་གི་རྡོ་རྗེ་འཛིན་པའི་འདུས་པ་རྒྱ་མཚོས། ཀྱེ་རྡོར། བདེ་མཆོག་རྡོར་སེམས་བཅས་ཀྱི་སྒོ་ནས་རབ་ཏུ་གནས་པ་དངོས་སྟ་ཉིན་གཉིས་རེ་མཛད་དེ་ཡེ་ཤེས་སེམས་དཔའ་མངོན་སུམ་བཞུགས་སུ་གསོལ་བར་མཛད་ནས་འཇིག་རྟེན་ལྷ་དང་བཅས་པའི་ཕྱག་འོས་བཀུར་འོས་ཀྱི་ཕུལ་དུ་གྱུར་པ་འདི་ཉིད་གྲུབ་སྟེ། ད་ལྟ་དཔལ་སྤུངས་ལྷ་གསར་རྒྱུད་སྡེ་ལྷ་ཁང་རྡོ་རྗེ་འཆང་པདྨ་ཉིན་བྱེད་ཀྱི་མཆོད་སྡོང་རིན་པོ་ཆེའི་གཡོན་ལོགས་སུ་བཞུགས་པ་འདི་དང་། གཅིག་ཤོས་ཡང་ཁྲོད་གཟིམ་སྤྱིལ་ཐུགས་དམ་ལྷ་ཁང་གི་ཕྱི་ཁྱམས་སུ་བཞུགས་པ་དག་གི་སྤྱན་སྔར་ཡང་མཆོད་རྫས་དང་། མར་མེ་རྒྱུན་འབར་གྱི་ཐེབས་རྩ་བཙུགས་པ་བཅས་གེགས་བྲལ་ལྷུན་གྱིས་གྲུབ་པ་ན། ལྷ་བཟོ། བྲིས་པ། ཤིང་བཟོ། མགར་བླུགས། དེ་དག་གི་གཡོག་རིགས་ཡན་ལ་ཇ་དངུལ། དར་རས། རྟ་ནོར་སོགས་གནང་སྦྱིན། བཟའ་བཏུང་ཕོངས་མེད་བཅས་ཀྱིས་ཡིད་རབ་ཏུ་རངས་པར་མཛད་ནས་རྣམ་དཀར་སྡིག་དང་མ་འདྲེས་པ་ཁོ་ནར་གྱུར་ཏོ། །མཆོད་སྡོང་རིན་པོ་ཆེ་དག་གི་དཀར་ཆག་རྒྱས་པ་ཁོ་བོས་ཟུར་དུ་འབྲི་བར་སྤྲོ་ལ། དམིགས་བསལ་ཟང་ཟིང་གི་དངོས་པོ་རྒྱ་ཆེར་སོང་ཐོ་ཞིབ་གསལ་འདུག་ཀྱང་དགེ་བ་ངོམ་པའི་སྐྱོན་དུ་འགྱུར་བ་དང་། དེ་ཙམ་དགོས་གལ་ཆེ་རྒྱུའང་མེད་པས་མ་སྤྲོས་ཤིང་། ལེགས་བྱས་འདིའི་ཤུགས་ལས་ཀྱང་ཤེས་པར་འགྱུར་བ་ཉིད་དོ། །བླ་མ་རིན་པོ་ཆེ་བཀྲ་ཤིས་ནས་གསེར་རྣ་བྱེར་རྒྱན་ཅན་སྤུས་ལེགས་དང་། དཔལ་སྤུངས། ཀཿདཔལ་སོགས་ནས་ཟངས་སོགས་ཞལ་འདེབས་བྱུང་བ་ཁག་ཡ་ཟུང་ཙམ་དང་། བླ་མ་རྗེའི་ཞབས་འབྲིང་བ་བུ་མོ་ཨཱ་ཡུརྡྷརྨས་བྱས་ཤེས་དྲིན་བཟོའི་ཚུལ་དུ་བླ་མའི་དགོངས་རྫོགས་ལ་དམིགས་པའི་ལྷག་བསམ་བཟང་པོས་དགུང་ཞག་ཞེ་དགུའི་རིང་ཉིན་རེ་སྣང་གསལ་གྱི་ཕྲེང་བ་བརྒྱ་ཕྲག་རེ། བཟང་སྤྱོད་སྨོན་ལམ་འབུམ་ཕྲག་གཅིག་གི་ཡོན་དངུལ་རྐྱང་། མཆོད་སྡོང་ཆེན་མོའི་ཕྲ་རྒྱན་དུ་སྤོས་ཤེལ་དང་གཡུ་བྱེར་སྤུས་གཙང་འགའ་རེ། མཆོད་སྡོང་ཆུང་བའི་བུམ་སྒོར་སྐེ་རྒྱན་གཟི་ཆུང་ཞགས་པ་བཅས་ཕུལ་བ་ཙམ་ལས། འཕྲོས་བླ་མ་རྡོ་རྗེ་འཆང་ཉིད་ཀྱི་དད་རྫས་འབའ་ཞིག་ཆུད་མ་ཟོས་པར་རྣམ་དཀར་འདི་ཉིད་ཀྱི་ཕྱོགས་སུ་ཡིད་ཆེས་ཁུངས་བཙུན་སྐྲ་སྐུད་སྐྲ་རྩར་སྨིན་པར་མཛད་པ་དང་། དེ་མཚུངས་གཟིམ་མལ་སྐུ་འདྲ་དང་བྱམས་སྐུ་བཞུགས་ཁྲི་བཅས་གསེར་ཟངས་ལས་བསྐྲུན་པ་སྤྲོས་ལེགས། གཞན་ཡང་རྗེ་བླ་མ་དེ་ཉིད་ཀྱི་དགོངས་པར་སྔ་ནས་མཆིས་པའི་རི་མོ་མདོའི་དུར་ཁྲོད་དུ་ཁྲོས་ནག་གཞུང་ནས་གསུངས་པའི་བཅོས་མའི་དུར་ཁྲོད་ཤིན་ཏུ་ཚད་ལྡན་བསྒྲུབས་པ་དང་། དཔལ་སྤུངས་གླེང་ཟུར་ཁང་བརྩེགས་སཱ་ཁང་ཆེན་མོའི་རྩེར་གསེར་ཟངས་ཀྱི་རྒྱལ་མཚན་ཆེ་ལེགས་འཛུགས་པ་དང་ནང་གཞུག་ཚད་ལྡན་བཅས་མཐའ་འདུས། སྤར་ཁང་ཆེན་མོར་མཛོད་ལྔ་སོགས་སྤར་གྱི་ཞབས་འདེགས་འགོ་ལུང་བཅད་ཁྲིགས་དེབ་ཐེར་བཅའ་ཡིག་སོགས་ཕྱིན་ཆད་ཕན་ངེས་སྡེ་དགེ་མཆོད་ཡོན་དང་དགོངས་བསྟུན་གྱིས་གསར་བཀོད་སོགས་རྗེའི་དགོངས་པར་གནས་པ་དེ་དག་ཀྱང་གོང་གི་བྱ་བའི་མཇུག་ཐོག་དེ་མ་ཐག་ཏུ་གྲུབ། ཕྱིར་ལོའི་དུས་ཚིགས་སུ་སྐུ་མཆོད་དུ་ཡང་ཁྲོད་དཔལ་ཆེན་པོའི་ལྷ་ཁང་དུ་བྱམས་མགོན་ཏཱའི་སི་ཏུ་དང་། རྗེ་མཁན་ཆེན་བླ་མ་དབུར་བཞུགས་པའི་འདུས་པ་ལྔ་བཅུ་ལྷག་པས་སྨིན་གཏེར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྒྲུབ་ཆེན་རིལ་སྒྲུབ་བཅས་བདུན་ཕྲག་གཅིག་གི་ཁོངས་སུ་ལེགས་པར་བསྒྲུབས། ཁོ་བོ་ཅག་ཅན་འདུས་པ་བཅུས་གཟིམ་ཆུང་དུ་སྒྲུབ་བརྒྱུད་བརྒྱད་འདུས་ཀྱི་བླ་མཆོད་གསོལ་འདེབས་མཆོད་འབུལ། ཚོགས་མཆོད་དབང་ལེན་སོགས་བགྱིས། ཕྱིན་ཆད་མཆོད་སྡོང་རིན་པོ་ཆེའི་མདུན་སྐུ་མཆོད་དུ་ཇོ་ནང་གསར་འགྱུར་སྒྲོལ་མ་རྣལ་འབྱོར་བླ་མེད་ལུགས་ཀྱི་སྒྲུབ་མཆོད་ཚུགས་པའི་ཐུགས་བཞེད་དང་། རི་ཁྲོད་དུ་གདུང་འབུམ་སཱ་ཁང་གསར་བཞེངས་སུ་དྲི་མེད་རྣམ་གཉིས་དཀྱིལ་འཁོར་དང་སྲོག་ཤིང་འཛུགས་ཆོག །གདུང་ཁང་གི་ས་རྡོས་སཱཙྪ་བཏབ་རྒྱུ། གསན་ཡིག་སོགས་བཀའ་འབུམ་ཞལ་སྐོང་འབྲི་བརྐོ་འོས་རིགས་མཐའ་ཅི་འདུས་ལ་བརྩོན་པ་སོགས་མདོར་ན་དགོངས་པ་རྫོགས་པའི་ཐབས་ལ་གཅིག་ཏུ་བསམ་སྟེ་རྣམ་དཀར་གྱི་རིམ་པ་བསྒྲུབས་དང་སྒྲུབ་བཞིན་པ་ལགས་སོ། །གཞན་ཡང་ཡོན་ཏན་གནས་ལྔ་གཅིག་ཏུ་འདུས་པ་རྫོང་ཤོད་གདན་ས་ཆེན་པོ་ནས་ཉེ་གནས་སློབ་མའི་ཐུ་བོ་འཇམ་དབྱངས་དགེ་ལེགས་ནས་ཀྱང་འདུས་པ་དཔོན་སློབ་བཞི་བཅུར་ལོངས་པས་དགུང་ཞག་ཞེ་དགུའི་ཚེར་འདོན་བྱ་དང་། དབྱར་རིང་སཱཙྪ་འབུམ་ཕྲག་བཏབ་སྒྲུབ། ད་ལྟ་རྗེའི་དགོངས་དོན་རྡོར་སེམས་ཡིག་དྲུག་དུང་འཁོར་བཞེངས་བཞིན་པ་བཅས་བླ་མའི་དགོངས་པ་རྫོགས་པའི་ཐབས་ཚུལ་རྨ་མེད་པ་ལ་རྟག་གུས་ཀྱི་སྦྱོར་བས་བསྒྲུབས་པར་མཛད་དོ། །འདིས་ཀྱང་ས་གནད་ཀྱི་མེ་བཙའ་ཆེན་པོ་གདན་ས་གཉིས་པ་རྟེན་དང་བརྟེན་པར་བཅས་པའི་ཞབས་འདེགས་བླ་ལྷག་ཏུ་སྤེལ་བའི་བྱས་རྗེས་གྲུབ་རྟགས་མཐོང་རྒྱུ་ཡོད་པ་འདི་བཞིན་དེའི་རྟོགས་པ་བརྗོད་པ་གནས་རྟེན་གདན་ས་འདི་ཉིད་ཀྱི་དཀར་ཆག་འདྲ་སྤེལ་བ་བྱུང་ན་དེར་གླེང་བར་འོས་སོ། །རྗེ་བླ་མ་དེ་ཉིད་ཀྱི་ཡོངས་འཛིན་བླ་མ་དམ་པ་རྣམས་ནི་རྣམ་ཐར་ཆེན་མོ་དང་། གསན་ཡིག་རིན་པོ་ཆེའི་ཀླད་ནས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། སློབ་མའི་གཙོ་བོ་རྣམས་རྣམ་ཐར་དུ་རགས་བསྡུས་འཁོད་དགོས་པ་ཡོད་ཅེས་བདག་ལ་ཡང་ཡང་བཀའ་བསྩལ་བའི་དགོངས་དོན་བཞིན་འདིར་བཀོད་ན། སྤྱིར་རྒྱལ་དབང་ཐེག་མཆོག་རྡོ་རྗེ། འབྲུག་ཆེན་རིན་པོ་ཆེ། དཔའ་བོ་གཙུག་ལག་ཆོས་རྒྱལ། འཇམ་དབྱངས་མཁྱེན་བརྩེ། མཆོག་གྱུར་གླིང་པ། དབོན་རྒན་གོང་མ་ཐེག་མཆོག་བསྟན་འཕེལ། ཟླ་བཟང་རིན་པོ་ཆེ། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ་ལྕམ་དྲལ་སོགས་ནི་བླ་མ་སློབ་མ་གཉིས་ཀར་གྱུར་ཅིང་རྗེ་ཉིད་ལ་བཀའ་དྲིན་ཆེ་ཤོས་དང་། རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག་སྡོམ་པ་གསུམ་ཀའི་བཀའ་དྲིན་ཞུས་ཤིང་ཐུགས་ཀྱི་ངོ་བོ་ཆོས་སྐུར་ངོ་སྤྲོད་པར་མཛད་པ་རྡོ་རྗེ་འཆང་དང་ཐ་མི་དད་པའི་རྩ་བའི་བླ་མ་ནི་སྐྱབས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ཁོ་ན་ཉིད་ཡིན་པ་དང་། དེ་འབྲེལ་རྒྱལ་བ་ཀརྨ་པ་ཐེག་མཆོག་རྡོ་རྗེ། ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་སོགས་གཙོ་བོར་སྨྲོས་པའི་བླ་མ་དམ་པ་རྣམས་ཀྱིས་མཚོན་རང་ཉིད་ལ་བཀའ་དྲིན་ཞུས་ཐོབ་དང་བསྟུན་པའི་དགེ་བའི་བཤེས་གཉེན་རྣམས་ནི་ཞལ་གསུང་མའི་རྣམ་ཐར་ཆེན་མོ་དང་། དེ་དག་གི་གསོལ་འདེབས་ལ་ཞུས་ཐོབ་ཀྱི་མཚོན་བྱེད་ཕྱག་མཆན་བཏབ་པ་བཀའ་འབུམ་ཐོར་བུའི་གྲལ་དུ་མཆིས་པ་དག་ལས་ཤེས་པར་ནུས་ལ། ཕྱིས་སུ་བླ་མ་དགེ་བའི་བཤེས་གཉེན་བསྟེན་པ་རྣམས་ཀྱི་གཙོ་བོ། ཟབ་རྒྱས་ཆོས་ཀྱི་བདུད་རྩི་སྟོབ་པའི་རྡོ་རྗེའི་སློབ་མ་ཡོངས་ཀྱི་ཐུ་བོ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི་ས་ལ་མཚུངས་པ་སྤངས་པ་རིས་མེད་མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ་ཐམས་ཅད་མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་གདོན་མི་ཟ་བར་གྲུབ་པ་དེ་ཉིད་ཁོ་ན་སྟེ། འདི་ཉིད་རྗེ་བླ་མ་ཉིད་ལ་བཀའ་དྲིན་ཆེ་ཚུལ་ཡང་། མདོ་སྔགས་བཀའ་གཏེར་གསར་རྙིང་གི་དབང་ལུང་ཁྲིད་དང་བཤད་བཀའ་ཕྱག་ལེན་ཚུན་མཐའ་ཡས་པ་གསན་པས་གསན་རྒྱ་ཆེ་བ་ལ་སུས་ཀྱང་མི་མཚོན་པ་འདི་འབྱུང་བའི་གཞིར་གྱུར། ཞལ་ནས། ཁོ་བོ་སྔ་ཕན་རིས་མེད་ཀྱི་བསྟན་པ་ལ་སྤྱིར་མི་གུས་པ་ག་ལ་ཡོད་ཀྱང་། ཐམས་ཅད་འགལ་མེད་དུ་ཁྱེར་བའི་དག་སྣང་གི་མིག་ཡངས་རྒྱུ་མེད་པ་ལ། ཕྱིས་སུ་མཁྱེན་བརྩེ་རིན་པོ་ཆེ་དང་མཇལ་ནས་བཟུང་ཐུབ་བསྟན་ཡིན་ནོ་ཅོག་འགལ་མེད་གྲུ་བཞི་ལམ་གྱིས་ཁྱེར་ཆོག་པའི་ངེས་ཤེས་ཀྱི་སྒོ་རང་སར་གྲོལ། ཆོས་རྒྱུས་ཀྱང་ནམ་ལངས་པ་བཞིན་དུ་སོང་ཞེས་ཡང་ཡང་གསུངས་པ་དང་། ཐུན་མོང་མིན་པ་ངོ་མཚར་གསང་བ་ཆེན་པོ་ཟབ་གཏེར་གྱི་སྨོན་ལམ་དུས་སུ་སད་པའི་བདག་པོའི་རྐྱེན་དང་། དངོས་བརྒྱུད་ནས་རྟེན་འབྲེལ་ཟབ་མོ་ལེགས་ཕྱོགས་སུ་བསྒྲིག་པའི་མཐུན་རྐྱེན་ཁྱད་པར་བ་མཛད་པ་དང་། མཛོད་ཆེན་པོ་རྣམས་ཀྱི་བཀའ་བབས་སུ་ལུང་བསྟན་ཅིང་ཐོག་མའི་ལམ་སྲོལ་ཉི་མ་ལྟ་བུའི་ཁ་ལོ་འདྲེན་པ་ཁྱུང་སྔོན་སྐྱེས་ཀྱི་ངང་ཚུལ་ཅན་དུ་མཛད་པ་སོགས་མཐའ་ཡས་ལ། འཇམ་མགོན་བླ་མ་འདིས་ཉིད་ལའང་དེ་མཚུངས་གསར་རྙིང་གཏེར་གསུམ་གྱི་གདམས་པ་རྒྱ་མཚོའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་སྟོབ་པ་དང་། སྐུའི་བར་ཆད་སེལ་བའི་ཕྲིན་ལས་ཐུན་མོང་མ་ཡིན་པ་སྤེལ་བས་མཚོན། མདོར་ན་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ལོ་ཆེན་འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་མཆོད་ཡོན་ནས་བཟུང་ད་ལྟའི་བར་དག་པའི་སྐུའི་སྐྱེ་བ་བརྒྱུད་མར་འབྲལ་བ་མེད་པར། གཅིག་གྲོགས་གཅིག་ཏུ་གྱུར་པའི་ཐུགས་བསྐྱེད་སྨོན་ལམ་ཐུན་མོང་མིན་པའི་རྒྱུ་རྐྱེན་ཉི་དང་པདྨའི་མཛའ་གཅུགས་བཞིན་ཕན་ཚུན་གཉིས་ཀ་བླ་མ་སློབ་མ་གཉིས་ལྡན་གྱི་ཐུ་བོའི་ཚུལ་དུ་བཞུགས་པས། འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཀྱང་། རྒྱལ་བས་ལུང་བསྟན་བརྙེས་པ་ཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་འཇམ་མགོན་བླ་མ་རྡོ་རྗེ་འཆང་ཞེས་པའི་ཚིག་གི་སྦྱོར་བ་སྔོན་དུ་འགྲོ་བས་ཆེ་བའི་ཡོན་ཏན་ལ་སྙན་འགྱུར་དོན་གྱིས་བརྗིད་པའི་བསྔགས་བརྗོད་ཀྱི་ཀ་མ་ལ་རབ་ཏུ་གུས་པའི་སྙིམ་པས་ཕྱོགས་ཀུན་ཏུ་དུས་རྟག་ཏུ་འཐོར་བ་དང་། རྡོ་རྗེའི་སློབ་མའི་ཐ་ཆུང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་ཞལ་གྱིས་འཆེས་པ་སོགས། མདོར་ན་དུས་དེང་སང་གི་བར་དུ་འཇམ་མགོན་བླ་མ་རྣམ་གཉིས་ཞེས་གཉིས་སུ་མ་དམིགས་པའི་སྙན་པའི་གྲགས་པ་དཀར་པོས་བོད་དང་བོད་ཆེན་པོའི་ཡུལ་ཀུན། མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་རླུང་ལྟར་གྲགས་པ་ཉིད་དོན་ལ་ཇི་ལྟར་གནས་པའི་ཚུལ་རྗེ་རྣམ་གཉིས་ཀྱི་རྣམ་ཐར་དང་ཕྲིན་ལས་ལ་མཇལ་ཞིང་ལེགས་པར་དཔྱོད་པས་ཤེས་ནུས་པ་ཡིན་ནོ། །ད་ལྟའི་སྐབས་ན་བསྟན་པ་ཡོངས་རྫོགས་གཏད་ཅིང་དོན་གྱི་རྒྱལ་ཚབ་ཏུ་གྱུར་པ་མཐོན་མཐིང་མི་བསྐྱོད་པའི་ཅོད་པན་གཙུག་ན་སྤ་བ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་ཀུན་བཟང་མཁའ་ཁྱབ་རྡོ་རྗེ། ཏཱའི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཨོ་རྒྱན་རྡོ་རྗེའི་ལུང་གིས་པདྨའི་ལྗགས་ལྡན་གསུམ་པར་བསྔགས་པ་པདྨ་དབང་མཆོག་རྒྱལ་པོ་སྟེ་མཐིང་དམར་ཅོད་པན་འཆང་བའི་རྒྱལ་བ་ཡབ་སྲས་གཉིས། ཏཱའི་སི་ཏུ་སྐུ་ཕྲེང་བཅུ་པ་པདྨའི་ལྗགས་ལྡན་གཉིས་པར་བསྔགས་པ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ། རྣམ་འདྲེན་དཔའ་བོ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་གཙུག་ལག་ཉི་མའི་སྡེ། མཁན་ཆེན་ཀརྨ་བཀྲ་ཤིས་འོད་ཟེར། མཁན་པོ་ཀརྨ་རིན་ཆེན་དར་རྒྱས། རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས། འཕགས་མཆོག་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་རྣམ་རྒྱལ། སྟག་ལུང་མ་རིན་པོ་ཆེ། ག་ཟི་ཞབས་དྲུང་བྱང་ཆུབ་ཉི་མ། ཀརྨ་པའི་རྗེ་དབོན་ཆོས་དབང་དང་དོན་གྲུབ་སྤྲུལ་པའི་སྐུ་རྣམ་གཉིས། དབོན་བསམ་འཕེལ་དང་བསམ་གཏན་སྐུ་གོང་འོག །སྐུ་ཞབས་ཁམས་སྤྲུལ། སྤང་ཕུག་བླ་མ་མཁས་པ་ཆེན་པོ་ཀརྨ་ངེས་དོན། ཟུར་མང་གར་བསྟན་གཏེར་དྲུང་སྐུ་གོང་འོག །སྒྲ་རམ་པ་དབང་ཕྱུག་སོགས་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང་། ཐར་རྩེ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ་ནི་སློབ་མའི་ཐུ་བོ་དང་། ངོར་ཁང་སར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན། ཕན་ཁང་མཁན་ཆེན་དཔལ་ལྡན་བློ་གྲོས་རྒྱལ་མཚན། སྡེ་གཞུང་དབོན་པོ་སྙན་གྲགས་ལུང་རིགས་ཉི་མ། རྫོང་སར་མངའ་རིས་ཆོས་རྗེ་རྡོ་རྗེ་འཛིན་པ་ཀུན་དགའ་འཇམ་དབྱངས་སོགས་ས་ངོར་གྱི་བསྟན་འཛིན་ཆེན་པོ་རྣམས་དང་། དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་གསང་སྔགས་བསྟན་འཛིན། ཛ་ཀ་མཆོག་སྤྲུལ་ཀུན་བཟང་རྣམ་རྒྱལ་གཉིས་ཀ་བླ་མ་དང་སློབ་མའི་ཐུ་བོར་གྱུར་པ་དང་། རྫོགས་ཆེན་རིན་པོ་ཆེ་ལྔ་པ། སྐུ་ཞབས་དགེ་མང་། གླིང་སྤྲུལ་རིན་པོ་ཆེ་སྐུ་གོང་འོག །ཀཿཐོག་རྨོག་སྤྲུལ་དང་དགེ་སྤྲུལ། ཀཿཐོག་སི་ཏུ་སྐུ་གོང་འོག །དཔལ་ཡུལ་ཀརྨ་འགྱུར་མེད་ཀྱི་ཡང་སྲིད་རིན་པོ་ཆེ་གཙོས། ལྷ་སྤྲུལ། རྫོང་སྤྲུལ། ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ། མཁས་པ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། འདི་ལས་རང་རྩོམ་ཕལ་ཆེར་གྱི་བཤད་ལུང་ཡང་གསན། མཁན་ཆེན་བླ་མ་ཀུན་བཟང་བསོད་ནམས། རབ་འབྱམས་པ་དགེ་བཤེས་ནོར་བུ་བསྟན་འཛིན། སྔ་འགྱུར་བསྟན་པའི་ཉི་མ་རྡོ་གྲུབ་ཆེན་མཆོག་སྤྲུལ་འཇིགས་མེད་བསྟན་པའི་རྒྱལ་མཚན། རྫོགས་ཆེན་མཁན་པོ་དཀོན་མཆོག་འོད་ཟེར། ཚྭ་ཉག་བླ་མ་ཤེས་རབ། ཉག་བླ་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ། བླ་མ་དམ་པ་པདྨ། ས་ངན་བཙན་རི་སྤྲུལ་སྐུ་བྱང་ཆུབ་ཆོས་ཀྱི་སེང་གེ །འདི་ལས་བདེ་གླིང་ཆོས་སྐོར་ཕལ་ཆེར་གསན། འཕེལ་ཚ་བླ་མ་མགོན་པོ་རྡོ་རྗེ། འདི་ལས་སྟག་ཤམ་ཆོས་སྐོར་ཕལ་ཆེར་གསན། གཏེར་སྟོན་ལས་རབ་གླིང་པ་འདི་ལས་རང་གཏེར་ཕལ་ཆེར་གསན་ཅིང་ཐུན་མོང་མ་ཡིན་པའི་ཕྲིན་ལས་ལ་སྨོན་ལམ་གྱིས་འབྲེལ་བའི་དགོངས་པ་གཏད་ཕྱོགས་ཆེ་བས་སློབ་གྲས་དཀྱུས་དང་མི་མཉམ་མོ། །བོན་གཏེར་ཚེ་དབང་གྲགས་པ་འདིའང་གོང་དང་མཚུངས། གཏེར་ཆེན་མཆོག་གླིང་གདུང་སྲས་ཚེ་དབང་གྲགས་པ་དང་ཚེ་དབང་ནོར་བུ་རྣམ་གཉིས་སོགས་གསང་སྔགས་རྙིང་མའི་བསྟན་འཛིན་ཆེ་ཕྲ་དུ་མ་དང་། ལྷ་ལྡན་རྒྱུད་སྨད་མཁན་པོ་དགེ་བཤེས་ཡེ་ཤེས་གོང་འཕེལ། བྲག་གཡབ་གདོང་ཀོང་སྤྲུལ་སྐུ་མཁས་པ་ཆེན་པོ་ངག་དབང་དམ་ཆོས་རྒྱ་མཚོ། ཁྲི་སྤྲུལ་པུཎྱེའི་མཚན་ཅན་སོགས་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དུ་མ། གཞན་ཡང་མཁས་དབང་ལྷག་བསམ་བསྟན་པའི་རྒྱལ་མཚན། རྡོར་སློབ་པདྨ་ནོར་བུ། རྡོར་སློབ་དོན་གྲུབ། ཞེ་སྤྲུལ་གོང་མ་ཀརྨ་ངེས་དོན་དཔལ་བཟང་། ཚ་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། གྲུབ་དབང་ཚོགས་གཉིས་ཞབས། འདི་ལས་རཏྣའི་ཐུགས་སྒྲུབ་གསང་ཁྲིད་རིམ་ལྔ་སོགས་གསན། ཨ་འཛོམ་འབྲུག་པ་རིན་པོ་ཆེ། སྐྱོ་བྲག་གསལ་བསྟན་དུང་གསུམ། སྐུ་དབོན་འཇམ་དབྱངས་རྣམ་རྒྱལ་རྡོ་རྗེ་དང་འཇམ་དབྱངས་བློ་གྲོས་སེང་གེ་མཆེད། རྡོར་སློབ་ཀརྨ་བསྟན་གསལ། ཉེ་གནས་ཆེན་པོ་འཇམ་དབྱངས་དགེ་ལེགས། མཁར་མགོ་འཇམ་དབྱངས་གྲགས་པ། སྒྲུབ་པ་བླ་མ་ཚེ་དཔག་ཚེ་དཔལ་གཉིས་སོགས་རང་གཞན་གྱི་དོན་སྒྲུབ་པར་ནུས་པའི་སྐྱེས་བུ་ཆེན་པོ་རྣམས་གཙོས་དབུས་གཙང་། མདོ་ཁམས་སྟོད་སྨད་བར་གསུམ་གྱི་མཁས་པ་པཎྜི་ཏ། རྟོགས་ལྡན་ཉམས་མྱོང་ཅན། དགེ་བའི་བཤེས་གཉེན་ཆེ་ཕྲ་དཔག་ཏུ་མེད་པ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པ་དང་། བོད་ཀྱི་སྲིད་སྐྱོང་རྭ་སྒྲེང་ཨ་ཆི་ཧོ་ཐོག་ཐུ། ས་སྐྱོང་སྡེ་དགེ་ཡབ་མེས་སྲས་བཅས་སོགས་རྒྱལ་པོ་དང་རྒྱལ་ཕྲན། བོད་ཀྱི་བཀའ་མདའ་རྩིས་གསུམ་སོགས་དཔོན་རིགས་དང་ཕལ་པ་བགྲང་གིས་མི་ལངས་པ་མང་པོར་ཡང་ཆོས་ཀྱི་འབྲེལ་བས་བསྡུས་པ་དང་། སྐུ་ཚེ་དེར་སྒྲུབ་ཆེན་སྨན་སྒྲུབ། སྒྲུབ་ཕྲན་རིགས་བརྒྱ་ཕྲག་ལས་བརྒལ་བ་མཛད་པ་དེ་དག་གི་ཚེ་ཁྲོམ་ཚོགས་འབུམ་ཕྲག་ལོངས་པར་དབང་དང་དམ་རྫས་ཀྱིས་དཀར་པོའི་ས་བོན་བཏབ་པའི་འབྲེལ་ཐོགས་ཁོ་ན་ཡང་ས་ཆེན་པོའི་རྡུལ་ལྟར་གྱུར་པ་དང་། ཕྱིས་འདིར་རྗེ་བླ་མའི་སྙན་པ་དང་ཕྲིན་ལས་རིམ་གྱིས་རྒྱས་པས། དབུས་གཙང་མདོ་ཁམས་རྒྱ་སོག་གི་ས་མཚམས་ཚུན་གྱི་བླ་མ་བཤེས་གཉེན། སྐྱེ་བོ་ཕོ་མོ་མཐའ་ཡས་པ་རྒྱུན་མི་ཆད་པ་སྤྲིན་ལྟར་འདུས་པ་རྣམས་ལའང་རང་རང་གི་འདོད་སྦྱར་དབང་། རྗེས་གནང་། ཁྲིད། །བཀླག་ལུང་། འཕོ་ལུང་། ཐ་ནའང་བཀའ་བསྒོ་ཕྱག་དབང་ཞལ་མཇལ་ཙམ་གྱིས་མཐའ་རྟེན་པ་དེ་དག་ཀྱང་རྗེ་བླ་མའི་གདུལ་བྱ་སློབ་མའི་ཁོངས་སུ་བསྡུ་བ་ཡིན་ནོ། །རྗེ་བླ་མ་འདི་ཉིད་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱིས་མཚོན་བོད་གངས་ཅན་གྱི་ཐུབ་བསྟན་རིས་སུ་མ་ཆད་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ལ་གཅིག་ཏུ་གུས་པ་ལྷུར་བཞེས་པའི་སྟོབས་ཀྱིས་ས་དགེ་ཀར་རྙིང་བོན་པོ་ཚུན་གྱིས་རང་རང་གི་བླ་མ་ལྟར་མཐོང་ཞིང་ཞབས་ཀྱི་པདྨོ་སྤྱི་བོའི་རྒྱན་དང་། གསུང་གི་བདུད་རྩི་ཐར་བདེའི་བཅུད་དུ་བསྟེན་པ་འདི་ཙམ་གྱི་རྣམ་ཐར་ཡང་ཡོངས་རྫོགས་བསྟན་པའི་བདག་པོ་ཆེན་པོར་མཚོན་པའི་ངོ་མཚར་གྱི་ཕུལ་དམ་པ་འདི་ལྟ་བུ་མངའ་བ་ཕྱིས་འདིར་ནི་རང་གཞན་གྱི་ཆེན་པོ་སུ་ལའང་མ་བྱུང་བ་མངོན་སུམ་འདི་ལྟར་ལ། དེ་དག་གི་ཆེ་བས་རིས་མེད་པའི་མཁས་དང་གྲུབ་པ་རྒྱ་མཚོའི་ཐུགས་ཀྱི་དབང་པོ་པདྨའི་དྲི་བསུང་གིས་བུང་བ་བཞིན་དུ་གཅིག་ཏུ་གུས་པ་ལྷུར་ལེན་པ་འབའ་ཞིག་ཏུ་གྱུར་པས། གངས་ཅན་བོད་ཀྱི་སྲིད་སྐྱོང་རྒྱལ་པོར་གོང་མ་བདག་པོ་ཆེན་པོའི་ལས་ལུང་གིས་མངོན་པར་མཐོ་བ་རྭ་སྒྲེང་ཁྲི་ཆེན་ཨ་ཆི་ཧོ་ཐོག་ཐུས་ཀྱང་བླ་མར་བཀུར། ཨ་མདོ་ཨ་མཆོག་དགེ་བཤེས་ཆེན་པོས་ཐམས་ཅད་མཁྱེན་པར་བསྔགས། གོང་མ་ཆེན་པོའི་ནང་བློན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་དཔལ་འབྱོར་མཆིལ་མའི་ཐལ་བ་བཞིན་དོར་བར་མཛད་པའི་སེམས་དཔའ་ཆེན་པོ་སོག་པོ་ཐོ་ཡོན་པཎྜི་ཏས་གསུང་གི་ཕྲེང་བ་མཇལ་བས་ཐུགས་རང་དབང་མེད་པར་འཕྲོག །ད་ལྟའི་སྐབས་ན་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷཱ་ར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བློ་བཟང་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས། རྒྱལ་བསྟན་གསལ་བའི་འདྲེན་པ་རིས་མེད་ཀྱི་བསྟན་པའི་དགོངས་པ་རང་རྒྱུད་ལ་འབྱོར་པའི་མཁས་གྲུབ་དམ་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་ཞེས་བཀའི་གསེར་ཡིག་གི་ལམ་ནས་བསྔགས་ཤིང་གངས་ཅན་བདེ་ཐབས་ཀྱི་ཕྲིན་ལས་སྤེལ་བར་བཀས་གནང་། འཇམ་དབྱངས་གོང་མ་ཆེན་པོ་མཆོད་ཡོན་གྱི་ཞབས་བརྟན་པར་བཀའི་ཤེ་བམ་རིན་པོ་ཆེས་གཟེངས་བསྟོད་པར་མཛད་པ་འདི་ལྟར་དེ་དག་ནི་ཇི་སྐད་དུ། སྐྱེས་བུ་ཡོན་ཏན་ལྡན་གྱུར་ན། །མ་བསྡུས་པར་ཡང་ངང་གིས་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་གསུངས་པ་ལྟར་ལགས་སོ། །འདིར་སྨྲས་པ། འཇིག་རྟེན་གསུམ་གྱི་མཆོད་སྡོང་མནྡཱ་ར། །ཀུན་མཁྱེན་ཆོས་རྗེའི་རྣམ་པར་ཐར་པའི་མཐའ། །འཕགས་པ་ཁོ་ནའི་ཡེ་ཤེས་ཟབ་གསལ་ངོར། །འཆར་གྱི་སོ་སྐྱེ་དམན་པས་ཅི་སྟེ་ཤེས། །ངོ་མཚར་མཛད་པའི་ཆ་ཤས་ཕྲ་མོ་རེའི། །འོད་དཀར་ལྷུང་བས་དད་སྤྲོའི་ཀུ་མུ་ཏ། །ཅི་དགར་དགོད་ན་ཟབ་རྒྱས་རྣམ་པར་ཐར། །ཡོངས་རྫོགས་ཟླ་བའི་དཔལ་ལ་ཅི་ཞིག་སྨྲོས། །རྒྱལ་བས་ཡོངས་བསྔགས་ཛམ་གླིང་ཤིང་རྟ་ཆེ། །པདྨའི་ཞལ་ཚབ་མཁས་གྲུབ་ཆོས་ཀྱི་རྗེའི། །ཐ་མའི་མཛད་པའི་ཆ་ཤས་འདིར་བརྗོད་པ། །ཞལ་སློབ་མཁས་རྣམས་མགྲིན་པའི་སྒོ་འབྱེད་ཙམ། །འདི་བྲིས་དགེ་བས་དཔལ་ལྡན་བླ་མ་མཆོག །གང་དུ་གཤེགས་པའི་ཞིང་དེར་ཞལ་མཇལ་ནས། །གསུང་གི་སྣང་བས་བློ་ཡི་མུན་པ་བཅོམ། །མཉམ་ཉིད་དགོངས་པའི་ཀློང་དུ་བྱང་ཆུབ་ཤོག །ཅེས་པ་འདིའང་རྣམ་ཐར་ཆེན་མོའི་མཇུག་མཐུད་དུ་བགྱིད་པར་འདུན་པ་ལ། བླ་མ་རྡོ་རྗེ་འཆང་གི་ཐུགས་སྲས་ཀྱི་ཐུ་བོ་བདག་ཅག་གི་དགེ་བའི་བཤེས་གཉེན་དམ་པ་ཀརྨ་བཀྲ་ཤིས་འོད་ཟེར། ཡོངས་རྫོགས་བསྟན་པའི་དཔལ་མགོན་རྡོ་རྗེ་འཆང་དཔོན་སློབ་ཐམས་ཅད་མཁྱེན་པ་དང་། གནས་ལྔ་རིག་པའི་དབང་ཕྱུག་ཀཿཐོག་སི་ཏུ་མ་ཧཱ་པཎྜི་ཏ་རྣམ་པ་གསུམ་གྱི་ཞལ་སྔ་ནས་བཀས་གནང་བ་དང་། རྗེ་མཁྱེན་བརྩེའི་ཞམ་རིང་པ་མཁས་པ་ཚེ་རིང་བཀྲ་ཤིས་ནས་ཀྱང་ངེས་པར་བགྱི་བར་འོས་སོ་ཞེས་གསལ་བཏབ་པ་དང་། རྗེ་བླ་མའི་སྐུ་གཅར་མཆོད་དཔོན་བློ་གསལ་བ་གསང་སྔགས་བསྟན་འཛིན་ནས་ཀྱང་འདི་ནི་ཁྱོད་ཁོ་ནས་བགྱི་བར་འོས་པས། ལེ་ལོའི་དབང་དུ་མ་ཐལ་བ་གྱིས་ཞེས་བསྐུལ་ནས་རིང་ཞིག་བཏང་སྙོམས་སུ་བྱིང་བ་ཡང་ཁྲོད་རྡོར་སློབ་བླ་མ་མགོན་ལུ་སོགས་དོན་གཉེར་ཅན་དུ་མས་བསྐུལ་ངོར། སླར་རབ་ཚེས་འཕར་བ་ལྕགས་གླང་ས་གའི་ཉ་བའི་གྲལ་ཚེས་བཟང་པོར་ས་བོན་ཙམ་དུ་སྨྲོས་པའི་ཡི་གེ་འདི་ནི་འཇམ་མགོན་བླ་མ་རྡོ་རྗེ་འཆང་ཆེན་པོས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་བ་ཆེན་པོས་བསྐྱངས་པའི་ཐ་ཤལ་པ་བཀྲ་ཤིས་ཆོས་འཕེལ་པས་དཔལ་སྤུངས་ཀྱི་ཆོས་གྲྭར་བྲིས་པ། སླད་ནས་ཉེ་གནས་དམ་པ་ཚེ་རིང་དོན་ཀུན་གྲུབ་པས་ཀྱང་འདི་བགྱིས་གྲུབ་པ་ཅིས་ཀྱང་ལེགས་འདུག་པས་ད་དུང་འཕྲི་བསྣན་འོས་རིགས་ཀྱང་གྱིས་ཞེས་དང་སྤར་དུ་བཀོད་པའི་མགོ་ལུང་མཛད་པ་བཅས་ཀྱི། སླར་ཡང་ཡི་གེ་གཉིས་པར་ཨ་ལོ་དཔལ་འབྱོར་སྒང་གི་ཆོས་གྲར་རྟེན་འབྲེལ་དགེ་བ་དང་བཅས་གྲུབ་པའི་དགེ་བས་བདག་གཞན་ཕྱམ་གཅིག་བླ་མའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །། ༈ གུ་རུ་བཛྲ་དྷཱ་ར་ཡེ། གང་མཚན་དྲི་མེད་ནམ་མཁའི་ཐིག་ལེའི་འོད། །སྙིང་གི་པདྨོའི་སྦུབས་སུ་སིམ་པའི་མཐུས། །རབ་ཞིའི་གེ་སར་འཛུམ་ཕྲེང་འབྱེད་མཛད་པ། །རྗེ་བཙུན་བླ་མའི་བཀའ་དྲིན་སླར་ཡང་དྲན། །མཆོག་གི་ཡེ་ཤེས་ཟབ་མོའི་ཕྲིན་ལས་ནི། །རབ་འབྱམས་ཞིང་ན་རྒྱུན་གྱིས་རྟག་པར་གྲུབ། །དེ་ཚུལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །དཀྱིལ་འཁོར་ཡངས་པའི་དཔལ་གྱི་དོ་རར་འཆར། །བདག་ཅག་ཕྱོགས་རེའི་མིག་ཅན་བློ་ངོ་རུ། །སྣང་བའི་རྣམ་ཐར་ཆ་ཙམ་མཚོན་པའི་གཏམ། །བློ་ལྡན་སྐལ་པ་བཟང་པོའི་སྤྱོད་ཡུལ་དུ། །སྤེལ་བྱེད་ཟླ་བའི་མ་མ་འདི་བསྐྲུན་པའི། །དགེ་བའི་ལང་ཚོ་བདུད་རྩིའི་སྤྲིན་གྱི་ཟིལ། །འགྲོ་སྙེད་མཁའ་ལ་རྟག་ཏུ་འབབ་པའི་མཐུས། །ཉེས་གསུམ་དུཿཁའི་ཚ་གདུང་ཀུན་བཅིལ་ནས། །བྱང་ཆུབ་སྤྱོད་པའི་དགའ་ཚལ་རྒྱས་གྱུར་ཅིག །ཅེས་པའང་༧འཇམ་མགོན་རྗེ་བཙུན་བླ་མའི་རྣམ་ཐར་ལེ་ཚན་རྣམས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་མཛེས་རྒྱན་དུ་བཞེངས་པའི་སྤར་བྱང་བརྗོད་པ་པོ་ནི་འབངས་རིགས་མཁའ་ཁྱབ་རྡོ་རྗེར་འབོད་པས་གུས་པ་ཆེན་པོས་འདུ་བགྱིས་པ་ཤྲཱི་ཡསྟུ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).