Terdzo-GI-010



Property "author" has been marked for restricted use.








Terdzo-GI-010.pdf
Click the picture above to view the Shechen manuscript.

མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གྱི་སྲོག་དབང་སྲོག་གི་ཐ་རམས་འགྲོལ་བར་བྱེད་པའི་དབང་ཆོག་ཨིནྡྲ་ནི་ལའི་ལྡེའུ་མིག་

mkha' 'gro bdud 'dul drag mo seng ge'i gdong pa can gyi srog dbang srog gi tha rams 'grol bar byed pa'i dbang chog in+d+ra ni la'i lde'u mig

by  འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul)
revealed by  སྟག་ཤམ་ནུས་ལྡན་རྡོ་རྗེ་ (Taksham Nuden Dorje)
in cycle  མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་ (Mkha' 'gro bdud 'dul drag mo seng ge'i gdong pa can)
parent cycle  ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ (DA ki'i snyan brgyud zab mo)
Volume 33 (གི) / Pages 133-166 / Folios 1a1 to 17b4

[edit]

༄༅། །མཁའ་འགྲོ་བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གྱི་སྲོག་དབང་སྲོག་གི་ཐ་རམས་འགྲོལ་བར་བྱེད་པའི་དབང་ཆོག་ཨིནྡྲ་ནི་ལའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཆོས་ཅན་འཁྲུལ་རྟོག་བདུད་དཔུང་ཟ་བྱེད་པ། །ཆོས་ཉིད་གདོད་མའི་དབྱིངས་ཆེན་འཕྲོག་བྱེད་ཞལ། །དུས་གསུམ་གཤེགས་ཀུན་སྐྱེད་ཅིང་སྡུད་མཛད་དང་། །དབྱེར་མེད་སེང་གེའི་སྒྲ་ལྡན་བླ་མར་འདུད། །གསང་སྔགས་ཡང་སྙིང་བདུད་འདུལ་དྲག་མོ་ཡི། །སྨིན་བྱེད་ཡང་ཟབ་སྲོག་གི་ཐ་རམས་ཉིད། །སྣོད་ལྡན་དཔྱིད་དུ་དབྱེ་བའི་ལྡེའུ་མིག་འདི། །འཛིན་པོ་རྡོ་རྗེ་སློབ་དཔོན་ཉིད་དུ་ངེས། །ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་པའི་གསང་རིག་གཟུངས་སྔགས་ཀུན་གྱི་ཡང་ཞུན་ཡེ་ཤེས་མཁའ་འགྲོ་བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ། ནུས་བཅུད་དང་ལྡན་པའི་སློབ་དཔོན་གྱིས་དངོས་གྲུབ་དོན་དུ་གཉེར་བའི་སློབ་མ་ཐུན་མོང་མ་ཡིན་པ་ལ་སྲོག་དབང་ཟབ་མོ་སྦྱིན་པ་ལ་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་དབང་བསྐུར། རྗེས་དམ་ཚིག་གི་རིམ་པའོ། །དང་པོ་ལ་གཉིས། ཆས་དང་སློབ་བུ་སྟ་གོན་དུ་བྱ་བའོ། །དང་པོ་ནི། བྱིན་བརླབས་པའི་དབེན་ཁྲོད་ལ་སོགས་པ་མཁའ་འགྲོ་འདུ་བའི་གནས་སུ། ལོ་བྱ་སྤྲེལ་དང་མགོ་ཟླ་ལ་སོགས་པའི་ཚེས་གཅིག་གསུམ་བཅུ་གསུམ་དགུ་གསུམ་རྒྱལ་ཕུར་འཛོམ་པ་ལྟ་བུ་དངོས་གྲུབ་སྦྱོར་བ་ལ་དཀྱིལ་འཁོར་རབ་ཐིག་ཆོག་དང་ལྡན་པས་རྡུལ་ཚོན་བཞེངས། འབྲིང་སྟེགས་བུ་གཙང་མར་དྲི་བཟང་ཙནྡན་ཨ་མྲྀཏ་དང་སིནྡྷུ་རས་ཆག་ཆག་གདབ་པ་ལ་རས་བྲིས་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུ་གཙང་མས་ཚོམ་བུ་ལྷ་གྲངས་བཀོད། དཀྱིལ་འཁོར་རྒྱས་བསྡུས་གཉིས་ཏེ། རྒྱས་པ་དྲག་དཀྱིལ་སྒོ་རྫོགས་དུར་ཁྲོད་བརྒྱད་རྡོ་རྗེ་མཚོན་ཆ་མེ་རིས་བསྐོར་བའི་དབུས་སུ་པདྨ་འདབ་བཞི་དམར་པོ། དེ་རྒྱབ་ཆོས་འབྱུང་བསྣོལ་མ་དམར་པོ་ཟུར་དྲུག་དགའ་འཁྱིལ་ཏེ་གཡུང་དྲུང་དཀར་པོ་རེ་རེ། དེ་རྒྱབ་སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་གསུམ་དང་ཐོད་ཕྲེང་གིས་བསྐོར་བ། ལྷ་མཚན་རྒྱས་བསྡུས་བཀོད་ཚུལ་སྤྱི་ལྟར་བྱས་པ། བསྡུ་ན་སྒོ་རྫོགས་མི་དགོས། ཐོད་པའི་རྒྱབ་པད་རྡོར། དུར་ཁྲོད། མེ་མཚོན་ར་བས་བསྐོར་བ་ཙམ་བྲི། གང་ལྟར་དཀྱིལ་འཁོར་དབུས་སུ་ཁྲིའུའི་ཁར། ཟངས་བུམ་མཚན་ལྡན་སོ་ལྔའི་བཅུད་དང་དར་དམར་མགུལ་ཆིངས་བཅས་བཤམས་པའི་སྐུའི་དཀྱིལ་འཁོར། དེ་སྟེང་མོ་ཐོད་མཚན་ལྡན་དུ་ཆང་དང་ཨ་མྲྀཏ་སྦྱར་བ་གསུང་གི་དཀྱིལ་འཁོར། དེ་སྟེང་མེ་ལོང་ཆང་གིས་བརླན་ཅིང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མ་ཟུར་དྲུག་དགའ་འཁྱིལ་དང་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་བཾ། འདབ་བཞིར་ཧ་རི་ནི་ས་བྲིས་པ་ཐུགས་ཀྱི་དཀྱིལ་འཁོར་ཏེ་སུམ་བརྩེགས་སྟེང་དར་དམར་ཟུར་གསུམ་དུ་བལྟབས་པས་བཀབ། དེ་སྟེང་འཕྲུལ་སྟེགས་ཁར་བནྡྷའམ་ཟངས་སྣོད་དུ་རྟེན་གཏོར་གདན་ཆོས་འབྱུང་གཉིས་བརྩེགས་ཀྱི་སྟེང་མའི་ཟུར་གསུམ་འོག་ཐོད་སྐམ་གྱིས་འདེགས་པའི་སྟེང་དུ་གཏོར་མ་ཙིཏྟའི་དབྱིབས་ལ་ཕྱོགས་བཞིར་རྡོ་རྗེའི་རྭ་བཞིའི་རྣམ་པ་གཏོད་པས་རྡོ་རྗེ་ཕྱེད་པའི་དབྱིབས་པད་འདབ་བརྒྱད་པ། པདྨའི་ལན་ཚར་ཅན་ལ་བཤོས་བྲན་ནོར་བུའི་དབྱིབས་ཅན་བཞིས་བསྐོར་བ། རྩེ་མོར་གཙོ་མོའི་སྐུ་ཙཀ་གཙུགས་ཤིང་དར་གདུགས་དམར་པོས་སྤྲས་པ་བཤམ། དབུས་མདུན་འཁོར་གྱི་མཁའ་འགྲོ་བཅུ་གཉིས་ཀྱི་ཙཀླི། གཡས་གཡོན་དུ་གྲི་ཐོད་དང་། ཆས་དབང་བཅུ་པོ་སོ་སོར་ཡོད་པའི་ཙཀླི། སྔགས་བྱང་གསེར་བྲིས། རཀྴའམ་ཐོད་ཕྲེང་། གཞུང་པོད་རྣམས་དང་། སྲུང་ཟློག་བསད་གསུམ་རྗེས་གནང་བསྐུར་ན་དེ་དག་གི་ཙཀླི་སོགས་ཀྱང་བཀོད། ནུབ་ཏུ་མཆོད་གཏོར་གཙོ་མོ་ཕུར་དབྱིབས་ལ་འཁོར་ཟུར་གསུམ་བཞི་དང་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བའི་གཡས་གཡོན་སྨན་རཀ་མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་ལས་བུམ། ལྷོར་ཚོགས་ཀྱི་ཡོ་བྱད། བྱང་དུ་ཕུར་པ་དང་ཆོས་སྐྱོང་གི་གཏོར་མ་རྣམས་བཤམ། མིག་དར། དམ་ཆུ། ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་ཀྱི་རིགས་རྣམས་ཀྱང་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། ལས་བྱང་རྒྱས་པ་གཏང་བ་སྐབས་སུ་བབས་ཀྱང་སྤྲོས་པས་སུན་ན་བསྡུས་པ་ལའང་དོན་ཐམས་ཅད་ཚང་བས་བརྒྱུད་འདེབས་ནས་བརྩམ་མཐར་ཆགས་སུ་གཏང་། བློ་རབ་ཀྱིས་བདག་མདུན་གཅིག་རྫོགས་སུ་བསྐྱེད། འབྲིང་པོས་བཞིན་དང་མེ་ལོང་གི་ཚུལ། ཐ་མས་ཚིག་གཅིག་གིས་ཆ་གཉིས་སུ་བསྐྱེད་ལ་སོ་སོར་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་ཅི་འགྲུབ་ཁ་སྐོང་བཅས་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་འགྲོ་དང་། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་ནས་བདག་འཇུག་མདོར་བསྡུས་ལེན་པའམ། མི་ནུས་ན་སྤྱི་འགྲོ་ལམ་དུས་ཀྱི་དབང་དམིགས་པས་བླང་། ཡང་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །གཉིས་པ་སློབ་མ་སྟ་གོན་ནི། སྣོད་ལྡན་ཚུལ་དང་མཐུན་པའི་སློབ་མ་ཉུང་ངུ་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བྱིན་བརླབས་ཤིང་འགུགས་པ་དང་བསྔོ་བ་བཅས་སྔོན་གཏོར་ཆ་གཉིས་པ་ལྟར་རམ་སྤྱི་མཐུན་བྱ་བ་ལ་ལས་བྱང་གི་བགེགས་བསྐྲད་དང་སྲུང་འཁོར་འདོན་བསྒོམ་བྱ། མཎྜལ་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཕགས་བཞི་སྐྱེད་པའི་ཡུམ་ཀུན་བཟང་ཤེས་རབ་ཕར་ཕྱིན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གནས་སྐབས་ལམ་གྱི་བར་ཆད་མཐའ་དག་ཞི་བ་དང་མཐར་ཐུག་བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་ཌཱ་ཀི་བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ་ཞུགས་ནས་རིམ་པ་གཉིས་ཀྱི་ལམ་མཐར་ཕྱིན་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་གསན་འཚལ། གསན་བྱ་ཟབ་མོའི་ཆོས་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་སྨོས་ན། སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་འོད་དཔག་མེད་ཀྱི་བསྟན་པའི་མཇུག་ཏུ། བདུད་དགའ་རབ་དབང་ཕྱུག་གི་བུ་མོ་ཕྲ་མེན་སེང་གདོང་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དབུགས་དང་ཤ་ཁྲག་ལ་ལོངས་སྤྱོད་ཅིང་སངས་རྒྱས་ཀྱི་བསྟན་པ་ལའང་མངོན་པར་གནོད་ཅིང་མུ་སྟེགས་བདུད་ཀྱི་སྡེ་འཕེལ་ནས་རྒྱལ་བསྟན་ཉམས་དམའ་བར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཉམ་པར་གཟིགས་ནས་ཕྲ་མེན་མ་རུངས་པའི་བདུད་དེ་འདུལ་བ་ལ་ཁོ་རང་འདྲ་བ་ཞིག་སྤྲུལ་ནས་འདུལ་དགོས་པར་མཁྱེན་ཏེ། ཡེ་ཤེས་ཀྱི་དབྱིངས་ནས་སྤྲུལ་པའི་མཁའ་འགྲོ་སེང་གདོང་དྲག་མོའི་སྐུ་མངོན་དུ་སྣང་བར་མཛད་ཅིང་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་མཐུ་སྟོབས་ནུས་པ་བྱིན་རླབས་ཀྱིས་དབང་བསྐུར། བདུད་དཔུང་འདུལ་བའི་དཔའ་མོར་མངའ་གསོལ་ནས། དྲག་མོ་ཁྲོས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་དུ་གཡོས་པའི་ཚེ། བདུད་མོ་ཕྲ་མེན་ཐམས་ཅད་རབ་ཏུ་འཁྲུགས་ཤིང་མ་རུངས་པའི་ཆོ་འཕྲུལ་དྲག་པོ་སྟོན་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་དྲག་མོ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ངང་ནས་སྤྲུལ་པ་དུ་མས་བདུད་ཀྱི་ནུས་པ་བཅོམ། མཐུ་དང་སྟོབས་རྩལ་ཕྲོགས་ནས་དབང་དུ་བསྡུས་ཤིང་རྣམ་ཤེས་མཁའ་འགྲོའི་ཐུགས་ཀློང་དུ་གནས་སྤར། ལུས་ཕུང་དུར་ཁྲོད་གསང་ཆེན་བསྣོལ་མར་བྱིན་གྱིས་བརླབས། འཁོར་ཚོགས་དྲེགས་པ་ཅན་རྣམས་ཀྱིས་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་སྲུང་མར་བཞག །དེར་གཙོ་མོས་གསང་སྔགས་མ་རྒྱུད་ཀྱི་ཆོས་འཁོར་བསྐོར་ནས་ཐམས་ཅད་དཀྱིལ་འཁོར་ཆེན་པོ་གཅིག་གི་ངང་དུ་བཞུགས་སོ། །དེ་ནས་ཚེ་ལོ་བརྒྱ་པའི་སྐབས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན། ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་པར་མཛད། ཁྱད་པར་ཝ་ར་ཎཱ་སི། བྱ་རྒོད་སྤུངས་པ། འོག་མིན་གྱི་གནས་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། གཞན་ཡང་གསང་ཆེན་མེ་རི་འབར་བ་དང། དུར་ཁྲོད་ལངྐ་བརྩེགས་པ་རྣམས་སུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་དཔག་ཏུ་མེད་པར་སྤྲུལ་ཏེ་མ་ངེས་པའི་རྒྱུད་སྡེ་མང་པོ་དང་། ཏནྟྲ་ཆེན་པོ་བཅོ་བརྒྱད། བསྟན་སྲུང་དྲག་སྔགས་ཀྱི་སྐོར་མ་ལུས་པ་གསུངས། ཁྱད་པར་དུར་ཁྲོད་གསང་ཆེན་བསྣོལ་དུ་བྱོན་ནས་འཁོར་རྣམས་ལ་བཀའ་བསྩལ་པ། ད་ལྟ་ཉི་མ་གནམ་གྱི་དཀྱིལ༔ མུན་པ་བྱ་བ་ཡིད་ལ་མེད༔ མུན་པ་ཉི་མ་བརྒལ་ནས་འོང༔ བསལ་ཐབས་དྲག་སྔགས་བཟླ་བ་དགོས༔ ཞེས་གསུངས་པའི་དོན་གནང་བར་གསང་བའི་བདག་པོས་ཞུས་པ་ལྟར་སྟོན་པ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པས། མཁའ་འགྲོ་བདུད་འདུལ་མ་དངོས་ཀྱིས་གནམ་ལྕགས་ཐོག་རྒྱུད་ཅེས་བྱ་བ་ཡི་གེ་བཅུ་བཞི་རྐང་ལག་མེད་པ་སྦྲུལ་གཅུན་པོའི་རེ་སོ་འདྲ་བ་གཅིག་ཕུལ། དེ་ལ་སངས་རྒྱས་ཀྱིས་ཐོག་རྒྱུད་ཕ་རྒྱུད། མ་རྒྱུད། མ་ནིང་། བླ་མེད། ཡང་གསང་གི་རྒྱུད་དང་ལྔར་གསུངས་ཏེ། དེ་ལྔ་ལའང་རྒྱས་པ། ཤིན་ཏུ་རྒྱས་པ། བསྡུས་པ། ཤིན་ཏུ་བསྡུས་པ། འབྲིང་པོ་དང་ལྔ་ལྔར་ཕྱེས་ནས་གསང་བའི་བདག་པོ་ལ་གཏད་ནས་འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་སྙིང་སངས་རྒྱས་བསྟན་པ་སྲུང་བའི་མཚོན་ཆ་ཡིན་པས་མཆོད་རྟེན་བུམ་པ་ཅན་ལ་གཏེར་དུ་སྦོས་ལ་མཁའ་འགྲོ་བདུད་འདུལ་མ་ཉིད་ལ་གཉེར་དུ་གཏོད་ཅིག །ཅེས་གསུངས་པ་བཞིན་གསང་བདག་གིས་དུར་ཁྲོད་གསང་ཆེན་བསྣོལ་མའི་དབུས་མཆོད་རྟེན་བུམ་པ་ཅན་དུ་རྒྱ་རིམ་པ་བདུན་བཏབ་ནས་གཏེར་དུ་སྦས་སོ། །དེ་རྗེས་སངས་རྒྱས་མྱ་ངན་ལས་འདས་ནས་མི་ལོ་བདུན་བརྒྱ་དང་ལྔ་བཅུ་ཙམ་སོང་བའི་སྐབས། རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་སཱུརྻ་སིཾ་ཧས་མཆོད་གནས་པཎ་ཆེན་ལྔ་བརྒྱ་དང་བཅས་སངས་རྒྱས་ཀྱི་བསྟན་པ་སྐྱོང་བའི་དུས། ཕྱི་ལོག་མུ་སྟེགས་བདུད་ཀྱི་བསྟན་པ་འཕེལ་ནས་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་རྩོད་དུ་བྱུང་བའི་ཚེ། ཆོས་རྒྱལ་དང་པཎ་ཆེན་རྣམས་ཀྱིས་པདྨ་སཾ་བྷ་བ་སྤྱན་དྲངས་ནས་བདུད་འདུལ་བར་གསོལ་བ་བཏབ་པས་པདྨས་རྫུ་འཕྲུལ་དང་རྩོད་པས་བདུད་རིགས་ཕམ་པར་བྱས། ཕྱི་པས་ངན་སྔགས་བཏང་བ་ན་དུར་ཁྲོད་གསང་ཆེན་བསྣོལ་མར་བྱོན་ནས་དྲག་མོ་གནམ་ལྕགས་ཐོག་གི་རྒྱུད་གཏེར་ནས་བཏོན། དྲག་སྔགས་བཅུ་བཞི་པས་མུ་སྟེགས་རྣམས་རང་གཤེད་རང་ལ་ཕབ་སྟེ་སྟོན་པ་སྡེ་དྲུག་ཐོག་གིས་བསད། བདུད་ཀྱི་དཔུང་ཚོགས་མ་ལུས་པ་བཅོམ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་བོད་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་དུས་ཀྱིས་བསྐུལ་བཞིན་ཆོས་རྒྱལ་ཆེན་པོས་སློབ་དཔོན་པདྨ་བོད་དུ་གདན་དྲངས་ནས། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཁྱད་པར་ཅན་དང་མདོ་སྔགས་ཀྱི་བསྟན་པ་དར་སྨིན་རྒྱས་པར་མཛད། མི་ལོ་བརྒྱ་དང་བཅུ་གཅིག་བོད་དུ་བཞུགས་པའི་བདུན་ཅུ་དོན་གསུམ་སྟག་གི་ལོ་ལ་བསམ་ཡས་སོགས་གནས་ཆེན་རྣམས་སུ་ལས་ཅན་དག་པའི་འཁོར་རྣམས་ལ་ཡི་དམ་དགོངས་འདུས་ཡོངས་རྫོགས་གནང་བའི་ཚེ། ཁྱད་པར་ཆོས་སྐྱོང་མཁའ་འགྲོའི་དྲག་སྔགས་འདི་ཌཱ་ཀི་བདུད་འདུལ་མའི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ་བསྩལ། དེས་མི་བརྗེད་པའི་གཟུངས་ཀྱིས་བོད་ཤོག་སེར་པོ་ལ་མཁའ་འགྲོ་ཤ་ཟའི་ཡི་གེ་དང་བོད་ཡིག་འདྲེས་མར་བྲིས། ཟངས་ཀྱི་གའུ་ཟླུམ་པོ་དབང་ཕྱུག་གི་སྐུ་དང་ལོ་སྐོར་གྱི་གཟུགས་ཚང་བའི་ནང་དུ་ཁྱད་པར་ཅན་གྱི་དམ་རྫས་སྲོག་གི་རྟེན་གནམ་ལྕགས་ཕུར་པ་ཇོ་མོ་ཉིད་ཀྱི་དབུ་ལོ་བཅས་ལྷན་ཅིག་བཅུག་ནས། མདོ་ཁམས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་སྟག་ཚང་མིང་ཅན་རྣམས་ཀྱི་གཙོ་བོ་གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་ས་དམིགས་ཕ་ཝཾ་མཁལ་མ་འདྲ་བར་རྒྱ་རིམ་པ་བདུན་བཏབ་ནས་གསང་བའི་གཏེར་དུ་སྦས་པ། སྙིགས་མའི་དུས་མཐར་འདུལ་བའི་སྐབས་སུ་བབས་པའི་ཚེ་རྟ་མགྲིན་སྤྲུལ་པ་དཔའ་བོ་ཨཱརྻ་སཱ་ལའི་སྐྱེ་མཐའ་སྤྲུལ་པའི་གཏེར་ཆེན་བསམ་གཏན་གླིང་པའམ། རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེས་སྤྱན་དྲངས་ཏེ་ལོ་ལྔར་གསང་རྒྱ་མཛད། ཕྱི་ནང་དུས་རྟགས་མངོན་དུ་གྱུར་པའི་ཚེ་གཏན་ལ་ཕབ་ཅིང་ལུང་ཟིན་སྐལ་ལྡན་རྣམས་ལ་བསྩལ་པ་དང་། གཞན་ཡང་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་འཕྲུལ་གཏེར་སྟོན་མ་ཏི་རཏྣས་ཐང་ཤིང་རྒྱལ་བའི་གནས་མཆོག་གུ་རུའི་གསང་ཕུག་གི་སིནྡྷུ་རའི་ཆུ་བོ་ནས་སྤྱན་དྲངས་པའི། བདུད་འདུལ་དྲག་མོའང་རྒྱས་བསྡུས་ཙམ་ལས་འདི་དང་ཞུ་དག་ཕེར་ཞིང་དབང་ལུང་བྱིན་རླབས་ཀྱི་ཆུ་བོ་གཅིག་འདྲེས་སུ་བཞུགས་པ་སྟེ། འདིའི་ཆེ་བའི་ཡོན་ཏན་མདོར་བསྡུས་པའང་སངས་རྒྱས་ཀྱི་ཞལ་ནས། མ་འོངས་རྒྱུད་འདི་གར་བབས་སུ་སངས་རྒྱས་བསྟན་པ་རྒྱས་པར་འགྱུར་རོ། །མུ་སྟེགས་མེད་པར་འགྱུར་རོ། །ཕྱིན་ཅི་ལོག་མེད་ཅིང་བསམ་གཏན་བདེ་བར་འགྱུར་རོ། །མཁའ་འགྲོ་འདི་ནི་སངས་རྒྱས་བསྟན་པའི་དོན་དུ་ཐུགས་བསྐྱེད་པ་ཡིན་པས། གཞན་གང་ལས་ཁྱད་བདུན་གྱིས་འཕགས་སོ། །འདིའི་སྔགས་བཟླས་པ་ཙམ་གྱིས་ནུས་པ་འགྲུབ་པའི་ཁྱད། ཡིད་ལ་དྲན་པ་ཙམ་གྱིས་བསམ་པ་འགྲུབ་པའི་ཁྱད། ལུས་ལ་བཅངས་པ་ཙམ་གྱིས་མི་མཐུན་པ་སྲུང་བའི་ཁྱད། བྲིས་པ་ཙམ་གྱིས་བསོད་ནམས་འཕེལ་བའི་ཁྱད། ཉན་པ་ཙམ་གྱིས་བྱིན་རླབས་ཞུགས་པའི་ཁྱད། སྒོམ་པ་ཙམ་གྱིས་དངོས་གྲུབ་ཐོབ་པའི་ཁྱད། སྒྲུབ་པ་ཙམ་གྱིས་གྲུབ་རྟགས་སྟོན་པའི་ཁྱད་ཡོད་དོ། །ཞེས་བཀའ་བསྩལ་པ་སྟེ། དེ་ལྟ་བུའི་གཏེར་ཁ་གཉིས་ལྡན་གྱི་དཀྱིལ་འཁོར་གཉན་པོར་དབང་བསྐུར་བའི་ཚུལ་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། འདིར་རྩ་བའི་དབང་བསྐུར་རྒྱས་པ་དྲག་མོའི་སྲོག་དབང་ཟབ་མོ་ཉིད་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་པ་ལགས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །དེ་ལྟར་མཎྜལ་སྔོན་དུ་སོང་ནས། དད་པ་གསུམ་ལྡན་གྱིས་གསོལ་བ་གདབ་དགོས་ཏེ། དེ་ཡང་གདམས་པ་ཁྱད་པར་ཅན་ཌཱ་ཀིའི་ཐུགས་བཅུད་ཟབ་མོ་བརྒྱུད་པ་ཁུངས་དང་བཅས་པ་ལ་ཡིད་ཆེས་པའི་དད་པ། ཟབ་ཆོས་འདི་ལྟ་བུའི་སྒོར་ཞུགས་ནས་ཉམས་སུ་ལེན་ཅིང་རང་གཞན་གྱི་དོན་བྱེད་པར་མོས་པའི་དད་པ། བླ་མ་ལ་ཐ་མལ་གྱི་འདུ་ཤེས་དོར་ནས་ཡེ་ཤེས་ཀྱི་མཁའ་འགྲོ་དང་དབྱེར་མེད་པར་དང་བའི་དད་པ་དང་གསུམ་བསྐྱེད་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གི་ལུས་ངག་ཡིད་གསུམ་སྨིན་བྱའི་ཕྱིར༔ གསང་སྔགས་ཟབ་མོའི་སྒོར་གཞུག་ནས༔ ཌཱ་ཀིའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་འདེབས་པ་པོའི་རིགས་དང་སྣོད་བརྟག་པ་འདི་ལ་གསན་འཚལ། ཧོ༔ ཁྱེད་ཅག་གང་ཡིན་ཅི་ཞིག་བྱ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ མི་ནུས་ལོག་ལྟ་ཕྱིར་དེངས་ཤིག༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཧོ༔ ངེད་ཅག་ཚོགས་བསགས་ལས་འཕྲོ་ཅན༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སོ༔ ཅི་གསུང་བཞིན་དུ་བདག་གིས་བསྒྲུབ༔ ཅེས་ཞུ། དེའང་རང་རེ་རྣམས་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར་ཐོག་མཐའ་དང་བྲལ་བར་སྡུག་བསྔལ་དྲག་པོའི་རྦ་ལ་གཡེངས། འཁོར་བའི་རྒྱུ་མ་རིག་པ་ལས་རྐྱེན་གཟུང་འཛིན་ཉོན་མོངས་པའི་དབང་གིས་བག་ཆགས་སྣ་ཚོགས་བསགས་པས། འབྲས་བུ་རིགས་དྲུག་གི་གནས་སུ་སྡུག་བསྔལ་དུ་མ་ལ་སྤྱོད་ཅིང་འཁོར་བ་མི་གཙང་བའི་འདམ་རྫབ་དང་། མེ་འབར་བའི་འོབ་ན་ཚུད་པ་ལྟ་བུ་སྟེ། སྡུག་བསྔལ་དེ་ལས་སྐྱོབ་ཅིང་ཐར་པའི་ཐབས་ནི་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྨིན་གྲོལ་རིམ་གཉིས་ཀྱི་ལམ་མཐར་ཕྱིན་པ་ལ་འདུས་པས། ཆོས་གང་ལའང་ཐོག་མར་སྐྱབས་སུ་འགྲོ་བ་ལ་གཞི་བཅའ་དགོས་པའི་ཕྱིར་དམིགས་འདུན་འདི་ལྟར་དུ་མཛོད། ཧོཿ ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་ཌཱ་ཀི་དབྱེར་མེད་པ་ལ་དཀོན་མཆོག་རྩ་གསུམ་ལྷ་ཚོགས་སྐྱབས་གནས་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་དང་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདི་བཞིན་རྗེས་ཟློས་མཛོད། ཨེ་མ་ཧོ༔ བྱིན་རླབས་གཏེར་འབྱུང་བླ་མ་དང༔ དངོས་གྲུབ་རྒྱ་མཚོ་ཡི་དམ་ལྷ༔ ཕྲིན་ལས་བཞི་སྒྲུབ་མཁའ་འགྲོའི་ཚོགས༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ ལན་གསུམ་བྱ། འཁོར་བའི་སེམས་ཅན་སྡུག་བསྔལ་གྱིས་མནར་བ་འདི་རྣམས་རང་གི་ཕ་མ་དྲིན་ཆེ་བ་ཤ་སྟག་ཡིན་པས་སྡུག་བསྔལ་ལས་བསྒྲལ་ནས་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་རྒྱུད་སྨིན་པར་བྱས་ནས་ལམ་རིམ་པ་གཉིས་མཐར་དབྱུང་བར་བགྱི་སྙམ་དུ་སྨོན་འཇུག་གི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ རྩ་བ་གསུམ་ལ་སྐྱབས་སོང་ནས༔ བྱང་ཆུབ་སེམས་ནི་རྟག་ཏུ་བསྒོམ༔ ཤེས་རབ་སྙིང་རྗེ་ཐབས་ཀྱིས་སྦྱང༔ བླ་མེད་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་བྱ། དེ་ཡང་སྐྱབས་སུ་སོང་བས་ཕྱི་སོ་ཐར་གྱི་སྡོམ་པ་ཐོབ་ཅིང་དོན་གྱི་སྐྱབས་འགྲོ་བརྟན། སེམས་བསྐྱེད་པས་ནང་བྱང་ཆུབ་སེམས་ཀྱི་བསླབ་པ་ཀུན་རྫོབ་དོན་དམ་གཉིས་མེད་ཐོབ་ཅིང་བརྟན་པར་འགྱུར། གསང་བ་སྔགས་ཀྱི་དམ་ཚིག་དབང་གིས་ཐོབ་པ་ཡིན་པས་དེའི་ཕྱིར་དཀྱིལ་འཁོར་གཉན་པོར་འཇུག་པ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་ལད་མོ་མཛོད། ཀྱེ་ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་འདོད་བསྙེན་སྒྲུབ་སྤྲོ༔ ཐུགས་རྗེ་གཏེར་གྱིས་བསྩལ་དུ་གསོལ༔ ལན་གསུམ་ཞུ། བླ་མས་གནང་བ་སྦྱིན་པ་ནི། ཧོ༔ མཁའ་འགྲོ་གསང་བའི་དཀྱིལ་འཁོར་འདི༔ སྐལ་ལྡན་ལས་འཕྲོ་ཅན་མ་གཏོགས༔ ཀུན་གྱིས་མཐོང་བ་མ་ཡིན་ནོ༔ བུ་ཁྱོད་གུས་པས་ལེགས་པར་ལྟོས༔ ཞེས་བརྗོད་ལ་ཡོལ་བ་ཕྱེ། དེ་ནས་དཀྱིལ་འཁོར་བསྟན་ཅིང་ལྷ་ངོ་སྤྲད་ལ་ཁ་དོག་དྲི་བ་ནི། ཧོཿ ཉོན་ཅིག་སྐལ་ལྡན་བུ་རྣམས་ཀུན། དཀྱིལ་འཁོར་གྱི་དབུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་བཞུགས་པའི་རྟགས་སུ་ཆོས་འབྱུང་དམར་པོ། ཕྱོགས་བཞིར་ཌཱ་ཀི་རིགས་བཞི་བཞུགས་པའི་རྟགས་སུ་པདྨ་འདབ་མ་བཞི། ཆོས་འབྱུང་ནི་སྐུ་གསུམ་བདེ་བ་ཆེན་པོ། བདེ་ཆེན་གྱི་རྟགས་གཡུང་དྲུང་། ཕྱི་འཁོར་ལ་ཌཱ་ཀི་སྡེ་བརྒྱད་བཞུགས་པས་པདྨ་འདབ་བརྒྱད། གསང་སྔགས་རིག་སྔགས་ཐམས་ཅད་འདུས་པའི་རྟགས་སུ་རྡོ་རྗེ་མེ་རི་དུར་ཁྲོད་ཟླུམ་ཐིག་དང་བཅས་པའོ། །འདི་ལ་ལྟོས་ལ་ཁ་དོག་ཅི་འདྲ་མཐོང་བ་ད་ལྟ་སྨྲོས་ཤིག །ཅེས་དྲིས་ལ་གང་མཐོང་བརྗོད་དུ་གཞུག །ཅིའང་མ་མཐོང་ཟེར་ན་སྐལ་མེད་ཡིན་པས་ཕྱིར་བསྐྲད་པར་གསུངས། དེ་ལྟར་མཐོང་བ་བསྟན་པས་དཀྱིལ་འཁོར་གྱི་ཁ་དོག་དཀར་པོར་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུས་དྲག་པོ། མཐིང་ནག་གིས་མཆོག །སྣ་ཚོགས་མཐོང་ན་ལས་དང་དངོས་གྲུབ་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དར་ཟབ་ཀྱི་ཅོད་པན་ལྟ་བུ་མེ་ཏོག་སྦྱིན་ལ། ཁྱེད་རང་གི་རིགས་ཀྱི་ལྷ་སྐལ་བརྟག་པའི་སླད་དུ་རིན་པོ་ཆེའི་མེ་ཏོག་ཐལ་སྦྱར་བར་དུ་ཐོགས་པ་རིག་པའི་ངོ་བོ་ཨ་དཀར་པོ་དང་དབྱེར་མེད་དུ་གྱུར་པ་ཉིད། ཚེ་རབས་ནས་སྨོན་ལམ་གྱིས་འབྲེལ་བའི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་དང་ཚིག་འདིའི་རྗེས་ཟློས་མཛོད་ལ་དཀྱིལ་འཁོར་དུ་འདོར་བར་ཞུ། ཧོ༔ མཁའ་འགྲོ་གསང་བའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་འཕྲོའི་ལྷ་ལ་བབ་པར་ཤོག༔ ཅེས་དཀྱིལ་འཁོར་དངོས་སམ་འགྲིམ་དཀྱིལ་དུ་འདོར་གཞུག །གང་བབས་རིགས་བརྟགས་ནས་ཕྲིན་ལས་ཀྱི་ལུང་བསྟན་ཅིང་གསང་མཚན་གདགས་པ་ནི། མེ་ཏོག་དབུས་སུ་བབས་ན་ཚེ་རབས་ཀྱི་ལས་འཕྲོའི་ལྷ་གཙོ་མོ་བདུད་འདུལ་མ། གསང་མཚན་བུདྡྷ་ནུས་ལྡན་རྩལ་ཐོགས་པ་ཡིན། དེ་བཞིན་དུ་མེ་ཏོག་ཤར་དུ་བབས་ན་ལྷ་སྐལ་རྡོ་རྗེ་བདུད་འདུལ། གསང་མཚན་རྡོ་རྗེ་ནུས་ལྡན་རྩལ། ལྷོར་བབས་ན་ལྷ་སྐལ་རིན་ཆེན་བདུད་འདུལ། གསང་མཚན་རིན་ཆེན་ནུས་ལྡན་རྩལ། ནུབ་ཏུ་བབས་ན་ལྷ་སྐལ་པདྨ་བདུད་འདུལ། གསང་མཚན་པདྨ་ནུས་ལྡན་རྩལ། བྱང་དུ་བབས་ན་ལྷ་སྐལ་ཀརྨ་བདུད་འདུལ། གསང་མཚན་ཀརྨ་ནུས་ལྡན་རྩལ། མཚམས་སུ་བབས་ན་ལྷ་སྐལ་སྣ་ཚོགས་བདུད་འདུལ། གསང་མཚན་དཔའ་བོ་ནུས་ལྡན་རྩལ་ཞེས་བྱ་བ་ཡིན་ནོ། །བུད་མེད་རྣམས་ལ་རིགས་བཞི་དང་མཚམས་བཅས་ལྷ་སྐལ་གོང་ལྟར་དང་གསང་མཚན་ཌཱ་ཀི་བདུད་འདུལ་རྩལ་བཏགས་སོ། །མེ་ཏོག་དེ་ཉིད་རིགས་ཀྱི་ལྷས་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཅོད་པན་མིང་དང་བཅས་པའི་དབང་ཐོབ་པར་གྱུར་ཅིག །པྲ་ཏི་གྲྀཧྞ་ཧོ༔ ཞེས་བརྗོད། དབང་གི་གཞི་དང་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་ལངས་ཤིང་ཆ་བསྒྲིམ། ལག་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་སྤྱི་བོར་བཅའ། ངག་གནད་རླུང་ཁ་སྦྱོར་དུ་གཟུང་། ཡིད་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུ་འཐོར་ལ། ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། གཉིས་འཛིན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་མཁའ་འགྲོ་སེང་གདོང་དམར་མོ་ལང་ཚོ་དང་ལྡན་པ་སྟོང་ར་འོད་ཀྱི་སྐུར་བསྒོམས་པའི་སྙིང་གར་དགའ་བ་འཁྱིལ་བ་ཡཾ་གྱིས་མཚན་པ་གཡས་སུ་འཁོར་བའི་དབུས་སུ། ཡེ་ཤེས་ཀྱི་མཁའ་འགྲོ་དམར་མོ་གྲི་ཐོད་འཛིན་པ་གར་ཐབས་ལིང་ལིང་བྱེད་པའི་ཐུགས་ཀར་བཾ་ཡིག་དམར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དུ་དུར་ཁྲོད་གསང་ཆེན་བསྣོལ་མའི་ཞིང་ནས་མཁའ་འགྲོ་སེང་གདོང་དྲག་མོའི་ཐུགས་རྒྱུད་བསྐུལ་ནས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད། ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་རྣམ་པར་སྤྲིན་འཁྲིགས་པ་ལྟར་ཡོམ་ཡོམ་ཤིག་ཤིག་ཏུ་བྱོན་ནས་དབང་རྫས་རྣམས་དང་སློབ་མ་དམ་ཚིག་མཁའ་འགྲོར་གསལ་བ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །ཅེས་དམིགས་པ་སྤྲད། ཉྭ་བཞིའི་ཤ་དང་རང་སྐྲ་སོགས་འབེབ་པའི་རྫས་སྦྱོར་བསྲེག །རོལ་མོ་དབྱངས་བཅས། ཧཱུྃ༔ ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ༔ དབང་ཆེན་རོལ་པའི་དུར་ཁྲོད་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ སྟོང་ཉིད་ཡེ་ཤེས་དུར་ཁྲོད་ནས༔ རྒྱལ་བས་སྤྱོད་པའི་ཡུམ་མཆོག་མ༔ རྟོག་པ་ཐམས་ཅད་རབ་སྤངས་པ༔ སྐུ་མདོག་དམར་མོ་སེང་གེའི་གདོང༔ ཡིད་བཞིན་ནོར་བུ་ལྟ་བུའི་མ༔ འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ འཁོར་དང་མྱ་ངན་འདས་པ་ཡི༔ འཁོར་གྱི་ལས་བྱེད་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་འདི་ལ་དབང་སྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་ཨཱ་བེ་ཤ་ཡ་ཨ་ཨཱ༔ སྔགས་དྲག་ཏུ་བརྗོད་ཅིང་ཡེ་ཤེས་པ་རྣམས་ཡང་ཡང་བསྟིམ། དེས་མཁའ་འགྲོ་ཕེབས་པའི་རྟགས་ལུས་ངག་ཡིད་གསུམ་ལ་འབྱུང་། ཁྱད་པར་སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་འུར་བ་དང་རང་རིག་རྗེན་གསལ་ཁྲོལ་ལེ་བ་འབྱུང་། དེ་ནི་ཡེ་ཤེས་མཁའ་འགྲོ་དངོས་ཕེབས་པ་དབང་དོན་གྱི་ཡེ་ཤེས་ཡིན་པ་ངོ་ཤེས་པར་གྱིས་ཤིག །ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས་དམ་ཚིག་སློབ་མའི་སྒོ་གསུམ་ལ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར་ལ་བརྟན་པར་བྱའོ། །སྤྱི་དོན་གཉིས་པ་དངོས་གཞི་དབང་བསྐུར་བའི་རིམ་པ་ནི། དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་ནས། དབང་དངོས་གཞིའི་ཐོག་མར་རྡོ་རྗེའི་དམ་ལས་མི་འདའ་བའི་ཕྱིར་ཀུན་ཏུ་བཟང་མོ་ནས་ད་ལྟའི་བར་མ་ཉམས་པར་བརྒྱུད་པའི་མཁའ་འགྲོའི་སྲོག་ཆུ་བྱིན་པར་ཤེས་མཛོད། ནང་མཆོད་སྦྱིན་ལ། ཧོ༔ མཁའ་འགྲོའི་དམ་ཚིག་གསང་བའི་ཆུ༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ ཉམས་ན་མ་མོའི་ཁྲག་ནད་གཏང༔ ཕྱི་མ་མནར་མེད་གནས་སུ་ལྟུང༔ དེ་ཕྱིར་ཁྱེད་ཀྱིས་ལེགས་པར་སྲུངས༔ ཇི་ལྟར་བསྒོས་པའི་དམ་ཚིག་ལས་ནམ་ཡང་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཌཱ་ཀི་ས་མ་ཡ་ན་ར་ཀན༔ ལན་གསུམ། དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་དེང་ནས་ཇི་སྲིད་བར་སྙིང་གི་དབུས་སུ་གནས་ཏེ་སྲུང་ཉམས་ཀྱི་དཔང་པོ་བྱེད་པ་ཡིན་པས་རྣམ་ཀུན་དྲན་ཤེས་བརྟན་པོས་རྩ་བ་ཡན་ལག་གི་དམ་ཚིག་བསྲུང་དགོས་ཏེ། རྩ་བ་སྐུ་གསུང་ཐུགས་ལ་དགུ་དགུར་ཕྱེ་བས་ཉི་ཤུ་རྩ་བདུན་དང་། ཡན་ལག་ཉེར་ལྔ་སོགས་སྤྱི་ལྟར་བསྲུང་བ་དང་། ཁྱད་པར་རྩ་བའི་བླ་མའི་སྐུ་གསུང་ཐུགས་ལ་བརྙས་ཆོས་མ་གུས་པ་དང་། ངན་སྨྲ། སྐུར་འདེབས། ཐེ་ཚོམ་ལོག་ལྟ་སོགས་སྤངས་ནས། ལུས་གུས་པ། ངག་སྙན་པ། ཡིད་དད་པ་བསྐྱེད་ནས་མིག་ལྟར་བསྲུང་དགོས། རང་ལུས་ཐ་མལ་དུ་མི་བཞག་པར་ཡེ་ཤེས་མཁའ་འགྲོའི་སྐུའི་འཁོར་ལོ། ངག་མཁའ་འགྲོའི་གསུང་སྔགས་ཀྱི་འཁོར་ལོ། ཡིད་མཁའ་འགྲོའི་ཐུགས་བདེ་སྟོང་གི་འཁོར་ལོ་གསུམ་དང་མི་འབྲལ་བའི་དམ་ཚིག་ལ་གནས་དགོས། དམ་ཚིག་བསྲུངས་ན་དམ་ཆུ་ཡེ་ཤེས་མཁའ་འགྲོར་གྱུར་ནས་བཀྲ་ཤིས། བསམ་པ་འགྲུབ། དངོས་གྲུབ་རྣམ་གཉིས་རྩོལ་མེད་དུ་ཐོབ། གལ་ཏེ་དམ་ཉམས་ན་ཤ་ཟ་སྲིན་མོར་གྱུར་ཏེ་ཚེ་འདིར་མ་མོའི་ཁྲག་ནད་གཏོང་ཞིང་བཀྲ་མི་ཤིས། ཕྱི་མ་མནར་མེད་དམྱལ་བའི་གནས་སུ་ལྟུང་ནས་སྡུག་བསྔལ་ལས་ཐར་དུས་མེད་པར་མྱོང་དགོས་པས། དེའི་ཕྱིར་སྐལ་ལྡན་རྣམས་དབང་སྲོག་དམ་ཚིག་ལ་གནས་པར་མཛོད་ཅིག །དེ་ནས་དངོས་གཞི་དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། ལྷ་སྔགས་རིག་པའི་ངོ་སྤྲོད་ཁྱད་པར་དུ་གྱུར་པ་བཅས་རིམ་པར་འབྱུང་བ་སྟེ་དེ་དག་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་མཁའ་འགྲོ་ཐུགས་རྗེ་ཅན༔ དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས༔ མཁའ་འགྲོ་གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛོད༔ ལན་གསུམ། ཐོག་མར་བུམ་པའི་དབང་ལ་དམིགས་པ་འདི་བཞིན་དུ་མཛོད། ཀྱེ་རིགས་ཀྱི་བུ་རྣམས། བུམ་པ་འདི་ཡང་ཕྱི་བུམ་པའི་དབྱིབས་ཅན་ནང་དྲག་པོ་རང་བྱུང་གི་དུར་ཁྲོད་གཞལ་ཡས་ཁང་གི་དབུས་སུ་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་སྤྱི་རྗེ། གཙོ་མོ་སེང་གེའི་གདོང་ཅན་སྐུ་མདོག་དམར་མོ་ཕྱག་གཉིས་གྲི་ཐོད་འཛིན་པ། དེ་ལ་འཁོར་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་མཁའ་འགྲོ་སེང་གདོང་རིགས་བཞི་དཀར་སེར་དམར་ལྗང་རང་འདྲ་མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ། དེའི་འཁོར་ལས་བྱེད་ཀྱི་ཌཱ་ཀི་གྲངས་མེད་པས་བསྐོར་བ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཞལ་ནས་སྔགས་སྒྲ་སྒྲོག་པ། ཐུགས་རྗེ་གློག་ལྟར་མྱུར་ཞིང་བྱིན་བརླབ་ཀྱི་འོད་ཟེར་བུམ་ཆུ་དང་དབྱེར་མེད་པའི་ཡེ་ཤེས་རང་རང་གི་རྒྱུད་ལ་འབེབ་པའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་སྤྲུལ་སྐུའི་གཞལ་ཡས་ཁང༔ ཡེ་ཤེས་མཁའ་འགྲོ་སེང་གདོང་ལྷ་ཚོགས་བཞུགས༔ སྤྱི་བོར་བཞག་པས་ལུས་ཀྱི་སྒྲིབ་པ་དག༔ མཁའ་འགྲོ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཞེས་བུམ་དབང་སྤྱི་བོར་བསྐུར། བུམ་ཆུ་སྦྱིན། སྨོན་ལམ་ནི། ཨོཾ་འགྲུབ་པར་གྱུར་ཅིག༔ མཁའ་འགྲོ་སེང་གདོང་དྲག་མོའི་སྐུའི་དབང་དང་བྱིན་རླབས་ཐམས་ཅད་ལུས་ལ་རྫོགས་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ དེ་ལྟར་བུམ་པ་སྤྱི་བོར་བཞག་ནས་བུམ་ཆུ་བླུད་པས་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་ཐོད་པའི་བདུད་རྩི་ཐོགས་ལ། བྷནྡྷའི་བདུད་རྩིའི་དབུས་སུ་མཁའ་འགྲོ་སེང་གདོང་དྲག་མོ་བཞུགས་པའི་སྐུ་ལས་བདེ་བའི་རྒྱུན་བབས། ཐོད་ཆང་དང་མཉམ་པོར་འདྲེས། གསུང་གི་བྱིན་རླབས་ནུས་པ་ཐམས་ཅད་བདུད་རྩིའི་རྒྱུན་དང་དབྱེར་མེད་པར་ངག་ལ་སྨིན་པའི་མོས་པ་མཛོད། ཧཱུྃ༔ མཚན་ལྡན་བྷནྡྷ་ལོངས་སྐུའི་གཞལ་ཡས་ཁང༔ ཡེ་ཤེས་མཁའ་འགྲོ་སེང་གདོང་ལྷ་ཚོགས་བཞུགས༔ མགྲིན་པར་བཞག་པས་ངག་གི་སྒྲིབ་པ་དག༔ མཁའ་འགྲོ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ བདུད་རྩི་སྦྱིན་ལ། ཨོཾ་འགྲུབ་པར་གྱུར་ཅིག༔ མཁའ་འགྲོ་སེང་གདོང་དྲག་མོའི་གསུང་གི་ནུས་པ་དང་བྱིན་རླབས་ཐམས་ཅད་ངག་ལ་རྫོགས་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ བྷནྡྷ་མགྲིན་པར་བཞག་ནས་བདུད་རྩི་ངག་ཏུ་མྱངས་པས་གསང་དབང་ཐོབ། ངག་གི་དྲི་མ་དག །སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་མེ་ལོང་ཐོགས་ལ། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སྙིང་གར་བཞག་པས་མཁའ་འགྲོའི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་རང་གི་རྒྱུད་ལ་འཕོས་ཏེ་ཉམས་རྟོགས་རྩོལ་མེད་དུ་རྒྱས་པའི་འདུན་པ་མཛོད། ཧཱུྃ༔ མེ་ལོང་དཀྱིལ་འཁོར་ཆོས་སྐུའི་གཞལ་ཡས་ཁང༔ ཡེ་ཤེས་མཁའ་འགྲོ་སེང་གདོང་ལྷ་ཚོགས་བཞུགས༔ སྙིང་གར་བཞག་པས་ཡིད་ཀྱི་སྡིག་སྒྲིབ་དག༔ མཁའ་འགྲོ་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་གཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ མེ་ལོང་སྙིང་གར་བཞག །ཨོཾ་འགྲུབ་པར་སོགས། ཐུགས་ཀྱི་བྱིན་རླབས་མཁྱེན་རྟོགས་ཐམས་ཅད་སེམས་ལ་སོགས་གོང་ལྟར། མེ་ལོང་སྙིང་གར་བཞག་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །བདེ་སྟོང་བསྒོམ་པར་དབང་། འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་གཏོར་མ་སྐུ་འབག་བཅས་ཐོགས་ལ། གཏོར་སྣོད་དུར་ཁྲོད་གསང་ཆེན་བསྣོལ་མའི་ཕོ་བྲང་གི་དབུས་སུ་གཏོར་མའི་ངོ་བོ་བདུད་འདུལ་སེང་གདོང་དྲག་མོའི་ལྷ་ཚོགས་དངོས་སུ་གསལ་བའི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་བྱིན་རླབས་མཐུ་སྟོབས་ནུས་པ་ཐམས་ཅད་རང་གི་རྒྱུད་ལ་ཐིམ་པས་སྔོན་ལས་འཕྲལ་རྐྱེན་གྱི་ནད་གདོན་བར་ཆད་དགྲ་བགེགས་འབྱུང་པོའི་གནོད་པ་དང་། བྱད་ཁ་ཕུར་ཁ་ཐམས་ཅད་སྲུང་ཞིང་སྐྱོབ་པ་དང་། བཟློག་ཅིང་བསྒྲལ་ནས་ཕྲིན་ལས་རྣམ་བཞི་འགྲུབ་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ༔ མཁའ་འགྲོ་དམ་ཅན་དབང་དུ་སྡུད་པའི་ཕྱིར༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ་རྣམས་ལ༔ དམ་རྫས་གཏོར་མ་སྐུ་འབག་དབང་བསྐུར་བས༔ ལས་བཞི་ལྷུན་གྲུབ་ཕྲིན་ལས་མྱུར་འགྲུབ་ཅིང༔ དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པར་ཤོག༔ རྩ་སྔགས་གཤམ་དུ། གུ་ཎ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ གཏོར་མ་དང་གཙོ་སྐུ་སྤྱི་བོར་བསྐུར། ཨོཾ་འགྲུབ་པར་སོགས། ཡོན་ཏན་ཕུན་སུམ་ཚོགས་པའི་བྱིན་རླབས་ཐམས་ཅད་རྒྱུད་ལ་རྫོགས་པར་སོགས་གོང་ལྟར། གཙོ་མོ་སེང་གདོང་མའི་སྐུ་དང་གཏོར་མས་དབང་བསྐུར་པས་མཁའ་འགྲོའི་ཡོན་ཏན་གྱི་དབང་ཐོབ། ཉོན་མོངས་པའི་དྲི་མ་དག །རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་བཞི་ཐོབ་པར་འགྱུར་རོ། །ལྔ་པ་ཕྱག་མཚན་གྲི་ཐོད་ཐོགས་ལ། ཐབས་ཤེས་སྐུ་གསུམ་མཚོན་པའི་ཌཱ་ཀིའི་ཕྱག་མཚན་གྲི་ཐོད་ཁ་ཊྭཱཾ་ག་འདི་གཏད་པས་ལོག་རྟོག་གཉིས་འཛིན་གྱི་བདུད་དང་དུག་གསུམ་ཉོན་མོངས་པའི་དགྲ་བགེགས་ཐམས་ཅད།མཉམ་ཉིད་བདེ་བའི་མཁའ་ཀློང་དུ་བསྒྲལ་ནས་མཁའ་འགྲོའི་ཕྲིན་ལས་ཐོགས་མེད་འགྲུབ་པའི་མོས་པ་མཛོད། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ལ༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན༔ ཕྲིན་ལས་མ་ལུས་ཐམས་ཅད་འདུས་པའི་དཔལ༔ ཕྱག་མཚན་ཐབས་ཤེས་གྲི་ཐོད་ཁ་ཊྭཱཾ་ག༔ མཁའ་འགྲོ་མ་ཡི་སྲོག་རྟེན་འདི་གཏད་པས༔ ཐབས་ཤེས་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ རྩ་སྔགས་གཤམ་དུ། ཛཿབྷནྡྷ་ཁ་ཊྭཱཾ་ག་ཀརྨ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཕྱག་མཚན་ལག་ཏུ་གཏད་ལ། ཨོཾ་འགྲུབ་པར་གྱུར་ཅིག༔ མཁའ་འགྲོ་སེང་གདོང་དྲག་མོའི་ཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐམས་ཅད་རྫོགས་པར་གྱུར་ཅིག༔ སྔགས་གོང་ལྟར་བརྗོད། མེ་ཏོག་འཐོར། མཁའ་འགྲོའི་སྲོག་རྟེན་ཕྱག་མཚན་གྱི་དབང་བསྐུར་པས་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ། ཤེས་བྱའི་དྲི་མ་དག །རིམ་གཉིས་དབྱེར་མེད་བསྒོམ་པར་དབང་། འབྲས་བུ་སྐུ་ལྔ་ཡོངས་རྫོགས་བདེ་བ་ཆེན་པོ་ཐོབ་པར་འགྱུར་བ་ཡིན་ནོ། །དེའི་རྗེས་འབྲེལ་ཌཱ་ཀིའི་ཆས་དབང་སྦྱིན་པ་ལ། ཁྱེད་རང་མཁའ་འགྲོའི་ཚོགས་རྗེ་བདུད་འདུལ་དྲག་མོ་དངོས་སུ་གསལ་བ་ལ་སྐུའི་ཆས་དང་ཕྱག་མཚན་རྣམས་ཀྱིས་གནས་སོ་སོར་མངའ་གསོལ་བས་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མཐུ་སྟོབས་གཟི་བརྗིད་འབར་བར་མོས་ཤིག །སྐུར་ཚིག་དང་མཚུངས་པའི་ཆས་རྣམས་གནས་སོ་སོར་རེག་ལ། ཧཱུྃ༔ མཁའ་འགྲོའི་དབུ་རྒྱན་རིན་ཆེན་ཐོད་སྐམ་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་སྲིད་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་གཤམ་དུ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱཿཧཱུྃ༔ འདི་ཕྱིན་གྱི་སྔགས་ཐམས་ཅད་འགོར་རྩ་སྔགས་སྦྱར་དགོས་པ་ཤེས་པར་བྱའོ། །ཧཱུྃ༔ མཁའ་འགྲོ་སྐུ་ཡི་རྒྱན་ལྡན་ཅོད་པན་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་རང་ངོ་འཕྲོད་པར་ཤོག༔ པུཥྤེ་གྲྀཧྞ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོའི་སྐུ་སྟོད་བརྒྱན་པའི་གླང་ཆེན་འདི༔ སྐལ་ལྡན་རིགས་ཀྱི༴ ང་རྒྱལ་མ་སྤངས་རང་ངོ་འཕྲོད་པར་ཤོག༔ ཧསྟི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཌཱ་ཀིའི་རྐེད་ཆིངས་ཞིང་ལྤགས་རྟོག་མེད་འདི༔ སྐལ་ལྡན་རིགས་ཀྱི༴ གཏི་མུག་མ་སྤངས་རང་ངོ་འཕྲོད་པར་ཤོག༔ བེ་ཤ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོ་སྐུ་ཡིས་མནབས་པའི་སྟག་ཤམ་འདི༔ སྐལ་ལྡན་རིགས་ཀྱི༴ ཞེ་སྡང་མ་སྤངས་རང་ངོ་འཕྲོད་པར་ཤོག༔ རཀྵ་ཀ་ལཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོའི་སྐུ་ཡི་རྒྱན་ཕྲེང་ཐོད་ཕྲེང་འདི༔ སྐལ་ལྡན་རིགས༴ གཟུང་འཛིན་མཚན་མ་རང་སར་གྲོལ་བར་ཤོག༔ ཧ་ལ་མུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོའི་སྐུ་རྒྱན་ཡོངས་རྫོགས་རྒྱན་དྲུག་འདི༔ སྐལ་ལྡན་རིགས་ཀྱི༴ ས་ལམ་ཡོངས་རྫོགས་མ་ལུས་མཐར་ཕྱིན་ཤོག༔ དྷརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོའི་ཕྱག་མཚན་སྒྲོལ་བྱེད་ཏྲི་ཤཱུལ་འདི༔ སྐལ་ལྡན་རིགས་ཀྱི༴ ཉོན་མོངས་མ་ལུས་རྩད་ནས་ཆོད་པར་ཤོག༔ ཏྲི་ཤཱུ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོ་བཞུགས་པའི་རྟོག་བྲལ་རོ་གདན་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་རྣམས་མ་ལུས་ཟིལ་གྱིས་གནོན་པར་ཤོག༔ དྷི་ཤ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་དཔོན་གྱིས་ནས་འཐོར་ཞིང་། ཨོཾ་འགྲུབ་པར་གྱུར་ཅིག་སྐུ་དབང་ལུས་ལ་རྫོགས་པར་གྱུར་ཅིག༔ གསུང་དབང་ངག་ལ་རྫོགས་པར་གྱུར་ཅིག༔ ཐུགས་དབང་སེམས་ལ་རྫོགས་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད། དྲུག་པ་ལྷ་དབང་བསྐུར་བ་ནི། འཁོར་གྱི་ཌཱ་ཀི་མ་རྣམས་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་མཁའ་འགྲོ་རྣམས་དང་གཉིས་སུ་མེད་པར་སོ་སོའི་ལས་དང་དངོས་གྲུབ་ལ་དབང་འབྱོར་པར་མོས་ཤིག །ཙཀླི་རྣམས་ཀྱིས་རིམ་པར་དབང་བསྐུར་ཏེ། ཧ་ བཛྲ་ཌཱ་ཀི་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིགས་པ་བརྒྱད་ལས་སྐྱོབ་པ་དང༔ ཞི་བའི་དངོས་གྲུབ་ཐོབ་པར་ཤོག༔ ཧ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རི་ རིན་ཆེན་མཁའ་འགྲོ་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དབང་ལོངས་སྤྱོད་རྒྱས་པ་དང༔ རྒྱས་པའི་དངོས་གྲུབ་ཐོབ་པར་ཤོག༔ རི་རཏྣ་ཌཱ་ཀི་ནཱི་སིཾ་ཧ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ནི་ པདྨ་མཁའ་འགྲོ་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མོས་པ་རྣམ་བཞི་དབང་སྡུད་དང༔ དབང་གི་དངོས་གྲུབ་ཐོབ་པར་ཤོག༔ ནི་པདྨ་ཌཱ་ཀི་ནཱི་སིཾ་ཧ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ས་ ལས་ཀྱི་མཁའ་འགྲོ་སེང་གདོང་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ལོག་ལྟ་ཚར་ཆོད་ནས༔ དྲག་པོའི་དངོས་གྲུབ་ཐོབ་པར་ཤོག༔ ས་ཀརྨ་ཌཱ་ཀི་ནཱི་སིཾ་ཧ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཁའ་འགྲོ་ཕག་གདོང་ནག་མོའི་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ གཏི་མུག་བདུད་ལས་རྒྱལ་བར་ཤོག༔ ཧཱུྃ༔ མཁའ་འགྲོ་སྟག་གདོང་དམར་མོའི་དབང༔ སྐལ་ལྡན་བུ་ལ༴ ང་རྒྱལ་བདུད་ལས་རྒྱལ་བར་ཤོག༔ ཧཱུྃ༔ མཁའ་འགྲོ་ཆུ་སྲིན་དམར་མོའི་དབང༔ སྐལ་ལྡན་བུ་ལ༴ འདོད་ཆགས་བདུད་ལས༴ ཧཱུྃ༔ མཁའ་འགྲོ་གཟིག་གདོང་ལྗང་མོའི་དབང༔ སྐལ་ལྡན་བུ་ལ༴ ཕྲག་དོག་བདུད་ལས༴ ཧཱུྃ༔ མཁའ་འགྲོ་ཁྱི་གདོང་དམར་མོའི་དབང༔ སྐལ་ལྡན་བུ་ལ༴ གཟུང་འཛིན་བདུད་ལས༴ ཧཱུྃ༔ མཁའ་འགྲོ་ཁྲ་གདོང་དམར་མོའི་དབང༔ སྐལ་ལྡན་བུ་ལ༴ འཆི་བདག་བདུད་ལས་རྒྱལ་བར༴ ཧཱུྃ༔ མཁའ་འགྲོ་སྤྱང་གདོང་དཀར་མོའི་དབང༔ སྐལ་ལྡན་བུ་ལ༴ བདག་འཛིན་བདུད་ལས༴ ཧཱུྃ༔ མཁའ་འགྲོ་འུག་གདོང་སེར་མོའི་དབང༔ སྐལ་ལྡན་བུ་ལ༴ རྟོག་ཚོགས་བདུད་ལས་རྒྱལ་བར་ཤོག༔ ཅེས་པ་རྣམས་ཀྱི་མཐར། ཨོཾ་འགྲུབ་པར་གྱུར་ཅིག་ཆས་དབང་ལྟར་བརྗོད་ལ་མེ་ཏོག་འཐོར། བདུན་པ་སྔགས་དབང་བསྐུར་ཞིང་བཀའ་གཏད་པ་ནི། བདག་མདུན་སློབ་མ་དང་བཅས་པ་སེང་གདོང་དྲག་མོར་གསལ་བའི། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་ཕྲེང་ཨཱ་ལི་ཀཱ་ལིའི་རྣམ་པ་ལུ་གུ་རྒྱུད་དུ་འཕྲོས་པ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས་སྙིང་གར་ས་བོན་ཧཱུྃ་ཡིག་སྔོན་པོའི་མཐར་དྲག་སྔགས་རྣམས་གཡོན་སྐོར་དུ་འཁོར་བར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། རཀྵའམ་ཐོད་ཕྲེང་གཏད་ལ་ཕྱི་ནང་གསང་སྒྲུབ་སོགས་ཀྱི་སྔགས་ཚང་མའམ། མདོར་བསྡུས་ལས་བྱང་གི་ཞི་བསྙེན་དང་དྲག་སྔགས་བཅུ་བཞི་མ་ལན་གསུམ་གསུམ་བཟླར་གཞུག །ཁྱེད་རང་རྣམས་བདུད་འདུལ་སེང་གདོང་མར་གསལ་བའི་སྙིང་གར་ཧཱུྃ་ཡིག་སྔོན་པོ་ལ་སེམས་གཏོད་ཅིག །སྔགས་བྱང་ཕྲེང་བ་མགྲིན་པ་དང་ལག་པར་གཏད་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྔགས་དབང་ངག་ལ་བསྐུར་བ་ཡིས༔ ཨཱ་ལི་ཀཱ་ལིའི་སྔགས་གྱུར་ཏེ༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཤོག༔ ཨོཾ་བཾ་སིཾ་ཧ་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འདུས་པའི་སྙིང་པོ་སྔགས་ཀྱི་རྗེས་གནང་ཐོབ་ནས་ཕྲིན་ལས་བཞི་གང་བརྩམས་ཀྱང་ཐོགས་མེད་དུ་འགྲུབ་པར་གསུངས་ཏེ། གནམ་ལྕགས་ཐོག་རྒྱུད་ལས། ངོ་བོ་མ་ནིང་ཡི་གེ་ཡིན་པས་ན༔ གཟུངས་སྔགས་རིག་སྔགས་གསང་སྔགས་ཐམས་ཅད་འདུས༔ ངེས་ཚིག་གནམ་ལྕགས་ཐོག་རྒྱུད་ཡིན་པས་ན༔ གང་ལ་བཏབ་ཀྱང་ཐོགས་མེད་ཕ་ལམ་འདྲ༔ རྣམ་པ་མུ་སྟེགས་བྱད་མ་བཟློག་ཕྱིར་ཏེ༔ ཕྱི་ནང་བྱད་ཀུན་ཐོགས་པ་མེད་པར་ཟློག༔ དབྱེ་བ་ཡི་གེ་བཅུ་བཞི་ཐམ་པ་ལ༔ གོང་དུ་བསྟན་པའི་དཔའ་བོ་མཁའ་འགྲོ་འདུས༔ ས་མཚམས་འཇིག་རྟེན་འདས་དང་མ་འདས་ཏེ༔ ལས་དང་ཡེ་ཤེས་གཉིས་ཀ་འགྲུབ་པར་འགྱུར༔ བསྡུས་དོན་ཀུན་འདུས་བདུད་འདུལ་དྲག་མོའི་སྲོག༔ མཁའ་འགྲོ་གྲངས་མེད་གསང་སྔགས་རིག་སྔགས་འདུས༔ ས་བཅད་ཨ་ཀ་ས་མ་ར་ཙ་དྲུག༔ འཇིག་རྟེན་འདས་པ་ཛྙཱ་ནའི་སྲོག་སྔགས་ཡིན༔ ཤ་ད་ར་ས་མ་ར་ཡ་སྟེ་བདུན༔ ལོ་ཀ་ཌཱ་ཀ་ཌཱ་ཀིའི་སྙིང་པོ་ཡིན༔ ཕཊཿནི་ཐམས་ཅད་གཉིས་མེད་བླ་ན་མེད༔ དེ་ཕྱིར་མཁའ་འགྲོ་དྲག་མོའི་མན་ངག་ཡིན༔ འདི་ཡི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ༔ གང་ཞིག་འདི་ནི་བློ་ལ་ཡོད་པ་ཙམ༔ བཀྲ་ཤིས་རིགས་རྒྱུད་འཕེལ་ཞིང་ཕྱོགས་ངན་ཟློག༔ གང་ཞིག་འདི་ཉིད་བཟླས་པ་ཙམ་གྱིས་ནི༔ རྦོད་གཏོང་ཟློག་ཅིང་བྱད་མ་ཁྲག་སྐྱུགས་འགུམ༔ གང་ཞིག་འདི་བཟླས་ཐལ་མོ་བརྡབས་པ་ཙམ༔ ཕ་རོལ་དམག་ཟློག་སྡང་དགྲ་གནོད་བྱེད་འཆི༔ གང་ཞིག་འདི་བཟླས་བསྐྱེད་རིམ་གསལ་བ་ཙམ༔ དྲེགས་པ་ལས་ཁོལ་མ་མོ་བྲན་དུ་འགྱུར༔ གང་ཞིག་འདི་བཟླས་མཁའ་འགྲོ་དྲན་པ་ཙམ༔ ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་ལས་འགྱེད་ནུས༔ གང་ཞིག་འདི་ཉིད་ལུས་ལ་བཅངས་པ་ཙམ༔ འདས་དང་མ་འདས་མ་མོ་མཁའ་འགྲོ་འདུས༔ གང་ཞིག་འདི་ཉིད་གསོལ་བ་བཏབ་པ་ཙམ༔ ཚེ་དང་བསོད་ནམས་ཕྲིན་ལས་མངའ་ཐང་འབྱུང༔ གང་ཞིག་འདི་ཉིད་བསྙེན་དང་སྒྲུབ་པ་ཙམ༔ འཇིག་རྟེན་དྲེགས་པ་ཀུན་གྱིས་སྟོངས་གྲོགས་བྱེད༔ གང་ཞིག་འདི་ཉིད་བསྙེན་སྒྲུབ་གཅིག་སོང་ན༔ འཛམ་གླིང་ལྷོ་འདིའི་ས་ཡི་བདག་པོ་འབྱུང༔ བསྙེན་ཚད་གཉིས་ཀྱིས་གླིང་བཞིར་འཁོར་ལོས་སྒྱུར༔ བསྙེན་ཚད་གསུམ་གྱིས་སྲིད་རྩེ་མན་ཆད་དབང༔ བསྙེན་ཚད་བཞི་སོང་བདུད་འདུལ་ཉིད་དང་མཉམ༔ སངས་རྒྱས་འགྲུབ་ཅིང་ནམ་མཁའི་མཐའ་ཀླས་ཀྱི༔ སེམས་ཅན་ཐམས་ཅད་འདྲེན་པའི་བླ་མར་འགྱུར༔ འདི་ཡི་ནུས་པ་ཡོན་ཏན་མཐུ་སྟོབས་ནི༔ རྡོ་རྗེའི་ལྗགས་ཀྱིས་བརྗོད་ཅིང་བགྲང་མི་ནུས༔ ཞེས་གསུངས་པ་བཞིན་སྔགས་དབང་ཕན་ཡོན་དང་བཅས་པའི་བཀའ་ཐོབ་པས་དེང་ཕྱིན་ཆད་བདུད་འདུལ་སེང་གདོང་དྲག་མོ་ཡི་དམ་དུ་བཟུང་ནས་སྔགས་བཟླ་བ་ལ་དབང་བ་ཡིན་ནོ། །དེ་ནས་གླེགས་བམ་ལག་ཏུ་གཏད་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལུས་ལ་སྔགས་དབང་ཡོངས་རྫོགས་བསྐུར༔ མཁའ་འགྲོ་སེང་གདོང་སྐུར་གྱུར་ཅིང༔ སྐྱེ་འཆི་མེད་པ་རྡོ་རྗེར་གྱུར༔ ངག་ནི་དྲག་སྔགས་ནུས་པར་ལྡན༔ སེམས་ནི་མཁའ་འགྲོ་ལས་སུ་རུང༔ ཡོན་ཏན་ཕྲིན་ལས་མཐར་ཕྱིན་པས༔ རྩ་གསུམ་རྒྱལ་ཚབ་དབང་བསྐུར་བས༔ བསྡུ་བ་བཞི་ཡིས་གདུལ་བྱ་སྐྱོངས༔ དོན་གཉིས་མཐར་ཕྱིན་བསྟན་པ་སྲུངས༔ མེ་ཏོག་འཐོར་ལ། ཨོཾ་འགྲུབ་པར་གྱུར་ཅིག༔ མཁའ་འགྲོ་སེང་གདོང་དྲག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་དབང་དང་བྱིན་རླབས་ཐམས་ཅད་རྒྱུད་ལ་འཇུག་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ རྩ་སྔགས་དབྱངས་གསལ་ཡེ་དྷར་སོགས་བརྗོད་ཅིང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ། དེ་ལྟར་བདུད་འདུལ་སེང་གདོང་དྲག་མོའི་སྔགས་ཀྱི་རྗེས་གནང་ཆོས་ཀྱི་བཀའ་གཏད་ནས་བླ་མ་ཡི་དམ་མཁའ་འགྲོའི་རྒྱལ་ཚབ་ཏུ་མངའ་གསོལ་བ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། བསྡུ་བ་རྣམ་བཞིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅིག །སྔགས་དབང་དང་བཀའ་གཏད་གཉིས་ཤིན་ཏུ་གཉན་པས་བརྒྱུད་འཛིན་གྱི་བུ་སློབ་དམ་ཐུབ་དང་བསྙེན་སྒྲུབ་ལ་གནས་པ་མ་གཏོགས་གང་འདོད་ལ་བྱིན་ན་རང་ལ་འཁུ་ལྡོག་འབྱུང་བར་གསུངས་སོ། །བརྒྱད་པ་ཚིག་དབང་སེམས་ལ་ངོ་སྤྲད་པ་ནི། མཚོན་བྱེད་བརྡའི་ཤེལ་རྡོ་བསྟན་ལ། རྡོ་རྗེ་སེམས་དཔའི་མེ་ལོང་འདི་ཉིད་ངོ་བོ་སྟོང་གསལ་ཟུང་དུ་འཇུག་པ་ལ་རྐྱེན་ལ་བརྟེན་ནས་འཇའ་འོད་སྣ་ཚོགས་སུ་འབྱུང་བ་ལྟར། རང་སེམས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །གདོད་ནས་ཟུང་དུ་འཇུག་ཅིང་གདུལ་བྱའི་རྐྱེན་ལ་བརྟེན་ནས་ཐུགས་རྗེའི་སྤྲུལ་སྐུ་སྣ་ཚོགས་སུ་འཆར་ཡང་དབྱེར་མེད་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཐུགས་དབང་སེམས་ལ་བསྐུར་བ་ནི༔ རང་སེམས་སྟོང་པའི་ནམ་མཁའ་ལ༔ དྲན་པའི་ཕྲེང་ཐག་མཁའ་འགྲོ་རྒྱུ༔ སྣང་བ་སྣ་ཚོགས་ཀུན་ལ་རོལ༔ འདི་ནི་མཁའ་འགྲོ་མ་ཞེས་པར༔ ངོ་ཤེས་ཐག་ཆོད་ཁྱོད་ཀྱིས་སྒྲུབས༔ སྤྲོས་མེད་དགོངས་པ་མཐར་ཕྱིན་ནས༔ སྐུ་གསུམ་འབྲས་བུ་ལྷུན་གྲུབ་ཤོག༔ རྩ་སྔགས་གཤམ་དུ། ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་པས། ལས་ཀྱི་སྒྲིབ་པ་དག །འབྲས་བུ་སྐུ་གསུམ་མཐར་ཕྱིན་ནས་གཞན་དོན་བྱེད་པ་ལ་དབང་བ་ཡིན་ནོ། །ཞེས་དབང་དོན་བརྗོད་ཅིང་རྟོགས་པ་བསྐྱེད། འདིར་བརྒྱུད་པ་འཛིན་ངེས་ཤིང་དམ་ཚིག་ཐུབ་པ་ལ་ཟུར་གསལ་སྲུང་ཟློག་བསད་གསུམ་གྱི་རྗེས་གནང་གཅིག་བརྒྱུད་དུ་སྟེར། མང་ན་གཉིས་ཀ་ལ་བར་ཆད་འབྱུང་བས་སྤེལ་མཁས་སུ་བྱའོ། །སྤྱི་དོན་གསུམ་པ་རྗེས་དམ་ཚིག་གི་རིམ་པ་ནི། ཧོ༔ གསང་སྔགས་ཀྱི་རྩ་བ་དབང༔ དབང་བསྐུར་གྱི་རྩ་བ་དམ་ཚིག་ཡིན་པས༔ དམ་ཚིག་བྱེ་བྲག་མང་ཡང༔ དམ་ཚིག་སྤྱི་སྡོམ་ནི་རྩ་བ་སྐུ་གསུང་ཐུགས་ལ་འདུས༔ བྱེ་བྲག་མཁའ་འགྲོ་སྡེ་ལྔ་དང་ཡོན་ཏན་ཕྲིན་ལས་སོ༔ བསྲུང་བའི་ཡུལ་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ༔ དེ་ཐམས་ཅད་བླ་མ་ལ་འདུས་ཏེ༔ བླ་མའི་སྐུའི་དམ་ཚིག་མ་ཉམས་པར་བསྲུངས་ནས་བསྙེན་བཀུར་རྒྱུན་དུ་བྱས་ན༔ ཡི་དམ་ངང་གིས་འཁོར༔ མཁའ་འགྲོས་བུ་བཞིན་དུ་སྐྱོང༔ བླ་མའི་བཀའ་བཞིན་དུ་སྒྲུབ་ཅིང་བསྙེན་སྒྲུབ་བྱ༔ གསུང་གི་དམ་ཚིག་མ་ཉམས་པར་བསྲུངས་ན༔ ཡི་དམ་གྱིས་དངོས་གྲུབ་སྟེར་ནས་གསུང་ལ་དབང་ཐོབ༔ ལྷ་སྲིན་སྡེ་བརྒྱད་བཀའ་བསྒོ་ཉན༔ ཐུགས་ཀྱི་དམ་ཚིག་མ་དད་པ་སྐད་ཅིག་ཀྱང་མ་ཤོར་ཞིང་བླ་མའི་ཐུགས་དགོངས་ལོན་ཅིང་མཆོད་ཚོགས་བྱས་པས་ཏིང་ངེ་འཛིན་གསལ༔ བསམ་པ་འགྲུབ༔ མཆོག་གི་དངོས་གྲུབ་ཐོབ༔ ཡོན་ཏན་དམ་ཚིག་མ་ཉམས་ན་ལོངས་སྤྱོད་ཕུན་སུམ་ཚོགས༔ འཁོར་འདུ༔ བཀྲ་ཤིས་ལ་རིགས་རྒྱུད་འཕེལ༔ ཕྲིན་ལས་དམ་ཚིག་མ་ཉམས་ན༔ ལས་ལ་གང་བརྩམ་ཐོགས་མེད་འགྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀའ་ཉན་འགྱུར༔ བྱེ་བྲག་མཁའ་འགྲོའི་དམ་ཚིག་ནི༔ མཁའ་འགྲོ་གཙོ་མོའི་དམ་ཚིག་ཏུ༔ རྡོ་རྗེ་སློབ་དཔོན་སྤྱི་བོར་ཁུར༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཏིང་འཛིན་གཡེལ་བ་མེད་པར་བསྐྱང༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ ཚོགས་དང་གཏོར་མ་རྒྱུན་དུ་བྱ༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ མཚན་ལྡན་བདེ་བ་རྒྱུན་དུ་བསྟེན༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ དག་སྣང་ཕྱོགས་མེད་ལས་སྦྱོར་བརྩོན༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ དུས་སུ་ཚོགས་དང་གཏོར་མས་བསྐང༔ བསྙེན་སྒྲུབ་སྒོམ་བཟླས་གཅིག་ཏུ་དྲིལ༔ དེ་བྱས་དོན་གཉིས་འགྲུབ་པར་འོང༔ གལ་ཏེ་དམ་ཚིག་ཉམས་པ་ན༔ ཚེ་འདིར་རྒྱལ་པོའི་བཀའ་ཆད་འབྱུང༔ མེ་ཆུ་ལྕགས་སྒྲོག་དུག་ནད་འབྱུང༔ སྨྱོ་འབོག་བརྒྱལ་ནད་རིམས་ཡམས་འབྱུང༔ མ་མོའི་དལ་ཡམས་ཁྲག་ནད་རིམས༔ རྒྱུ་གཟེར་གཉན་གཟེར་མཁྲིས་རིམས་འབྱུང༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ མི་འདོད་སྣ་ཚོགས་ཚེ་འདིར་སྨིན༔ ཕྱི་མ་མནར་མེད་དམྱལ་བ་དང༔ རྡོ་རྗེའི་དམྱལ་བར་ངེས་པར་འགྲོ༔ ཞེས་གསུངས་པའི་དམ་ཚིག་སྤྱི་དང་བྱེ་བྲག་ཐམས་ཅད་སྲོག་ལུས་མིག་ལྟར་བསྲུང་བ་གལ་ཆེ་བས་ཚུལ་ལྡན་དུ་བསྲུང་བར་མཛོད་ཅིག །ཅེས་བརྗོད་ཅིང་སློབ་བུའི་མགོ་དང་ལག་པར་རྡོ་རྗེ་བཞག་ལ། དེ་ལྟར་བསྒོས་པའི་རྡོ་རྗེའི་ཐ་ཚིག་ལས་འདའ་བར་མི་བྱ་ཞིང་ཇི་ལྟར་ནུས་པ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། འདི་ལ་ངེས་པར་དབང་ཡོན་གསེར་གྱི་མཎྜལ་གང་འབྱོར་དགོས་ཤིང་དམ་ཚིག་ཀྱང་གཞན་ལས་ཆེས་གཉན་པའོ། །སློབ་དཔོན་གྱིས་ཚོགས་རོལ་ཞིང་ལྷག་མ་གཏང་བ་སོགས་ལས་བྱང་ལྟར་ལ། རྗེས་ཆོག་སྐབས་གཏང་རག་མཆོད་བསྟོད་འབུལ། གཤེགས་བསྟིམ་རྟེན་ཡོད་མེད་བསྟུན་པ་སོགས་གསང་བ་སྤྱི་ལྟར་བྱས་པས་འགྲུབ་བོ། །ལེགས་སྦྱར་འདོད་ལ་འཁྲུལ་བློས་ཉེས་བྱུང་རྣམས། །བླ་མ་གནས་གསུམ་མཁའ་འགྲོའི་སྤྱན་ལམ་དུ། །བཤགས་པས་ཚངས་ཏེ་འདིར་འབྲེལ་སྐལ་བཟང་རྣམས། །མཁའ་སྤྱོད་ཆེན་པོར་དགྱེས་པས་དབུགས་དབྱུང་སྩོལ། །འདྲ་ལ་མི་འདྲའི་ཁྱད་ཆོས་ཅན། །སྙིང་དང་དེ་ཡི་དྭངས་སྲོག་བཞིན། །ཌཱ་ཀིའི་ཐུགས་ཀྱི་ཟུངས་ཁྲག་ཏུ། །ཤེས་ནས་སྲོག་ལྟར་བཙའ་བར་མཛོད། །ཅེས་མ་ཏིའི་གཏེར་བྱོན་ལ་མཚམས་སྦྱོར་ནག་འགྲོས་ཅན་མ་མཐོང་ཞིང་། སྟག་ཤམ་ལུགས་ལ་ཆོས་བདག་བསམ་གཏན་བསྟན་འཛིན་གྱིས་མཛད་པ་ཚད་མར་བཞུགས་ཀྱང་དབང་བཤད་ཅུང་ཟད་མང་ཞིང་བཤམ་བཀོད་སོགས་མི་གསལ་བས། ཡིག་ཆ་དེ་ཉིད་འདུས་གསལ་གྱི་ཚུལ་དུ་ཞབས་ཏོག་བགྱིད་པ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ། ཌཱ་ཀི་འདུ་བའི་གསང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བཀོད་པ་དགེ་ལེགས་འཕེལ།། །།

RTZ-Tsagli-Dzongsar-GI-04-stag sham seng dmar-01.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-02.jpeg
RTZ-Tsagli-Dzongsar-GI-04-stag sham seng dmar-03.jpeg
RTZ-Tsagli-Dzongsar-GI-04-stag sham seng dmar-04.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-05.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-06.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-07.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-08.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-09.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-10.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-11.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-12.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-13.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-14.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-15.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-16.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-17.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-18.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-19.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-20.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-21.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-22.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-23.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-24.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-25.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-26.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-27.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-28.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-29.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-30.JPG
RTZ-Tsagli-Dzongsar-GI-04-stag sham seng dmar-31.jpeg
RTZ-Tsagli-Nya-14-stag sham seng dmar-01.jpg
RTZ-Tsagli-Nya-14-stag sham seng dmar-02.jpg
RTZ-Tsagli-Nya-14-stag sham seng dmar-03.jpg
RTZ-Tsagli-Nya-14-stag sham seng dmar-04.jpg
RTZ-Tsagli-Nya-14-stag sham seng dmar-05.jpg
RTZ-Tsagli-Nya-14-stag sham seng dmar-06.jpeg
RTZ-Tsagli-Nya-14-stag sham seng dmar-07.jpeg
RTZ-Tsagli-Nya-14-stag sham seng dmar-08.jpeg
RTZ-Tsagli-Nya-14-stag sham seng dmar-09.jpeg
RTZ-Tsagli-Nya-14-stag sham seng dmar-10.jpeg
RTZ-Tsagli-Nya-14-stag sham seng dmar-11.jpeg
RTZ-Tsagli-Nya-14-stag sham seng dmar-12.jpg
RTZ-Tsagli-Nya-14-stag sham seng dmar-13.jpg
RTZ-Tsagli-Nya-14-stag sham seng dmar-14.jpg
RTZ-Tsagli-Nya-14-stag sham seng dmar-15.jpg
RTZ-Tsagli-Nya-14-stag sham seng dmar-16.jpg
RTZ-Tsagli-Nya-14-stag sham seng dmar-17.jpg
RTZ-Tsagli-Nya-14-stag sham seng dmar-18.jpg
RTZ-Tsagli-Nya-14-stag sham seng dmar-19.jpg
RTZ-Tsagli-Nya-14-stag sham seng dmar-20.jpg
RTZ-Tsagli-Nya-14-stag sham seng dmar-21.jpg
RTZ-Mandala-194-stag sham seng gdong dkyil 'khor bdud 'dul drag mo.jpeg
RTZ-Mandala-Dzongsar-04-354-stag sham seng dmar.jpeg

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).