Terdzo-DZA-012



Property "author" has been marked for restricted use.








Terdzo-DZA-012.pdf
Click the picture above to view the Shechen manuscript.

ཚེ་སྒྲུབ་ལྕགས་སྡོང་མའི་ཐེམ་བྱང་

tshe sgrub lcags sdong ma'i them byang

by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
revealed by  རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle  ཚེ་སྒྲུབ་ལྕགས་སྡོང་མ་ (Tshe sgrub lcags sdong ma)
parent cycle  བྱང་གཏེར་ (Byang gter)
Volume 19 (ཛ) / Pages 245-265 / Folios 1a1 to 11a2

Tibetan Text

༄༅༔ ༔ཚེ་སྒྲུབ་ལྕགས་སྡོང་མའི་ཐེམ་བྱང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཨིནྡྲ་ཨཱ་ཡུཿདྷ་ར་ན་ཧ་ན་མ༔ བོད་སྐད་དུ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ལས་ཅན་ཕྱི་མའི་དོན་དུ་བཞག༔ མ་འོངས་ལྔ་བརྒྱ་ཐ་མ་ལ༔ ཐོ་ཅོ་རས་ཆོད་འཕྱོར་ཁྱེར་མཁན༔ ལོག་ལྟ་འགྲན་སེམས་སྐྱོན་འཛིན་མཁས༔ སྡིག་ཅན་དམ་ཉམས་དར་བའི་ཚེ༔ ང་ཡི་མན་ངག་ཟབ་མོ་རྣམས༔ ཟོག་པོ་ཀུན་གྱིས་སྤྱད་དོགས་ནས༔ ཨོ་རྒྱན་ཡུལ་གྱི་མཁའ་འགྲོ་མ༔ ཉི་འོད་འབར་བ་དུང་མདོག་ཅན༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ པདྨ་འབྱུང་གནས་གསང་བའི་ཡུམ༔ གསང་མཚན་ལྷ་མོ་ཙནྡྷ་ལཱི༔ བྱོན་ནས་མཁའ་འགྲོའི་བརྡ་ཡིག་ལ༔ པདྨ་འབྱུང་གནས་སྙིང་ཐིག་བཀོད༔ བྱང་ཕྱོགས་ཐོ་ཡོར་ནག་པོའི་ཡུལ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦེད༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ རི་བོ་བཀྲ་བཟང་ཤར་མདུན་དུ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ ལས་ཅན་སྦས་པའི་རྣལ་འབྱོར་འབྱུང༔ གཏེར་འདི་ངེས་པར་དེ་ཡིས་སྤྱོད༔ ཨེ་མ་ཧོ་ལས་ཅན་པདྨའི་སྲས༔ ཕྱི་སྒྲུབ་ལྕགས་ཀྱི་སྡོང་པོ་ལ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་གསུམ༔ དབྱེ་ན་ཆོས་ཚན་བཅུ་གཅིག་ཡོད༔ ཕྱི་སྒྲུབ་རིན་ཆེན་བུམ་པ་ལ༔ བདུད་རྩི་བཅུད་ཀྱི་སྙིང་པོ་ཡོད༔ ཁ་རྒྱན་དཔག་བསམ་སྡོང་པོ་ཡོད༔ ནང་སྒྲུབ་ལྕགས་ཀྱི་སྡོང་པོ་ལ༔ འོད་ལྔ་བཅུད་ཀྱི་ཡལ་ག་ཡོད༔ འཆི་མེད་རྡོ་རྗེའི་འབྲས་བུ་ཡོད༔ གསང་སྒྲུབ་ནམ་མཁའི་རྡོ་རྗེ་ལ༔ རང་གསལ་འོད་ཀྱི་སྒྲོན་མ་ཡོད༔ རྒྱུན་ཆད་མེད་པའི་ཆུ་བོ་ཡོད༔ དམུས་ལོང་མིག་འབྱེད་ལྡེ་མིག་ཡོད༔ ལས་ཚོགས་རིན་ཆེན་ཆར་འབེབ་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ལས༔ ཕྱི་སྒྲུབ་རིན་ཆེན་བུམ་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ ྈྈ ཨོ་རྒྱན་སྐད་དུ༔ ྈྈྈྈྈྈྈ བོད་སྐད་དུ༔ རིག་འཛིན་ཚེའི་སྒྲུབ་ཐབས༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་འཕྲུ་ཅན་གཅིག་འབྱུང༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ སྐལ་ལྡན་བུ་ཡིས་ཉམས་སུ་ལོངས༔ ཐུགས་རྗེའི་གདུལ་བྱ་མཐར་ཕྱིན་ཤོག༔ ྈྈྈྈྈྈ དང་པོ་ཕྱི་ཡི་སྒྲུབ་པ་ནི༔ ས་རྡོ་རྩི་ཤིང་མེ་ཏོག་གི༔ དྭངས་མ་ལྔ་དང་བདུད་རྩི་བཞི༔ གསོ་བྱེད་རྫས་དགུའི་བདུད་རྩི་སྦྱར༔ རིགས་ལྔ་རྒྱལ་བའི་སྔགས་འདི་གདབ༔ བཛྲ་སཏྭ་ཧཱུྃ༔ རཏྣ་མུ་དྲ་ཏྲཱཾ༔ ཨ་མི་དྷེ་ཝ་ཧྲཱི༔ ཀརྨ་བཛྲ་ཧཱ༔ བཻ་རོ་ཙ་ན་ཨོཾ༔ བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བྱ༔ འདི་ཟོས་ཡོན་ཏན་བརྗོད་མི་ལང༔ ལོ་བཅུ་ཐུབ་པ་བརྒྱ་འཚོར་འགྱུར༔ འཆི་བ་དྲུག་ཀ་བསླུ་བར་འགྱུར༔ འབྱུང་བ་རྒས་པ་གཞོན་ནུར་འགྱུར༔ སེང་གེ་གླང་ཆེན་རྨ་བྱ་ཁྱུང༔ བཀྲག་མདངས་མེ་ཏོག་པདྨ་འདྲ༔ རིག་འཛིན་མ་མོ་མཁའ་འགྲོ་ཡིས༔ དངོས་སུ་བྱིན་གྱིས་རློབ་པར་འགྱུར༔ བདུད་རྩི་འདི་ཡི་ཡོན་ཏན་གྱིས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ འདི་བསྒྲུབས་ཚེ་ཡི་རིག་འཛིན་གྲུབ༔ ཚེ་སྒྲུབ་མན་ངག་བསམ་ཡས་ཀྱང༔ ཨོ་རྒྱན་ཐུགས་ཏིག་འདི་ཉིད་ཡིན༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་ཐོན༔ གདུལ་བྱ་སྨིན་ཅིང་གྲོལ་བར་ཤོག༔ ྈྈྈྈྈྈྈྈ ྈྈྈྈྈྈ པདྨ་འབྱུང་གནས་བདག་གིས་ཀྱང༔ ཡི་དམ་ལྷ་ཡི་ལུང་ཡང་ཞུས༔ ཌཱ་ཀི་རྣམས་ལ་གསོལ་བ་བཏབ༔ ཚེ་ཡི་སྒྲུབ་ཐབས་འདི་ཉིད་ཞུས༔ དང་པོ་སྔོན་དུ་འགྲོ་བ་ནི༔ ཡར་ངོ་བཀྲ་ཤིས་དུས་བཟང་ཚེ༔ སྔོ་ངད་ཁྲག་དང་རུལ་སུང་སྤང༔ ཆུ་བསྐོལ་བཏུང་ཞིང་རྩ་སྦུབས་སྦྱང༔ ཟས་ཀྱང་བཅུད་ལྡན་ཆུང་བར་བཟའ༔ སྲོག་བསླུ་སྨན་གྱི་སྦྱིན་པ་བཏང༔ དེ་ནས་དངོས་གཞིའི་རིམ་པ་ནི༔ འཆི་མེད་བདུད་རྩི་འདི་ཉིད་དོ༔ ྈྈྈྈྈྈྈྈྈྈ ས་ཡི་དྭངས་མ་བྲག་ཞུན་བྲེ་ཕྱེད་ལ༔ རྡོ་ཡི་དྭངས་མ་ཅོང་ཞི་བྲེ་གང་གིས༔ སོའུ་སྐྱེ་ཞིང་རུས་པ་མཁྲེགས་པར་བྱེད༔ ཤིང་གི་དྭངས་མ་བུ་རམ་བྲེ་དོ་ལ༔ རྩི་ཡི་དྭངས་མ་འབྲི་མར་བྲེ་བཞི་སྦྱར༔ སྟོབས་ཆེ་བཅུད་རྣམས་རྒྱས་ཤིང་འཕེལ་བར་བྱེད༔ མེ་ཏོག་དྭངས་མ་སྦྲང་རྩི་བཀྲག་གི་གསོས༔ ཤུག་པ་འདབ་མ་རྒྱས་དུས་བ་ལུ་མེ་ཏོག་རྒྱས་དུས་མཁན་པ་འདབ་མ་རྒྱས་དུས་མཚེ་སྔོ་གཞི་ཐིམ་དུས་དང་བཞི༔་་་དེ་རྣམས་རང་རང་གི་ཁན་ད་འདོན་པ་ཡིན། དུས་བཞིར་བཅུད་ལྡན་བདུད་རྩི་བཞི་ཡིན་པས༔ དེ་བཞིའི་བཅུད་བསྡུས་ཁན་ད་ཁྱོར་གང་གྲོགས༔ སྦྱར་བའི་ཐབས་ནི་ཅོང་ཞི་བྲེ་གང་ཚད༔ ཆུ་བྲེ་དྲུག་ལ་རྩིག་མ་བྲེ་གང་དབྱུང༔ སྙིང་པོ་བྲེ་གང་སོང་ཚེ་བདུད་རྩི་བཞི༔ བྲག་ཞུན་མར་དང་འོ་མ་ཉིས་འགྱུར་བསྲེ༔ མ་འདྲེས་བསྡུས་ལ་ཆུ་དེ་ཆོད་པ་དང༔ སྦྲང་དང་བུ་རམ་མར་དང་ལེགས་པར་བསྲེ༔ མཚན་ལྡན་ཐོད་པ་ལྔར་བླུགས་དལ་ལ་བཀོད༔ ཡིག་འབྲུ་ལྔ་ལ་རིགས་ལྔ་ཡབ་ཡུམ་བསྐྱེད༔ རང་བཞིན་གནས་ནས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོ༔ བརྟན་པར་བཞུགས་གསོལ་མཆོད་པ་རྒྱ་ཆེར་འབུལ༔ གོང་ལྟར་སྙིང་པོ་བཟླས་ཤིང་ཏིང་འཛིན་བསྒོམ༔ རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་བྱང་ཆུབ་སེམས༔ བཅུད་ཀྱི་བདུད་རྩི་བབས་པས་ཐོད་པ་གང་བར་བསམ༔ དེ་ལྟར་ཞག་བདུན་བསྒྲུབས་ནས་དངོས་གྲུབ་བླང༔ ཐོ་རངས་ལྟོ་གོང་དུས་སུ་རྟག་ཏུ་སྤྱད༔ མ་ཞུ་བར་ལ་ཁ་ཟས་གཞན་རྣམས་སྤང༔ ཚེ་ནི་ཉི་ཟླའི་ཚད་དང་མཉམ་པར་འགྱུར༔ འཆི་བ་དྲུག་པོ་སླུ་བར་བྱེད་པར་ངེས༔ རིམས་དང་རྐྱེན་དང་འབྱུང་བའི་དར་གུད་དང༔ རྒས་དང་འདུ་བ་རྣམ་བཞིའི་ནད་ལས་ཐར༔ བརྒྱད་ཅུ་ལོན་ཚེ་སྐྲ་དཀར་གཉེར་མ་དང༔ ཤ་སྐམ་ལུས་སྟོབས་ཆུང་དང་མིག་མི་གསལ༔ སེམས་འཐིབ་རྒས་པའི་སྐྱོན་རྣམས་འབྱུང་མི་འགྱུར༔ གཞོན་ནུ་བཅུ་དྲུག་ལོན་པ་ལྟ་བུར་འགྱུར༔ གྲུབ་རྟགས་སྟོབས་དང་གྱད་དང་མདངས་དང་འགྲོས༔ སེང་གེ་གླང་ཆེན་རྨ་བྱ་རྟ་ལྟར་འགྱུར༔ རྟག་ཏུ་སྤྱད་ན་ཤ་རྒྱས་གཉེར་མ་མེད༔ སོ་སྐྱེ་དབང་པོ་གསལ་ལ་ལུས་སེམས་བདེ༔ ཚེ་ནི་ཉི་ཟླ་མགྱོགས་པ་རླུང་ལྟར་འགྱུར༔ རིག་འཛིན་མཁའ་འགྲོས་བུ་བཞིན་བསྐྱང་བར་འགྱུར༔ བདུད་རྩིའི་བཅུད་ལེན་ཚེ་ཡི་སྒྲུབ་ཐབས་སོ༔ གོང་ལྟར་སྦྱར་ཏེ་སྒྲུབ་པ་མ་བྱུང་ཡང༔ སྐབས་སུ་སྤྱད་ན་ཡོན་ཏན་བསམ་མི་ཁྱབ༔ སྤྱོད་ལམ་དྲག་ཤུལ་རྔུལ་ཐོན་ལས་མི་བྱ༔ འབྱོངས་དུས་ཁ་ཟས་རྣམས་ཀྱང་བསྲུང་མི་དགོས༔ ལྔ་བརྒྱ་ཐ་མ་ཤར་བས་ཚེ་ཚད་ཐུང༔ ནད་མང་ལོངས་སྤྱོད་ཆུང་ཞིང་བར་ཆད་མང༔ དམ་པའི་དོན་ཡང་མི་འགྲུབ་ཡི་རེ་ཆད༔ དེ་ཕྱིར་པདྨ་འབྱུང་གནས་ཉམས་མྱོང་འདི༔ ལྔ་བརྒྱ་ཐ་མ་དུས་ངན་འབྱུང་དུས་སུ༔ ལས་ཅན་ང་ཡི་བུ་དང་འཕྲད་གྱུར་ནས༔ སངས་རྒྱས་བསྟན་པ་ཡུན་དུ་གནས་པར་ཤོག༔ རྡོ་རྗེ་ལེགས་པ་ཁྱོད་ཀྱིས་གཏེར་འདི་སྲུངས༔ སྙིགས་མའི་དུས་སུ་ལས་ཅན་བུ་ལ་གཏོད༔ ྈྈྈྈྈྈྈྈྈྈྈ ྈ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད། ལྷོ་གསེར་མཛོད་སེར་པོའི་ནང་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། ༈ །ནང་སྒྲུབ་ལྕགས་ཀྱི་སྡོང་པོ་བཞུགས་སོ༔ ྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བསྟན་པ་ཐ་མ་ལ༔ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལ༔ དམ་པའི་དོན་ཡང་མི་འགྲུབ་པས༔ སྡུག་བསྔལ་འཁོར་ལོ་རྒྱུན་རིང་དུས༔ ཐུགས་རྗེའི་ལས་འཕྲོ་ཡོད་པའི་ཕྱིར༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ལས་ཅན་བུ་ཡི་དོན་དུ་བཞག༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ བསེ་སྒྲོམ་སྨུག་པོའི་ནང་དུ་སྦེད༔ དུས་ངན་སྙིགས་མ་ལྔ་བདོའི་ཚེ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ ང་ཡི་གཏེར་དང་འཕྲད་པར་འགྱུར༔ ཐུགས་རྗེའི་གདུལ་བྱ་མཐར་ཕྱིན་ཤོག༔ ྈྈྈ ྈྈྈ ྈྈྈྈ ྈྈྈྈ ཐོ་རེངས་སྐྱ་རེངས་དང་པོ་ལ༔ བདེ་བའི་སྟན་ལ་འདུག་ནས་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དང་པོ་སྟོང་པའི་ངང་ཉིད་ལས༔ ལྕགས་ཀྱི་པདྨ་འདབ་བརྒྱད་གདན༔ དེ་སྟེང་བདག་ཉིད་འོད་དཔག་མེད༔ སྐུ་མདོག་དམར་པོ་སྐྱིལ་ཀྲུང་བཞུགས༔ སྤྲུལ་སྐུའི་ཆ་བྱད་དར་ཆོས་མནབས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྐུ་ཆེ་ཡན་ལག་ཧྲག་པའི་ཚད༔ ཕྲག་པ་གཡས་གཡོན་ཉི་ཟླ་འཆར༔ དྭངས་མ་འོད་ལྔའི་རྒྱབ་ཡོལ་ཅན༔ ཁོང་པའི་ནང་གནས་བག་ཆགས་ཀྱི༔ སྙིགས་མ་གདོས་བཅས་ཐམས་ཅད་སྦྱངས༔ འཆི་མེད་ཚེ་ཡི་བདུད་རྩིས་གང༔ རཱ་ག་དམར་པོའི་མདོག་ཅན་བསམ༔ སྤྱི་བོའི་གཙུག་ནས་གསང་གནས་བར༔ ལྕགས་ཀྱི་སྲོག་རྩ་སྙུག་དོང་ཙམ༔ ཀ་བ་བཙུག་པ་ལྟ་བུར་བསམ༔ ནང་ནི་སྟོང་པ་འོད་གསལ་དྭངས༔ ཁ་དོག་ལྔར་གསལ་འོད་ཟེར་འབར༔ སྲོག་རྩའི་ཕྱི་ན་སྔགས་ཀྱི་འབྲུ༔ དུང་མདོག་ཟིལ་པ་ལྟ་བུར་བསམ༔ བདེ་བ་ཅན་ནས་ཡེ་ཤེས་སེམས༔ རང་འདྲ་སྤྱན་དྲངས་མཁའ་ལ་བཞུགས༔ བུམ་པའི་ནང་ནས་ཚེ་བཅུད་ལུད༔ བདག་གི་ཚངས་བུག་ནང་དུ་བབས༔ དབང་བསྐུར་ལྷ་དང་དབྱེར་མེད་གྱུར༔ ལྷ་དང་སྲོག་རྩའི་བདུད་རྩི་ལས༔ འོད་འཕྲོས་གསལ་འཚེར་མདངས་དང་ལྡན༔ ཐོ་རངས་སྔགས་འདི་བརྒྱ་རྩ་བཟླ༔ ཨོཾ་ཨཱཿཧཱུྃ༔ ན་མོ་བྷ་ག་བ་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷེ༔ དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ༔ སྭ་བྷཱ་བ་བི་ཤུདྡྷ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུརྫྙཱ་ན་སི་ཏི་ཨཱཿབྷྲཱུྃ༔ ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུས་སྣོད་བཅུད་གང༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཐུགས་རྗེའི་བྱིན་རླབས་སི་ཏི་བསྡུས༔ ཕྱོགས་སྐྱོང་མཁའ་འགྲོ་སྡེ་བརྒྱད་ཀྱི༔ རྫུ་འཕྲུལ་ཚེ་སྲོག་གཟི་མདངས་འཕྲོག༔ རི་རབ་གླིང་བཞི་གླིང་ཕྲན་དང༔ གསེར་གྱི་རི་བདུན་རོལ་མཚོ་དང༔ རྩི་ཤིང་ནགས་ཚལ་རཏྣའི་ཚོགས༔ འབྱུང་བ་ལྔ་ཡི་དྭངས་མ་བསྡུས༔ ལྷ་ཀླུ་མི་ཡི་དབང་ཐང་བསྡུས༔ བསོད་ནམས་དངོས་གྲུབ་ཐམས་ཅད་བསྡུས༔ བདུད་རྩིའི་འོད་ཟེར་ཆར་ལྟར་བབས༔ ཐམས་ཅད་མ་ལུས་བདག་ལ་བསྟིམ༔ བདག་ལུས་བདུད་རྩིས་གང་བར་བསམ༔ སྟོང་གསལ་འོད་ཀྱི་གོང་བུར་བསྒོམ༔ རྗེས་ལ་སྨོན་ལམ་འདི་ལྟར་བརྗོད༔ ཧཱུྃ༔ སྐྱེ་ཤི་གཉིས་མེད་བདེ་བ་ཆེན་པོའི་ངང༔ མི་འགྱུར་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ འབྱུང་བ་ལྔ་འདུས་གསལ་འཚེར་བརྟན་པའི་སྐུ༔ ཐུན་མོང་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨཱ་ཡུརྫྙཱ་ན་བྷིན་དུ་བྷྲཱུྃ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཡར་ངོ་དུས་དང་གཟའ་སྐར་བཟང་པོ་ལ༔ ས་གཙང་བཀྲ་ཤིས་དབེན་པའི་གནས་བཙལ་ལ༔ འབྲུ་སྤོས་རཏྣ་སྨན་དང་སྙིང་པོ་ལྔ༔ རྒྱུན་ཆད་མེད་པའི་ཆུ་ཡིས་བུམ་པ་དགང༔ གཙང་མའི་གོས་དཀྲིས་དཔག་བསམ་སྡོང་པོས་བརྒྱན༔ གོང་ལྟར་སྔགས་དང་ཏིང་འཛིན་རྒྱས་པར་བྱ༔ བདུད་རྩིའི་བཅུད་བསྡུས་བུམ་པའི་ནང་དུ་བསྟིམ༔ རང་ལས་འོད་འཕྲོས་ཚེ་ཡི་དངོས་གྲུབ་བསྡུས༔ ཏིང་འཛིན་གསལ་བས་ཚེ་ཡི་ཕྲིན་ལས་ནི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་འཐོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ༔ འབྱུང་བ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཞེས་བརྗོད་ཚེ་བུམ་སྤྱི་བོའི་གཙུག་ཏུ་བཞག༔ གོང་གི་སྙིང་པོ་གསུམ་གྱིས་དངོས་གྲུབ་བསྟིམ༔ བདག་གི་ཚངས་བུག་བརྒྱུད་ནས་བདུད་རྩི་བབས༔ ཁོག་པ་གང་ཞིང་དངོས་གྲུབ་ཐོབ་པར་བསམ༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ འཁོར་ལོ་བརྒྱུད་དེ་བདག་གི་སྙིང་གར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ྈྈྈྈྈ ྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་འདི༔ ཐོ་རངས་སྔ་དྲོ་དང་པོ་ལ༔ ཏིང་འཛིན་གསལ་བས་བརྒྱ་རྩ་བཟླ༔ ཚེ་ཟད་མཐའ་ལ་ཐུག་པ་ཡང༔ འདི་སྒྲུབ་ལོ་བརྒྱ་ངེས་པར་ཐུབ༔ དུས་གསུམ་རྒྱལ་བའི་གདུང་འཛིན་ངེས༔ འདི་ཡི་ཡོན་ཏན་བརྗོད་མི་ལང༔ ཕ་རོལ་ཕྱིན་བཅུ་ས་ལམ་བགྲོད༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ༔ ཨེ་མ་ཧོཿབསྐལ་པ་ཐ་མའི་དུས༔ སྙིགས་མ་ལྔ་ཡི་རྟགས་རྣམས་འབྱུང༔ པདྨ་འབྱུང་གནས་ཐུགས་རྗེ་ཡིས༔ ཤཱཀྱའི་བསྟན་པ་མཐའ་རྒྱས་ཕྱིར༔ འགྲོ་བ་འགའ་ཞིག་སྨིན་ཅིང་གྲོལ༔ དེ་ཕྱིར་ཚེ་སྒྲུབ་ཟབ་མོ་འདི༔ ལས་ཅན་བུ་དང་འཕྲད་པར་ཤོག༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ ཚེ་སྒྲུབ་ཟབ་མོ་ཉམས་སུ་ལོངས༔ ང་ཡི་གདུལ་བྱ་མཐར་ཕྱིན་འགྱུར༔ ༈ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ལས༔ ནང་སྒྲུབ་ཧྲཱིཿགཅིག་མ་བཞུགས་སོ༔ ྈྈྈྈྈ ཕྱི་ནང་དབང་ལུང་མན་ངག་རྫོགས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ལས་དང་ལྡན་པའི་རྣལ་འབྱོར་པས༔ གནས་ལ་ངེས་མེད་གང་ཡང་རུང༔ ལུས་གནད་ངེས་མེད་གང་བདེར་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྙིང་རྗེ་བསྒོམ༔ དྭངས་པའི་ཆུ་ལ་ཉ་ལྡང་ལྟར༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ སྐད་ཅིག་དྲན་པའི་སྣང་བ་ལ༔ ངག་ཏུ་ཧྲཱིཿཞེས་བརྗོད་པ་ཡིས༔ བདག་ཉིད་པདྨ་ཚེ་དབང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ པདྨའི་གདན་ལ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་བདུད་རྩིའི་ཐོད་པ་འཛིན༔ ཟ་འོག་བེར་དམར་སྐུ་ལ་གསོལ༔ ཐོར་ཚུགས་དབུ་རྒྱན་ཅོད་པན་ཅན༔ ཞལ་འཛུམ་མཁའ་འགྲོས་བསྐོར་བར་བསྒོམ༔ ཐུགས་ཀར་པདྨ་འདབ་བཞི་ཡི༔ ལྟེ་བར་ཉི་མའི་དཀྱིལ་འཁོར་དབུས༔ ཧྲཱིཿདམར་ཚེག་དྲག་ལྡན་པར་བསྒོམ༔ རང་ལུས་བླ་མར་གསལ་བ་ཡིན༔ མངོན་བྱང་ལྔ་དང་རྡོ་རྗེ་གསུམ༔ ཆོ་ག་བཞི་ཡིས་བསྐྱེད་མི་དགོས༔ ཡིག་འབྲུ་མི་བསྐྱེད་རང་བྱུང་སྐུ༔ སྐད་ཅིག་མ་ལ་ཀུན་གསལ་བསྟན༔ སྐྱེ་ཤི་རང་དག་དྲི་མ་མེད༔ འཁོར་དང་གཞལ་ཡས་སྣང་སྲིད་ཀུན༔ ཡེ་ནས་མ་བཅོས་ལྷུན་གྲུབ་ཡིན༔ ཡེ་ཤེས་དགུག་གཞུག་དབང་བསྐུར་དང༔ རྒྱས་འདེབས་མཆོད་པའི་བྱེ་བྲག་རྣམས༔ ཡེ་ནས་སྤྲོས་མེད་དམིགས་པ་བྲལ༔ ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟར༔ རྟེན་མེད་ས་ལེ་ཧྲིག་གེ་བ༔ བསྐྱེད་རིམ་ལྷ་ཡི་འཕྲོ་འདུ་ཡིས༔ ས་ལེར་ཞོག་ཅིག་ལྷ་སྐུ་ལ༔ བསྒོམ་མེད་ཕྱལ་བར་མ་གཏང་བར༔ ཐུན་མེད་ཡེངས་པ་མེད་པར་ཞོག༔ བསྐྱེད་རིམ་རྩོལ་བ་མེད་པ་ལ༔ འགག་མེད་དྲན་སྣང་རང་ཤར་བ༔ སྒྱུ་མའི་སྐུ་ལ་གྲགས་སྟོང་ངག༔ ཧྲཱིཿདམར་གྲངས་མེད་ཅི་ནུས་བགྲང༔ ལུས་ཀྱི་གཡོ་འགུལ་གང་སྣང་ཡང༔ བླ་མའི་སྐུ་རུ་མ་ཡེངས་བལྟ༔ དབུགས་དབྱུང་ངག་གི་སྦྱོར་བ་ཀུན༔ ཧྲཱིཿདམར་འཕྲོ་འདུ་བགྲང་བར་བྱ༔ ཡིད་ཀྱི་འདུ་འཕྲོ་གང་ཤར་ཡང༔ མ་བཅོས་ཡེ་གདལ་ཆེན་པོར་བཞག༔ ལུས་ངག་སྒྱུ་མའི་རོལ་པ་རུ༔ མ་ཡེངས་ཧྲཱིཿདམར་ཅི་ནུས་བགྲང༔ མ་ཡེངས་ཞག་བདུན་བགྲངས་པ་ན༔ ཡེ་ཤེས་མཁའ་འགྲོ་དངོས་སུ་འདུ༔ འཆི་ངེས་པ་ཡང་ལོ་བརྒྱ་ཐུབ༔ ལུས་སེམས་བདེ་གསལ་གྲེ་ལྕེ་བདེ༔ དགོས་འདོད་ལོངས་སྤྱོད་ཆར་དུ་འབབ༔ མ་ཡེངས་རྒྱུན་དུ་བགྲངས་པ་ན༔ བླ་མ་རིག་འཛིན་བྱིན་རླབས་ཀྱིས༔ འཁོར་བའི་ཆོས་ཀུན་སྒྱུ་མར་གོ༔ ཞེན་ཆགས་འདོད་སྲེད་སྤྲོས་དང་བྲལ༔ རང་འདོད་བདུད་ཀྱིས་བཅིངས་པ་གྲོལ༔ ཟས་སྐོམ་འདོད་སྲེད་ཞེན་པ་ཆུང༔ བདེ་དྲོད་རང་བྱུང་ལུས་ལ་འབར༔ ངག་སྙན་ཀུན་གྱིས་བསྒོ་བ་ཉན༔ རང་སེམས་འཆི་མེད་ཡེ་ཤེས་རྟོགས༔ སྐྱེ་འགག་སྣང་བ་ཆོས་སྐུར་ཤར༔ འདི་ཕྱིའི་སྤང་བླང་རང་སར་གྲོལ༔ རེ་དོགས་འཛིན་པ་གཉིས་དང་བྲལ༔ འབྱུང་བཞིའི་སྒྱུ་ལུས་མ་སྤངས་བར༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ མ་ཡེངས་སྒྲ་སྐད་ཡིད་ལ་སོགས༔ རྒྱུན་དུ་ཧྲཱིཿབགྲང་བྱིན་རླབས་ཀྱིས༔ རང་ལུས་སྣང་སྟོང་བླ་མར་འགྱུར༔ པདྨ་ཐོད་ཕྲེང་དངོས་སུ་མཐོང༔ རང་ངག་དམ་ཆོས་དངོས་སུ་འཆད༔ མི་དགེ་སྡིག་སྒྲིབ་ཀུན་དང་བྲལ༔ དུས་གསུམ་སངས་རྒྱས་སེམས་ལས་རྙེད༔ རང་སེམས་ཆོས་སྐུར་བློ་ཐག་ཆོད༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ མ་ཡེངས་ཧྲཱིཿལ་གནས་པར་བགྱི༔ ཧྲཱིཿཡིག་སྐྱོ་སུན་ངལ་དུབ་མེད༔ བགྲང་དུ་མེད་ཀྱི་བཟང་རྩིས་བྲལ༔ བཞག་ཏུ་མེད་ཀྱི་སལ་ལེ་བ༔ དངོས་པོ་མེད་ཀྱི་ཕྱ་ལེ་བ༔ དངོས་མེད་མ་ཡིན་ཧྲིག་གེ་བ༔ བསྒོམ་དུ་མེད་དེ་ཞེན་པ་ཐོང༔ ཇི་ལྟར་སྣང་བ་མ་འགགས་ཧྲཱིཿ བསམ་ཡུལ་འགྲུབ་ཏུ་མེད་དོ་ཧྲཱིཿ བླང་དོར་དགག་སྒྲུབ་མེད་དོ་ཧྲཱིཿ འཇིགས་བྱ་གཉེན་པོ་མེད་དོ་ཧྲཱིཿ ཐ་སྙད་བརྗོད་དུ་མེད་དོ་ཧྲཱིཿ བརྡ་དཔེ་བསྟན་དུ་མེད་དོ་ཧྲཱིཿ རིག་འཛིན་སྙིང་པོའི་ཐུགས་སྒྲུབ་འདི༔ ཡེ་ནས་སྤྲོས་མེད་ལྷུན་གྲུབ་ཡིན༔ ལས་ཅན་ཀུན་གྱིས་དེ་ལྟར་རྟོགས༔ སྒྱུ་ལུས་མི་འདོར་རིག་འཛིན་ཐོབ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ པདྨ་ཐོད་ཕྲེང་རྩལ་གྱི་ཚེ་དབང་ཐུགས་སྒྲུབ༔ ཧྲཱིཿགཅིག་མ་འདི་ལ་རྣམ་རྟོག་ཐོལ་ཏེ་བྱུང་བ་དང༔ ཧྲཱིཿཞེས་པས་གཏད་མེད་ལྷུན་གྲུབ་ཏུ་ཕྱལ་ཕྱལ་གཏོང་བ་དང༔ ཧྲཱིཿཡི་སྒྲ་སྐད་ཅི་རིགས་པ་ཡིད་ཀྱིས་ཀྱང་མ་ཡེངས་པར་འགྲང་ངོ༔ རྟོག་བྲལ་ཡེ་ཤེས་ཆེན་པོར་འདུག་ན་ཧྲཱིཿབགྲང་མི་དགོས་སོ༔ གཞག་བྱ་འཇོག་བྱེད་མེད་དོ༔ ཐུན་མཚམས་མེད་དོ༔ ཧྲཱིཿའདིའི་རྣལ་འབྱོར་དང་མ་བྲལ་ན༔ སྒྱུ་ལུས་འདི་མ་སྤངས་པར་རིག་འཛིན་གྱི་ས་ནོན་པར་ཐེ་ཚོམ་མེད་དོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཀུན་ལ་མ་སྤེལ་སྣོད་ལྡན་གཅིག་ལ་སྦྱིན༔ ྈྈ ྈྈ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། ༈ །ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ལས༔ ཡང་གསང་ནམ་མཁའི་རྡོ་རྗེ་བཞུགས་སོ༔ ྈྈྈྈྈྈྈྈྈྈ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ བར་ཆོད་ཐམས་ཅད་བསྲུང་བའི་ཕྱིར༔ བདག་ཉིད་རྟ་མགྲིན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མདའ་གཞུ་བསྣམས༔ རྟ་མགོ་ལྗང་གུ་རྔོག་མ་སྨུག༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་འབར་ཀློང་དུ་བསྐྱེད༔ དེ་ཡི་ཐུགས་ཀར་ཚེ་དཔག་མེད༔ ཞི་བའི་ཚུལ་ལ་མཉམ་གཞག་ཕྱག༔ སྐུ་མདོག་པདྨ་རཱ་ག་དམར༔ ཞི་བའི་རྒྱན་གྱིས་མཛེས་པར་བརྒྱན༔ དེ་ཡི་ཐུགས་ཀར་ཐིག་ལེ་མདོག༔ འོད་ལྔའི་ཟེར་དང་བཅས་པ་བསྒོམ༔ སྲུང་བའི་སྔགས་འདི་བཟླས་པར་བྱ༔ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཨཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ དཀར་དང་དམར་དང་མཐིང་དང་གསུམ༔ སྔགས་ཀྱི་འོད་དུ་འཕྲོས་པ་ལས༔ བསྲུང་བསྟིམས་བག་ཆགས་སྒྲིབ་པ་སྦྱངས༔ རྡོ་རྗེ་ལུ་གུ་རྒྱུད་དུ་གསལ༔ གཞན་གྱིས་མི་ཚུགས་གོ་ཆ་བགོ༔ ཨོཾ་བཛྲ་ཡཀྵ་ཀཱ་ཝཱ་ཙི་ཧཱུྃ་བྷྲཱུྃ༔ འདི་ཉིད་སྲུང་བའི་མཆོག་ཏུ་འགྱུར༔ ཉི་མ་དམར་ཐག་ཆོད་ཀ་དང༔ སྐྱ་རེངས་དང་པོ་ཤར་དུས་གཉིས༔ སྲུང་བ་འདི་ཉིད་ལན་རེ་བྱ༔ ཚེ་སྒྲུབ་ཀུན་གྱི་སྔོན་འགྲོ་ཡིན༔ མགོན་པོ་ཚེ་དཔག་མེད་ཀྱིས་གསུངས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཚེ་དཔག་མེད་ཀྱི་སྤྱན་སྔར་ཕྱིན༔ ཚེ་ཡི་སྒྲུབ་པ་བསམ་ཡས་ཞུས༔ ཀུན་ལ་སྔོན་འགྲོ་དངོས་གཞི་དང༔ རྗེས་ཀྱི་ཆོ་ག་གསུམ་དུ་བཤད༔ ཕྱི་ལྟར་སྲུང་བའི་འཁོར་ལོ་བསྒོམ༔ གསང་བ་རླུང་གི་བཅུད་ལེན་བྱ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ གསང་མཚན་བླ་མའི་སྒྲུབ་པ་ལས༔ གསང་སྒྲུབ་ནམ་མཁའི་རྡོ་རྗེ་ཞེས༔ ཤིན་ཏུ་གསང་ནས་གབ་པ་ཡང༔ སྒྲུབ་ཐབས་འདི་རུ་གསལ་བར་བཀོད༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོ༔ མན་ངག་འདི་དང་འཕྲད་ནས་ཀྱང༔ ཐུགས་རྗེའི་གདུལ་བྱ་མཐའ་རྒྱས་ཤོག༔ རྒྱ་རྒྱ་རྒྱ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ཚེ་སྒྲུབ་པར་འདོད་པ་ཡིས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ དེ་ནས་རང་གི་ལྟེ་བའི་འོག་ཏུ་ཡི་གེ་རཾ་ཞིག་བསྒོམ༔ དེ་ལས་མེ་འབར་བས་ཁོག་པའི་ནང་གི་ནད་དང་གདོན་དང་སྡིག་སྒྲིབ་ཐམས་ཅད་བསྲེགས་སྦྱངས་པར་བསྒོམ༔ སྣ་བུག་ནས་རླུང་གི་དུག་ལན་གསུམ་དབྱུང༔ ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེའི་ངང་ལས་ཉི་ཟླ་པདྨའི་གདན་བསམ༔ དེའི་སྟེང་དུ་སེམས་ཉིད་ཧཱུྃ་དུ་གྱུར་པས༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན༔ རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ༔ ཞལ་འཛུམ་བག་དང་བཅས་པ་བསྒོམ༔ ཡང་དབུགས་ཀྱི་དུག་ལན་གསུམ་དབྱུང༔ དེ་ནས་རླུང་ལ་ཚེ་སྒྲུབ་པ་ནི༔ དང་པོ་སེམས་ཅན་གྱི་ལུས་རྩ་ལ་བསྐྱེད་པའི་དུས་སུ༔ རླུང་ཁུག་པ་དྲུག་སྲོག་རྩ་རུ་སོང་བ་ལ་སྲོག་གི་རླུང་ཞེས་བྱ་བ་ཡིན་ཏེ༔ སྲོག་གི་རླུང་དེ་གསོས་པས་ཚེ་རིང་བར་འགྱུར་བ་ཡིན་ནོ༔ དངོས་གཞི་ནི༔ ལུས་སྐྱིལ་ཀྲུང་བཅས་ཏེ་ལག་པ་མཉམ་གཞག་ཕྱག་རྒྱ་བཅས་ལ༔ ནམ་མཁའ་མཐོང་བའི་སར་ནམ་མཁའ་ལ་བལྟས་ཏེ༔ ཁ་ནས་རྔུབས་ནས་མཆིལ་མ་དང་བཅས་པ་མིད་དེ༔ དམིགས་པ་ནི༔ ཕྱིའི་འབྱུང་བ་ནམ་མཁའ་ཐམས་ཅད་བདག་གི་ལྟེ་བར་འདུས་པར་བསམ༔ ཐུབ་ཚད་བཟུང་མི་ཐུབ་པ་དང་དལ་བུས་གཏང༔ ཕྱི་རུ་ནམ་མཁའ་ཡང་ཆོད་སོང་བར་བསམ༔ དེ་ལྟར་ལན་གསུམ་བྱས་པས༔ སྲོག་རླུང་མ་བུ་འཕྲོད་པའི་རྟགས་སྒྲེགས་པ་ཆིལ་ཡོང་སྟེ༔ དེ་ལྟར་ཉི་མ་རེ་ལ་ལན་རེ་བྱས་ན༔ ཚེ་ཟད་པའི་འཆི་བའང་བསླུའོ༔ རྒྱུན་དུ་མ་ཆག་ན་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ༔ བྱ་བའི་དུས་ནི་དྲོ་གང་ཐོ་རངས་དང༔ དགོང་མོ་ཟས་རྙིང་པ་ཞུ༔ གསར་པ་མ་ཟོས་པ་ལ་བྱའོ༔ རྗེས་ཀྱི་ཆོ་ག་ནི་སེམས་ཅན་གྱི་སྲོག་མི་བཅད༔ ཚེ་དང་ཁམས་ལ་གནོད་པའི་ཟས་མི་ཟའོ༔ ཚེ་དཔག་མེད་ཀྱི་སྒྲུབ་པ་ནི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལས་ཅན་དོན་ཕྱིར་དུ༔ བསེ་སྒྲོམ་སྨུག་པོའི་དབུས་སུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚེ་སྒྲུབ་འདི་དང་བཅུད་ལེན་གྱི་རིལ་བུ་རྒྱུན་དུ་བཅངས་ན༔ སྲོག་མི་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ༔ ལྷ་མོ་ཙནྡྷ་ལཱིའི་བཀའ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ༔ མ་ཕྱི་གཅིག་ན། འཆི་མེད་བདུད་རྩི་བཞི་ནི༔ ཤུག་པའི་བདུད་རྩི་མཁལ་མའི་གསོས༔ བ་ལུའི་བདུད་རྩི་སྙིང་གི་གསོས༔ མཁན་པའི་བདུད་རྩི་གློ་བའི་གསོས༔ མཚེ་ཡི་བདུད་རྩི་མཆིན་པའི་གསོས༔ རྒྱུ་གཉིས་རྐྱེན་གསུམ་བདུད་རྩི་བཞི༔ སྤྱད་ན་ཡོན་ཏན་བསམ་མི་ཁྱབ༔ ཅེས་པའང་འདུག་གོ། ྀཨཚ༔ ༈ ཚེའི་འཁོར་ལོ་བྲི་ཐབས་བཞུགས་སོ༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ མ་འོངས་འགྲོ་ལ་ཕན་གདགས་ཕྱིར༔ ཚེ་ཡི་འཁོར་ལོ་བྲི་ཐབས་བསྟན༔ སྤྱིར་དུ་འགྲོ་དྲུག་སེམས་ཅན་དང༔ ཁྱད་པར་ལྷ་དང་མི་ལུས་ལ༔ ཤིན་ཏུ་གཅེས་པ་སྲོག་ཡིན་ཏེ༔ དེ་ལ་བར་ཆད་འོང་བ་ཡི༔ འབྱུང་བ་འཁྲུགས་པའི་བར་ཆད་དང༔ ཕ་མེས་ཚེ་ཐུང་སྲོག་གི་སྲི༔ བྱ་ཉེས་བཅོས་ལོག་བར་ཆད་དང༔ ཡི་དྭགས་གདོན་གྱིས་བར་དུ་བཅད༔ སྔོན་གྱི་ལས་ངན་ལ་སོགས་པ༔ ཚེ་སྲོག་འབྲལ་བའི་རྐྱེན་རྣམས་ཀུན༔ བཟློག་ཕྱིར་མན་ངག་མང་དུ་བཤད༔ དེ་ཡང་ཚེ་གཟུངས་ཚེ་འཁོར་དང༔ ཚེ་སྒྲུབ་གསུམ་དུ་བསྟན་པར་བྱ༔ འདི་གསུམ་ལྡན་ན་བདུད་བཞི་གྲོལ༔ མོས་གུས་བྱས་པས་བྱིན་རླབས་འབྱུང༔ ཀུན་ལ་མ་བསྟན་གསང་བར་བྱ༔ ལས་འཕྲོ་ཡོད་ན་བསྟན་པར་བྱ༔ ཚེ་འཁོར་འབྲི་བའི་རིམ་པ་ནི༔ རས་སམ་གྲོ་ག་རྒྱ་ཤོག་ལ༔ མཐོ་གང་སོར་བཞི་གྲུ་བཞི་ལ༔ མུ་ཁྱུད་བདུན་དུ་བསྐོར་བར་བྱ༔ དང་པོ་དབུས་ཀྱི་ལྟེ་བ་ལ༔ བུམ་པ་ལེགས་པར་བྲི་བར་བྱ༔ དེའི་དབུས་སུ་ཡི་གེ་ནྲྀ༔ ལྗང་གུ་འོད་ཟེར་འཕྲོ་བ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྒྱས་བྱེད་ཤིང་ལོ་རིས་ཀྱིས་བསྐོར༔ ཤིང་ལོའི་ནང་དུ་ཧཱུྃ་བཅུ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བསོད་ནམས་སྐྱེད་བྱེད་མེ་ལྕེ་རིས༔ རྡོ་རྗེ་རྩེ་ལྔ་བཅུ་ཡིས་བསྐོར༔ རྡོ་རྗེའི་ལྟེ་བ་རེ་རེ་ལ༔ ཡི་གེ་ཧཱུྃ་རེ་གསལ་བར་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བསམ་པ་འགྲུབ་བྱེད་རིན་པོ་ཆེ༔ བཅུ་དྲུག་ཕྲེང་བ་ལྟར་དུ་བྲི༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ སྔགས་ཀྱང་དེ་ཡི་སྐབས་སུ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཚེ་སྲོག་བརྟན་བྱེད་རྡོ་རྗེའི་རྭ༔ པུཎྱེའི་སྔགས་ཀྱིས་བསྐོར་བ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མི་བརྒྱུད་རིང་ཕྱིར་ཆུ་བོ་བྲི༔ སཾ་སྐཱ་ར་ཡི་སྔགས་བཅས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ སྔགས་ཀྱི་གོ་ཆ་འཁོར་ལོ་ནི༔ རྩིབས་བཅུར་རང་འདྲའི་སྔགས་བཅས་བྲི༔ མཐའ་མར་བུམ་པ་རྣམ་པ་བརྒྱད༔ རྟེན་འབྲེལ་སྙིང་པོ་སྤེལ་བ་བྲི༔ དེ་མཐར་སྐུ་གསུང་ཐུགས་ཀྱི་རྟགས༔ དར་གྱི་མདུད་པ་བཅུ་གསུམ་བྲི༔ ཟུར་བཞིར་རྡོ་རྗེ་རྒྱ་གྲམ་བྲི༔ འཁོར་ལོ་དེ་ཡི་ཕྱི་རྒྱབ་ཏུ༔ རྒྱས་གདབ་རྡོ་རྗེ་རྒྱ་གྲམ་བྲི༔ དེ་ནས་མཎྜལ་ལེགས་པའི་སྟེང༔ ནས་དཀར་བྲེ་གསུམ་དབུས་སུ་བླུག༔ མཐའ་མར་མེ་ཏོག་ཚོམ་བུ་བྱ༔ མཆོད་པའི་བྱེ་བྲག་མང་དུ་བཤམ༔ བགེགས་བསྐྲད་འཁོར་ལོ་དབུས་སུ་བཞག༔ དེ་སྟེང་བསྟན་གཙོ་འཇམ་དཔལ་དང༔ པདྨ་འབྱུང་གནས་གསུམ་གྱི་སྐུ༔ བཞུགས་སམ་ཡང་ན་དམིགས་པས་བསྒོམ༔ ཕྱག་འཚལ་མཆོད་པ་འབུལ་བ་དང༔ ཕྲིན་ལས་གཞུང་བསྲང་ཛཔ྄་བསྟོད་དབུལ༔ ཚེ་དཔག་མེད་གྱི་ལྷ་ཚོགས་རྣམས༔ སྤྱན་དྲངས་མཆོད་ལ་མེ་ཏོག་དོར༔ དབང་བསྐུར་བཀྲ་ཤིས་ཆོ་ག་བྱ༔ དེ་ནས་མགུལ་དུ་གདགས་པར་བྱ༔ མི་དམིགས་པ་ཡི་རྒྱ་ཡིས་གདབ༔ དེ་ཉིད་ལུས་ལ་བཏགས་པ་དེ༔ ལོ་བཅུ་ཐུབ་པའང་བརྒྱ་ཐུབ་འགྱུར༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ ཅེས་གསུངས་སོ༔ ཚེའི་འཁོར་ལོ་བྲི་ཐབས་རིམ་པ་རྫོགས་སོ༔ བྱང་ཟང་ཟང་ལྷ་བྲག་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).