Terdzo-HAA-002
སྤྲུལ་པའི་གཏེར་སྟོན་ཆེན་མོའི་རྣམ་ཐར་གྱི་ས་བོན་ཞལ་གསུང་མ་དང་། གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་
by མཆོག་གྱུར་གླིང་པ་ (Chogyur Lingpa)
Volume 65 (ཧཱ་) / Pages 295-310 / Folios 1a1 to 8b1
༄༅། །སྤྲུལ་པའི་གཏེར་སྟོན་ཆེན་མོའི་རྣམ་ཐར་གྱི་ས་བོན་ཞལ་གསུང་མ་དང་། གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་ཞེས་བྱ་བ་བཞུགས་སོ། ། བདག་ཉིད་ཐར་པའི་ལམ་ལ་འདྲེན་མཛད་པའི།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་དང་ཚེ་རབས་རྗེས་སུ་གཟུང་བ་ཡི། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྗེ་ཡིས། །དལ་འབྱོར་མཆོག་ཐོབ་སངས་རྒྱས་བསྟན་ལ་ཞུགས། །ལས་འཕྲོའི་དབང་གིས་གཏེར་གྱི་ཆོས་ལ་སྤྱོད། །སྒྲིབ་པའི་དབང་གིས་སུམ་ཅུ་སོ་ལྔའི་བར། །བྱིས་པའི་སེམས་དབང་ལྟ་སྤྱོད་ཆལ་མ་ཆོལ། །ད་ནི་སེམས་ཉིད་ཅུང་ཟད་གོམས་པར་གྱུར། །ལྟ་སྤྱོད་ཆོས་མཐུན་བྱེད་སྙམས་ཡིད་ལ་བརྣགས། །དེ་ལྟའི་ཚུལ་ལ་རྣམ་ཐར་ཅི་ཞིག་བྲི། །འོན་ཀྱང་དད་ལྡན་སུན་ནི་མི་དབྱུང་ཕྱིར། །ནམ་མཁའ་མཛོད་མདུན་མི་ཡི་སྲིད་པར་ཞུགས། །གསང་རྒྱལ་ཞོལ་དུ་མ་ཡི་མངལ་ནས་བཙས། །ཡེ་རྒྱལ་ཞོལ་དུ་རིམ་པར་བསྐྱེད་བསྲིངས་ནས། །ཡར་འཁྱིལ་གནས་སུ་ཆོས་ཀྱི་བསམ་པ་སྐྱེས། །འདྲེན་པའི་བླ་མ་ཀུན་བཟང་མཆོག་སྤྲུལ་གྱིས། །སྐྱབས་སྡོམ་གནང་བས་སངས་རྒྱས་བསྟན་སྒོར་ཞུགས། །སྒྲོལ་དཀར་གུ་རུ་ཞི་བའི་རྗེས་གནང་ཐོབ། །བཤད་སྒྲུབ་གླིང་དུ་ཚེ་དབང་ཕྲིན་ལས་མཇལ། །ཤིན་ཏུ་དད་ནས་གུ་རུའི་དབང་སྒྲུབ་ལ། །དག་སྣང་ཐོབ་ཅིང་བཀའ་དྲིན་དབང་བཞི་བསྩལ། །རང་གི་གནས་སུ་དཀོན་མཆོག་དོན་གྲུབ་སོགས། །སློབ་དཔོན་བགྱིས་ནས་ཡི་གེ་བསླབ་པ་དང་། །བསྟན་རྒྱས་སློབ་དཔོན་བགྱིས་ནས་མཚམས་སྒྲུབ་ཀྱི། །ཐོག་མ་སྒྲོལ་དཀར་གུ་རུ་ཞི་བ་བསྙེན། །སྔགས་འཆང་རིག་འཛིན་དཔལ་ལས་སྔགས་ཆོག་གི །ཕྱག་བཞེས་ཞུས་ཤིང་དབུས་ཀྱི་ཕྱོགས་སུ་ཕྱིན། །རྩ་བ་གསུམ་གྱིས་རྗེས་སུ་བཟུང་བ་མཐོང་། །གུ་རུ་སྔགས་པས་གཟའ་གདོན་ཞི་བར་མཛད། །དཔལ་མེ་དགོན་དུ་གྲྭ་རྒྱུན་ཚུལ་དུ་བསྡད། །རྗེ་བཙུན་ཆོས་ཉིད་ནོར་བུས་རྗེས་བཟུང་བས། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་སྨིན་གྲོལ་ཐོབ། །གར་ཐིག་དབྱངས་ཀྱི་ཕྱག་ལེན་ལེགས་པར་བསླབ། །ཚེས་བཅུ་ཁང་དུ་ཚོགས་སྒྲིག་ལོ་བཅུ་འགྲིམ། །བླ་མ་དམ་པས་སྨིན་གྲོལ་དཔག་མེད་བསྩལ། །ཡ་ཀིའི་རྫོགས་པ་ཆེན་པོ་མན་ཆད་དང་། །མ་ཀིའི་ཟློས་གར་ཡན་ཆད་བསླབ་པར་མཛད། །མཁན་སློབ་བཀའ་དྲིན་ཤིན་ཏུ་ཆེ་བར་འཁུམ། །བསྟན་འཛིན་ཆོས་ཀྱི་དབང་པོས་ཕྱག་རྫོགས་ནི། །མྱོང་ཁྲིད་བསྩལ་ཅིང་བླ་མ་དམ་པ་ཡི། །རྫོགས་ཆེན་སྙིང་ཐིག་མན་ངག་སྙིང་ལ་ལྷན། །ཕུན་ཚོགས་གླིང་ནས་རྙིང་མའི་གར་དབྱངས་བསླབ། །འདུལ་འཛིན་ཆེན་པོ་སྟག་ལུང་རིན་པོ་ཆེར། །རབ་ཏུ་བྱུང་ནས་དགེ་སློང་ངང་ཚུལ་བསྟན། །མཚུངས་མེད་མགོན་པོ་སྤྲུལ་པའི་སྐུ་མཆོག་གིས། །རཏྣ་གླིང་པའི་ཐུགས་སྒྲུབ་སྨིན་དབང་བསྩལ། །ན་བུན་རྫོང་དུ་ཆོས་རྒྱལ་རྡོ་རྗེ་མཇལ། །གསང་བའི་མན་ངག་བསྩལ་ཅིང་རྫོགས་ཆེན་བསྟན། །འགྲོ་མགོན་པདྨ་ཉིན་བྱེད་བཀའ་བཞིན་དུ། །བསྟན་འཛིན་རྣམ་རྒྱལ་ཞབས་ཀྱིས་ཐུགས་སྒྲུབ་བསྩལ། །དཔལ་སྤུངས་དགོན་དུ་བླ་མའི་བཀའ་བཞིན་ཕྱིན། །མི་ཕམ་མགོན་པོ་གཉིས་པའི་ཞལ་མཇལ་ནས། །དྲིན་ཅན་ངེས་དོན་བསྟན་པ་རབ་རྒྱས་ལ། །མི་ཕྱེད་དད་པ་ཕུལ་ནས་སེམས་བསྐྱེད་ཐོབ། །དེ་ནས་གཟུང་སྟེ་སྨིན་གྲོལ་དུ་མ་དང་། ཁྱད་པར་ལྟ་བའི་སྒྲོ་འདོགས་ལེགས་པར་ཆོད། །འཇམ་མགོན་བླ་མ་ཀོང་སྤྲུལ་རིན་པོ་ཆེས། །དབང་བསྐུར་རྒྱུད་བཤད་མན་ངག་མཐར་ཐུག་བསྩལ། །ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཡིས། །སྨིན་གྲོལ་མཐའ་ཡས་ཟབ་དོན་ཉིང་ཁུ་གནང་། །འདི་གསུམ་བཀའ་དྲིན་སུམ་ལྡན་བླ་མར་གྱུར། །ཟུར་མང་བསྟན་འཛིན་སྤྲུལ་པའི་སྐུ་མཆོག་ལས། །བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨིན་དབང་ཞུས། །གཞན་ཡང་སྒ་རྗེ་གསང་སྔགས་བསྟན་འཛིན་དང་། །བསྟན་འཛིན་བྱང་ཆུབ་ཉི་མ་ལ་སོགས་པའི། །དྲིན་ཐོབ་བླ་མ་དུ་མ་བདག་གིས་བསྟེན། །དམ་པའི་ཆོས་ཀྱང་བདག་གིས་མང་དུ་ཐོས། །འཇམ་དབྱངས་ངེས་དོན་མཁས་དབང་གཞན་དོན་ལས། །མདོ་སྔགས་གཞུང་བཤད་ཞུས་པས་ཤེས་རྒྱུད་གྲོལ། །ཟབ་མོའི་གཏེར་རྣམས་ཀུན་གྱིས་མཐོང་བར་བཏོན། །དག་སྣང་དབང་ཐོབ་རང་གི་ཉམས་སུ་བླངས། །རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ། །འགྲོ་མགོན་ས་སྐྱ་གོང་མ་འབྲུག་ཆེན་རྗེ། །འབྲི་སྟག་འཕགས་པའི་སྐྱེས་བུ་དུ་མ་ཡི། །དམ་ཆོས་ཉམས་བཞེས་ཟབ་གཏེར་བསྟན་པ་རྒྱས། །མཁས་ཤིང་གྲུབ་པའི་སློབ་མ་མང་དུ་བྱུུང་། །བཤད་སྒྲུབ་གཉིས་ཀྱི་སངས་རྒྱས་བསྟན་པ་བསྐྱངས། །རི་བོ་ཆེ་ཡི་རྗེ་འཕགས་མཁན་སློབ་དང་། །ཞབས་དྲུང་གསུམ་གྱིས་གནས་མལ་གནང་བར་བརྟེན། །འོག་མིན་ཀརྨའི་གསང་སྔགས་ཕོ་བྲང་དང་། །ནམ་མཁའ་མཛོད་དང་རྟེན་མཆོག་འགྱུར་མེད་གླིང་། །གནས་མཆོག་འཛོམ་ནང་པདྨ་ཤེལ་ཕུག་དང་། །རྒྱམ་རྒྱལ་གངས་མགུལ་གཡུ་མཚོ་རི་ཁྲོད་སོགས། །བཞེངས་ནས་བཤད་སྒྲུབ་བསྟན་པའི་མགོ་བརྩམས་ནས། །ཀུན་གཟིགས་བླ་མའི་བཀའ་དྲིན་ལ་བརྟེན་ནས། །བསྟན་པའི་གཞི་བཙུགས་སྒྲུབ་ཆེན་མང་དུ་བགྱིས། །དེ་དག་ལེགས་ཆ་ཕྱོགས་གཅིག་བསྒྲིགས་པ་ཡིན། །དེ་ལས་ལྷག་པའི་ཡོན་ཏན་བདག་ལ་མེད། །ལོ་གསུམ་བསྒྲུབ་པ་བྱས་པ་དགེ་བའི་རབ། །ད་ཡང་ལྷག་བསམ་རྣམ་དཀར་རྩེ་གཅིག་བགྱི། །དེ་སྐད་སྔགས་འཆང་པདྨ་བདུད་འདུལ་གྱིས། །རྒྱམ་གྱི་མགུལ་ནས་བསྐུལ་ནས་ལོ་མང་སོང་། །འདི་ལོ་ཤུལ་ལམ་རིང་པོའི་དཀའ་བ་བཅད། །འདི་དོན་གཉེར་བས་ངོ་མ་བཅག་ཙམ་འདི། །གླང་ལོ་ཆུ་སྟོད་སྤྲེལ་ཟླའི་ཚེས་བཅུ་ལ། །ཡང་རྫོང་གླིང་དང་ནམ་མཁའ་མཛོད་སྒོར་བྲིས། །དགེ་བས་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༄༅། །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་གཏེར་འབྱུང་མདོར་བསྡུས་སྐལ་ལྡན་དགའ་བ་བསྐྱེད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །སྤྲོས་བྲལ་བདེ་ཆེན་གཉིས་མེད་མཁའ་ཀློང་ནས། ཁ་སྦྱོར་བདུན་ལྡན་ཟུང་འཇུག་དང་པོའི་མགོན། །སྒྱུ་འཕྲུལ་དྲྭ་བའི་གར་བསྒྱུར་རྡོ་རྗེ་འཛིན། །དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བླ་མར་འདུད། །ཅེས་མཆོད་པར་བརྗོད་ནས། དེ་ལ་འདིར་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་ནི། རང་གི་བླ་མ་ལ་དད་གུས་བསྐྱེད་པ་ལ་རག་ལས་པའི་ཚུལ་མཁས་གྲུབ་ཐམས་ཅད་ཞལ་མཐུན་པར་གསུངས་མོད། དེ་ལྟར་ཐོག་མར་ཡིད་ཆེས་པའི་ཕྱིར་ལོ་རྒྱུས་སམ་རྣམ་ཐར་ངེས་དགོས་པའི་རྒྱུ་མཚན་གྱིས་འདིར་ཅུང་ཟད་བཤད་ན། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་བདག་ཆུང་ངུའི་དུས་ནས་མ་ཎི་ཁ་ཞེས་པར། ཨོ་རྒྱན་རིན་པོ་ཆེ་དང་དངོས་སུ་མཇལ། དེར་ཨོ་རྒྱན་གྱི་སྒྲུབ་ཕུག་ཡོད་པའི་ལུང་བསྟན་ཐོབ། བཅུ་གསུམ་ལོ་ལ་ཡར་ཀླུངས་ཤེལ་བྲག་ནས་ཁ་བྱང་རྙེད། བཅོ་ལྔའི་ལོ་ལ་ལྷ་འདྲེ་གང་ཡིན་ངོ་མ་འཚལ་བའི་ཞལ་གཟིགས་འཁྲུལ་སྣང་མང་པོ་བྱུང་བ་རྣམས་ཕལ་ཆེར་བར་ཆད་ཀྱི་རྣམ་པར་མངོན། འགའ་ཞིག་ཟབ་མོའི་གཏེར་ཐོན་པའི་སྔ་ལྟས་ཡིན་འདུག་པ་མ་གཏོགས་ཁོ་བོས་ཡི་གེར་བཀོད་ན་དེ་རྣམས་ལ་སྙིང་པོ་མེད་པར་མངོན། དེ་ནས་སྐབས་ཤིག་ངེད་ལ་གནམ་རུ་ནས་གྲམ་ཁྲོད་མང་པོ་ཞིག་འདུག་པའི་གསེབ་ནས་ཤོག་དྲིལ་ཞིག་རྙེད་འདུག་པ་མདོ་བྱང་ཡིན། རང་ལོ་ཉི་ཤུ་པ་ས་སྤྲེལ་ཟླ་བ་དགུ་པའི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་བྲག་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྣམས་སྤྱན་དྲངས། ལོ་བརྒྱད་བར་དུ་གསང་རྒྱས་བཏབ། ཉེར་གཉིས་བྱ་ལོར་ན་བུན་རྫོང་ནས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་སྤྱན་དྲངས་ཀྱང་རྟེན་འབྲེལ་འགའ་ཞིག་འཆུགས་པའི་དབང་གིས་འཚུབ་སློང་ཡང་བྱུང་། ཉེར་ལྔའི་དུས་སྐྱབས་མགོན་སི་ཏུ་རིན་པོ་ཆེ་དང་མཇལ། གཏེར་ཆོས་དང་དམ་རྫས་སོགས་ཕུལ། ཉེར་དྲུག་སྟག་ལོར་དཀར་མོ་བྲག་ནས་ཐུགས་སྒྲུབ་ཆ་ལག་རྣམས་ཐོན། ཉེར་བརྒྱད་མེ་འབྲུག་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔར་འོག་མིན་ཀརྨའི་དམ་ཅན་བྲག་ནས་ཟབ་བདུན་ཆོས་སྐོར་གསང་གཏེར་དུ་ཐོན། ལོ་དེའི་སྤྲེལ་ཟླའི་ཚེས་བཅུ་ལ་ཡེལ་བྲག་ནམ་རུ་ནམ་མཁའ་མཛོད་ནས་སྐུ་ཚབ་རྣམ་གཉིས། མགོན་སྐུ་སོགས་སྐུ་རྟེན་རྣམས་དང་། དམ་རྫས་རོལ་པ་ཆེན་པོ་སོགས་དམ་རྫས་རིགས། གཡུ་བྱང་སོགས་བྱང་བུ་སྐོར་བདུན། བདུད་རྩི་ལྔ་ཤོག་སོགས་ཤོག་བུ་རིགས་བདུན་་་ཟབ་བདུན་ཆོས་སྐོར་ཆ་ལགས་ཡིན།མཆན།གྱི་ཆོས་ཚན་རྣམས་སྤྱན་དྲངས། ཟླ་ཉིན་ཁ་ལའི་བྲག་ནས་སླར་ཡང་ཐུགས་སྒྲུབ་ཀྱི་ཆོས་ཚན་འགའ་རེ་དང་། དམ་རྫས་བཀའ་རྒྱ་ཅན་ཐོན། དེའི་ཟླ་བ་དགུ་པར་ཁམས་མིག་དབྱེ་བྲག་ནས་བྲམ་ཟེ་ཁྲག་འཐུང་ནག་པོའི་དབུ་ཐོད་རྙེད་ཅིང་། ཆོས་གཏེར་ཞིག་ཡོད་པ་མ་ཐོན། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་རྒྱ་བཀྲོལ་ཏེ་དཀྱིལ་འཁོར་ཞལ་ཕྱེས། ལྷ་སྲིན་དམ་བསྒྲག་མཛད་པར། དེ་ནུབ་ཆོས་བདག་ཞབས་དྲུང་རིན་པོ་ཆེ་ཉིད་ལ་ཁྱད་པར་འཕགས་པའི་རིག་འཛིན་ནམ་མཁའ་གང་བ་ཞིག་ཞལ་གཟིགས་པ་དང་། གཞན་རྣམས་ལ་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་ཞུགས་པའི་རྟགས་འགའ་རེ་བྱུང་འདུག་པ་དང་། ཀུན་གྱིས་མཐོང་སྣང་མཐུན་པར་བསང་དུད་འཇའ་འོད་སྣ་ལྔར་འཁྱིལ་བ་དང་། བར་སྣང་དུ་འོད་ལྔའི་འཇའ་འོད་ཀྱི་ཐིག་ལེ་ཐིག་ཕྲན་གྱིས་གང་བ་སོགས་མཐོང་ངོ་། །དེ་སྐབས་གནས་དེར་སྨན་སྒྲུབ་བགྱིས་པ་སྨན་སྒྲུབ་ཀྱི་ཐོག་མ་ཡིན། དེའི་ཚེས་བཅུ་ལ་གནས་དེའི་དབུ་རྩེ་ནས་དགའ་རབ་རྡོ་རྗེའི་གདུང་རྟེན་སྤྱན་དྲངས། དེའི་ཉེ་སྐོར་ནས་གཏེར་ཕྲན་ཞིག་ཀྱང་སྤྱན་དྲངས། ཟླ་བ་བཅུ་གཉིས་པའི་རྒྱལ་བ་དང་པོ་ལ་སྨད་ཤོད་ཀྱི་འཛོམ་ནང་ཕུ་པདྨ་ཤེལ་ཕུག་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཀུན་གྱིས་མཐོང་བར་སྤྱན་དྲངས་པ་འདི་ཁྲོམ་གཏེར་གྱི་ཐོག་མ་ཡིན། མེ་སྦྲུལ་ལོ་གསར་པའི་ཚེས་གཅིག་དཔའ་བོ་ཕུག་གི་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་སྤྱན་དྲངས། དཔལ་སྤུངས་བླ་བྲང་དུ་གཏེར་ཞལ་ཕྱེས། ཙ་འདྲ་རིན་ཆེན་བྲག་གི་གནས་ངོས་སྤྲད། གནས་དེ་ནས་ཀྱང་ཁ་བྱང་འགའ་ཐོན་ཅིང་། ཚེས་བརྒྱད་ལ་ཀོང་སྤྲུལ། དབོན་སྤྲུལ་ཞབས་དྲུང་རིན་པོ་ཆེ་རྣམས་ལྷན་གཅིག་པས་རྒྱལ་ཁབ་ཏུ་སྨན་སྒྲུབ་མཛད་པའི་མཐར། སེང་གནམ་བྲག་ཏུ་བྱོན་པས་བཅོ་ལྔའི་ཉིན་ཀུན་གྱིས་མཐོང་བར་བྲག་གི་ནང་ནས་ཚེ་ཆུ་དང་ས་ཡི་ནང་ན་སྨན་ཆུ་རྣམས་ད་ལྟ་ཡང་འབབ་རྒྱུ་ཡོད་པར་སྤྱན་དྲངས་ཡོད། གཞན་ཨོ་རྒྱན་གྱི་སྐུ་ཆས་གསང་གོས། བེར་ཕྱམ། དབུ་ཞྭ། རྡོ་རྗེ་ཆོས་ཀྱི་མཐོང་གྲོལ་འཁོར་ལོ། སྟོན་པའི་སྐུ་ཆོས་དུམ་ཚལ། མཚོ་རྒྱལ་གྱི་སྙན་ཆ། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད་སོགས་ལས་གྲུབ་པ། ས་ལེ་སྦྲམ་དང་། འཛམ་བུ་ཆུ་གསེར་གྱི་ཕྲ་གོར་ཅན། ཁྲི་སྲོང་ལྡེའུ་བཙན། མཚོ་རྒྱལ་མནྡཱ་རཿབ་སོགས་ཀྱི་ན་བཟའ། བཻ་རོའི་སྐུ་ཆོས། རྡོ་རྗེ་སེམས་དཔའི་སྐུ་རྒྱུ་གང་ལས་གྲུབ་པ་ཆ་མ་འཚལ། ཨོ་རྒྱན་ཤངས་མཚལ་ལས་གྲུབ་པའི་གུ་རུའི་སྐུ་ཚབ། དམ་རྫས་རིགས་མང་པོ། སྨན་སྒྲུབ་གྭའུ་གང་། ཨོ་རྒྱན་ཕྱག་ཐམ། ཆོས་གཏེར་ནི་གསང་བའི་གླེགས་བམ་བཀའ་རྒྱ་ཅན། དམ་ཆོས་སྡེ་དྲུག་ལུང་ཆེན་སྡེ་དྲུག་བཞུགས་པ་ཨ་ནུ་ཡོ་གའི་ཆོས་སྐོར་ཡིན་པར་མངོན། གཏེར་བྱོན་ག་པུར་ཞོ་གཅིག་ཙམ་ཡོད་ཀྱང་། དེར་ཡོད་ཁྲོམ་གྱིས་ཧབ་ཐོབ་བྱས་སོང་། བྲག་རི་རིན་ཆེན་བརྩེགས་པའི་ཐོ་བྱང་ཡང་འཁོད་འདྲ།མཆན། ཡང་འཛི་པདྨ་ཤེལ་ཕུག་ནས་མཁན་པོའི་སྐུ་ཆོས་སྐོར་དང་། ཀེ་རོང་ནས་ཚེ་རྫས་སྤྱན་དྲངས། དེའི་སྐོར་ནས་ནོར་གཏེར་འགའ་རྙེད། ལོ་དེའི་ཟླ་བ་བཞི་པར་སྨན་སྒྲུབ། དགུ་པར་ཕུར་སྒྲུབ་རྣམས་ལའང་འགྲུབ་པའི་མཚན་མ་ཀུན་གྱི་མཐོང་སྣང་དུ་ཡང་གཏོར་མ་ལ་བདུད་རྩི་འབབ་པ་དང་། བུམ་པའི་བདུད་རྩི་ལུད་པ་དང་། སྐྱེས་བུ་དམ་པ་རྣམས་ལ་ཡི་དམ་ལྷ་ཡི་ཞལ་གཟིགས་པ་དང་། ཐུན་མོང་མ་ཡིན་པར་སྟོན་པ་སངས་རྒྱས་ཀྱིས་ལུང་བསྟན་དབུགས་དབྱུང་མཛད་པ་སོགས་ཕྱི་ནང་གི་གྲུབ་པའི་རྟགས་མཚན་རྨད་དུ་བྱུང་། དེ་རྗེས་གར་ཟུར་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུར་མཛད་པའི་སྐལ་ལྡན་འདུས་པ་སྟོང་བརྒལ་བའི་སྤྱན་ལམ་དུ་གནས་མཆོག་འབུམ་རྫོང་གི་པདྨ་དབང་ཕུག་ནས་དམ་རྫས་དང་ཆོས་གཏེར་ཐོན་པ། མཁའ་འགྲོ་སྡེ་ལྔས་གནས་ངོས་སྤྲད་པ་བཞིན་གཞན་རྣམས་ཀྱིས་བྱ་རྒོད་ལས་མ་མཐོང་། མཚོ་ནང་ནས་རྡོ་སྒྲོམ་ཀླུ་བདུད་ཁ་ལ་རཀྴས་དངོས་སུ་གཏད་པ་བྱུང་། གནས་རྙིང་ཕུག་གི་བྲག་གི་གདིང་ཁང་དུ་བྱོན་པས། དེར་ཨོ་རྒྱན་རིན་པོ་ཆེ་འཁོར་མཁའ་འགྲོ་རྒྱ་མཚོ་དང་བཅས་པ་བྱོན་འདུག་པས་ཡབ་ཡུམ་གཉིས་ཀྱིས་ཐུགས་བརྩེ་བས་ཞལ་གདམས་གནང་ཞིང་། སྐུའི་བཀོད་པ་ངོ་མཚར་བ་དུ་མ་དང་། རྩེད་མོའི་ཚུལ་ཡང་མང་པོ་མཛད། ཨོ་རྒྱན་གྱི་བཞུགས་ཁྲི་ནས་རང་བྱུང་ཐུགས་རྗེའི་སྒྲོལ་སྐུ། པྲ་ཆེན་ཧསྟིའི་རིལ་བུ། ཟུར་བཟའ་མེ་ཏོག་སྒྲོན་གྱི་ཐུགས་དམ་སྐོར་དྲུག །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་གྱི་ཆོས་སྐོར་རྣམས་སྤྱན་དྲངས་སོ། །སླར་ཡང་མཆོང་བྱང་སྨུག་པོར་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་རྣམས་ཀརྨའི་ཕྱོགས་ཀྱི་ཉེ་སྐོར་དུ་ཡོད་པར་བདག་གིས་ཤེས་སོ། །དེ་ཡང་འདོན་པའི་དུས་ལྕགས་ཕོ་སྤྲེལ་གྱི་ལོར་ཡིན་པ་ཀུན་གྱིས་གོ་བར་གྱིས། ༄༅། །འཆི་མེད་དཀར་མོ་སྟག་ཚང་གི་རྡོ་རྗེའི་བྲག་དང་། གཡུ་མཚོ་གཏན་འཁྱིལ་ནས་ཟབ་གཏེར་སྤྱན་དྲངས་པའི་ཞལ་བྱང་མདོར་བསྡུས་བཀྲ་ཤིས་ཏམྦུ་རའི་དབྱངས་སྙན་བཞུགས་སོ། །རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །པདྨའི་གདུང་འཛིན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་དང་། འཇམ་མགོན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཐུན་མོང་དུ་བླ་མ་དང་མཁའ་འགྲོས་ལུང་བསྟན་ཅིང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ་མེ་སྟག་དབྱུག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་༢༥དགེ་བར། བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་འཆི་མེད་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ་བསྐྱོད་ནས་ཉིན་གུང་ལ་སླེབ། གནས་མཐིལ་དུ་བསང་དང་ཚོགས་མཆོད་སོགས་བགྱིས་ཏེ་བསམ་འགྲུབ་ཀེའུ་ཚང་དུ་ཕྱིན། ཚོགས་ཀྱི་མཆོད་པ་སོགས་བགྱིས། ཕྱིར་ནངས་ཚེས་༢༦ལ་གནས་ཀྱི་རི་རྩེའི་བར་དུ་ཕྱིན་ཏེ་བཀོད་པ་བལྟས། བོད་ཁམས་སྤྱི་བྱེ་བྲག་གི་བདེ་ཐབས་ལ་དམིགས་པའི་རྩ་བ་གསུམ་གྱི་ཚོགས་སྐོང་། གཏོར་བསྔོ། བསང་གསེར་སྐྱེམས་བརྒྱ་རྩ་རྣམས་ལེགས་པར་བསྒྲུབས། ཚེས་ཉེར་བདུན་སྔ་ཆར་ཨོ་རྒྱན་གསང་ཕུག་ཏུ་ཕྱིན། གཏེར་མཚན་བཙལ་ནས་བྲག་གི་རྒྱ་རིམ་པར་བཤིགས། རྡོ་སྤྱིན་རྣམས་སོལ་མེའི་ངད་ལ་བཞུས་ཏེ་དཀའ་ཚེགས་ཆེར་མེད་པར་ཉིན་གུང་ཙམ་ལ་ཁྲོམ་ཚོགས་ཀུན་གྱིས་མཐོང་བར་སྐུ་ཚབ་དང་། རྫ་སྒྲོམ། ཕྱག་མཚན་སོགས་གདན་དྲངས། ཚེས་༢༦ཉིན་མཚོ་རྒྱལ་གསང་ཕུག་སྒོ་དུང་ངེ་འདུག་རུང་རྐྱེན་ཅུང་ཟད་ཀྱིས་མི་མངོན་པར་གྱུར་པ། ཚེས་༢༨ཉི་མ་རྩེ་ཤར་ཕྱིན་ནས་ཤུག་སྡོང་བཅད་དེ་སྐས་སུ་བཙུགས། །སྔ་མའི་གསང་ཕུག་ཡོད་པའི་ཐད་ནས་བརྐོས་པས་བྲག་སོར་དོ་ཙམ་ཞིག་པ་ན་ཕུག་པའི་སྒོ་གསར་དུ་བཅད་པའི་མཚམས་ཞིབ་པར་མཐོང་ནའང་། འཕྲལ་དུ་ལག་ཆ་སོགས་ཞན་སྟབས་ཐོན་དཀའ་བས་རྐོ་མཁན་བཞག་སྟེ་དེ་ཉིན་ཕྱི་དྲོ་ཕྱིར་འོང་། ཕྱིར་ཉིན་ཚེས་༢༩ལ་ཕྱག་མཛོད་བསོད་ནམས་སྟོབས་རྒྱལ་ཚང་སར་སླེབ་འཕྲལ་སྡེ་དགེ་རྒྱལ་བློན་ལ་གཏེར་དབང་སོགས་བགྱིས་ཏེ་རིམ་གྲོར་རྡོ་རྗེ་གྲོ་ལོད་དང་། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འཕང་བའི་ལས་སྦྱོར་བརྩམས། ཚེས་༣༠ལ་སྦྱིན་བདག་གི་རེ་བ་བསྐངས། སྨིན་དྲུག་ཟླ་བའི་ཚེས་༡ནས་སྡེ་དགེ་ཆོས་རྒྱལ་སྐུ་མཆེད་ལ་སྒྲོལ་དཀར་གྱི་ཚེ་དབང་དང་། ཡུལ་ཕྱོགས་ཀྱི་སྤྱི་རིམ་བསང་རི་ཁྲུས་སོགས་བགྱིས་ཏེ། སླར་ཡར་ཚེས་ལ་ངེད་རང་དཔོན་སློབ་ཉུང་ཤས་གནས་ནང་དུ་ཕེབས། གཏེར་རྒྱ་རྐོ་བཞིན་པའི་འཕྲོ་མཐུད། བསང་གསོལ་ཚོགས་སྐོང་སོགས་མང་བར་བགྱིས། ཚེས་༥ལ་སྡེ་དགེ་ཆོས་རྒྱལ་ཡང་བྱོན། ཚེས་༦ལ་འཇམ་མགོན་བླ་མའང་ཕེབས། ཚེས་བདུན་ནས་ངེད་རང་དཔོན་སློབ་རྣམས་ཐུན་མོང་ནས་ཚོགས་སྐོང་བསང་གསོལ་སོགས་བགྱིས། གཏེར་རྒྱ་མང་དུ་འདུག་པ་རིམ་པར་བཤིགས་པའི་བར་བར་དུ་གསེར་ཞུན་མའི་འདམ་བག་དང་། ས་སྦྱོར་ཁ་དོག་སྣ་ཚོགས་པ་ངོ་མཚར་བ་མང་དུ་བྱུང་། ཚེས་༩སྔ་དྲོ་ནས་གཏེར་ཐོན་ཉེ་བར་རིག་པས་བརྐོ་འཕྲོ་བཞག་སྟེ། དེ་ནུབ་སྲོད་འཁོར་ནས་གཟུང་གླུ་གར་དང་གསོལ་འདེབས་ཀྱི་གླུ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་མཚོན། དགོས་པའི་དབང་གིས་འུར་འུར་ཆེམས་ཆེམ་མང་དུ་བགྱིས་ཏེ་ངོས་དཔོན་སློབ་དང་སྡེ་དགེ་རྒྱལ་བློན་སོགས་འཁོར་བཅས་སྒྲུབ་ཕུག་ཏུ་ས་འུར་རྡོ་འུར་གྱིས་ཕྱིན། ཚོགས་མཆོད་དང་གསོལ་འདེབས་ཀྱི་ཛཔ྄་དབྱངས་རྒྱུན་མི་འཆད་པ་འུར་དིར་གྱིས་བསྒྲགས་ཏེ། སྨིན་དྲུག་ཟླ་བའི་ཚེས་བཅུའི་སྐྱ་རེངས་ཤར་བ་དང་ལྷན་ཅིག་ཕུག་པའི་གདོང་ནས་གཏེར་མཚན་བཙལ་ཏེ་བརྐོས་པས་དཀའ་ཚེགས་མེད་པར་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་ཕྱག་མཚན་གནམ་ལྕགས་རྡོ་རྗེ་བྲག་གི་ནང་དུ་འདམ་ལྟར་ཟུག་པ་ཕྱེད་ཙམ་བཏོན་ནས་ཐམས་ཅད་ཡིད་ཆེས་པའི་ཕྱིར་དེ་གར་བཞག་སྟེ། དེ་འཕྲལ་ཐམས་ཅད་ལ་མཇལ་དུ་བཅུག །དེ་ནས་ཉི་ཤར་དྲོས་མཚམས་ཕུག་པའི་ཕྱི་ནང་གི་ཟབ་གཏེར་རྣམས་སྤྱན་དྲངས། སྡེ་དགེ་རྒྱལ་བློན་སོགས་ཁྲོམ་ཚོགས་སུམ་བརྒྱ་ཙམ་ལ་གཏེར་དབང་སོགས་བགྱིས། སླར་ཡང་སྔ་ཕྱིར་གསལ་སྣང་འགའ་ཞིག་གིས་བསྐུལ་བ་ལྟར། ཚེས་བཅུ་ཕྱི་མ་ལ་ངོས་དཔོན་སློབ་རྣམས་སེང་རྒོད་གཡུ་མཚོ་གཏན་འཁྱིལ་གྱི་ཁར་སླེབ་མ་ཐག་ཉམས་དགའ་ཞིང་རིག་པ་དྭངས་ལ་བག་ཕེབས་པར་བྱུང་། ནམ་མཁའ་དབྱར་སྤྲིན་གསར་པའི་འཇའ་ཚོན་སྣ་ཚོགས་པ་འཕྲོ་བས་ཁེངས། སྔོན་གྱི་སྒྲུབ་བརྩོན་སྙིང་སྟོབས་ཅན་རྣམས་བསྡད་པའི་ཤུལ་གཡའ་ཁང་ཐོ་རེ་འདུག་པ་ཞིག་གི་ནང་དུ་ཚོགས་གཏོར་བཤམས་ཤིང་ཚོགས་མཆོད་བགྱིས། སླར་ཡང་ཚོགས་ཀྱི་མཆོད་པ་ཁྱད་པར་དང་བཅས་གསོལ་བ་བཏབ་པས་ཉམས་ཐོད་རྒལ་དུ་འུར་ནས། མཚོ་ལ་དར་ཆེན་ཆགས་པའི་དཀྱིལ་དུ་བགྲོད་དེ་དར་ཁུང་ཆེན་པོ་གཏིབ་པ་ན་ངོས་ཀྱི་མིག་ལས་འཇའ་སྣེ་ཟུག་པས་གཏེར་གྱི་གནས་ཚུལ་གསལ་བར་མཐོང་ཞིང་། འཇམ་མགོན་བླ་མ་ལའང་གསལ་སྣང་ཁྱད་པར་ཅན་དང་བཅས་གཏེར་བདག་ཀླུའི་རྒྱལ་པོ་རྣམས་དམ་ལ་གཟིར། དབྱུག་པའི་རྩེར་ངོས་ཀྱི་སྐ་རག་དང་ཤམ་ཐབས་དཔྱངས་ཏེ་ཟབ་གཏེར་སྤྲོད་པར་བཀའ་བསྒོས་པ་བཞིན་ནམ་མཁའ་སྤྲིན་མེད་པ་ལས་མེ་ཏོག་གི་ཆར་ཁུ་འཕང་ལྟ་བུར་བབས་ཤིང་། ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསེར་ཕྱེའི་མེ་ཏོག་གཏོར་བ་མཚོ་ཁར་སེར་ཉིལ་གྱིས་ཆགས་པ་དང་ལྷན་ཅིག་ཟབ་གཏེར་བདེ་བླག་ཏུ་སྤྱན་དྲངས་ཤིང་གཏེར་ཚབ་ཚོགས་རྫས་སོགས་གྱ་ནོམ་ཕུལ་ཏེ་དེ་ནུབ་གནས་མཐིལ་དུ་སླེབ། ཕྱིར་ཉིན་སྔ་མའི་གཏེར་ཤོག་འགའ་ཞིག་ཕབ་སྟེ་ཕྱིར་འོང་། ཐོག་མཐའ་བར་གསུམ་དུ་ལྷོང་དང་འཚུབས་ཀྱི་རྣམ་པ་སོགས་གེགས་བར་ཕྲ་མོའང་མེད་པར་བཀྲ་ཤིས་ལ་བྱིན་ཆགས་པར་བྱུང་ངོ་། །ཞེས་པའང་རྒྱལ་དབང་པདྨའི་ལུང་ཟིན་སྐྱབས་མགོན་སི་ཏུ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་ཀྱི་དགྱེས་པ་བསྐང་བའི་ཕྱིར་ཨོ་རྒྱན་བླ་མའི་གདུང་འཛིན་མཆོག་གྱུར་གླིང་པས་སྒྲོ་སྐུར་སོགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་གནས་ལུགས་དྲང་པོར་བྲིས་ཏེ་ཕུལ་བ། རིགས་གསུམ་སྤྲུལ་པའི་སྒྱུ་འཕྲུལ་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེས་བོད་ཁམས་མཐའ་དབུས་ཀུན་ཏུ་ཕན་པ་དང་བདེ་བའི་དགེ་མཚན་ཕུན་སུམ་ཚོགས་པ་དུས་རྟག་ཏུ་འབྱུང་བར་གྱུར་ཅིག །དགེ་འོ།། །།