Terdzo-DZI-043




























Terdzo-DZI-043.pdf
Click the picture above to view the Shechen manuscript.

འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ་

'chi ba bslu ba'i gdams pa chu sbyin stong zlog gi man ngag bklag chog tu bkod pa

Volume 49 (ཛི) / Pages 549-556 / Folios 1a1 to 4b3

Tibetan Text

༄༅། །འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནད་པ་སོགས་ཀྱི་ལན་ཆགས་བསལ་བའི་ཕྱིར་ཆུ་སྦྱིན་སྟོང་ཟློག་བྱ་བར་འདོད་པས། ཐོ་རངས་མི་ཁྱི་མ་ལངས་པར། བནྡེ་གཉིས་ཁ་ལག་བཀྲུས་ལ། ཆུ་མིག་ཏུ་ཕྱིན་ནས་ཆབ་བླངས་ཏེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ། སངས་རྒྱས་ཆོས་དང་ཚོགས་སོགས་ཀྱིས་སྐྱབས་སེམས་ལན་གསུམ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། དེ་ནས་གཅིག་གིས་སྣོད་གཙང་མར་ཆུ་བླངས་ལ། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས་རྗེས། མདུན་དུ་ཡི་དྭགས་ཀྱི་རྒྱལ་མོ་ཁོ་ཤོག་མ་བྱ་བ། ལུས་ཤིན་ཏུ་ཆེ་ལ་རིད་པ། སྦོམ་ལ་ཡང་བ། ཤིང་བལ་ལྟར་གསུད་པ། རྐེ་དང་རྐང་ལག་ཕྲ་བ། དེ་ལྟ་བུ་གཅིག་ལ་འཁོར་དེ་འདྲ་བ་མང་པོས་བསྐོར་བར་གྱུར་པར་དམིགས་ཏེ། ཆུའི་དངོས་པོ་ནི་སེར་སྣ་མེད་པར་སྔོ་སྐྱ་ཆིལ་བར་འབབས་པ་དེ་ཉིད་ཁོང་རྣམས་ཀྱིས་འཐུངས་པས། སྔར་བྱས་པའི་ཕྱི་ནང་གི་སྒྲིབ་པ་བྱང་ནས་བདེ་བ་དང་ལྡན་པར་བསམ་ལ། ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པའི་སྔགས་ཚར་རེ་དང་། ལག་གཡས་ཀྱིས་ཆུ་རེ་སྦྲེང་བ། གཡོན་གྱི་སེ་གོལ་རེ་བརྡབ་པ་རྣམས་སྦྲགས་ལ་བྱ། སྔགས་ཚར་བརྒྱ་རྩ་རེའི་མཇུག །འཇུར་གེགས་མ་ལ་སོགས་པ་ཡི། །ཡི་དྭགས་ཚོགས་རྣམས་ཐམས་ཅད་ཀུན། །བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས། །བདེ་བའི་མཆོག་དང་ལྡན་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་ལན་རེ་བཏབ། གཅིག་གིས་དེའི་བར་ལ་ཟབ་མདོ་ཚར་གཅིག་དང་། སྙིང་པོ་ཅི་ནུས་སུ་བགྲངས་ལ། ཆུ་སྦྱིན་བརྒྱ་རྩ་རེ་སོང་མཚམས་སུ་ཐལ་རྡེབ་རེ་བྱ། ཆུ་སྦྱིན་སྟོང་རྩ་གྲུབ་རྗེས་གཉིས་ཀས་ཟབ་མདོ་ཚར་གསུམ་འདོན་ལ་ཐལ་མོ་བརྡབ། བཀྲ་ཤིས་དང་སྨོན་ལམ་རྒྱས་པར་བྱ། ཚུར་ལོག་དུས་སྲུང་འཁོར་བསྒོམ་ཞིང་ཕྱིར་ལམ་བཅད་ནས་ཕྱི་མིག་མི་ལྟ་བར་གལ་ཆེ། ཆོ་ག་བྱ་བའི་བར་ལ་གཞན་དང་ངག་མི་བསྲེ་བར་བྱའོ། །དེ་ལྟར་བགྱིས་པས་ལན་ཆགས་དང་བུ་ལོན་བྱང་ཞིང་། འཆི་བ་བསླུ། ཆག་ཆེ། ཉམ་ང་། རྦོད་གཏོང་། མཚན་ངན། རྨི་ལམ་ངན་པ་སོགས་ཟློག་པའི་ཐབས་མཆོག་ཏུ་གྱུར་པའོ། །བཀའ་བརྒྱད་གསང་རྫོགས་ཀྱི་ཆ་ལག་ཆུ་སྦྱིན་སྟོང་ཟློག་གི་མན་ངག་སྙིང་པོར་དྲིལ་ནས་བཀླག་ཆོག་ཏུ་བཀོད་པ། ྀཨཚ། ༄༅། །འཆི་བསླུ་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ཝེ། བསྒྲུབ་བྱའི་ཁ་སྣའི་ཆུ་དག་དང་། །མིག་རྣག་དྲི་ཆེན་དྲི་ཆུ་དང་། །སྐྲ་སེན་ལུས་བཀྲུས་ཁུ་བ་དང་། །འབྲུ་སྣའི་ངར་ཕྱེ་སྦྲུས་པ་ལ། །མི་གཟུགས་དཀར་སེར་དམར་ལྗང་དང་། ཁྲ་བོ་གཅིག་སྟེ་ལྔ་བཟོས་ལ། །དར་སྣ་བལ་ཚོན་སྒྲོ་སྣ་གཟུག །ཆངས་བུ་བསྒྲུབ་བྱའི་ལོ་གྲངས་བཅས། །སྣོད་གཙང་འབྲུ་སྣས་བཀང་ཁར་བཞག །བསྒྲུབ་བྱའི་གོས་དུམ་རེ་རེ་བསྐོན། །སྐྱབས་སེམས་ཚད་མེད་སྔོན་སོང་བས། །རང་ཉིད་འོད་ཟེར་ཅན་མར་བསྒོམ། །གཏོར་མ་སྔགས་དྲུག་ཕྱག་དྲུག་གིས། །བྱིན་གྱིས་བརླབས་ནས་བསྔོ་བ་ནི། །འཆི་བདག་གཤིན་རྗེའི་རྒྱལ་པོ་དང་། །སྟེང་གདོན་འོག་གདོན་བར་གདོན་དང་། །ཕོ་འདྲེ་མོ་འདྲེ་མ་ནིང་གདོན། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བདག་ལས་ལྷག་པའི་གཏོར་གླུད་འདི། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །འདོད་སྲེད་ཆགས་དང་ཞེན་པ་ཡིས། །དྲན་དང་མཐོང་རེག་བཟུང་པ་ཀུན། །སྡུས་ཤིག་གློད་ཅིག་ད་ཁྲོལ་ཅིག །སྔོན་གྱི་ལན་ཆགས་ཤ་མཁོན་དང་། །བུ་ལོན་འཕྲལ་གྱི་རྐྱེན་ལ་སོགས། །གང་ཡིན་མ་ལུས་འཁོར་བར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འབྱུང་པོ་མ་ལུས་ཚིམས་གྱུར་ཅིག །ཅེས་བརྗོད་ཕྱི་མིག་མི་བལྟ་བར། །ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། །འཆི་ལྟས་བྱུང་ཚེ་ལོ་ཟླ་གཉིས། །ཟད་པའི་མཚམས་སུ་བྱས་པས་བཟློག །སློབ་དཔོན་པདྨས་མཛད་པའི་འཆི་བསླུ་བསྡུས་པའི་རིམ་པ་བྱིན་རླབས་ཅན་ནོ། །མངྒ་ལཾ། །ལོ་ཆེན་རཏྣ་བྷ་དྲའི་ཕྱག་ལེན་རྗེ་བཙུན་དམ་པའི་ཕྱག་དཔེ་ལས་བཤུས། ༄༅། །སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའི་ལུགས་ཀྱི་བླ་བསླུའི་གླུད་བསྔོ་བཞུགས་སོ། །ན་མོ་གུ་རུ། ནད་པའི་བླ་ཚེ་བསླུ་བའི་གླུད་ནི། རིན་པོ་ཆེའི་སྣོད་དུ་བླ་གླུད་ཆེ་བ་དང་དཀོར་ཆས་གཏམས། ལོགས་སུ་གླུད་ཕྲན་ཆངས་བུ་རིལ་བུ་སོགས་མང་དུ་གསག །རྟེན་འབྲེལ་བརྟག་ན་བླ་རྟེན་མདའ་དར་བླ་གཡུས་བརྒྱན་པ། ལུང་པ་དགུའི་ཆུ་སྣའི་སྣོད་དུ་རྒྱ་ཕོར་གཙང་མར་བླ་ལུག་སྐྱེ་མཆེད་དོད་པ་བཞག །དེ་ནས་སྔགས་པས་ཡི་དམ་བསྒོམ་ཞེས་འབྱུང་བས། སྐྱབས་སེམས་དང་། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཕག་བདུན་གྱིས། །དྲངས་པའི་ཤིང་རྟར་པད་ཉིའི་སྟེང་། །མཾ་ལས་རང་ཉིད་འོད་ཟེར་ཅན། །སེར་པོ་ཕྱག་གཡས་མཆོག་སྦྱིན་གཡོན། །མྱ་ངན་མེད་པའི་ཡལ་ག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཅུང་ཟད་ཁྲོ་ཞིང་འཛུམ་པའི་ཉམས། །ཕྱེད་སྐྱིལ་འོད་ཕུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་མཾ་གྱི་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་མཆོད་གདོན་བགེགས་ཚར་བཅད་གྱུར། །ཨོཾ་མ་རཱི་ཙྱཻ་མཾ་སྭཱ་ཧཱ། སྟོང་ལས་མི་ཉུང་བར་བཟླ། གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པའམ་བསྡུ་ན་ནམ་མཁའ་མཛོད་ཀྱིས་སྤེལ་ཏེ། བསྔོ་བ་ནི། ཧཱུྃ། འབྱུང་བ་ཆེན་པོ་རྣམ་ལྔ་ནི། །སྐྱེ་འགྲོ་སེམས་ཅན་ཀུན་གྱི་རྟེན། །དེ་ཉིད་ལ་ནི་བརྟེན་བཅས་པའི། །སྤར་སྨེ་གཟའ་སྐར་ཚེས་གྲངས་ལྷ། །སྡེ་བརྒྱད་བགེགས་རིགས་འབྱུང་པོའི་ཚོགས། ཁྱད་པར་འཇིག་རྟེན་སྐྱོང་བ་བཅུ། །བཙུན་མོ་སྲས་དང་སྡེ་དཔུང་བཅས། །སྟོབས་ཆེན་གཟི་བརྗིད་ཆེ་བའི་ཚོགས། །རེ་ཏེ་མགོ་ཡག་བྱིས་པའི་བདུད། །ལི་བྱིན་ཧཱ་ར་སྲོག་གི་བདག །འཁོར་དང་བཅས་པ་ཇི་སྙེད་ཀུན། །རྩ་བ་གསུམ་གྱི་བཀའ་བྱུང་གིས། །གླུད་དང་གཏོར་མ་ལེན་པའི་ཕྱིར། །ཞི་ཞིང་ཕན་པའི་སེམས་ཀྱིས་སུ། །ད་ལྟ་ཉིད་དུ་གནས་འདིར་བྱོན། །བཤམས་པའི་གླུད་གཏོར་གསེར་སྐྱེམས་འདི། །མང་པོར་ཏིང་ངེ་འཛིན་གྱིས་སྤེལ། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད། ཁྱེད་རྣམས་མཉེས་པའི་རྫས་སུ་འབུལ། ཁར་སང་ཁར་གྱི་ཉི་མ་ལ། །རྒྱུ་འབྱོར་མི་འུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་དུ་བཞུགས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཞེས་སྤྱིར་བསྔོ། དེ་ནས་གླུད་ཕྲན་རྣམས་རེ་རེ་ནས། ཨོཾ་ཨཱཿཧཱུྃ་གིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་གྲོལ་དང་ཞི་བར་མཛོད། །ཅེས་བཀའ་བསྒོ། དེ་འདྲ་ལོ་གྲངས་སོང་མཐར། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་གྲངས་མེད་པ་འཕྲོས་པས། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཀྱི་དྭངས་བཅུད་ཐམས་ཅད་དང་། ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་འོད་ཟེར་ཐེག་ལེ་ཨ་ནྲྀ་བྷྲཱུྃ་སོགས་ཀྱི་རྣམ་པ་རང་དབང་མེད་པར་བཀུག་སྟེ་བསྒྲུབ་བྱ་ལ་ཐིམ་པས་བླ་ཚེ་སྲོག་དབུགས་ཉམས་པ་སོར་ཆུད། གནས་པ་གོང་དུ་འཕེལ། ཚེ་བསོད་དཔལ་འབྱོར་སྟོབས་རྩལ་ཐམས་ཅད་རྒྱས་པར་གྱུར། ཡི་དམ་གྱི་སྔགས་མཐར། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛཿཛཿ ཞེས་ངག་བཅད་ལ་བཟླ། ཡང་ཐུན་མཚམས་སུ་གླུད་གཏོར་ཅི་ལྟར་རིགས་པ་འབུལ། སྐབས་སུ་དམོད་པ་དང་བཅས་བླ་ལུག་བསྐོར་བས་ལན་གཅིག་མིན་པར་བླ་རྟེན་གྱི་ཕྱོགས་ལ་ཁ་གྱུས་ན་ཁུག་པའི་རྟགས་ཡིན། མཐར། ཆོས་རྣམས་ཐམས་ཅད་སོགས་པས་ཆོས་སྦྱིན་བྱ། བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་ལ་ཟབ་མདོ་འདོན། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ ཞེས་པས་མགྲོན་རྣམས་གཤེགས། ནག་ཕྱོགས་སྡོད་སྲིད་པས་དྲག་སྔགས་ཀྱིས་མཚམས་བཅད་ལ། གླུད་གཏོར་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། བླ་གཡུ་བསྒྲུབ་བྱའི་མགུལ་དུ་གདགས་ལ་བཀྲ་ཤིས་བྱའོ། །ཞེས་ཡིག་རྙིང་ལས་འདོན་བདེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).