Terdzo-DZA-027



Property "author" has been marked for restricted use.








Terdzo-DZA-027.pdf
Click the picture above to view the Shechen manuscript.

དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་གྱི་ཕྱི་དབང་གནད་ཟབ་ཚེའི་དབང་བསྐུར་

dam chos dgongs pa yang zab las: 'chi med tshe yi skor gyi phyi dbang gnad zab tshe'i dbang bskur

by  རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ (Rinchen Puntsok Chökyi Gyalpo)
revealed by  རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་ (Rinchen Puntsok Chökyi Gyalpo)
in cycle  དམ་ཆོས་དགོངས་པ་ཡང་ཟབ་ (Dam chos dgongs pa yang zab)
Volume 19 (ཛ) / Pages 743-780 / Folios 1a1 to 19b5

Tibetan Text

དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་གྱི་ཕྱི་དབང་གནད་ཟབ་ཚེའི་དབང་བསྐུར་བཞུགས་སོ༔ཟངས་ཤོག་དམར་པོའི་ཆོས་སྡེའོ༔ གྷུ་རུ་ཚེ་དཔག་མེད་ལ་ན་མོ༔ གནད་ཟབ་ཚེ་ཡི་དབང་བསྐུར་སྦྱིན་པ་ནི༔ སློབ་དཔོན་མཆོག་ལ་ལོ་གསུམ་སྔ་གོང་ནས༔ གསོལ་བ་གདབ་ཅིང་དབང་གི་ཞུ་བ་གསོལ༔ ཉམས་རྟགས་ཚད་དུ་ཕྱིན་པའི་བླ་མ་ཡིས༔ ཕྱི་དབང་བུམ་པའི་གཏོར་མ་གནས་སུ་བསྐུར༔ ནང་དབང་ཡབ་ཡུམ་ལུས་དཀྱིལ་སྤྱི་བོར་བསྐུར༔ གསང་བ་བྱང་ཆུབ་བདུད་རྩིའི་བཅུད་མཆོག་མྱང༔ ཐོག་མར་ཕྱི་དབང་བསྐུར་བ་ཡར་ངོའི་དུས༔ མཆོད་གཏོར་ཚེ་བུམ་ཡོ་བྱད་སྟ་གོན་བྱ༔ བདག་བུམ་ལྷར་བསྐྱེད་བསྙེན་སྒྲུབ་དབང་བླང་ཞིང༔ སློབ་བུ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ཞལ་དུ་བདའ་ཞིང་སྐུ་ལ་རེག་འཇམ་དང༔ ཐུགས་ལ་བདེ་བའི་དབང་གི་འཇུག་ཡོན་དབུལ༔ ལག་ཏུ་མེ་ཏོག་ཕྲེང་བ་ཐོགས་ནས་ནི༔ ཀྱེ་མ༔ གྷུ་རུ་ཡབ་ཡུམ་རིགས་ལྔ་ཚེ་ཡི་བདག༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་སྐུ༔ འཆི་མེད་ཚེ་སྒྲུབ་རིག་པ་མཆོག་གི་མཛོད༔ བདག་ལ་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་མོ༔ བླ་མས་ལན་སྦྱིན་པ་ནི༔ རྩོད་དུས་བསྐལ་པའི་སྙིགས་མ་འདིར༔ འཆི་མེད་གྲུབ་པའི་སྐལ་ཅན་ནི༔ ཉིན་སྐར་ཙམ་ཞིག་མཐོང་བས་ན༔ ཁྱོད་ནི་སྐལ་བར་ལྡན་ནམ་ཅི༔ ཞེས་དྲི༔ སློབ་མས༔ བདག་ནི་གསང་བ་དམ་པའི་སྣོད༔ ལོག་རྟོག་ཐེ་ཚོམ་དྲི་མ་མེད༔ གྷུ་རུ་ཡབ་ཡུམ་ཐུགས་རྗེ་ཡིས༔ བདག་ཅག་བརྩེ་བས་བཟུང་དུ་གསོལ༔ ཞེས་གསུམ་མོ༔ དེ་ནས་སློབ་མ་གྷུ་རུ་བདག་ཉིད་ནི༔ ལོངས་སྐུ་དཀར་དམར་ཚེ་བུམ་འཛིན་པ༔ ཡབ་ཀྱི་སྐུའི་ནང་དུ་པད་སྡོང་བརྩེགས་མར་ཚེ་བདག་རིགས་ལྔ་དང་བཅས་པ་བསྒོམས་ལ༔ མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་ཀར་གཡུང་དྲུང་རིས་དམར་པོའི་འོད་ཀྱིས་ལྷོ་ནུབ་རྔ་ཡབ་གླིང་ནས་པདྨ་འབྱུང་གནས་བདག་ཡབ་ཡུམ་གྱི་སྐུ༔ ཚེ་ལྷ་རིགས་ལྔ་དང་བཅས་པ་མང་པོ་སྤྱན་དྲངས་ལ་བསྟིམ་པ་ནི༔ བྱིན་དབབ་པ་སྟེ༔ སྣོད་དུ་རུང་བར་བྱེད་པའོ༔ དེ་ཉིད་བརྟན་པར་བྱ་ཞིང༔ ངོ་སྤྲད་དེ་དབང་བསྐུར་བ་དངོས་ནི༔ ཚེ་ཟན༔ ཨ་མྲྀཏ་དང༔ སྭ་བྷཱ་ཝས་བསང་ཞིང་སྦྱངས་ལ༔ སྟོང་པར་བསམ༔ དེའི་ངང་ལས༔ ཚེ་ཟན་ཕྱི་དབྱིབས་གྷུ་རུ་ཡབ་ཡུམ་དང༔ ནང་དུ་ཚེ་བདག་རིགས་རྣམས་ཚེ་བུམ་དང༔ ཡུམ་རྣམས་མདའ་དར་རང་རང་གི་མདོག་ཅན་འཛིན་པ༔ གཡོན་ཚེ་བུམ་ཅན་དུ་བསྐྱེད་ལ༔ ཡུམ་རྣམས་ཀྱི་མདའ་དར་ལས་འོད་ཟེར་འཕྲོས་པས༔ ཚེ་བཀུག་ཅིང་ལྷ་སོ་སོའི་སྐུ་དང་ཚེ་བུམ་ལ་བསྟིམས་པར་དམིགས༔ ཕྱོགས་མཚམས་སྟེང་འོག་ཏུ་མདའ་དར་གཡབ་ཅིང༔ འདི་སྐད་དོ༔ ཨོཾ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ འགུགས་བྱེད་ལྷ་མོ་དཀར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་འཐོར་ཡར་ཉམས་ཡོ་གས་འཁྱམས་རལ་ཞིག༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཐུགས་རྗེའི་རྩལ་གྱིས་ཚེ་དཔལ་དབང་དུ་སྡུས༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧྲཱི༔ བཅོམ་ལྡན་མགོན་པོ་པདྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྨིན་བྱེད་ལྷ་མོ་དམར་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་བཀྲག་དྲོད་ཀྱི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ མེ་ཡི་ཁམས་ནས་དྲོད་ཀྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད་སྐུ་ཡི་འཕྲོ་འདུ་ལས༔ སྡུད་བྱེད་ལྷ་མོ་སྔོན་མོའི་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་འཛིན་ནས་སྟོང་ཁམས་ཉུལ༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་མདངས་ཁྲག་གི་ཁམས་ནས་ཚེ་ཉམས་ཏེ༔ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར་ཤོར་ར་རེ༔ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ་སྟོབས་མ་ཞན༔ ཆུ་ཡི་ཁམས་ནས་གཤེར་གྱི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཏྲཱཾ༔ བཅོམ་ལྡན་མགོན་པོ་རཏྣ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད༴ བརྟན་བྱེད་ལྷ་མོ་སེར་མོའི༴ མདའ་དར་ཚེ༴ བདག་དང་རྒྱུ་སྦྱོར༴ གཟུགས་ཕུང་ཤ་རུས་ཁམས༴ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང་པོར༴ སྤྲུལ་པའི་ལྷ་མོ་རྫུ་འཕྲུལ༴ ས་ཡི་ཁམས་ནས་སྲ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ༴ ཏྲཱཾ་རཏྣ་ཨཱ་ཡུ༴ ཨཱ༔ བཅོམ་ལྡན་མགོན་པོ་ཀརྨ་ཚེ་དཔག་མེད༔ ཡབ་ཡུམ་གཉིས་མེད༴ གྲུབ་བྱེད་ལྷ་མོ་ལྗང་གསལ་ཕོ་ཉ་འཕྲོ༔ མདའ་དར་ཚེ་བུམ་ཐོགས༴ བདག་དང་རྒྱུ་སྦྱོར་ཡོན་བདག༴ སྲོག་འཛིན་དབུགས་ཀྱི་ཁམས༴ ཕྱོགས་སྐྱོང་སྡེ་བརྒྱད་འབྱུང༴ སྤྲུལ་པའི་ལྷ་མོ༴ རླུང་གི་ཁམས་ནས་གཡོ་བའི་བཅུད་སྡུས་ལ༔ འཆི་མེད་བུམ་པ་ཚེ་རྟེན་འདི་ལ་ཁུག༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཞེས་བསྟིམས་ལ༔ སློབ་བུའི་སྤྱི་བོར་བསྐུར་ཏེ༔ ཨོཾ༔ སྐུ་ཡི་དབང་མཆོག་བུདྡྷ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དཀར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ སྐུ་ཡི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོཾ༔ མགྲིན་པར་དབང་བསྐུར་ཏེ༔ ཧྲཱི༔ གསུང་གི་དབང་མཆོག་པདྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ དམར་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ གསུང་གི་ཚེ་དབང་རབ་འབྱམས་བསྐུར་དུ་གསོལ༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧྲཱི༔ སྙིང་གར་བསྐུར་ཏེ༔ ཧཱུྃ༔ ཐུགས་ཀྱི་དབང་མཆོག་རྡོ་རྗེ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན་མཉམ་པར་སྦྱོར༔ མཐིང་གསལ་འཆི་མེད༴ ཐུགས་ཀྱི་ཚེ་དབང༴ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བསྐུར་ཏེ༔ ཏྲཱཾ༔ ཡོན་ཏན་དབང་མཆོག་རཏྣ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན༴ སེར་གསལ་འཆི་མེད༴ ཡོན་ཏན་ཚེ་དབང་རབ༴ ཏྲཱཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཏྲཱཾ༔ གསང་བར་བསྐུར་ཏེ༔ ཨཱ༔ ཕྲིན་ལས་ཚེ་དབང་ཀརྨ་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་བདེ་ཆེན༴ ལྗང་གསལ་འཆི་མེད་བདུད་རྩིའི་གསང་རུམ་ནས༔ ཕྲིན་ལས་ཚེ་དབང་རབ་འབྱམས་བསྐུར༴ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྒྱས་པར་ན་སྐུ་དང་བཅས་ཏེ་དབང་བསྐུར་རོ༔ ལྷ་རྣམས་ཀྱི་བུམ་པ་ནས་བདུད་རྩི་བབས་པས་གྷུ་རུ་ཡབ་ཡུམ་གྱི་སྐུ་གང་སྟེ༔ སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་བབས༔ སློབ་བུའི་གནས་སོ་སོའི་ལྷ་རྣམས་ཀྱི་བུམ་པ་ནས་གང་ཞིང་ལུད་པས༔ ལུས་གང༔ སྒྲིབ་པ་ལྔ་དག༔ ཡེ་ཤེས་ལྔ་ཐོབ༔ སྐུ་ལྔ་མངོན་དུ་བྱས་པར་བསམ་ཞིང་ངོ་ཡང་སྤྲད་དོ༔ དེ་ནས་ཚེ་ཆང་དང༔ ཚེའི་པུ་ལུ་ཚེ་བསྟིམས་པ་ཡང༔ ཚེ་ཡི་སྔགས་ཀྱིས་སྦྱིན་ཞིང་བརྟན་པར་བྱའོ༔ རྗེས་རྒྱས་གདབ་པ་ནི༔ བྷྲཱུྃ༔ ཡེ་ཤེས་ལྷ་མོ་ཚེ་མདའ་སྲུང་བའི་ལྷ༔ སྣ་ཚོགས་མདོག་ཅན་རིན་ཆེན་རྒྱན་འཆང་མ༔ འཁོར་ལོ་པདྨ་རྡོ་རྗེ་རིན་པོ་ཆེ༔ རྒྱ་གྲམ་འབར་བའི་ཕྱག་རྒྱ་རབ་བཀྲ་བས༔ བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་སྲོག་ལུས་ཟུངས་དབང་ཐང་ཀླུང་རྟའི་སྟོབས༔ ཕྱི་ནང་བར་ཆད་མི་མཐུན་རྐྱེན་རྣམས་ལས༔ ཡོངས་སུ་སྲུངས་ཤིག་བཛྲ་རཀྵ་བྷྲཱུྃ༔ ཞེས་ཚེ་མདའ་གནས་སོ་སོར་གཏུགས་ཤིང་སྦྱིན་ནོ༔ ལུས་དང་ལོངས་སྤྱོད་གཏང་རག་ཏུ་དབུལ༔ སློབ་དཔོན་གྱིས་ལྷ་ལ་མཆོད་བསྟོད་ནོངས་པ་བཟོད་པར་གསོལ་ཞིང་ལྷག་ཆད་བསྐང༔ ཤིས་པ་བརྗོད༔ དགེ་བ་བྱང་ཆུབ་ཏུ་བསྔོ་བས་རྒྱས་བཏབ་བོ༔ ཨེ་མ་ཧོ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ དེ་ཡི་དྲུང་དུ་པདྨ་བདག་ཉིད་ཀྱིས༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་པར་འབུལ༔ འཆི་མེད་ཚེ་ཡི་ཕྱི་དབང་འདི་ཞུས་ཏེ༔ ཉམས་སུ་བླངས་པས་སྐྱེ་འཆི་མེད་པའི་ལུས༔ རྡོ་རྗེའི་ལུས་འདི་གྲུབ་བོ་ཕྱི་རབས་རྣམས༔ འཆི་མེད་འདོད་ན་ལུས་དང་ལོངས་སྤྱོད་བཅས༔ ཕོངས་མེད་བླ་མ་རྗེ་ལ་ཕུལ་ནས་ནི༔ འཆི་མེད་ཚེ་ཡི་བདུད་རྩི་འདི་ལ་འབད༔ སྙིང་ལ་ཆོངས་ཤིག་ས་མ་ཨ་ཐམ་རྒྱ༔ འཆི་མེད་གསང་བའི་ཕྱི་དབང་རྫོགས་སོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ རྒྱ་ལྔས་བཏབ་ཏེ་ཟབ་ཆོས་དགོངས་པ་ཡང་ཟབ་ཀྱི་འཆི་མེད་སྒྲུབ་པའི་གནད་དུ་གདམས་སོ༔ ཨེ་མ་འདི་ཉིད་ཡང་ཟབ་ཆོ་ག་སྟེ༔ མ་འོངས་ལྷ་སྲས་བྱང་ཆུབ་སེམས་དཔའ་ཡིས༔ འགྲོ་འདུལ་ཚེ་ཡི་དབང་བསྐུར་འདི་ལ་གྱིས༔ འདི་ཉིད་ཡང་ཟབ་གནད་བསྡུས་ཕྱོགས་ཙམ་བསྟན༔ འདི་ལ་དགོས་པའི་ཚེ་ཡི་ལས་གཞུང་དབང༔ རྒྱས་པར་བྱེད་ན་འགྲེལ་པའི་སྒྲོན་མེ་སྦོར༔ ང་ཡི་བུ་མཆོག་ལྷ་སྲས་སྙིང་ལ་ཕུར༔ ས་མ་ཡ༔ ཁ་ཐཾ༔ ནང་དང་གསང་བའི་ཚེ་དབང་ལོགས་སུ་གབ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེ་ཡི་སྐོར་ལས་ནང་གི་དབང་བསྐུར་བཞུགས་སོ༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ ས་མ་ཡ༔  ྈྈྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དད་པ་དང་ལྡན་པའི་སློབ་མ་ལ༔ ནང་གི་དབང་བསྐུར་བ་ནི༔ རིན་པོ་ཆེ་དང་སྨན་འབྲུ་དར་ཟབ་སྙིང་གི་ནོར་ཕུལ་ཏེ༔ ཁྲུས་བྱས་བགེགས་བསྐྲད་མིག་དར་བཅིང༔ མེ་ཏོག་ཐོགས་ལ༔ ཕྱི་དབང་ལྟར་གསོལ་བ་གདབ་ཅིང༔ དྲི་བ་དང་ལན་ལྡོན༔ སློབ་དཔོན་བདག་ཉིད་གྷུ་རུ་ཡབ་ཡུམ་ཚེ་བདག་རིགས་ལྔའི་དཀྱིལ་འཁོར་དུ་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས་སློབ་མའི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཐམས་ཅད་བསྲེགས༔ རྣམ་ཤེས་ཧྲཱིཿདམར་པོར་གྱུར་པ་ཞལ་དུ་ཞུགས་དབུ་མའི་ལམ་བརྒྱུད༔ ཡུམ་གྱི་མཁར་པད་འབྱུང་བདག་ཉིད་དུ་གསལ་བ་ཕྱིར་ཕྱུང༔ གྲལ་དུ་འཁོད་པའི་གནས་གསུམ་དུ་བདུད་རྩིས་རེག་ལ༔ འཁོར་ལོ་པདྨ་རྡོ་རྗེ་ལ༔ ཨོཾ་ཨཱཿཧཱུྃ་གི་ཡི་གེ་ལས༔ སྐུ་གསུང་ཐུགས་ཀྱི་ཚེ་ལྷ་རིགས་གསུམ་དཀར་དམར་སྔོ་བ་ཚེ་བུམ་འཛིན་པ་ལོངས་སྐུའི་རྒྱན་ཅན༔ རྡོ་རྗེ་པདྨ་སེམས་སྐྱིལ་གྱིས་གནས་པར་གསལ་བའི་གནས་རྣམས་ལས༔ འོད་ཟེར་སོ་སོའི་ཁ་དོག་ཅན་འཕྲོས༔ ནུབ་ཕྱོགས་བདེ་ཅན་ནས་ཡེ་ཤེས་པ་དེ་ལྟ་བུ་མང་པོ་སྤྱན་དྲངས༔ ཐིམ་པར་མོས་ཤིང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགྷུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱ༔ ཞེས་བྱིན་དབབ༔ དབྱེར་མེད་དུ་བསྟིམ༔ དེའི་དོན་ངོས་བཟུང་ལ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ མེ་ཏོག་ཡབ་ཡུམ་གྱི་དབུས་སུ་དོར་ལ༔ གང་ལ་ཉེ་བའི་མིང་གདགས་པ་ནི༔ རིགས་ཐམས་ཅད་ཐབས་ཤེས་གཉིས་སུ་འདུས་ཏེ༔ ཐབས་ཡབ་ལ་བབ་ན༔ གུ་རུ་རྡོ་རྗེ་ཚེ་དབང་རྩལ༔ ཞེས་པ་དང༔ ཐབས་ཡུམ་ལ་བབས་ན༔ གྷུ་རུ་པདྨ་ཚེ་དབང་རྩལ༔ ཞེས་པ་དང༔ ཤེས་རབ་ཡབ་ལ་བབས་ན༔ ཌཱ་ཀི་བདེ་སྟེར་རྩལ༔ ཤེས་རབ་ཡུམ་ལ་བབས་ན༔ ཌཱ་ཀི་པདྨ་བདེ་མཆོག་རྩལ༔ ཞེས་མིང་གདགས༔ མིག་དར་བསལ༔ སློབ་དཔོན་ཡབ་ཡུམ་གྱི་སྐུ་བསྟན་ལ་ལྷ་ངོ་སྤྲད༔ དེ་ནས་ལྷ་དབང་བསྐུར་བ་ནི༔ སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་དུ་ཚེ་བཀུག་ལ༔ ཡབ་ཡུམ་སྦྱར་བའི་སྐུའམ༔ ཞབས་ལ་རེག་ཅིང་དབང་བླང་དུ་གཞུག༔ ཚེ་འགུགས་པ་དང༔ དབང་བསྐུར་བའི་ཚིག་མཐའ་རྟེན་རྣམས་ཕྱི་དབང་ལྟར་རོ༔ སཱ་མཱ་ཡཱ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེའི་སྐོར་གསང་བའི་དབང་བསྐུར་ཟབ་མོ་བཞུགས༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ སཱ་མཱ་ཡཱ༔  ྈྈྈྈྈྈྈྈྈྈ འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ སློབ་དཔོན་ཡབ་ཡུམ་ལ་རབ་ཏུ་མོས་ཤིང༔ རང་རྒྱུད་པར་སྐད་ཅིག་ཀྱང་མི་རྟོག་པའི་སློབ་མ་སྣོད་དང་ལྡན་པ༔ དམ་ཚིག་གི་སེལ་མེད་པ་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་འབུལ་བའི་སློབ་མ་ལ༔ ཚེ་ཡི་དབང་བསྐུར་བ་ནི༔ བུས་རིག་མ་ཚེ་ལམ་ཅན་མཚན་ལྡན་ཡོན་དུ་འབུལ་ལ༔ ཁྲུས་བྱས་བགེགས་བསྐྲད༔ གདོང་དར་བཅིང༔ མེ་ཏོག་དང་བཅས་པས་གསོལ་བ་གདབ༔ དྲི་བ་དང་ལན་བྱ༔ རིགས་ངེས་པ་དང་བྱིན་དབབ༔ ཡེ་ཤེས་ངོས་བཟུང༔ ཡབ་ཡུམ་སྙོམས་པར་ཞུགས་པའི་བདུད་རྩི་ཉ་ཕྱིས་ཀྱིས་བླངས་ལ༔ འཆི་མེད་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསམ་ལ༔ སློབ་བུའི་ལྕེས་མྱང༔ མཐའ་རྟེན་ཚེ་ཆང་དང༔ པུ་ལུ་སྦྱིན་ཅིང༔ སྲུང་བ་རྒྱས་གདབ་རྣམས་ཕྱི་དབང་གི་སྐབས་ལྟར་འགྲེས་ཤེས་པར་གྱིས་ཤིག༔ ནང་དང་གསང་བའི་དབང་བསྐུར་བ་འདི་སློབ་མ་དམ་ལྡན་བསྟན་པ་འཛིན་པའི་སྐྱེས་བུ་རང་དང་སྐལ་པ་མཉམ་པ་མཆོག་གསུམ་ལ་བྱ་ཡི༔ དེ་བས་སུ་ཐོད་ཐོད་ལ་བསྟན་ན༔ སློབ་དཔོན་གྱི་ཚེ་ལ་བར་ཆད་ཆེན་པོ་འབྱུང་ངོ༔ སཱ་མཱ་ཡཱ༔ ཁ་ཐམ༔ ཨེ་མ་ཉོན་མོངས་འཁོར་བའི་ས་བོན་རྩ༔ འདོད་ཆགས་ཆེན་པོའི་ཚུལ་ལ་རབ་བརྟེན་ནས༔ དེ་ཉིད་རང་གྲོལ་གནད་ཀྱི་ཚེ་སྒྲུབ་ཐབས༔ པདྨ་བདག་གིས་རྒྱུད་ཀུན་སྙིང་ཕྱུངས་ཏེ༔ ད་ལྟའི་ལྷ་སྲས་འདོད་ཆེན་པ་དག་དང༔ ངང་བཙུན་ཇོ་མོ་སྐྱེ་མང་བརྒྱུད་པའི་མཐའ༔ ལུག་སྤྲེལ་ལོ་པ་ཆོས་དང་སྲིད་ལ་མོས༔ རྒྱ་མཚོའི་མིང་ཅན་དེ་དང་འཕྲད་པའི་ཚེ༔ ལྷན་ཅིག་གྲུབ་པའི་ཡེ་ཤེས་གསང་ཏིག་འདི༔ སྒྲུབ་ཐབས་ཡིག་ཆུང་ཕྱི་ནང་གསང་དབང་བཅུས༔ ཉམས་སུ་ལོངས་ཤིག་གཅེས་པར་ཨ་ཐམ་རྒྱ༔ དེ་གཉིས་རྟེན་འབྲེལ་སྨོན་ལམ་གྲུབ་པ་ན༔ གསང་བ་སྔགས་ཀྱི་བསྟན་འཛིན་སྐྱེས་བུ་འབྱུང༔ ངེས་མེད་ཀུན་འཕྱོའི་སྤྱོད་པས་འགྲོ་བ་སྒྲོལ༔ རྡོ་རྗེ་སྙིང་པོའི་ངེས་དོན་དར་གཅིག་རྒྱས༔ རྟེན་འབྲེལ་འཆུགས་ན་ཡབ་ཡུམ་གཉིས་ཀ་ལ༔ བདུད་ཀྱི་དབང་གྱུར་མཚོན་དང་ཟས་དུག་གིས༔ ཚེ་དང་སྲོག་ལ་བར་དུ་གཅོད་པས་ན༔ དབེན་པའི་གནས་ཟུངས་སྒྲུབ་པ་ཉམས་སུ་ལོངས༔ གཞན་དོན་མ་སྔ་རང་ཉམས་མཐར་དབྱུང་ཞིག༔ པདྨ་བདག་ཀྱང་སྔོན་གྱི་སྨོན་ལམ་མཐུས༔ བོད་ཡུལ་དབུས་འདིར་ཆོས་ཀྱི་སྒྲོན་མེ་སྦར༔ གསང་སྔགས་འབྲས་བུའི་བསྟན་པ་སྤེལ་བྱས་ཀྱང༔ ཉོན་མོངས་རང་གྲོལ་གཉེན་པོ་ལ་ཟླའི་ཆོས༔ ལྷ་སྲས་ཡབ་ཡུམ་གཉིས་ལས་བསྟན་པ་མེད༔ གྷུ་རུ་རྔ་ཡབ་གླིང་དུ་གདན་ཆགས་ཀྱང༔ བཙད་པོ་ཡབ་ཡུམ་ཡིད་ལ་བཅགས་ཤིང་འཕྲེང༔ ལྷ་སྲས་འཇིང་ཡོན་བདེ་ཆེན་གསང་ལམ་ཚོལ༔ ངང་བཙུན་རྒྱལ་མོ་ཐེ་ཚོམ་དྲྭ་བ་ཆོད༔ སྙིང་ལ་ཕུར་ཅིག་གསང་བ་ཉམས་སུ་ལོངས༔ མ་མོ་གཟའ་དང་སྐྱེས་མཆོག་ཐིག་ལེ་རྩལ༔ ཐུབ་པར་སྲུངས་ཤིག་དུས་མིན་གཏེར་རྐུན་གྱི༔ སྲོག་ཆོད་དབུག་ལོངས་མི་རུངས་ལྟས་ངན་ཕོབ༔ དུས་ལ་བབ་ཚེ་ང་དང་ལྷ་སྲས་ཀྱི༔ ལག་ཏུ་སྤྲོད་ཅིག་དམ་བཅའ་ཐུབ་པར་སྲུངས༔ མཱ་ར་ཐ་ས་མ་ཡ་ན་ར་ཀན༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ སཱ་མཱ་ཡཱ༔ ཁ་ཐམ༔ འཆི་མེད་ཚེའི་སྙིང་སྒྲུབ་འདི་ནི་ལོ་ཤས་གསང་ནས། ཆུ་ཡོས་ཧོར་ཟླ་ལྔ་པའི་ཚེས་བཅུའི་ཉིན། འབྲི་གུང་སྤྲོ་གུང་གི་ལྕང་ཁྲོད་དུ་ཕབ་པའོ། །ཤུབྷཾ།། །།  ༔དམ་ཆོས་དགོངས་པ་ཡང་ཟབ་ལས༔ འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་ཐབས་འདོད་ཆགས་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཟངས་ཤོག་དམར་པོའི་ཆོས་སྡེའོ༔ ྈྈྈྈྈྈྈྈྈྈྈྈ འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་གདམས་པ་འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ བཅོམ་ལྡན་འདས་འཆི་མེད་ཚེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་དབང་གསང་བའི་མཛོད༔ རྒྱལ་བ་ཀུན་གྱི་བཅུད་བསྡུས་ཏེ༔ ང་ཡི་ཡིད་ལ་གཅགས་པའི་བུ༔ ལྷ་སྲས་སྐྱེ་བ་ཕྱིས་འབྱུང་དོན༔ ཉོན་མོངས་འདོད་ཆགས་འདོད་ཆགས་ཀྱི༔ བདེ་བའི་ཡེ་ཤེས་ལ་བརྟེན་ནས༔ ཚེ་དབང་རིག་འཛིན་སྒྲུབ་པའི་ཐབས༔ གཅེས་པར་གདམས་སོ་ཨ་ཐམ་རྒྱ༔ སཱ་མཱ་ཡཱ༔ འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ནི༔ གནས་ཡིད་དང་མཐུན་ཞིང་ཕྱི་ནང་གི་ཡོ་བྱད་འཛོམ་པ༔ གློ་བུར་ཡེ་འདྲོག་གི་འཚེ་བ་མེད་པར༔ རིགས་བཟང་གི་ཕྱག་རྒྱ་མཚན་དང་ལྡན་པ་བཙལ་ཏེ༔ ཕྱི་ནང་གི་མཚམས་དམ་དུ་བཅད༔ བདེ་བའི་སྟན་ལ་འདུག་སྟེ༔ བར་གཅོད་དང་ལོག་འདྲེན་མི་ཁའི་གནོད་བྱེད་ལ་གཏོར་མ་བྱིན་ལ་བཀའ་བསྒོ༔ ཕྱོགས་སྐྱོང་དང་གཞི་བདག་ལ་གཏོར་མ་བྱིན༔ ཡ་ག་མི་སྒྲོག་ཅིང་བར་གཅོད་མི་འབྱུང་བའི་ཕྲིན་ལས་བཅོལ༔ དེ་ནས་སྐྱབས་སེམས་སྔོན་དུ་འགྲོ་བས༔ ཐབས་ཀྱི་སྐུ་རིག་འཛིན་པདྨ་བདག་ཉིད་སྐུ་མདོག་དམར་གསལ་མདངས་དང་ལྡན་པ༔ གསང་བའི་རྡོ་རྗེ་མཁྲེགས་ཤིང་འོད་དུ་འབར་བ༔ རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ་སྟོང་གསལ་གྱི་སྐུ༔ པདྨ་ཉི་ཟླའི་གདན་ལ་བཞུགས་པར་གསལ་བའི༔ གསང་བ་ནས་སྤྱི་བོའི་བར་པདྨ་འདབ་མ་བརྒྱད་པ༔ ལྗང༔ སེར༔ སྔོ༔ དམར༔ དཀར་བའི་སྡོང་བུ་བརྩེགས་མ་ལ་གནས་པ༔ དེ་ཡི་སྤྱི་བོར་བདེ་ཆེན་འཁོར་ལོའི་པདྨའི་དབུས་སུ༔ སངས་རྒྱས་ཚེ་དཔག་མེད་སྐུ་མདོག་དཀར་པོ༔ ཀུན་བཟང་དཀར་མོ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན་པར་བསྐྱེད༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་པདྨའི་དབུས་སུ༔ པདྨ་ཚེ་དཔག་མེད་སྐུ་མདོག་དམར་པོ༔ གོས་དཀར་མོ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན་པར་བསྐྱེད༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས་སུ༔ རྡོ་རྗེ་ཚེ་དཔག་མེད་སྐུ་མདོག་སྔོན་པོ༔ མཱ་མ་ཀཱི་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ༔ རཏྣ་ཚེ་དཔག་མེད་སྐུ་མདོག་སེར་པོ༔ སངས་རྒྱས་སྤྱན་མ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད༔ གསང་གནས་བདེ་སྐྱོང་གི་འཁོར་ལོའི་པདྨའི་ལྟེ་བར༔ ལས་ཀྱི་ཚེ་དཔག་མེད་ལྗང་གུ༔ སྒྲོལ་མ་དང་སྦྱོར་བ༔ ལོངས་སྐུ་འཁྱུད་རྒྱ༔ སྐྱིལ་ཀྲུང་འཁྲིལ་སྦྱོར་བདེ་ཉམས་དང་ལྡན་པར་བསྐྱེད་དོ༔ ཡུམ་དེ་ཡང་ལྷ་ལྕམ་མན་དྷཱ་ར་ཝ༔ སྐུ་མདོག་དམར་གསལ་འོད་དུ་འབར་བ༔ བཅུ་དྲུག་ལོན་པའི་ན་ཚོད་ཅན༔ ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས་པར༔ ཆགས་པའི་ཟིལ་གྱིས་བརླན་པ༔ རིན་པོ་ཆེ་དང་རུས་པའི་རྒྱན་ཅན་ཡིད་དུ་འོང་བ༔ སྟོང་གསལ་གྱི་སྐུ༔ ཡབ་ཀྱི་པང་དུ་འཁྲིལ་ཏེ༔ ཡབ་ཡུམ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་གསང་བ་ནས་སྤྱི་བོའི་བར་དུ༔ པད་སྡོང་བརྩེགས་མ་ཁ་དོག་ལྔ་ལྡན་གྱི་སྟེང་དུ༔ ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་ཡབ་ལ་ཇི་ལྟར་བསྐྱེད་པ་བཞིན་བསྒོམ༔ ཡབ་ཡུམ་གཉིས་ཀྱང་སྙོམས་འཇུག་གི་འཁྱུད་རྒྱ་ཅན༔ བདེ་བ་ཆེན་པོའི་ཉམས་དང་ལྡན་པར་བསམ༔ དེ་ནས་ཡབ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ༔ ཡུམ་ཡབ་ལ་པདྨའི་འདུག་སྟངས་ཀྱིས་འཁྲིལ་བ༔ ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བས་གཡོ་བ་ནི་དགའ་བའི་ཉམས་སོ༔ ཡུམ་གྱིས་ཡབ་ཀྱི་བོལླ་ཉེད་ཅིང་བལྟ་བས་ཕྱང་ཉུག་བསྡམ༔ ཡབ་ཀྱིས་ཡུམ་གྱི་བྷ་ག་ལ་བལྟ་ཞིང་རེག་ལ་བགྲད་པ་དང་གདང་བའི་ཞལ་དུ་བཤུད་ཅིང༔ དབྱིངས་སུ་བསྟིམ་པ་དང་སླར་གདོན་ལ་བསྲུབ་པའི་སྦྱོར་བ་དལ་བུས་བདེ་བ་བསྐྱེད་པ་ནི་མཆོག་དགའི་ཉམས་སོ༔ དེ་ལས་བདེ་བའི་ཉམས་ཆེར་རྒྱས་ཏེ༔ ཡབ་ཡུམ་བདེ་བའི་སྐད་འབྱིན་ཅིང༔ བཞིན་གྱི་རྣམ་པ་འགྱུར་བ་ནི་ཁྱད་པར་དགའ་བའི་ཉམས་སོ༔ དེ་ལས་ཀྱང་བདེ་བ་ཆེས་ཆེར་རབ་ཏུ་རྒྱས་ཏེ་འབར་བའི་ཉམས་ཟུག་རྔུ་དང་བཅས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ཉམས་སོ༔ འདི་དག་འཇིག་རྟེན་པ་ལུགས་སུ་འབྱུང་བའི་ཉམས་བཞིའི་འགྱུར་བ་ཞེས་བྱའོ༔ དེ་ནས་སྐྱོད་པ་བཤོལ་ཞིང་ཀ་དག་གི་ངང་དུ་ཆམ་བཞག༔ དེ་ལྟར་འབད་པས་ཡབ་ཡུམ་གཉིས་ཀའི་ཁམས་ཀྱི་དྭངས་སྙིགས་ཕྱེད་དེ༔ ཁམས་ཀྱི་སྙིགས་མ་ཐམས་ཅད་ཆུ་སེར་དང༔ བའི་ཁ་ཆུ་ལྟ་བུར་ཕྱིར་བོ་བས་གེགས་མི་འབྱུང་ལ༔ དྭངས་མ་འཕོ་མེད་དུ་བཅིང་བ་ནི༔ ཐུན་མོང་མ་ཡིན་པའི་རླུང་གནད་དང༔ ཉི་ཟླ་ཁ་སྦྱོར་ལུགས་འབྱུང་དང་ལུགས་བཟློག་གི་ལུས་གནད་དང་ལྡན་པས༔ བརྩོན་པ་ཆེན་པོས་ཉམས་སུ་བླང་བ་གལ་ཆེའོ༔ དེ་ལྟར་དྭངས་སྙིགས་འབྱེད་པའི་སྦྱོར་བ་འདི་དག་ལས་དང་པོ་པས༔ ཐུན་འགོར་ལན་དྲུག་དྲུག་བྱ་ཞིང༔ ཞག་གསུམ་ནས་ཐུན་འགོ་རྣམས་སུ་ལན་རེ་རེ་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ནི༔ གོང་ལྟར་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ གསང་གནས་འཁོར་ལོའི་ལྟེ་བའི་ལས་ཀྱི་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ ལས་ཀྱི་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་ལྗང་གུ་འཕྲོས༔ ལུས་ཀྱི་ནང་ཁེངས༔ ཕྲག་དོག་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་རླུང་གི་བཅུད་བདུད་རྩི་ལྗང་གུ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ལས་བདུད་རྩི་ལུད༔ ཕྱིར་བབས་ཏེ༔ གསང་གནས་ཀྱི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་རྐང་སོར་ནས་ལོང་བུ༔ པུས་མོ་ལྟེ་བ་དཔྱི་དང་གསང་གནས་ཕྱིན་བདུད་རྩི་ལྗང་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་དོན་ཡོད་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཨཱཿཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླ་བཞིན་རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་མུ་ཏིག་བཙད་པོ་ཉིད་རྒྱལ་པོར་དབང་བསྐུར་བས༔ སྟོན་པ་ལེགས་བྱིན་ཉི་མ་དང༔ སྔགས་པ་རྡོ་རྗེ་རྒྱལ༔ རྒྱལ་པོ་ཧབ་ལེ་རྣམས་ལ་ཕྲག་དོག་པའི་དབང་གིས་ནོངས་པ་བགྱིས་པས༔ མ་འོངས་པ་ན་ལྷ་སྲས་སྐྱེ་བ་བརྒྱུད་པའི་རྗེས༔ ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ཕྲག་དོག་གི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་ལས་ཀྱི་རིགས་ཀྱི་རྦོད་གཏོང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ ལས་རིགས་དབང་དུ་འདུ་ལ་ཕྲིན་ལས་ཀྱི་ཚེ་ལ་དབང་བསྒྱུར་རོ༔ ཨོ་རྒྱན་པདྨ་ཡབ་ཡུམ་བདག་གིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ ཕྲིན་ལས་ཀྱི་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ ལྟེ་བའི་འཁོར་ལོའི་དབུས་ཀྱི་རཏྣ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རཏྣ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་སེར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ སེར་སྣ་དང་ང་རྒྱལ་གྱི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ ཤ་དང་རུས་པའི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་སའི་བཅུད་བདུད་རྩི་སེར་པོ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ལས་བདུད་རྩི་ལུད༔ ཕྱིར་བབས་ཏེ་ལྟེ་བའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་སྤུ་མཚམས་ཡན༔ ལྟེ་བ་ཕྱིན་ཆད་བདུད་རྩི་སེར་གསལ་མདངས་དང་ལྡན་པས་ལྟེམ་གང༔ མཉམ་པ་ཉིད་ཀྱི་མཆོག་དགའི་ཡེ་ཤེས་ཤར༔ གུ་རུ་རཏྣ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཏྲཱཾཿརཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་པ་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་ཉིད་རྒྱལ་པོར་གྱུར་པས༔ མཁན་པོ་ཤཱནྟིཾ་པ་དང༔ སྔགས་པ་ལོང་ཚེ་ནག་པོ༔ རྒྱལ་བུ་ཉི་མ་དཔལ་རྣམས་ལ་ང་རྒྱལ་གྱི་དབང་གིས་ནོངས་པའི་ལས་བགྱིས་པའི་འབྲས་བུས༔ མ་འོངས་པ་ན་ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ང་རྒྱལ་གྱི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན་མདོར་ན་རིན་ཆེན་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ རིན་ཆེན་རིགས་དབང་དུ་འདུ་ལ་ཡོན་ཏན་རིགས་ཀྱི་ཚེ་ལ་དབང་བསྒྱུར་རོ༔ ཨོ་རྒྱན་པདྨ་ཡབ་ཡུམ་བདག་གིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ རིན་ཆེན་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་ཏེ༔ སྙིང་གའི་འཁོར་ལོའི་དབུས་ཀྱི་རྡོ་རྗེ་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རྡོ་རྗེ་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་སྔོན་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ ཞེ་སྡང་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ ཁྲག་གི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་ཆུའི་བཅུད་བདུད་རྩི་མཐིང་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ནས་བདུད་རྩི་ལུད༔ ཕྱིར་བབས་ཏེ་སྙིང་གའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་ལྟེ་བ་ཡན༔ སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་མཐིང་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས་ཤར༔ གྷུ་རུ་རྡོ་རྗེ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བགྱིའོ༔ དེ་ལྟར་འབད་པས༔ ད་ལྟ་ང་ཡི་བུ་ལྷ་སྲས་ཉིད་རྒྱལ་པོར་གྱུར་པས༔ སྟོན་པ་སངས་རྒྱས་གྲུབ་དང༔ སྔགས་པ་ཕུར་པ་མགོན༔ བློན་ཞང་འུ་རིང་རྣམས་ལ་ཞེ་སྡང་གི་དབང་གིས་ནོངས་པ་བགྱིས་པས༔ མ་འོངས་ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང་འཕྲད་པ་ན༔ སྔགས་བཙུན་དང་སྡེ་དཔོན་འགའ་ཞིག་གིས༔ ཞེ་སྡང་གི་དབང་གིས་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་རྡོ་རྗེ་རིགས་ཀྱི་རྦོད་གཏོང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ རྡོ་རྗེ་རིགས་དབང་དུ་འདུ་ལ༔ ཐུགས་ཀྱི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ རྡོ་རྗེ་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་ཏེ༔ མགྲིན་པའི་འཁོར་ལོའི་དབུས་ཀྱི་པདྨ་ཚེ་དཔག་མེད་ཡབ་ཡུམ་གསལ་བཏབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བ་ན༔ པདྨ་ཚེ་དཔག་མེད་ཡབ་ཡུམ་གྱི་སྦྱོར་མཚམས་ནས་འོད་ཟེར་དམར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ འདོད་ཆགས་ཀྱི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔ་ཡི་མེའི་བཅུད་བདུད་རྩི་དམར་པོའི་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བའི་ཚེ༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུ་གཙུག་ནས་བདུད་རྩི་ཐོན༔ ཕྱིར་བབས་ཏེ་མགྲིན་པའི་པད་འདབ་ཁེངས་པ་ལས་ཀྱང་བདུད་རྩི་བབས༔ རང་ལུས་ཀྱི་མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ་བཀྲག་མདངས་དང་ལྡན་པས་ལྟེམ་གང༔ སོ་སོར་རྟོག་བྲལ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་པདྨ་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཧྲཱིཿཔདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ༔ རླུང་གནད་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང་བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་ཁྱོད་ཉིད་རྒྱལ་པོར་གྱུར་པས༔ གྷུ་རུ་བདག་དང༔ སྐུ་སྲུང་མཁན་པོ་ལྷའི་མེ་ཏོག༔ བླ་མཆོད་བསྟན་པ་འཕེལ་རྣམས་ལ༔ ཆགས་སྡང་མིག་སེར་གྱིས་ནོངས་པ་ཤོར་བའི་འབྲས་བུས༔ མ་འོངས་པ་ན༔ ལྷ་སྲས་སྐྱེ་བ་བརྒྱུད་ནས༔ གཞུ་ལུང་ནག་པོར་སྐྱེ་བ་བླངས་ཏེ་ཆོས་འདི་དང་འཕྲད་པ་ན༔ བླ་མ་དང་སློབ་དཔོན་གྲྭ་སློབ་དང་ཡོན་བདག་འགའ་ཞིག་ཆགས་པས་ཡིད་དཀྲུགས༔ ཡ་ག་སྣ་ཚོགས་སྒྲོག་ཅིང༔ ཆགས་སྡང་མིག་སེར་གྱི་སྦྱོར་ངན་ཤོམ་སྟེ༔ ཕ་རོལ་གྱི་བྱད་ཕུར་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན༔ མདོར་ན་པདྨ་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ པདྨ་རིགས་དབང་དུ་འདུ་ལ༔ གསུང་གི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ པདྨ་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཡབ་ཡུམ་རྡོ་རྗེ་དང་པདྨ་བདེ་བར་སྦྱར་བའི་ངང་ལས༔ སྤྱི་བོའི་འཁོར་ལོའི་དབུས་ཀྱི་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་གསལ་གདབ་ལ༔ བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བསྐུལ་བའི་བདེ་བ་གཡོ་བའི་ཚེ༔ རྣམ་སྣང་ཚེ་དཔག་མེད་ཀྱི་སྦྱོར་མཚམས་ནས་འོད་ཟེར་དཀར་པོ་འཕྲོས༔ ལུས་ཀྱི་ནང་ཁེངས༔ གཏི་མུག་གི་ཉེས་ལྟུང་སྦྱངས༔ ཕྱིར་འཕྲོས༔ རྣམ་པར་ཤེས་པའི་ཁམས་ནས་ཚེ་ཉམས་པ་དང༔ འབྱུང་བ་ལྔའི་ནམ་མཁའི་བཅུད་བདུད་རྩི་དཀར་པོ་འོད་དུ་བསྡུས༔ ཡབ་ཡུམ་གྱི་མཁར་བསྟིམ༔ བདེ་བ་འབར་བ་ན༔ ཡབ་ཡུམ་གྱི་སྐུ་བདུད་རྩིས་མེར་གྱིས་གང༔ དབུའི་གཙུག་ནས་བདུད་རྩི་ལྷུད༔ ཕྱིར་བབ༔ སྤྱི་བོའི་པད་འདབ་ཁེངས་པར་བསམ༔ དེ་ལས་ཀྱང་བདུད་རྩི་བབ༔ རང་ལུས་ཀྱི་སྤྱི་གཙུག་ཕྱིན་མགོ་བོའི་ནང་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་གང༔ མེ་ལོང་ལྟ་བུའི་འཁོར་འདས་ཡོངས་གྲོལ་གྱི་རང་བྱུང་གཞིའི་དགའ་བའི་ཡེ་ཤེས་ཤར༔ གྷུ་རུ་རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་དུ་གྱུར་པར་དམིགས་བཞིན་པས༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་བཟླས་པ་བྱ་ཞིང༔ རླུང་གནད་དང་འཁྲུལ་འཁོར་རྟོག་བྲལ་ཆེན་པོས་བྱང་ཆུབ་ཀྱི་སེམས་བཟུང་ཞིང༔ བཟློག་པ་དང་དགྲམ་པར་བྱའོ༔ དེ་ལྟར་འབད་པས༔ ད་ལྟ་ངའི་བུ་ལྷ་སྲས་འཇིང་ཡོན་རྒྱལ་པོའི་ཁེངས་དྲེགས་་་ཀྱིས༔ མཐོ་དམན་ཀུན་ལ་མི་ཤེས་པ་དང༔ གཏི་མུག་པས་བརྙས་པ་ཆེས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་ཆུད་ཟ་བར་མི་འགྱུར་རོ༔ མ་འོངས་པ་ན་སྐྱེ་བ་འགའ་ཞིག་འདས་ནས༔ འབྲི་ཞེས་བྱ་བའི་ཡུལ་དུ་སྐྱེས་ཤིང༔ ཆོས་འདི་དང་འཕྲད་པའི་ཚེ༔ མཐོ་དམན་ཀུན་གྱིས༔ རང་ལ་དགོས་ན་སྨན་ལྟར་འཚོལ་ཞིང༔ བཏང་སྙོམས་སུ་རྩྭ་བཞིན་བརྙས་ཤིང་འདོར་བར་འགྱུར་ལ༔ ཡང་དག་དང་ལོག་པར་ལྟ་བ་རྣམ་པ་དུ་མའི་ཆོ་འཕྲུལ་གྱིས༔ བྱད་དང་ཕུར་ཁས་ཚེ་སྲོག་ལ་བར་དུ་གཅོད་པའི་ལོག་འདྲེན་སོགས་དེ་བཞིན་རིགས་ཀྱི་རྦོད་གཏོང་དང་ཆགས་ཁ་ཐམས་ཅད་འདིས་སེལ་ཞིང༔ སངས་རྒྱས་རིགས་དབང་དུ་འདུ་ལ༔ སྐུའི་རིགས་ཀྱི་ཚེ་ལ་དབང་བར་འགྱུར་རོ༔ ཨོ་རྒྱན་པདྨ་བདག་ཡབ་ཡུམ་གྱིས་ཀྱང༔ བྲག་ཕུག་མཱ་ར་ཏི་ཀར༔ སངས་རྒྱས་རིགས་ཀྱི་ཚེའི་དངོས་གྲུབ་འདིས་ཐོབ་བོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཐུན་མཚམས་ཀྱི་རྣལ་འབྱོར་ནི༔ ཡབ་ཡུམ་གཉིས་ཀའང་ལྔ་ལྡན་ཐིག་ལེ་ཆེན་པོ༔ སྟོང་གསལ་ཏི་ལ་ཀ་ཉག་གཅིག་གི་རང་མདངས་སུ་མཉམ་པར་བལྟའོ༔ དེ་ནས་བག་ཆགས་ལྡང་བྱུང་ན༔ རང་གར་འདུག་པའི་གནས་ནི་བདེ་བ་ཅན༔ ཡབ་སྣང་བ་མཐའ་ཡས༔ ཡུམ་གོས་དཀར་མོའི་ང་རྒྱལ་གྱིས་ལྡང་བར་བྱའོ༔ ཐུན་མཚམས་སུ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཉམས་སུ་བླང་ན༔ རབ་ཕུང་པོ་ལྷག་མེད་དུ་གྲོལ༔ འབྲིང་ཇི་སྲིད་སྡོད་གང་མོས་ཀྱི་བར་ཚེའི་དངོས་གྲུབ་ཐོབ༔ ཐ་མ་ཡང་དུས་མིན་འཆི་བའི་བར་ཆད་ཞི་ཞིང༔ ཤི་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད་དོ་ན་ར་ཀན༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཆགས་ཆེན་ཕོ་ཉའི་ལམ་བརྟེན་ཚེ་སྒྲུབ་ཐབས༔ སྔོན་ཆད་བོད་འདིར་མ་བསྟན་སྙིང་གི་ཆོས༔ དུག་ལྔའི་རྦོད་གཏོང་ཟློག་པའི་དཔའ་བོ་ལ༔ གཅེས་པར་དགོས་པའི་རླུང་ཟས་སྟོབས་བསྐྱེད་དང༔ ཚོད་འཛིན་གེགས་སེལ་རྟགས་ཚད་ཡིག་བུ་ཆུང༔ ཕྱི་ནང་གསང་བའི་དབང་བསྐུར་ཡང་ཟབ་མཛོད༔ འཛོམ་ན་འོད་ལུས་རྙེད་པའི་ཟབ་རྒྱའི་ཆོས༔ དྭངས་མས་དྭངས་མ་སྒྲུབ་པའི་ཡང་སྙིང་འདི༔ མ་འོངས་དུས་ན་ལྷ་སྲས་མཇིང་ཡོན་དང༔ གསང་བའི་དགྱེས་ཡུམ་ངང་བཙུན་དཔལ་གྱི་རྒྱལ༔ སྨོན་ལམ་མཐུ་ཡིས་ལྷན་ཅིག་འཕྲད་པ་ན༔ གནས་སྐབས་ཚེ་ཡི་བར་ཆད་བསལ་བ་དང༔ ཕྱི་མ་ཞིང་ཁམས་གཅིག་་་པའི་རྟེན་འབྲེལ་ཕྱིར༔ པདྨ་བདག་གི་སྙིང་གི་གསང་ཁུ་བརྟོལ༔ ལས་ལྡན་ཡབ་ཡུམ་དོན་ཕྱིར་འདི་གདམས་སོ༔ མ་འོངས་བཞི་བཅུའི་དུས་སུ་ཉེ་བ་ན༔ དམ་པ་སྟོན་པའི་སློབ་དཔོན་སྐུ་ཚེ་ཐུང༔ ཕྱི་རུ་བཙུན་གཟུགས་ནང་གི་འདོད་ཆེན་སྲེད༔ དམ་མེད་སྡོམ་མེད་ཚུལ་འཆོས་བསྟན་འཛིན་ཞེས༔ རྒྱལ་ཁམས་ཀུན་ཏུ་ར་ཁྱུ་ཙམ་པ་ནི༔ ལ་ལ་མཁས་ཟེར་བསྟན་པའི་སེལ་འབྱེད་ཅེས༔ ཡ་བྲལ་ལྟ་བས་ཆོས་བྱེད་ལམ་སྣ་སྒྱུར༔ ལ་ལས་གྲུབ་འདོད་སྟོང་ལྟ་ཧད་པོ་ཡིས༔ རྒྱུ་འབྲས་ས་བོན་དགེ་སྡིག་ཁྱད་མེད་སྤྱོད༔ ལ་ལ་ཞིག་པོ་ཡིན་ཞེས་གཏི་མུག་གི༔ སྤྱོད་པས་འགྲོ་བ་བསླུ་རྣམས་བྲིམ་ཞིང་རྒྱས༔ ཆོས་སྤྱོད་སྐྱེ་བོ་ཡ་རབས་ཚེ་ཐུང་ཞིང༔ ནད་མང་སྡུག་བསྔལ་དུ་མས་ཉེན་པ་འབྱུང༔ ཟས་སུ་མནའ་ཟ་སྐོམ་དུ་དུག་སྦྱོར་ཞིང༔ ལས་སུ་དམག་འཁྲུགས་དུག་ལྔས་རྒྱུད་ཁེངས་པའི༔ ས་ཕྱོགས་ཡུལ་ཁམས་བདེ་སྐྱིད་དར་གྱུར་པའི༔ ལོག་པའི་དུས་གཅིག་མ་འོངས་དུས་བྱུང་ཚེ༔ བོད་འབངས་སྨོན་ལམ་ལྷན་ཅིག་བཏབ་པའི་མཐུས༔ ལྷ་སྲས་རྒྱལ་པོ་མུ་ཏིག་བཙད་པོ་ནི༔ འབྲི་རུ་སྐྱུ་རའི་རིགས་སུ་འཁྲུངས་གྱུར་ཏེ༔ དེ་ཚེ་ཆོས་འདིས་ཉོན་མོངས་རང་གྲོལ་ནས༔ འདོད་ཆགས་ཆོས་ཀྱིས་འགྲོ་བ་སྒྲོལ་གྱུར་ཅིག༔ སཱ་མཱ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གབ་རྒྱ༔ གཉན་རྒྱ༔ རྒྱ་རིམ་པ་ལྔས་བཏབ་སྟེ༔ དམ་ཅན་གསུམ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ དུས་ལ་བབས་ཚེ་བུ་ལ་སྤྲོད༔ སཱ་མཱ་ཡཱ༔ ན་ར་ཀན༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ འཆི་མེད་ཚེའི་སྐོར་ཉོན་མོངས་འདོད་ཆགས་རང་གྲོལ་གྱི་ཡིག་བུ་ཆུང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ ཉོན་མོངས་འདོད་ཆགས་རང་གྲོལ་གྱི་ཡིག་བུ་ཆུང་འདི་ཁོ་ནའོ༔ ཨེ་མ༔ ང་ཡི་གདམས་པ་ཉོན་མོངས་རང་གྲོལ་ལ༔ གཅེས་པར་དགོངས་པའི་རླུང་ཟས་ལག་ལེན་ནི༔ ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དང༔ འཕྲད་ཚེ་ང་དང་མི་གཉིས་ཛྭ་ཝ་རི༔ རྒྱ་གར་ཡུལ་འབྱུང་གྲུབ་པའི་རིག་འཛིན་བརྙེས༔ དེ་ཡི་ཡང་ཟབ་རླུང་གི་གདམས་པ་ནི༔ འཆི་མེད་གྲུབ་པའི་གནད་ཀུན་ལེན་གྱུར་ཏེ༔ པདྨ་ང་ཡི་ཐུགས་རྗེས་འཕྲད་པས་ལོངས༔ སྟོབས་སྐྱེད་ཁམས་དང་མཐུན་པའི་སྨན་སྦྱོར་ནི༔ ཟབ་དགུ་བོད་འདིར་འབྱུང་བས་གང་འཕྲོད་བསྟེན༔ ཉམས་སུ་བླངས་པའི་རྟགས་ཚད་ཡོན་ཏན་ནི༔ བྱང་སེམས་རྒྱས་པས་ལུས་ཀུན་བདེ་ཞིང་འབར༔ ལུས་ཀྱི་འགུལ་སྐྱོད་ཐམས་ཅད་བདེ་བར་འབར༔ བདེ་སྟོང་ངང་གིས་ཉིན་མཚན་འཁོར་ཡུག་འགྱུར༔ ལུས་ལ་ཚེར་མ་ཟུག་ཀྱང་བདེ་བར་འཆར༔ དྭངས་མ་རྒྱས་ཏེ་རཀྟ་འོད་དམར་འབབ༔ བདེ་བར་གཤེགས་པའི་ལྷ་སྐུ་རིང་བསྲེལ་འཁྲུངས༔ དེ་ལྟར་བྱུང་ན་ཉམས་ལེན་ཞེན་མེད་བསྐྱང༔ རབ་འབྲིང་ཐ་མའི་རྟགས་ཚད་བརྩོན་པས་འགྲུབ༔ ཡང་ནི་རྡོ་རྗེ་ལས་སུ་མི་རུང་དང༔ པདྨ་ཤུ་ཐོར་ཚ་ན་ཆེ་བ་དང༔ སྦྱོར་སྙིང་མི་འདོད་མགོ་དང་རོ་སྟོད་ན༔ ཡིད་མི་བདེ་ཞིང་ལྟ་ལོག་སྐྱེ་འགྱུར་ན༔ ཡབ་ཡུམ་སུ་ལ་བྱུང་ན་བར་ཆད་ཡིན༔ དམ་བཤགས་སྟོབས་བསྐྱེད་སྨན་མར་རིལ་བུ་བསྟེན༔ ངལ་གསོ་ཚོད་བཟུང་བརྩོན་པས་ཉམས་ལེན་བྱ༔ གལ་ཏེ་སྙིགས་མ་གསང་བར་འདྲིལ་བའི་རྟགས༔ རིག་པར་གྱུར་ན་ཡུམ་གྱི་གསང་རུམ་དུ༔ སྣ་ཚོགས་པདྨ་འདབ་བརྒྱད་དབུས་དང་ཕྱོགས༔ རྣམ་སྣང་གཙོ་བོར་རིགས་ལྔ་ཚེ་དཔག་མེད༔ ཡབ་ཡུམ་གསང་བའི་མཁར་གཏད་བདེ་མཆོད་འབུལ༔ དམ་ཚིག་བདུད་རྩི་མཁའ་ལས་བླང་ཞིང་མྱང༔ རང་ལུས་འཆི་མེད་བདུད་རྩིས་གཏམས་པར་བསམ༔ དེ་ལྟར་ཉོན་མོངས་ཉེ་བའི་ཉོན་མོངས་ཀུན༔ བླ་མེད་བྱང་ཆུབ་མཆོག་ཏུ་བྱེད་པའི་ཐབས༔ པདྨ་བདག་ལ་བརྒྱུད་པའི་ཁོང་སྙིང་ཡོད༔ རང་ཉིད་འདོད་སྲེད་འཁྲུལ་ཕྱིར་མ་ཡིན་ཀྱང༔ ཕྱི་རབས་ལྷ་སྲས་རྒྱལ་བུ་ཡིད་ལ་གཅག༔ ཀུན་ལས་ཁྱད་འཕགས་ཟབ་ཁྱད་མངོན་བྱེད་འདི༔ ཉམས་སུ་ལོངས་ཤིག་པད་འབྱུང་བདག་ཉིད་ལ༔ ཡིད་གདིང་ཆོས་ཤིག་ཀུན་གྱི་ཁ་མ་གཡེལ༔ བུར་སྒོག་ཤ་ཆང་དྲི་མ་མི་གཅིག་པ༔ སོ་སོར་འབྱུང་དང་ལྷ་དང་འདྲེ་མཐོང་ཡང༔ སྙིང་གི་བུ་ལས་སུ་ལའང་མ་བསྟན་ཅིག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ དམ་ཆོས་དགོངས་པ་ཡང་ཟབ་ལས༔ ཚེ་སྒྲུབ་རྒྱུན་ཁྱེར་ཉི་ཟླ་གའུ་མ་ཞེས་བྱ་བ་བཞུགས་སོ༔  ྈྈྈྈྈྈྈ འཆི་མེད་ཡེ་ཤེས་ཚེ་དབང་ཡོངས་རྫོགས་པ༔ གྷུ་རུ་པདྨའི་སྐུ་གསུང་ཐུགས་ལ་འདུད༔ བདག་ལ་ཚེ་འདིར་ཕན་པ་མི་འདུག་ཀྱང༔ མ་འོངས་སྐྱེ་བའི་རྣམ་པར་ཤར་བ་ན༔ མ་ཧཱ་གྷུ་རུའི་ཐུགས་ཀྱི་བཅུད་གཏིབས་པ༔ འཆི་མེད་རྒྱུན་ཁྱེར་ཉི་ཟླ་ག་འུ་བཤད༔ ཉམས་སུ་ལོངས་ལ་རང་གཞན་བར་ཆད་སོལ༔ ཐོ་རངས་མི་ཚིག་མ་འདྲེས་ལུས་གནད་བསྲང༔ ཚིག་བདུན་གསོལ་བ་བཏབ་ལ་མདུན་གྱི་མཁར༔ རྩ་བའི་བླ་མ་གྷུ་རུ་པདྨའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ པད་ཟླའི་གདན་བཞུགས་བདག་ལ་དགྱེས་སྩོལ་བསམ༔ དེ་ཡི་གཡོན་དུ་ལྷ་ལྕམ་མན་དྷཱ་ར༔ དམར་མོ་གཞོན་ཚུལ་ཚེ་བུམ་སྐྱིལ་ཀྲུང་བཞུགས༔ བདག་ལ་དགྱེས་པས་ཚེ་མཆོག་སྩོལ་བར་བསམ༔ བདག་ལུས་ཆ་སྨད་ཉི་མ་འོད་ཁྱིམ་དམར༔ ལུས་ཀྱི་ཆ་སྟོད་ཟླ་བ་བསིལ་ཟེར་དཀར༔ འདོམ་སྐོར་ག་འུ་ཁ་སྦྱོར་སྲུབ་མེད་བསམ༔ དུག་གསུམ་དུག་ལྔའི་གཅོང་ནད་མི་མཐུན་ཕྱོགས༔ མེ་ལོང་ཧ་བཞིན་ཉི་ཟླའི་འོད་བསྒྲིབས་པ༔ རླུང་རོ་གཡས་འབུད་གཡས་ནས་རྔུབས་པའི་ཚེ༔ ཟླ་བའི་སྐྱོན་བསལ་གྷུ་རུའི་ཚེ་བུམ་ལས༔ བདུད་རྩི་དཀར་པོའི་རྒྱུན་དྲངས་ཟླ་བ་རྒྱས༔ རླུང་རོ་གཡོན་འབུད་གཡོན་ནས་རྔུབས་པའི་ཚེ༔ ཉི་མའི་སྐྱོན་བསལ་མཁའ་འགྲོའི་ཚེ་བུམ་ལས༔ བདུད་རྩི་དམར་པོའི་རྒྱུན་དྲངས་ཉི་མ་རྒྱས༔ ྈྈྈྈ བརྒྱ་བརྒྱད་ཐུན་རེར་བྱ༔ ཐུན་མཚམས་གྷུ་རུ་ཡབ་ཞུ་ཟླ་བར་བསྟིམ༔ ཡུམ་ཞུ་ཉི་དཀྱིལ་ཐིམ་ཞིང་གཉིས་ཀ་འདྲེས༔ ལྔ་ལྡན་ཐིག་ལེ་འོད་ཟེར་འཕྲོ་བ་ནི༔ ཇེ་ཆུང་ཇེ་ཆུང་ཁབ་རྩེའི་ཁྱོན་ཙམ་བསམ༔ དམིགས་མེད་ངང་དུ་ངལ་གསོ་དགེ་བ་བསྔོ༔ ནངས་བཞིན་མ་ཆག་དུས་མིན་བར་ཆད་སེལ༔ ཞག་གྲངས་བསྒྲུབས་ན་ལོ་མང་ཚེ་བསྲིང་ཞིང༔ ཡི་དམ་བསྟེན་ན་འཕོ་ཆེན་འོད་ལུས་འགྲུབ༔ གྷུ་རུས་གཞན་དུ་མ་བསྟན་ཚེ་སྒྲུབ་འདི༔ མ་འོངས་ཕྱི་མའི་དོན་དུ་བདག་ཉིད་ཀྱིས༔ དུང་ཤོག་དཀར་པོའི་ངོས་སུ་འདི་བཀོད་དོ༔ གདམས་སོ་གཏད་དོ་གཏེར་སྲུང་དྲེགས་པའི་ཚོགས༔ སཱ་མཱ་ཡཱ༔ ྈ ཉི་ཟླ་གའུའི་རྒྱ༔ ྈ ལྔ་ལྡན་ཐིག་ལེའི་རྒྱ༔ མི་དམིགས་པའི་རྒྱ༔ རྒྱ་གསུམ་གྱིས་དམ་པར་བསྡམས་ཏེ༔ དམ་ཆོས་དགོངས་པ་ཡང་ཟབ་ཀྱི་སྒྲུབ་པ་པོ་མཆེད་ལྕམ་རྣམས་ལ་གཏད་དོ༔ འབྲི་གུང་བྱ་བྲལ་བས་བུ་ཚལ་ཕོ་བྲང་དུ་དག་པར་ཕབ་པ་ལགས།། ༄། །འཆི་མེད་ཚེའི་སྐོར་གྱི་དབང༔ གནད་ཟབ་ཚེའི་དབང་བསྐུར་གྱི་ལས་བྱང་དབང་དང་བཅས་པ་བཞུགས་སོ། །ཟངས་ཤོག་དམར་པོའི་ཆོས་སྡེར་འདུའོ། །གྷུ་རུ་ཚེ་དཔག་མེད་ལ་ན་མོ། འཆི་མེད་ཚེ་ཡི་ཕྱི་དབང་བསྐུར་བའི་ཕྱིར། ཚེ་གཏོར་ཚེ་ཆང་ཚེ་རིལ་མདའ་དར་སོགས་འདུ་བྱས་ལ། ཧྲཱིཿ སྐུ་གསུམ་བླ་མ་ཚེ་དཔག་མེད། །བདག་ཅག་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་ཀུན་འཆི་མེད་ཐོབ་བྱའི་སླད། །བདག་གིས་ལམ་འདིར་འབད་པར་བྱ། །ཞེས་ལན་གསུམ་བྱ། བགེགས་ལ་གཏོར་མ་བྱིན་གྱིས་བརླབས་ཤིང་བསྔོ། ཧྲཱིཿ འཆི་མེད་སྒྲུབ་ལ་བར་གཅོད་པའི། །དམ་སྲི་ལོག་འདྲེན་འབྱུང་པོའི་ཚོགས། །གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་ཉམས་པར་བགྱི། །བདག་ཉིད་དབང་ཆེན་ཁྲོས་པའི་རྫུ། །འཕྲུལ་གྱི་ཁྲོ་ཚོགས་སྟོང་གསུམ་ཁེངས། །བགེགས་ཀྱི་གཤེད་མ་འཇིགས་རྔམས་ཚུལ། །རྡོ་རྗེ་རྭ་གུར་སྲ་ཞིང་བརྟན། །སརྦ་བྷཱུ་ཏ་གཙྪ་བཛྲ་རཀྵ་ཀུརྦནྟུ། ཞེས་བཀའ་བསྒོ་མཚམས་བཅད། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ་གི་བར་རོ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱཿ ཞེས་མཆོད་གཏོར་སོགས་བྱིན་བརླབ། བདག་མདུན་དབྱེར་མེད་དུ་བསྒོམ་པ་ནི། ཧཱུྃ། བདག་དང་གཏོར་མ་སྟོང་འབྱམས་འོད་གསལ་ངང་། །པདྨ་ཉི་ཟླའི་གདན་ལ་སྐད་ཅིག་གིས། །རིག་འཛིན་པདྨ་དཀར་སེར་མདངས་དང་ལྡན། །རིན་ཆེན་རུས་པའི་རྒྱན་ཅན་ཡིད་འོང་བ། །མཉམ་གཞག་ཕྱག་གིས་ཚེ་བུམ་མདའ་དར་འཛིན། །རྡོར་སྐྱིལ་པང་དུ་ལྷ་ལྕམ་མནྡྷཱ་ར། །དམར་སེར་འོད་ཟེར་བཅུ་དྲུག་ལོན་པའི་ཉམས། །ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས། །རིན་ཆེན་རུས་རྒྱན་ཡིད་འོང་པད་སྐྱིལ་འཁྱིལ། །ཕྱག་གཉིས་ཚེ་བུམ་འཛིན་པས་ཡབ་ལ་འཁྱུད། །ཡབ་ཡུམ་སྟོང་གསལ་བདེ་བའི་ཉམས་དང་ལྡན། །ཡབ་ཀྱི་སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔར། །དཀར་དམར་སྔོ་སེར་ལྗང་བའི་པད་སྡོང་བརྩེགས། །བདེ་ཆེན་འཁོར་ལོར་སངས་རྒྱས་ཚེ་དཔག་མེད། །དཀར་པོ་ཀུན་བཟང་དཀར་མོ་ཡུམ་དང་སྦྱོར། །ལོངས་སྤྱོད་འཁོར་ལོར་པདྨ་ཚེ་དཔག་མེད། །དམར་པོ་གོས་དཀར་ཡུམ་དང་གཉིས་མེད་འཁྲིལ། །ཆོས་ཀྱི་འཁོར་ལོར་རྡོ་རྗེ་ཚེ་དཔག་མེད། །སྔོན་པོ་མཱ་མ་ཀཱི་འཁྱུད་སྦྱོར་བའི་ཚུལ། །སྤྲུལ་པའི་འཁོར་ལོར་རཏྣ་ཚེ་དཔག་མེད། །སེར་པོ་སངས་རྒྱས་སྤྱན་དང་དགའ་བར་འཁྲིལ། །བདེ་སྐྱོང་འཁོར་ལོར་ཀརྨ་ཚེ་དཔག་མེད། །ལྗང་ཁུ་སྒྲོལ་མ་ཡུམ་དང་མཉམ་པར་སྦྱོར། །ཡབ་རྣམས་མཉམ་གཞག་ཚེ་བུམ་རྡོར་སྐྱིལ་པང་། །ཡུམ་རྣམས་གཡས་པ་མདའ་དར་རང་མདོག་ཅན། །གཡོན་རྣམས་ཚེ་བུམ་པད་སྐྱིལ་ཡབ་ལ་འཁྲིལ། །ཀུན་ཀྱང་ལོངས་སྐུའི་ཆ་ལུགས་མཚན་དཔེར་ལྡན། །གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས། །དཀར་དམར་སྔོ་སེར་ལྗང་བའི་འོད་འཕྲོས་པས། །པདྨ་འོད་ནས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཧྲཱིཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས། །འཆི་མེད་པདྨ་འབྱུང་གནས་ཚེ་དཔག་མེད། །རིགས་ལྔའི་ཚོགས་བཅས་གནས་འདིར་དགྱེས་གཤེགས་བཞུགས། །བདག་ཅག་གུས་པས་འདུད་ཅིང་ཕྱག་བགྱི་འོ། །ཨོཾ་བཛྲ་གུ་རུ་པཉྩ་ཨཱ་ཡུཿདྷེ་ཝ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཧྲཱིཿ ཐུགས་རྗེ་སྨད་བྱུང་ཚེ་ལྷ་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས་མར་མེ། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །སྨན་རཀ་གཏོར་ཚོགས་འདོད་ཡོན་མཆོད་པར་འབུལ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། པཉྩ་ཨ་མྲྀཏ་མ་ཧཱ་རུ་དྷི་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧྲཱིཿ འཆི་མེད་དབང་པོ་གྲུབ་མཆོག་པདྨ་འབྱུང་། །ཡབ་ཡུམ་གནས་ལྔར་རིགས་ཀྱི་ཚེ་དཔག་མེད། །ཡུམ་བཅས་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས། །མ་བསྒྲིབས་ཆུ་ཟླ་ཇི་བཞིན་སྣང་ལ་བསྟོད། །ཅེས་བསྟོད། ལྷ་རྣམས་གནས་ལྔའི་ས་བོན་ལས་འོད་ཟེར། །སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི། །སྣོད་བཅུད་ཚེ་དཔལ་འབྱོར་པ་ཀུན་བསྡུས་ནས། །ཐིམ་པས་འཆི་མེད་རིག་འཛིན་ཐོབ་པར་བསམ།་་་བདག་དོན་དུ་ཚེ་སྒྲུབ་བྱེད་ན་བཟླས་པའི་དམིགས་པ་བསྡུས་པ་འདིའི་ཚབ་ཏུ། གཏེར་གཞུང་གི་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་དངོས་གཞིའི་དམིགས་པ་རྣམས་སྦྱོར་བ་ཞལ་ལས་དྲིས་ཤིག །ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ བུདྡྷའི་གནས་སུ། པདྨ། བཛྲ། རཏྣ། ཀརྨ་སྦྱར་ལ་བསྙེན་པ་ནུས་ཚད་འབད་དེ་བྱེད། ཚོགས་ཀྱི་ཡོ་བྱད། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གསུམ་བརྗོད་པས་བྱིན་བརླབས་ཚོགས་ཕུད་འབུལ། ཧྲཱིཿ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི། །སྣ་ཚོགས་ནམ་མཁའི་ཁམས་བཀང་ནས། །འཆི་མེད་ལྷ་ཚོགས་རྣམས་ལ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང་། །ཐུགས་དམ་སྐོངས་ལ་བར་ཆད་སོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་གུ་རུ་པཉྩ་ཨཱ་ཡུརྡྷེ་ཝ་ག་ཎ་ཙཀྲ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་དབུལ་ལོངས་སྤྱོད། ལྷག་མ་བསྡུས། ཨོཾ་ཨ་ཀཱ་རོ་ལན་གསུམ་དང་། ཧྲཱིཿ ཚོགས་ཀྱི་ལྷག་མ་ཕམ་ཕབ་བཟའ་བཏུང་བཅས། །འཆི་མེད་བདག་པོའི་བཀའ་ཉན་འཁོར་ཚོགས་ལ། །ལེགས་པར་འབུལ་གྱིས་ཚིམས་ཤིང་རངས་གྱུར་ནས། །བདག་གི་ཚེ་ཡི་བར་གཅོད་ཞི་བར་མཛོད། །ཨུཙྪིཥྚ་སརྦ་ས་པ་རི་ཝཱ་ར་ཁཱ་ཧི༔ ཞེས་དབུལ་སློབ་དཔོན་བདག་འཇུག་བླང་། །སློབ་མས་ཁྲུས་བྱས་གདན་ལ་འཁོད། །བགེགས་གཏོར་བྱིན་ལ་མཎྜལ་དབུལ། །གསོལ་གདབ་དྲིས་ལེན་བྱིན་དབབ་ཅིང་། །དམིགས་པ་དང་བཅས་ཚེ་འགུགས་པའི། །བར་རྣམས་ཚེ་དབང་དཀྱུས་བཞིན་བྱ། །དངོས་གཞི་དབང་བསྐུར་འདི་ལྟར་བྱ། །གཏོར་མ་གྷུ་རུ་ཡབ་ཡུམ་གྱི་གནས་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་རྣམས་གསལ་བའི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ནས་བདུད་རྩི་དཀར་པོ་བབས་པས་གྷུ་རུ་ཡབ་ཡུམ་གྱི་སྐུ་གང་། སྦྱོར་མཚམས་དང་བུམ་པ་ནས་བདུད་རྩི་དཀར་པོ་བབ། སློབ་མ་གྷུ་རུ་ཡབ་ཡུམ་གྱི་སྤྱི་བོའི་བུདྡྷ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བབ། བུམ་པ་གང་ཞིང་ལུད་པས་སློབ་མའི་སྤྱི་བོའི་པད་འདབ་ཁེངས། དེ་ལས་ཀྱང་བདུད་རྩི་དཀར་པོ་བབས་པས་མགོ་བོའི་ནང་ཐམས་ཅད་བདུད་རྩི་དཀར་གསལ་བཀྲག་མདངས་དང་ལྡན་པས་གང་། གཏི་མུག་གི་ཉེས་ལྟུང་སྦྱངས། རྣམ་པར་ཤེས་པའི་ཁམས་དང་། འབྱུང་བ་ནམ་མཁའི་ཁམས་ནས་ཚེ་ཉམས་པ་སོར་ཆུད། མེ་ལོང་ལྟ་བུའི་འཁོར་འདས་ཡོངས་གྲོལ་གྱི་རང་བྱུང་གཞིའི་དགའ་བའི་ཡེ་ཤེས་ཐོབ། གྷུ་རུ་རྣམ་སྣང་ཚེ་དཔག་མེད་ཀྱི་རང་བཞིན་མངོན་དུ་བྱས་པར་བསམས་ལ། ཨོཾ༔ སྐུ་ཡི་དབང་མཆོག་བུདྡྷ་ཚེ་དཔག་མེད༔ སོགས་ཀྱི་དབང་ལྟར་སྤྱི་བོར་བསྐུར། དེ་བཞིན་པདྨ་ཚེ་དཔག་མེད་ཀྱི༴ བདུད་རྩི་དམར་པོ༴ མགྲིན་པའི་པདྨ་ཚེ་དཔག་མེད༴ མགྲིན་པའི་པད་འདབ༴ མགྲིན་པའི་དཀྱིལ་འཁོར་ཐམས་ཅད་བདུད་རྩི་དམར་གསལ༴ འདོད་ཆགས་ཀྱི་ཉེས་ལྟུང་ཐམས་ཅད༴ དྲོད་ཀྱི་ཁམས་དང་འབྱུང་བ་མེའི་ཁམས༴ སོ་སོར་རྟོག་པའི་ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཡེ་ཤེས༴ གྷུ་རུ་པདྨ་ཚེ་དཔག་མེད་ཀྱི༴ ཨཱ༔ གསུང་གི་དབང་མཆོག་པདྨ་ཚེ་དཔག་མེད༔ སོགས། ཡང་། རྡོ་རྗེ་ཚེ་དཔག་མེད་ཀྱི༴ བདུད་རྩི་སྔོན་པོ༴ སྙིང་གའི་རྡོ་རྗེ་ཚེ་དཔག་མེད༴ སྙིང་གའི་པད་འདབ༴ ལྟེ་བ་ཡན་སྙིང་ག་ཕྱིན་ལག་སོར་ཚུན་བདུད་རྩི་མཐིང་གསལ༴ ཞེ་སྡང་གི་ཉེས་ལྟུང༴ ཁྲག་གི་ཁམས་དང་འབྱུང་བ་ཆུའི་ཁམས༴ ཆོས་དབྱིངས་དགའ་བྲལ་གྱི་ཡེ་ཤེས༴ གྷུ་རུ་རྡོ་རྗེ་ཚེ་དཔག་མེད་ཀྱི༴ ཧཱུྃ༔ ཐུགས་ཀྱི་དབང་མཆོག་རྡོ་རྗེ་ཚེ་དཔག་མེད༔ སོགས། ཡང་། རཏྣ་ཚེ་དཔག༴ བདུད་རྩི་སེར་པོ༴ ལྟེ་བའི་རཏྣ་ཚེ་དཔག་མེད་ཀྱི༴ ལྟེ་བའི་པད་འདབ༴ ལྟེ་བ་མན་སྤུ་མཚམས་ཡན་བདུད་རྩི་སེར་གསལ༴ ང་རྒྱལ་དང་སེར་སྣའི་ཉེས་ལྟུང༴ ཤ་དང་རུས་པའི་ཁམས་དང་འབྱུང་བ་སའི༴ མཉམ་ཉིད་ཀྱི་མཆོག་དགའི་ཡེ་ཤེས༴ གྷུ་རུ་རཏྣ་ཚེ་དཔག་མེད་ཀྱི༴ ཏྲཱཾ༔ ཡོན་ཏན་དབང་མཆོག་རཏྣ་ཚེ་དཔག་མེད༔ སོགས། ཡང་། ཀརྨ་ཚེ་དཔག་མེད་ཀྱི༴ བདུད་རྩི་ལྗང་གུ༴ གསང་གནས་ཀྱི་ཀརྨ་ཚེ་དཔག་མེད༴ གསང་གནས་ཀྱི་པད་འདབ༴ རྐང་སོར་ནས་ལོང་བུ་པུས་མོ་དཔྱི་དང་གསང་གནས་ཕྱིན་བདུད་རྩི་ལྗང་གསལ༴ ཕྲག་དོག་གི་ཉེས་ལྟུང༴ དབུགས་ཀྱི་ཁམས་དང་འབྱུང་བ་རླུང་གི་ཁམས༴ བྱ་བ་གྲུབ་པའི་བདེ་སྟོང་གི་དགའ་བའི་ཡེ་ཤེས༴ གུ་རུ་ཀརྨ་ཚེ་དཔག་མེད་ཀྱི༴ ཨཱ༔ ཕྲིན་ལས་དབང་མཆོག་ཀརྨ་ཚེ་དཔག་མེད༔ སོགས་དཀྱུས་ལྟར་བསྐུར། དེ་རྗེས་ཚེ་ཆང་དང་ཚེ་རིལ་ཡང་རིགས་ལྔའི་སྔགས་བཟླས་ཤིང་སྦྱིན། ཡེ་དྷར་དང་སུ་པྲ་ཏིཥྛས་མེ་ཏོག་གཏོར་ཞིང་བརྟན་པར་བྱས་ནས། ཚེ་དབང་ཚར་གྲངས་གསོག་ན་ཀུན་གྱི་ཐ་མར་དང། དེ་མིན་རྗེས་སུ། གཏོར་མ་གྷུ་རུ་ཡབ་ཡུམ་དུ་གསལ་བའི་གནས་ལྔའི་ཚེ་ལྷ་རིགས་ལྔ་ལས་ལྷ་རང་རང་འདྲ་བ་རེ་རེ་སྤྲོས་ཏེ། སློབ་མའི་གནས་ལྔའི་ཚེ་དཔག་མེད་རྣམས་འོད་དུ་ཞུ་བ་རྣམས་སུ་ཐིམ་མ་ཐག །སློབ་མ་གྷུ་རུ་ཡབ་ཡུམ་དུ་གསལ་བ་ཡང་འོད་ཟེར་དུ་གྱུར་ཏེ། ལྔ་ལྡན་ཐིག་ལེ་ཆེན་པོ་སྟོང་གསལ་ཏི་ལ་ཀ་ཉག་གཅིག་གི་རང་མདངས་སུ་མཉམ་པར་གྱུར་པ་ལ། ཚེ་མདའ་སྲུང་བའི་ལྷ་མོ་ལྔས་འཁོར་ལོ། པདྨ། རྡོ་རྗེ། རིན་པོ་ཆེ། རྒྱ་གྲམ་རྣམས་དཀར་དམར་མཐིང་སེར་ལྗང་བའི་ཕྱག་རྒྱས་བཏབ་པས་འདུས་བྱས་ལ་འཕྲལ་རྐྱེན་གྱི་འཚེ་བ་གང་གིས་ཀྱང་མི་ཚུགས་ཤིང་གཞོམ་གཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བལྟས་ལ། བྷྲཱུྃ༔ ཡེ་ཤེས་ལྷ་མོ་ཚེ་མདའ་སྲུང་བའི་ལྷ༔ སོགས་དཀྱུས་ལྟར་གནས་ལྔར་གཏུགས། དམ་ཚིག་ཁས་བླང་གཏང་རག་དབུལ། རྗེས་ནི། བདག་མདུན་ལྷ་ལ་མཆོད་ཅིང་བསྟོད། ཆད་མདོར་སྨན་རག་སྦྲན། ཧྲཱིཿ མཱ་ར་ཏི་ཀའི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །ལྷ་ལྕམ་མནྡཱ་ར་བ་ཡིས། །འཆི་མེད་རིག་འཛིན་བསྒྲུབས་པའི་ཚེ། ཁས་བླངས་དམ་བཅས་སྲུང་མའི་ཚོགས། །འདིར་བྱོན་མཆོད་གཏོར་འདི་བཞེས་ལ། །འཆི་མེད་སྒྲུབ་པའི་བར་ཆད་སོལ། །ཨོཾ་ཨཱ་ཡུར་མཎྜ་ལ་རཀྵནྟུ་པཱུ་ཛ་ཁཱ་ཧི། ཞེས་དབུལ་ཚོགས་གཞོང་སྨན་འབྲུ་དང་། །གསེར་སྐྱེམས་ཀྱིས་བཀང་བརྟན་མ་བསྐྱང་། ཧྲཱིཿ འཆི་མེད་པདྨ་འབྱུང་གནས་ཀྱིས། །བོད་ཡུལ་སྐྱོང་བར་བཀའ་བསྒོས་པའི། །བརྟན་མ་ཆེན་མོ་བཅུ་གཉིས་ཀྱང་། །ཡ་མ་སྐྱོང་མའི་ཚོགས་དང་བཅས། །སྨན་ཕྲན་འབུམ་གྱི་འཁོར་གྱིས་བསྐོར། །འདིར་བྱོན་བདུད་རྩིའི་མཆོད་པ་བཞེས། །རྣལ་འབྱོར་ཚེ་ཡི་བར་གཅོད་སྲུངས། །བོད་ཁམས་ཆོས་བཞིན་སྐྱོང་བར་མཛོད། །ཤཱ་ས་ན་ས་པ་རི་ཝཱ་ར་པཱུ་ཛ་ཁཱ་ཧི། །ཞེས་དབུལ་གཏོར་གཞོང་སྦུབ་པའི་འོག །ཚེ་བདུད་གཟིར་མནན་བྲོ་ཡིས་སྦྱང་། ཧྲཱིཿ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་འདིར། །གནོད་བྱེད་ཚེ་བདུད་ཕོ་མོའི་ཚོགས། །དབང་ཆེན་ཁྲོས་པའི་རྟ་བྲོ་ནི། །རབ་འབར་འཇིག་རྟེན་གཡོ་ཞིང་ལྡེག །མནན་ནོ་མ་ལྡང་ས་མ་ཡ། །ཨོཾ་ཨཱཿཧཱུྃ་སུཾ་ལཾ་སཏྭམྦྷ་ཡ་ནན༔ ནོངས་བཤགས་མདུན་བསྐྱེད་བསྡུ་བ་ནི། ཧྲཱིཿ གྷུ་རུ་པདྨ་ཡབ་ཡུམ་དང། །ཚེ་ལྷ་རིགས་ལྔའི་ཚོགས་བཅས་དགོངས། །བདག་གིས་མི་ཤེས་དབང་གིས་ནི། །ཉམས་པར་གྱུར་གང་བཟོད་པར་བཞེས། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། ཧྲཱིཿ གཏོར་མ་ལྷ་ཡི་གནས་ལྔ་ཡི། །རིགས་ལྔ་ཚེ་ལྷ་ཡབ་ཡུམ་རྣམས། །རང་རང་མདོག་ཅན་འོད་དུ་ཞུ། །ཚུར་འཕྲོས་བདག་གི་གནས་ལྔའི་ལྷར། །སོ་སོར་ཐིམ་པས་འཇིག་མེད་གྲུབ། །གཏོར་མ་གྷུ་རུ་ཡབ་ཡུམ་ཡང་། །འོད་ཞུ་བདག་ལ་ཐིམ་པའི་མོད། །རང་ལུས་ཕྱི་ནང་ལྷ་རྣམས་ཀྱང་། །འོད་ཞུ་ལྔ་ལྡན་ཐིག་ལེ་ཆེ། །སྟོང་གསལ་ཏི་ལ་ཀ་ཉག་གཅིག །རང་མདངས་མ་བཅོས་ཨ་ལ་ལ། །ཨོཾ་ཨ་ཀཱ་རོ་སོགས་བརྗོད། ཐུན་མཚམས་རང་སེམས་སྣང་བའི་ཆ། །སྣང་ཆ་ཡབ་ལ་སྟོང་ཆ་ཡུམ། །ན་བཟའ་དཀར་མོའི་ང་རྒྱལ་ལྡན། །ཤིས་བརྗོད་བསྔོ་བ་སྨོན་ལམ་ནི། ཧྲཱིཿ འཆི་མེད་རིག་འཛིན་ཚེ་དབང་རྩལ། །ཡེ་ཤེས་ཚེ་ཡི་བཀྲ་ཤིས་སྩོལ། །གནས་ལྔར་རིགས་ཀྱི་ཚེ་དཔག་མེད། །རིགས་ལྔ་ཚེ་ཡི་བཀྲ་ཤིས་སྩོལ། །རྩ་གསུམ་རྒྱལ་བ་ཞི་ཁྲོའི་ཚོགས། །བྱིན་རླབས་ཚེ་དཔལ་བཀྲ་ཤིས་སྩོལ། །དམ་ཅན་བཀའ་སྲུང་གཏེར་བདག་ཚོགས། །བར་ཆད་ཀུན་སེལ་བཀྲ་ཤིས་སྩོལ། །ཧྲཱིཿ འཆི་མེད་སྒྲུབ་པའི་དཀྱིལ་འཁོར་འདིར། །དུས་གསུམ་རྣམ་དཀར་དགེ་བའི་ཚོགས། །བསྡུས་ཏེ་ཁམས་གསུམ་འགྲོ་བ་ཀུན། །འཆི་མེད་རིག་འཛིན་ཐོབ་ཕྱིར་བསྔོ། །ཞེས་པའི་ལས་བྱང་ཕྱི་དབང་གི །མཚམས་སྦྱོར་བཅས་འདི་ཁོ་བོས་བགྱིས། །འདི་ཡི་གཏེར་གཞུང་ཉིད་དུ་ཡང་། །འདི་ལ་དགོས་པའི་ཚེ་ཡི་ལས་གཞུང་ཡང༔ རྒྱས་པར་བྱེད་ན་འགྲེལ་པའི་སྒྲོན་མེ་སྦོར༔ ཞེས་གསུངས་ཕྱིར་ན་རྒྱས་པར་འདོད་རྣམས་ཀྱི། །ཆེད་དུ་འདི་བྲིས་བསྡུས་པ་ལ་དགའ་ན། །གཏེར་བྱོན་ཉིད་ཀྱིས་དགོས་པ་མཆོག་ཏུ་འགྲུབ། །འདི་རྩོམ་བྱེད་པོ་འབྲི་གུང་ཀྱུ་རའི་རིགས། །ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པ་ཞེས། །གྱི་ནར་གྱུར་པས་འཁྲུལ་བློ་དང་བྲལ་བ། །རིག་འཛིན་པདྨའི་དགོངས་པ་འཁྲུལ་མེད་བཀོད། །འདི་ལ་འགའ་འགས་ལས་གཞུང་དབང་གི་ཁྲིགས། །སྣ་ཚོགས་བརྐུས་པའི་རྩོམ་ལ་འཐད་མི་འཐད། །གཏེར་བདག་སྲུང་མའི་ཚོགས་ཀྱིས་གཉའ་བོར་མཛོད། །དེ་སྐད་ས་བྱི་དབྱར་ཐའི་ཚེས་བཅུ་ལ། །ཕོ་བྲང་རྩེ་བར་བྲིས་དགེས་འགྲོ་བ་ཀུན། །འཆི་མེད་རིག་འཛིན་རྡོ་རྗེའི་ས་ཐོབ་ཤོག །ཚེ་དབང་འཆི་བདག་ཟིལ་གནོན་འདི་ལ་བཤེས་གཉེན་ཕལ་གྱིས་ངག་འདོན་རྒྱས་པར་ནི་འདོད། བྱེད་ལུགས་ནི་མ་ཤེས་པར། ཚེ་དཔག་མེད་རིགས་ལྔའི་དབང་གི་དག་པར་བདེ་མཆོག་སོགས་སྣ་ཚོགས་སྤུ་ཚོགས་འགེབས་པ་ཞིག་སྣང་མོད། དེ་ནི་ཆེས་ཆེར་མི་རིགས་ལ། ངག་འདོན་རྒྱས་པར་འདོད་ན་ཚུལ་འདི་ནི་གཏེར་གཞུང་འདི་ཀའི་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐབས་ཀྱིས་ཁ་བསྐངས་པས་རྣམ་དཔྱོད་དང་ལྡན་པའི་རྒྱས་བཤད་དུ་ཐག་ཆོད་པས་རང་གིས་རང་ལ་ཡིད་ཆེས་སོ་ཨང་། །སརྦ་མངྒ་ལཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).